Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 95
Văn bản gốc(Tây Tạng)
Trang 19 / 21 (50.000 ký tự/trang)
ཤཱ་རིའི་བུས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་དྲིས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ ལ། རིགས་ཀྱི་བུ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་གསུང་རབ་ལས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྲས་སུ་གྱུར་པའོ། །གང་ལ་ལ་ཞེས་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་གང་སུ་ཡང་རུང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་ པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟབ་མོ་བརྗོད་དུ་མེད་པར་སྤྱོད་པའོ། །སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྤྱད་པར་འདོད་པ་དེས་ཇི་ལྟ་བུ་ཞིག་ཏུ་ཤེས་པར་བྱ་ཞིང་བསླབ་པར་བྱ་ཞེས་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་དྲིས་པའི་ལན་སྨྲས་པའོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་ པར་འདོད་པ་དེས་འདི་ལྟར་བརྟག་པར་བྱ་སྟེ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་འདོད་པ་དེས་འོག་ཏུ་བཤད་པའི་དོན་བཞིན་དུ་བརྟག་པར་བྱའོ་ཞེས་པའོ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་པ་ནི་ཕུང་པོ་ལྔ་པོ་དེ་དག་ ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །མཚན་ཉིད་མེད་པས་སྔོན་གྱི་དུས་ནས་མ་སྐྱེས། ད་ལྟར་གྱི་དུས་ན་མི་གནས། མ་འོངས་པའི་དུས་ན་མི་འགག་སྟེ། དུས་ཐམས་ཅད་དུ་སྐྱེ་བ་དང་། གནས་པ་དང་། འགག་པར་མ་གྱུར་པས་མི་གནས་པའི་རང་བཞིན་བརྗོད་དུ་མེད་པས་ན་སྟོང་ཉིད་དོ། ། བལྟའོ་ཞེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟའི། དེ་ལས་གཞན་པ་གང་དུ་ཡང་མི་བལྟའོ་ཞེས་པའོ། །འདི་ཡན་ཆད་ནི་ཤེས་རབ་ལ་འཇུག་པའོ། །ད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་དོན་གྱིས་བཤད་དེ། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་པ་ལ། དེ་ལ་ གཟུགས་སོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཁོང་དུ་མ་ཆུད་པས་འཁྲུལ་པའི་སེམས་ཀྱིས་གཟུགས་སུ་མཐོང་ཞིང་རྟོག་པའམ། ཚིག་གིས་ཐ་སྙད་དུ་འདོགས་པའོ། །སྟོང་པའོ་ཞེས་བྱ་བ་ནི་གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་པས་སྔ་མ་འདས་པའི་དུས་ན་ཡང་མཚན་ཉིད་མེད་ པས་དམིགས་སུ་མེད། ད་ལྟར་དང་མ་འོངས་པའི་དུས་ན་ཡང་མཚན་ཉིད་མེད་དེ། དམིགས་སུ་མེད་པས་མཐའ་ཐམས་ཅད་དང་དངོས་པོ་ཐམས་ཅད་མི་གནས་པའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱང་དམིགས་སུ་མེད་པའི་རང་བཞིན་ ལ་གཟུགས་སོ་ཞེས་ཚིག་གི་ཐ་སྙད་དུ་བཏགས་ལ། དེ་གུད་ན་མི་གནས་པའི་ཕྱིར་སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པ་ནི་གཟུགས་གང་ཡིན་པ་དེ་ཉིད་བརྗོད་དུ་མེད་པའི་སྟོང་པ་ཉིད་ཡིན་ གྱི། གཟུགས་སྤངས་ཏེ་སྟོང་པ་ཉིད་བཙལ་དུ་མི་རྙེད་པས་ན་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེས་བྱའོ། །བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ལ་གཟུགས་སོ་ཞེས་ཚིག་གི་ཐ་སྙད་དུ་བཏགས་པ་གུད་ན་མི་འདུག་ཅིང་མི་རྙེད་པའི་ཕྱིར་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་ མ་ཡིན་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ་ཞེས་པ་ནི་གཟུགས་ལ་ཇི་ལྟར་བཤད་པ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟའོ། །ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དེ་ཞེས་བྱ་བ་ལ། ཤཱ་རིའི་བུ་ཞེས་པ་ནི་མ་ཡེངས་པར་ལེགས་པར་ཉོན་ཅིག་ཅེས་བོད་པའི་ཚིག་གོ། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་ལྟར་གཞན་ཡང་སྐྱེ་མཆེད་དྲུག་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ཤེས་ པར་གྱིས་ཤིག་པའོ། །མཚན་ཉིད་མེད་པ་ཞེས་པ་ནི་ནམ་མཁའ་ལ་མཚན་ཉིད་མེད་པ་ལྟར་ཉོན་མོངས་པའི་མཚན་ཉིད་ཀྱང་མེད་རྣམ་པར་བྱང་བའི་མཚན་ཉིད་ཀྱང་མེད་པའོ། །མི་སྐྱེ་མི་འགག་པ་ཞེས་པ་ནི་ད་ལྟར་སྐྱེས་པ་ནི་སྔོན་མེད་པ་ལས་ཕྱིས་ཡོད་པར་གྱུར་པའོ། །འགག་པ་ནི་སྔོན་ ཡོད་པ་ལས་ཕྱིས་མེད་པར་གྱུར་པའོ། །སྟོང་པ་ཉིད་ནི་དམིགས་སུ་མེད་པས་སྔོན་ནས་མ་སྐྱེས་པའོ། །མ་སྐྱེས་པས་ན་ཕྱིས་མི་འགག་པའོ། །དྲི་མ་མེད་པ་དང་། དྲི་མ་དང་བྲལ་བ་མེད་པ་ཞེས་བྱ་བ་ལ། དྲི་མ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཀྱིས་གཟུང་འཛིན་དུ་སྤྱོད་པའོ། །སྟོང་པ་ཉིད་ ནི་རྣམ་པར་ཤེས་པ་ལས་འདས་པས་དྲི་མ་མེད་པའོ། །དྲི་མ་དང་བྲལ་བ་མེད་པ་ནི་དྲི་མ་མེད་པས་བྲལ་བ་ཡང་མེད་པའོ། །བྲི་བ་མེད་པ་གང་བ་མེད་པའོ་ཞེས་བྱ་བ་ལ། བྲི་བ་ཞེས་བྱ་བ་ནི་སེམས་ཅན་ནོ། །གང་བ་ཞེས་བྱ་བ་ནི་སངས་རྒྱས་སོ། །མེད་པ་ཞེས་པ་ནི་སེམས་ཅན་དང་སངས་རྒྱས་ བཙལ་དུ་ཡང་མི་རྙེད་པས་བྲི་བ་དང་གང་བ་མེད་པའོ། །དེ་ལྟར་ན་སྟོང་པ་ཉིད་ནི་གཟུགས་མ་ཡིན་ཞེས་བྱ་བ་ལ། གཟུགས་ནི་གཞིག་པར་བྱ་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་ནི་གཟུགས་མ་ཡིན་ནོ། །ཚོར་བ་མ་ཡིན། དེ་བཞིན་དུ་ཚོར་བ་ནི་མྱོང་བའི་ མཚན་ཉིད་འདུ་ཤེས་མ་ཡིན། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་མ་ཡིན། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་རྣམས་མ་ཡིན། རྣམ་པར་ཤེས་པ་ནི་སོ་སོར་བྱེ་བྲག་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་དམིགས་སུ་མེད་ པས་རྣམ་པར་ཤེས་པ་རྣམས་མ་ཡིན་ནོ། །རྣམས་མ་ཡིན་ཞེས་པ་ནི་ཕུང་པོ་ལྔ་རྣམས་ནི་ཟག་པ་དང་བཅས་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་ཕུང་པོ་ལྔ་རྣམས་མ་ཡིན་ནོ། །མིག་མ་ཡིན། དེ་ལ་མིག་ནི་མཐོང་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པས་སྟོང་པ་ཉིད་ མིག་མ་ཡིན་ནོ། །རྣ་བ་མ་ཡིན། དེ་བཞིན་དུ་རྣ་བ་ནི་ཐོས་པའི་མཚན་ཉིད་དོ། །སྣ་མ་ཡིན། སྣ་ནི་སྣོམ་པའི་མཚན་ཉིད། ལྕེ་མ་ཡིན། ལྕེ་ནི་རོ་མྱང་བའི་མཚན་ཉིད། ལུས་མ་ཡིན། ལུས་ནི་རེག་པའི་མཚན་ཉིད། ཡིད་མ་ཡིན། ཡིད་ནི་བྱེ་བྲག་གཅོད་པའི་མཚན་ཉིད་ཡིན་ གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཡིད་མ་ཡིན་ནོ། །དེ་ལྟར་དབང་པོ་དྲུག་པོ་ནི་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་དབང་པོ་དྲུག་རྣམས་མ་ཡིན་ནོ། །གཟུགས་མ་ཡིན། གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ གཟུགས་མ་ཡིན་ནོ། །སྒྲ་མ་ཡིན། དེ་བཞིན་དུ་སྒྲ་ནི་སྙན་མི་སྙན་གྱི་མཚན་ཉིད། དྲི་མ་ཡིན། དྲི་ནི་སྣོམ་པའི་མཚན་ཉིད། རོ་མ་ཡིན། རོ་ནི་བྲོ་བའི་མཚན་ཉིད། རེག་བྱ་མ་ཡིན། རེག་བྱ་ནི་རེག་པ་འཇམ་རྩུབ་ཀྱི་མཚན་ཉིད། ཆོས་མ་ཡིན། ཆོས་ནི་བྱེ་བྲག་གི་རྣམ་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཆོས་མ་ཡིན་ནོ། །དེ་ལྟར་ན་ཡུལ་རྣམས་ནི་དམིགས་པར་བྱེད་པའི་རྐྱེན་གྱི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཡུལ་རྣམས་མ་ཡིན་ནོ། །མིག་གི་ཁམས་མ་ཡིན་པ་ནས། ཡིད་ཀྱི་ཁམས་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ ཁམས་ཀྱི་བར་དུ་ཡང་མ་ཡིན་ནོ། །དེ་ལ་ཁམས་བཅོ་བརྒྱད་ནི་གདུག་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཁམས་བཅོ་བརྒྱད་མ་ཡིན་ནོ། །མ་རིག་པ་མ་ཡིན་པ་ནས་རྒ་ཤི་མ་ཡིན། མ་རིག་པ་ཟད་པ་ནས་རྒ་ཤི་ཟད་པའི་བར་དུ་མ་ཡིན་ནོ། །མ་རིག་པ་ནས་རྒ་ཤིའི་ བར་དུ་རྟེན་འབྲེལ་བཅུ་གཉིས་ནི་འཁོར་བ་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མ་ཡིན་པས་མ་རིག་པ་ནས་རྒ་ཤིའི་བར་དུ་མ་ཡིན་ནོ། །མ་རིག་པ་ཟད་པ་ནས། རྒ་ཤི་ཟད་པའི་བར་དུ་རྣམ་པར་བྱང་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་མ་རིག་པ་ཟད་པ་ནས་ རྒ་ཤི་ཟད་པའི་བར་དུ་མ་ཡིན་ནོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་ཡང་མ་ཡིན་ནོ། །སྡུག་བསྔལ་ནི་ཉོན་མོངས་པའི་མཚན་ཉིད། ཀུན་འབྱུང་བ་ནི་ཉེ་བར་ལེན་པའི་མཚན་ཉིད། འགོག་པ་ནི་ཞི་བའི་མཚན་ཉིད། ལམ་ནི་ཤེས་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པའི་ ཕྱིར་སྟོང་པ་ཉིད་བདེན་པ་བཞི་མ་ཡིན་ནོ། །ཡེ་ཤེས་མ་ཡིན། ཡེ་ཤེས་ནི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པས་ཡེ་ཤེས་མ་ཡིན་ནོ། །ཐོབ་པ་མ་ཡིན། མ་ཐོབ་པ་ཡང་མ་ཡིན་ནོ། །ཐོབ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། མ་ཐོབ་པ་ནི་སེམས་ཅན་གྱིས་བླ་ན་མེད་པ་མ་ཐོབ་པའོ། །མ་ཡིན་ནོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱང་མེད། སེམས་ཅན་ཡང་མེད་པས་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང་མ་ཡིན་ནོ། །རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ། སྟོང་པ་ཉིད་ནི་དེ་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འདི་ཡན་ཆད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ད་ནི་ཤེས་རབ་ཀྱི་སྤྱོད་ཡུལ་གྱི་དོན་གྱིས་བཤད་དེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྤྱོད་དེ་ཞེས་པ་ལ། མ་ཆུད་པ་ལ་ཆུད་ དོ་སྙམ་པ་འབྱུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་འདི་ཙམ་ཞིག་དང་ལྡན་ན་སྟོང་པ་ཉིད་དུ་སྤྱོད་པའི་མཚན་མར་བཤད་པ་དེ་ལྟར་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་པ་ནི་ཐེག་ པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕུང་པོ་ལྔ་ནས་ཐམས་ཅད་མཁྱེན་པའི་བར་དུ་ཅི་ཡང་ཐོབ་པ་མེད་པར་ཤེས་ཤིང་ཆོས་གང་ཡང་རྡུལ་ཙམ་རྗེས་སུ་མི་མཐོང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་སྟེ། མི་གནས་པའི་རང་ བཞིན་ཡིན་ཡང་དེ་ལྟར་མི་ཤེས་པའི་མ་རིག་པའི་འཁྲུལ་པའི་སེམས་ཀྱིས་མུན་པར་གྱུར་པས་སྲིད་པའི་རྒྱ་མཚོར་འཁོར་ཞིང་འཁྱམ་མོ། །འཁྲུལ་པའི་སེམས་དེ་ཉིད་ཅི་ཡིན་ཞེས་ཤེས་རབ་རྣམ་གསུམ་གྱིས་བརྟགས་ན། སེམས་ནི་དམིགས་སུ་མེད་པས་ཉོན་མོངས་པ་ཡང་མི་ མཐོང་། རྣམ་པར་བྱང་བར་ཡང་མི་མཐོང་། ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡང་མི་མཐོང་ངོ་། །སྟོང་པ་ཉིད་དང་། མཚན་ཉིད་མེད་པ་དང་། མི་སྐྱེ་བ་དང་། མི་འགག་པ་ལ་སོགས་པ་ཡང་མི་མཐོང་། ཤེས་རབ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ཅི་ཡང་ མཐོང་བ་མེད་པ་དེ་ནི་སེམས་ཀྱི་ངོ་བོ་ཉིད་མཐོང་བའོ། །དེ་ལྟར་སེམས་ཀྱི་ངོ་བོ་ཉིད་མཐོང་བ་དེ་ནི་བྱང་ཆུབ་མཐོང་ངོ་། །གང་བྱང་ཆུབ་མཐོང་བ་དེ་ནི་ཆོས་ཉིད་ཀྱིས་སངས་རྒྱས་མཐོང་བའོ། །ཆོས་ཉིད་ཀྱིས་སངས་རྒྱས་མཐོང་བ་དེས་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་སོ། །སྐབས་འདིར་ནི་ཐེ་ཚོམ་པས་སྨྲས་པ། དེ་ལྟར་ཅི་ཡང་མེད་པ་ཤ་སྟག་ཏུ་བཤད་པས་མུ་སྟེགས་ཅན་ཆད་པར་ལྟ་བ་དང་། ཉན་ཐོས་ཞི་བའི་འགོག་པའི་ནང་དུ་ལྟུང་བར་མི་འགྱུར་རམ་ཞེ་ན། ལན་དུ་སྨྲས་པ། དེ་ལྟར་མི་འགྱུར་ཏེ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་ བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་སྤྱོད་པར་བྱེད་པས་དེ་ལྟར་སྐྱོན་དུ་མི་འགྱུར་རོ། །འདི་ཡན་ཆད་ནི་ཤེས་རབ་ཀྱི་སྤྱོད་ཡུལ་ལོ། །ད་ནི་ཤེས་རབ་ཀྱི་ཡོན་ཏན་གྱིས་བཤད་དེ། སེམས་ལ་སྐྲག་པ་མེད་པས་སྒྲིབ་པ་མེད་ དེ། ཕྱིན་ཅི་ལོག་ལས་ཤིན་དུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོན་ལ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་བར་དུ་མི་སྐྲག་པས། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། བག་ཆགས་ཐམས་ ཅད་ཟློག་པར་བྱེད་པས་ན། སེམས་ཀྱི་སྒྲིབ་པ་མེད་ཅེས་བྱའོ། །བྱིས་པ་ལྟ་བུའི་སྤྱོད་པ་མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་དུ་འདས་ནས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཟད་དེ། མྱ་ངན་ལས་འདས་པ་ཆེན་པོར་ཕྱིན་ཏོ། ། འདི་ཡན་ཆད་ནི་ཤེས་རབ་ཀྱི་ཡོན་ཏན་ནོ། །ད་ནི་ཤེས་རབ་ཀྱི་འབྲས་བུའི་དོན་གྱིས་བཤད་དེ། དུས་གསུམ་དུ་རྣམ་པར་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་པར་སངས་རྒྱས་སོ་ཞེས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན། ཀློག །ཁ་ཏོན་བྱེད། སྒོམ། གཞན་ལ་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྐྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའོ། །འདི་ཡན་ཆད་ནི་ཤེས་རབ་ཀྱི་འབྲས་བུའོ། །ད་ནི་ ཤེས་རབ་ཀྱི་གཟུངས་ཀྱི་དོན་གྱིས་བཤད་དེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ནི་བདེན་ཏེ་མ་ནོར་བའོ་ཞེས་པ་ལ། དེ་ལྟ་བས་ན་ཞེས་བྱ་བ་ནི། གོང་དུ་གསུངས་པ་ཡིན་པས་ན་དེ་ལྟ་བས་ན་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་བདེན་ཏེ་མ་ནོར་བ་ཞེས་བྱ་བ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རིག་པར་སྤྱོད་པ་ནི་སྔགས་ཞེས་བྱ་སྟེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་ཐེག་པ་ཆེན་པོར་འགྱུར་ཞིང་། བདག་དང་གཞན་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བས་ན་བདེན་ཏེ་མ་ནོར་བ་ཞེས་བྱའོ། །རིག་པ་ཆེན་པོའི་ སྔགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རིག་པའི་སྔགས་ནི་འདོད་ཆགས་ཞེ་སྡང་ཏིག་མུག་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་བརྗོད་པ་མེད་པའི་རང་བཞིན་མེད་པར་སྟོན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིག་པ་ཆེན་པོའི་སྔགས་སོ། །བླ་ན་མེད་པའི་སྔགས་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་བྱེད་པས་ན། བླ་ན་མེད་པའི་སྔགས་སོ། །མི་མཉམ་པ་དང་མཉམ་པའི་སྔགས་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་པ་དང་མི་མཉམ་ཞིང་། སངས་རྒྱས་ ཐམས་ཅད་ཀྱི་ཡེ་ཤེས་དང་མཉམ་པར་བྱེད་པས་ན་མི་མཉམ་དང་མཉམ་པའི་སྔགས་སོ། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་སུ་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆང་། ཀློག །ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། གཞན་ལ་འཆད་པ་ནི་མིག་ནད་ལ་སོགས་པ་ནད་ཐམས་ཅད་མེད་པར་འགྱུར་ཞིང་། ཕྱོགས་བཅུའི་སངས་རྒྱས་དང་། ལྷ་ཀླུ་ལ་སོགས་པས་སྐྱོབ་པར་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པས་ངན་འགྲོ་དང་འཁོར་བའི་རྒྱ་མཚོ་ཐམས་ཅད་ཟློག་པར་བྱེད་པས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་ ཞི་བར་བྱེད་པའི་སྔགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏད་ཡ་ཐཱ། ག་ཏེ། ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ་ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི་ཟབ་མོའི་མཆོག་ཐམས་ཅད་ཀྱི་དོན་བསྡུས་པ་རང་བཞིན་གྱིས་གྲུབ་པར་ བྱེད་པས་བྱིན་གྱིས་བརླབས་པའི་སྔགས་སུ་གསུངས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ལས་སངས་རྒྱས་པས་ན་ ཐེག་པ་ཆེན་པོ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཟབ་མོའི་ཏིང་ངེ་འཛིན་ལ་བཞུགས་པའི་མཐུས་ཤཱ་རིའི་བུས་དྲིས་ཏེ། སྤྱན་ རས་གཟིགས་ཀྱིས་བཤད་ནས་དེའི་དོན་རྫོགས་པ་དང་ཏིང་ངེ་འཛིན་ལས་བཞེངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་སྨྲས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་མཐུན་ཏེ། མ་ནོར་བའི་ཕྱིར་ལེགས་སོ་ཞེས་བསྟོད་པའོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བསྟན་པ་བཞིན་དུ་སྤྱད་པར་བྱ་སྟེ་ཞེས་པ་ནི་སྤྱན་རས་གཟིགས་ཀྱིས་ཇི་ སྐད་སྨྲས་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་མཐུན་པས་ན་དེ་བཞིན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་བཞིན་དུ། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱད་པར་བྱའོ། །དེ་བཞིན་གཤེགས་ པ་ཡང་རྗེས་སུ་ཡི་རང་ངོ་ཞེས་པ་ནི། སྤྱན་རས་གཟིགས་ཀྱིས་བཤད་པ་ལ་དེ་བཞིན་གཤེགས་པ་རྗེས་སུ་ཡི་རང་བར་མཛད་ན། གཞན་གྱིས་ཐེ་ཚོམ་མི་ཟ་བ་ལྟ་ཅི་སྨོས་ཞེས་པའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲས་ པ་དེས་འཁོར་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་གྱུར་ནས། ཐེག་པ་ཆེན་པོ་ལ་སྒྲིབ་པ་མེད་པའི་ཕྱིར་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། ལྷ་དང་། མི་ དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཁོར་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་སློབ་དཔོན་ཛྙཱ་ན་མི་ཏྲས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ་ཨརྠ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། གཞི་དྲན་པ་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ལམ་སྐྱེ་བ་མེད་པ་ལམ་གྱི་རྣམ་པར་ཤེས་པ་ཉིད་དང་། འབྲས་བུ་བློ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕྱག་འཚལ་ལོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཀུན་མཁྱེན་ཡེ་ཤེས་ལ་ཕྱག་འཚལ་ བ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཨེ་བཾ་མ་ཡ། ཡི་གེ་བཞི་པོ་འདི་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ། སེམས་ཉིད་དང་ཆོས་ཉིད་ཀྱི་ངོ་བོ་གཅིག་ལ་དྲན་པ་དང་། དྲན་པ་མེད་པ་དང་། སྐྱེ་བ་ མེད་པ་དང་། བློ་ལས་འདས་པ་ཆོས་བཞི་པོ་དུས་གཅིག་པ་ལས་ཟབ་པ་དང་། སྣང་བའི་ཚུལ་རྣམ་པ་གཉིས་ཀྱིས་ཐོས་སོ། །དེ་ཡང་ཟབ་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་འདས་པ་སྟེ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་དང་། ཁམས་གསུམ་གྱི་སེམས་ཅན་མ་ལུས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཐ་མི་དད་པའི་སྐད་ཅིག་མ་གཅིག་ལ་མཉམ་པ་ཉིད་ལ་གནས་པའི་ཚིག་བླ་དགས་སོ། །སྣང་བ་ནི་དྲན་པའི་རྣམ་པ་སེམས་ཅན་རྣམས་ཀྱི་ལས་ལ་ཆགས་པའོ། །བཅོམ་ལྡན་འདས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ མ་ལུས་པ་བཅོམ་ནས་ཆོས་ཀྱི་སྐུ་ལ་མྱ་ངན་ལས་འདས་པའོ། །རྒྱལ་པོའི་ཁབ་ནི་ཀུན་ནས་ཉོན་ཡོངས་པའི་གནས་རྣམས་ཀྱི་ཁྱད་པར་དུ་འཕགས་ཏེ། ཆོས་མ་ལུས་པ་སྒྱུ་མ་དང་རྨི་ལམ་ལྟ་བུས་འཇིག་རྟེན་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་ཕྱིར་རོ། །བྱ་རྒོད་ཕུང་པོའི་རི་ནི་རྣམ་པར་བྱང་ བའི་ཆོས་རྣམས་ཀྱི་ཁྱད་པར་དུ་འཕགས་ཤིང་སྟོང་པ་ཉིད་ལ་གནས་པའི་སྐྱེས་བུའི་བྱ་རྣམས་ཟིལ་གྱིས་གནོན་པས་སྤུངས་པ་ཡིན་ནོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་ནི་ཉོན་མོངས་པ་ལས་བྱོལ་ནས་རང་རང་གི་འདོད་པའི་སྐམ་སར་གནས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ནི་ ཤེས་པ་དང་ཤེས་བྱ་ལ་སོགས་པ་མཉམ་པ་དང་བྲལ་ནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པ་རྣམས་སོ། །ཐབས་ཅིག་ཏུ་བཞུགས་ཏེ་ནི་དྲན་པ་སྣ་ཚོགས་ཐབས་སུ་ཤེས་ཤིང་དྲན་པས་མ་གོས་པ་ཤེས་རབ་རྣམ་གསུམ་དང་མ་བྲལ་བ་ཟབ་མོའི་ཆོས་ཉིད་ཀྱི་སྣོད་དུ་གྱུར་པ་རྣམས་དང་ཐབས་ཅིག་གོ། ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ནི་ཟབ་པ་ནི་དྲན་པ་དང་རིག་པ་དང་བློའི་རྣམ་པ་གང་གིས་ཀྱང་མ་གོས་པ། དཔེ་དང་བརྡས་མཚོན་དུ་མེད་པ་ཡིན་ཡང་ནམ་མཁའ་ལྟར་མཐའ་དབུས་མེད་པའི་ཆོས་ཉིད་དོ། །སྣང་བ་ནི་དྲན་པ་གློ་བུར་བ་ནམ་མཁའ་ལ་ནམ་གཞུག་ཆད་ཀའི་སྦྲང་བུ་རྒྱུ་བ་ལྟར་མི་རྟག་པ་དང་འགྱུར་བ་ཅན་ ཡང་དག་པ་མ་ཡིན་པ་ཐུགས་ལ་དགོངས་པའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་ནི་ཟབ་པ་དང་རྒྱ་ཆེ་བའོ། །ཟབ་པ་དང་རྒྱ་ཆེ་བ་ནི་གཅིག་ལ་མ་འདྲེས་པ་དཔེར་ན་མཚོ་དང་བ་ལ་ནམ་མཁའི་གཟུགས་བརྙན་མཐོང་བ་ནི་དཀོན་ནོ། །ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པའི་གཟུགས་བརྙན་མཐོང་བ་ནི་ ཤིན་ཏུ་མང་ངོ་། །དེ་བཞིན་དུ་ཟབ་པའི་ཆོས་དྲན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། བློའི་སྤྱོད་ཡུལ་མ་ཡིན་པ་ལ་འདྲིས་ཤིང་ཡིད་ཆེས་པའི་སྐྱེས་བུ་ནི་ཤིན་ཏུ་དཀོན་ནོ། །རྒྱ་ཆེ་བའི་ཆོས་དྲན་པའི་རྣམ་གྲངས་མི་འདྲ་བ་ལ་ཆགས་ཤིང་ཡིད་ཆེས་པ་ནི་ཤིན་ཏུ་མང་ངོ་། །ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་པ་ནི་ཟབ་པ་དང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པ་སྟེ། དཔེར་ན་མཚོ་དང་བ་ལ་ནམ་མཁའི་གཟུགས་བརྙན་ཤར་བ་ན་ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པའི་གཟུགས་བརྙན་ཤར་བ་ནི་ཆུ་བོའི་ངོ་བོར་གཅིག་པ་བཞིན་དུ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ རྣམས་ཀྱི་ཐུགས་ཀྱི་དགོངས་པ་གཅིག་པ་ཡིན་ནོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཉིད་ཀྱིས་དགོངས་པའི་ཟབ་མོའི་ཆོས་ཉིད་ལ་དགོངས་ནས་སེམས་ཅན་རྣམས་ཀྱི་དོན་དུ་ཐབས་ཀྱི་སྣང་བ་ལ་གནས་པས་སོ། །སེམས་དཔའ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ལ་ གནས་ནས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དོན་མཛད་པས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་འཕགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་དམིགས་པ་མེད་པའི་ཐུགས་རྗེ་མངའ་བས་སོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བློའི་སྤྱོད་ཡུལ་ལས་འདས་པའོ། །ཟབ་མོ་སྤྱོད་པ་ཉིད་ལ་ལྟ་ཞིང་ནི་དྲན་པའི་རྣམ་པས་མ་གོས་པ་ལས་སྣ་ཚོགས་ཤར་བས་སྤྱོད་པ་མ་ངེས་པ་ལ་ལྟོས་པས་སོ། །ཕུང་པོ་ལྔ་པོ་དེ་དག་ལ་ཡང་ནི་གཟུགས་ ཀྱི་ཕུང་པོ་ལ་སོགས་པའི་ཟག་པ་དང་བཅས་པ་དེ་དག་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་ལྔ་པོ་དག་ལའོ། །རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་འདོར་བར་འདོད་པ་དང་། ཟག་པ་མེད་པའི་ཕུང་པོ་རྣམས་བླང་བར་ འདོད་པ་རྣམས་ལ་རང་བཞིན་མ་གྲུབ་པར་བསྟན་པའི་ཕྱིར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཟབ་མོས་ཁམས་གསུམ་གྱི་སེམས་ཅན་གྱི་དྲན་པའི་སྣང་བ་ལ་བྱིན་གྱིས་བརླབས་པས་སྤོབས་པ་མཐའ་ཡས་པ་སྐྱེས་སོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཟབ་མོ་འབའ་ཞིག་ལ་མོས་པའི་གང་ཟག་རྣམས་ཀྱི་དོན་ལ་དགོངས་ནས་དྲི་བར་བྱའོ་སྙམ་དུ་བསམ་པ་སྐྱེས་པའོ། །དེ་ལ་དགོངས་ནས་འདི་སྐད་ཅེས་སྨྲས་ སོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་ཐེག་པ་ཆེན་པོ་པའི་རིགས་ཅན་རྣམས་སོ། །དེའི་ནང་ནས་ཟབ་མོའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་དོན་དུ་གཉེར་བ་རྣམས་སོ། །དེ་ཡང་སེམས་ཉིད་གཅིག་པ་ལ་རྨི་ལམ་ལྟར་ཐ་དད་དུ་སྣང་བ་ནི་སྐྱེས་པ་དང་བུད་མེད་དོ། །གང་ལ་ལ་ནི་ཟབ་མོའི་ དོན་ལ་མ་མོས་ཤིང་འཇིགས་པ་དང་སྡང་བ་དང་སྐྲག་པར་འགྱུར་བ་ཡང་ཡོད་དོ། །ལ་ལས་ནི་ཟབ་མོའི་ཆོས་ཐོས་པ་ཙམ་གྱི་དགའ་ཞིང་མགུ་ལ་སེམས་བསྐྱེད་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡང་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ནི་བདག་དང་གཞན་ མི་དམིགས་པའི་ཚུལ་གྱིས་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ། །དེ་སྐད་ཅེས་སྨྲས་པ་དང་ནི་དྲིས་པའི་ལན་གདབ་པར་བྱའོ་ཞེས་དགོངས་པའི་ཐ་ཚིག་གོ། །གང་གིས་དགོངས་ཤེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཟབ་མོའི་ ཆོས་ལ་ཇི་ལྟ་བ་བཞིན་དུ་དགོངས་ན་སེམས་ཅན་རྣམས་ཀྱི་དོན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ནི་ཟབ་མོ་དོན་དུ་གཉེར་བ་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཤཱ་རིའི་བུ་ལ་དམིགས་ནས་མདོ་གཞན་པ་རྣམས་ནི་སྙིང་པོ་མེད་པ་སྤུན་པའི་ རྣམ་པ་ལྟ་བུ་སྟེ། གང་ལ་ལ་ནི་དྲང་བའི་དོན་གྱི་མདོ་ལ་མོས་པ་དང་། ལ་ལ་ནི་ངེས་པའི་དོན་གྱི་མདོ་ལ་མོས་པ་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀྱི་སྙིང་པོ་ཡིན་པ་དང་། དེ་བས་ཀྱང་ཟབ་མོའི་དོན་བློའི་སྤྱོད་ཡུལ་མ་ཡིན་པས། ཟབ་མོ་སྤྱད་ པ་སྤྱོད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ནི་དོན་ཟབ་མོའི་ཆོས་ཉིད་ལ་བློས་སྤྱད་པར་དཀའ་བས་སོ། །སྣང་བའི་ཆོས་ལ་སྤྱད་པས་ནི་སྙིང་པོའི་ཆོས་དང་མི་ཕྲད་དོ། །དེ་བས་ན་དྲན་པའི་སྣང་བ་འདི་རྣམས་རྣམ་པར་མ་བྱང་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་རྟོགས་ པར་དཀའ་བས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །འོ་ན་ཕྱིན་ཅི་མ་ལོག་པའི་ཟབ་མོའི་ཆོས་ཉིད་དང་མ་ཕྲད་པའི་ཕྱི་རོལ་པ་ནི་བདག་ཏུ་ལྟ་བ་དང་། བདག་མེད་པར་ལྟ་བ་རྣམས་སོ། །དེ་ཡང་བདག་ཏུ་ལྟ་བ་ནི་རིག་པ་ཡང་དག་པར་ཡོད་པར་ཁས་ལེན་པ་ རྣམས་སོ། །བདག་མེད་པ་ལ་མོས་པ་ནི་རིག་པ་སྟོང་པ་གཉིས་སུ་མེད་པར་སྨྲ་བ་རྣམས་སོ། །དེ་ཡང་གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བ་ལ་བློ་གོམས་པར་བྱ་བའི་དོན་དུ་ཕྱི་དང་ནང་ཐམས་ཅད་ལ་རྡུལ་ཕྲ་རབ་ཏུ་གཞིག་ཅིང་བལྟས་པས་བདག་མ་རྙེད་པ་ལ་བློ་གོམས་པར་བྱས་ནས་ མཉམ་པ་ཉིད་ལ་གཞག་པའི་དུས་སུ་ཅི་ཡང་མི་དམིགས་ཅི་ཡང་མི་རྟོག་པ་དེ་ལ་ཡུན་རིང་དུ་སེམས་གནས་པ་ཐོབ་པར་བྱ་བའི་ཡུལ་དུ་བྱས་པ་ན་སེམས་དངས་ཤིང་ཉམས་དགའ་བ་ལ་དམིགས་པ་ནི་མཉམ་པར་གཞག་པའོ། །རྗེས་ལ་ཐོབ་པའི་དུས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། འཇའ་ཚོན་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། མགལ་མེ་བསྐོར་བ་ལྟ་བུ་དང་། སྐྲ་ཤད་འཛིངས་པ་ལྟ་བུ་དང་། དབང་པོའི་དྲ་བ་ལྟ་བུ་དང་། སྤྲུལ་པའི་རྣམ་པ་ལ་དམིགས་ནས་ཡིད་བྱུང་ཞིང་སྣ་ཚོགས་སྟོང་པ་ཉིད་དང་ ཟུང་དུ་འཇུག་པ་ལ་མོས་པའི་གང་ཟག་རྣམས་ཀྱི་དོན་དུ་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །གཟུགས་ཀྱི་ཕུང་པོ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །རྣམས་ཞེས་བྱ་བས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་སྟོང་པ་ཉིད་དོ། །དེའི་ནང་ནས་ཀུན་གཞི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ་བ་དེ་དོན་དུ་གཉེར་བ་ཡོད་དེ་དེ་ནི་ལེགས་པ་མ་ཡིན་ནོ། །འདིས་ཅི་བསྟན་ཞེ་ན། སྣང་བ་སྣ་ ཚོགས་དྲན་པས་ཡུལ་དུ་བྱས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དབང་པོའི་མངོན་སུམ་གྱིས་གཏན་ལ་ཕབ་པའི་ཆོས་ཐམས་ཅད་ཟུང་དུ་འཇུག་པའི་དྲན་པ་ལ་བརྟེན་པ་སོ་སོའི་སྐྱེ་བོའི་ཆོས་བསྟན་ཟིན་ཏོ། །ད་ནི་ཟབ་མོའི་ཆོས་ཉིད་ལ་བརྟེན་པ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པ་དྲན་པ་མེད་པ་དང་། སྐྱེ་བ་མེད་པ་ དང་། བློའི་སྤྱོད་ཡུལ་ལས་འདས་པ་དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་པོ་ནི་ཡིད་ཀྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་གྱིས་སྟོང་པ་ཉིད་རབ་ཏུ་མི་གནས་པ་དང་། བཏང་སྙོམས་ རབ་ཏུ་མི་གནས་པ་དང་། རྒྱུན་ཆད་རབ་ཏུ་མི་གནས་པ་དང་གསུམ་གྱིས་རྐྱེན་གསུམ་དང་བྲལ་བའི་ཤེས་རབ་རྣམ་གསུམ་གྱི་གདམས་ངག་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། དེ་ལ་ནི་གཟུགས་མེད། ཚོར་བ་མེད་པ་ནས་རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་པའི་བར་གྱིས་སྟོང་ པ་ཉིད་ཀྱི་ཏིང་ངེ་འཛིན་སྤྲུལ་པའི་སྐུ་བསྟན་ནོ། །མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། དེས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏོ། །དྲི་མ་མེད་པ། དྲི་མ་དང་ བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །དེས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཆོས་ཀྱི་སྐུ་བསྟན་ཏོ། །དེ་གསལ་བར་བྱེད་པ་ནི་དྲན་པས་མ་གོས་པ་ཡིད་ལ་མ་བྱས་པ་སྟོང་པ་ཉིད་དོ། །དེ་ཡང་ཡིད་ལ་མ་བྱས་པའི་ སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་དོ། །གང་ལ་རྣམ་པར་ཤེས་པ་མེད་པ་དེ་ལ་དྲན་པ་མེད་དོ། །གང་ཡིད་ལ་མ་བྱས་པའི་སྟོང་པ་ཉིད་ལ་མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད་དོ། །གང་ ལ་ཡིད་མེད་པ་དེ་ལ་ནི་ཡིད་ལ་བྱར་མེད་དེ། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པའོ། །གང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དེ་ནི་རྗེས་སུ་དྲན་པ་རྣམས་ཀྱི་མཆོག་གོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱ་ བ་མེད་པ་དེ་ནི་གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའོ། །གཟུང་བ་དང་འཛིན་པ་མི་དམིགས་པའི་ཚུལ་གྱིས་གཏོང་བ་རྗེས་སུ་དྲན་པའོ། །སྐྱེ་བ་དང་འཇིག་པ་མི་དམིགས་པའི་ཚུལ་གྱིས་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །སྐུ་གསུམ་མི་དམིགས་པའི་ ཚུལ་གྱིས་ལྷ་རྗེས་སུ་དྲན་པའོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །གང་ལ་ཆོས་མེད་པ་དེ་ལ་ནི་འདུས་བྱས་ཀྱི་ཆོས་དང་འདུས་མ་བྱས་ཀྱི་ཆོས་དང་། དགེ་བའི་ཆོས་དང་། མི་དགེ་ བའི་ཆོས་དང་། ལུང་དུ་བསྟན་པའི་ཆོས་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་མེད་དོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་མིག་གི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །གང་ དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པའི་སྟོང་པ་ཉིད་དེ་ལ་ནི་མ་རིག་པ་མེད། མ་རིག་པ་ཟད་པ་ཡང་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་ནི་རྒ་ཤི་མེད་དོ། །གང་འདུ་བ་མེད་པ་དེ་ལ་ནི་འབྲལ་བ་མེད་དོ། །གང་རྙེད་པ་མེད་པ་དེ་ལ་སྟོར་བ་མེད་དོ། །གང་ བྱས་པ་མེད་པ་དེ་ལ་འཇིག་པ་མེད་དོ། །གང་དྲན་པ་མེད་པ་དེ་ལ་བརྗོད་པ་མེད་དོ། །གང་རྟག་པ་མེད་པ་དེ་ལ་ཆད་པ་མེད་དོ། །འདིས་ནི་སྟོང་པ་ཉིད་རབ་ཏུ་མི་གནས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིད་ཀྱི་མངོན་སུམ་གྱིས་གཏན་ལ་ཕབ་པ་བསྟན་ཏོ། །ད་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་། རྣམ་པར་ བྱང་བའི་ཆོས་རྣམས་ཀྱི་བདེན་པ་བཞི་མི་གནས་པས་ན་བཏང་སྙོམས་རབ་ཏུ་མི་གནས་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་རང་རིག་པའི་མངོན་སུམ་གྱིས་གཏན་ལ་དབབ་པར་བྱའོ། །དེ་ལ་བཏང་སྙོམས་ནི་མཉམ་པ་ཉིད་དོ། །མཉམ་པ་ཉིད་གང་ཡིན་པ་དེ་ལ་ནི་དུས་གསུམ་མི་དམིགས་པས་སོ། ། དེ་ཡང་མཉམ་པ་ཉིད་ནི་མི་དམིགས་པ་གང་གིས་ཀྱང་མ་གོས་པས་མིང་ཙམ་མོ། །དེའི་ཕྱིར་མཚན་ཉིད་མེད་པ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི་དྲན་པ་འདི་ཡིན་ནོ། །རྣམ་པར་བྱང་བའི་མཚན་ཉིད་ནི་དྲན་པ་མེད་པའི་དབྱིངས་ཡིན་ནོ། །དེ་གཉིས་མི་རྒྱུ་ན་དྲན་པ་རྡུལ་ཙམ་ཡང་མེད་ན་དྲན་པ་ མེད་པར་འགྱུར་བ་ལྟ་ག་ལ་ཡོད། དྲན་པའི་ཆོས་རྣམས་ཀྱང་མི་རྒྱུ་ལ་དྲན་པ་མེད་པའི་ཆོས་རྣམས་ཀྱང་མི་རྒྱུ་བས་སྐྱེ་བ་མེད་ཅིང་འགག་པ་མེད་པའོ། །དེ་ཡང་ཟབ་མོའི་ཆོས་ཉིད་མ་རིག་པ་ལས་དྲན་པའི་རྣམ་པ་ནི་ཀུན་འབྱུང་བའོ། །དེ་དག་མེད་བཞིན་དུ་ཡོད་པར་མཐོང་བས་སྡུག་བསྔལ་བའོ། ། ཡོད་པ་དང་མེད་པའི་ཆོས་གཉིས་ཀ་མེད་པར་མ་ཤེས་པས་ནི་སྦྱང་བྱ་དང་སྦྱོང་བྱེད་ལམ་གྱི་རྣམ་པའོ། །ལམ་གྱི་རྣམ་པ་གོམས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་འགོག་པ་ཐོབ་བྱ་ཐོབ་བྱེད་ཀྱི་ཡུལ་ལས་འདས་པ་ཡིན་པས་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད་ཅེས་གསུངས་སོ། །དེའི་ཕྱིར་སྦྱང་བྱ་དང་སྦྱོང་བྱེད་མ་གྲུབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུར་གསུངས་སོ། །སྦྱང་བྱ་ནི་དྲན་པ་འདི་ཁོ་ནའོ། །དེ་ཡང་བཏགས་པས་སྒྱུ་མ་དང་རྨི་ལམ་དང་འདྲ་ལ་རང་བྱུང་རང་ཞི་བ་ཡིན་ཡང་། བདེ་བ་དང་རིག་ པ་དང་སྟོང་པ་ཉིད་སྙིང་རྗེའི་སྒྲོན་མ་སྦར་ནས་སྒོམ་པ་ནི་ཐབས་ཀྱི་སྙིང་པོ་ལ་བརྡའི་མཚན་མ་ཙམ་དུ་ཤེས་པར་བྱའོ། །དེས་བརྡ་བྱས་ནས་དེ་ལས་གཞན་དྲན་པ་མི་རྒྱུ་བ་དེ་ལ་ནི་ཤེས་རབ་ཀྱི་རྣམ་པ་ཙམ་དུ་ཤེས་པར་བྱའོ། །དེ་གཉིས་ལས་གཞན་མ་སྐྱེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཙམ་དུ་ཤེས་པར་བྱའོ། ། དེ་དག་ལས་གཞན་གང་གི་བློ་ཡང་མ་ཤར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ། །དེའི་ཕྱིར་སྙིང་པོའི་དོན་གྱི་གདམས་ངག་ནི་དྲན་པ་མ་ལུས་པ་སྒྱུ་མ་ལྟ་བུའི་དོན་དང་། དྲན་པས་མ་གོས་པ་སྟོང་པ་ཉིད་ཀྱི་དོན་དང་། དྲན་པ་དང་དྲན་པ་མེད་པས་མ་གོས་པ་མཚན་མ་མེད་པའི་ དོན་དང་། སྐྱེ་བ་མེད་པས་མ་གོས་པ་སྨོན་པ་མེད་པའི་དོན་ཡིན་པས་སོ། །གདམས་ངག་གི་རྒྱུན་མི་འཆད་པའི་བསམ་གཏན་བསྟན་པས་སོ། །དེ་ལྟར་གནས་པའི་བསམ་གཏན་ངོ་ཤེས་པའི་སྐྱེས་བུ་རྣམས་དང་། དེ་ལྟར་ངོ་མ་ཤེས་པའི་སྐྱེས་བུ་རྣམས་སོ། །དཔེར་ན་ཆུ་ཁམས་གསེར་དང་ ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་མ་གོས་པའོ། །དེ་ལ་མཚོ་ཤིན་ཏུ་དང་བ་ལ་ཟླ་བ་ཉ་བའི་ཚེ་སྤྲིན་དང་ཁུག་རྣས་མ་བསྒྲིབས་པའི་གཟུགས་བརྙན་ཤར་བ་མཐོང་ནས་ཁ་ཅིག་ནི་དགའ་ཞིང་མགུ་ནས་ཡིད་ཆགས་པ་སྐྱེས་སོ། །ཁ་ཅིག་ནི་ཅི་ཡང་སྙམ་པ་ མེད་དོ། །དེ་བཞིན་དུ་སེམས་དངས་མ་རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པ་མི་འདྲ་བ་བྱུང་བ་ལ་སེམས་དགའ་ཞིང་མགུ་བས་ཡིད་ཆགས་ཤིང་འདོད་ཆགས་སྐྱེས་སོ། །སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་མྱོང་ ཡང་ཅི་ཡང་མི་སེམས་སོ། །དེ་ལ་གསེར་གྱི་རང་བཞིན་ཁ་དོག་སེར་པོ་དེ་ལ་ཁ་ཅིག་གིས་ཡིད་དུ་འོང་ཞིང་རྒྱན་དང་ནོར་ལ་སོགས་པ་བྱེད་དེ། དེ་ཡང་གཡའ་གློ་བུར་དུ་ཆགས་པ་དེ་ལ་མི་སྡུག་པར་ལྟ་ཞིང་ཞེ་སྡང་སྐྱེད་དོ། །མཁས་པས་བལྟས་པས་གཡའ་དེ་གློ་བུར་པ་ཡིན་པས་བསལ་དུ་བཏུབ་སྙམ་ ཞིང་མི་སྡུག་པར་ལྟའོ། །དེ་བཞིན་དུ་སེམས་དངས་མ་དང་མ་ཕྲད་པའི་སྐྱེས་བུ་རྣམས་ནི་མཉམ་པར་བཞག་པའི་སེམས་ལ་གཅེས་པར་བྱེད་ཅིང་། རྗེས་ཀྱི་ཤེས་པ་ལ་མི་སྡུག་པར་ལྟ་ཞིང་རེ་བ་དང་དོགས་པ་བསྐྱེད་དོ། །སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ནི་མཉམ་པར་བཞག་པ་དང་། རྗེས་ལ་ ཐོབ་པའི་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་ཤེས་ཤིང་བྱམས་པ་དང་སྡང་བར་མི་མཛད་དོ། །དེ་ལ་ནམ་མཁའ་ནི་མིང་ཙམ་ཡོད་ལ་དངོས་པོར་མེད་པའོ། །དེ་ལ་ཡང་རྐྱེན་གྱི་དབང་གིས་མུན་པ་དཀར་བ་དང་གནག་པ་ལ་སོགས་པ་སྣ་ཚོགས་འབྱུང་བ་ལ། ཉིན་དང་མཚན་དང་ཟླ་བ་དང་ལོ་དང་བསྐལ་པ་བགྲང་ ཞིང་ས་དང་ནམ་མཁའ་དང་ཤིན་ཏུ་རིང་ངོ་སྙམ་མོ། །མཁས་པས་བལྟས་པས་ས་དང་ནམ་མཁའི་བར་ན་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཤས་ཙམ་ཡང་ཡོད་པར་མ་གཟིགས་སོ། །དེ་བཞིན་དུ་སེམས་དངས་མ་དང་མ་ཕྲད་པའི་སྐྱེས་བུ་རྣམས་ཀྱིས་དཀའ་བ་རྣམ་པ་དུ་མ་བསྐལ་པ་གྲངས་ མེད་པའི་བར་དུ་སྐྱེ་རྒ་ན་འཆིའི་འདམ་ལས་མ་ཐར་བར་རང་འདོད་པའི་འབྲས་བུ་ཐོབ་པ་འདོད་དེ་ཐོབ་པར་དཀའོ། །ཟབ་མོའི་ཆོས་ཉིད་སེམས་དངས་མ་དང་ཕྲད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ནི་རྟོགས་ན་སེམས་གྲོལ་བས་སེམས་ཅན་དང་ཆོས་ཀྱི་སྐུའི་བར་ན་ཅི་ཡང་ཡོད་པར་མ་གཟིགས་ སོ། །དེ་བས་ན་ཟབ་མོའི་ཆོས་ཉིད་དང་མ་ཕྲད་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་གཞི་དྲན་པ་མེད་པ་དང་། ལམ་སྐྱེ་བ་མེད་པ་དང་། འབྲས་བུ་བློ་ལས་འདས་པ། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལས་གྱུར་པ་ནི་ཕུང་པོ་དང་ཁམས་ལ་སོགས་ པའོ། །དེ་ལ་བདག་དང་བདག་གིར་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོའོ། །མ་རིག་པ་ལས་རིག་པ་གློ་བུར་དུ་ཆགས་པས་སྡུག་བསྔལ་ཀུན་གྱི་རྒྱུར་འགྱུར་རོ། །དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དུ་འགྱུར་རོ། །སྡུག་ བསྔལ་དེ་དག་ལས་གྲོལ་བར་འདོད་པ་ལ་ལས་ནི་འཕགས་པའི་ལམ་གྱི་རྣམ་པ་ལས་གོམས་པ་ལས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་དོན་དུ་འགོག་པ་མངོན་དུ་བྱ་བ་ལ་དོན་དུ་གཉེར་བ་ཡོད་དོ། །དེ་དག་མ་ལུས་པ་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་ཇི་ལྟ་བ་བཞིན་དུ་ རྟོགས་པས་ནི་གང་ཡང་མི་ལེན་མི་འདོར་བའི་ཚུལ་གྱིས་འཁོར་བའི་མཚན་མ་ནི་སྡུག་བསྔལ་བ་དང་ཀུན་འབྱུང་བའོ། །མྱ་ངན་ལས་འདས་པའི་མཚན་མ་ནི་འགོག་པ་དང་ལམ་མོ། །དེ་དག་ཐམས་ཅད་ཡང་དག་ཏུ་མི་འཛིན་པས་བཏང་སྙོམས་མཚན་མ་མེད་པའི་ཏིང་ངེ་འཛིན་གཏན་ལ་ཕབ་པའོ། །ད་ནི་རྒྱུན་ ཆད་རབ་ཏུ་མི་གནས་པ་རྣལ་འབྱོར་གྱི་མངོན་སུམ་བློའི་སྤྱོད་ཡུལ་མ་ཡིན་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་བསྟན་པར་བྱའོ། །དེ་ཡང་ཤེས་པ་དང་ཤེས་བྱའི་དྲི་མ་གང་ཡང་མ་བྱུང་བས་དྲི་མ་མེད། དྲི་མ་དང་བྲལ་བ་ཡང་མེད་དོ། །ཆོས་ཀྱི་སྐུ་ནི་བསམ་པ་དང་བསྒོམ་པ་ལས་འདས་པས་རྣམ་པ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཀྱི་རློམ་སེམས་མེད་པ་ནི་ཡེ་ཤེས་མེད་དོ། །དེ་ཡང་ཡེ་ཤེས་མེད་ཅེས་བྱ་བ་ནི་ཡོད་པ་ལ་ལྟོས་ནས་མེད་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་ལ་སོགས་པ་ལས་གྲོལ་བ་མི་འགྱུར་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ངོ་བོ་ཐ་མི་དད་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །དེ་ཡང་དབྱེ་བ་ནི་སྐུ་གསུམ་ལྷུན་ གྱིས་གྲུབ་པས་སོ། །དགོས་པ་ནི་ཟབ་མོའི་དོན་རྟོགས་ནས་སེམས་གྲོལ་བའོ། །དགོས་པའི་དགོས་པ་ནི་འབད་པ་མེད་པར་སེམས་ཅན་རྣམས་ཀྱི་དོན་འབྱུང་བའོ། །ངེས་ཚིག་ནི་ཡེ་ཤེས་མེད་པ་ཆོས་ཀྱི་སྐུའོ། །ཆོས་སྐུ་དེ་ཡང་རྒྱུ་ལས་བྱུང་བའི་འབྲས་བུ་ཡང་མ་ཡིན་ལ། ལས་ལས་བྱུང་བའི་རྣམ་པར་ སྨིན་པ་ཡང་མ་ཡིན་ནོ། །དེ་ལྟ་བུ་ཐོབ་པ་མེད་ཅེས་བྱ་བ་ནི་བློ་དང་སེམས་དང་མིང་དང་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་སོ། །མ་ཐོབ་པ་ཡང་མེད་ཅེས་བྱ་བ་ནི་བློ་དང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ལས་འདས་པས་མ་ཁྱབ་པ་མེད་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ནི་དེ་ཙམ་ཞིག་བརྗོད་པར་བྱའི། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ལས་འདས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཁམས་གསུམ་གྱི་སེམས་ཅན་གྱི་ཉོན་མོངས་པ་དང་ལས་ལས་གྱུར་པའི་བློ་དང་སེམས་དང་ཡིད་དང་རྣམ་པར་ཤེས་པའམ། ཤེས་པ་དང་ཤེས་བྱ་ལས་གྱུར་པའི་ཡེ་ཤེས་གློ་བུར་བར་རྟོགས་ ཤིང་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཐོབ་པ་མེད་པའི་ཕྱིར་ནི་ས་དང་ལམ་མངོན་དུ་གྱུར་པ་རྣམས་ཀྱིས་ཀྱང་མ་ཐོབ་པའི་ཕྱིར་རོ། །ཤེས་རབ་ནི་རྣམ་པ་གསུམ་མོ། །ཐོས་པའི་ཤེས་རབ་ནི་མིང་དང་ཚིག་དང་ཡི་གེ་ལས་བྱུང་བའོ། །བསམས་པའི་ཤེས་རབ་ནི་དེའི་དོན་མ་ནོར་བར་བསམས་ པའོ། །བསྒོམས་པའི་ཤེས་རབ་ནི་སེམས་རྩེ་གཅིག་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་ལས་འདས་པའོ། །ཟབ་མོ་ལ་བརྟེན་ཅིང་གནས་ཏེ་ནི་ཐོས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་དྲན་པ་མེད་པའོ། །བསམ་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་སྐྱེ་བ་མེད་པའོ། །བསྒོམ་ པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པ་ནི་བློའི་ཡུལ་ལས་འདས་པའོ། །དེ་ལྟ་བུ་ལ་རྟེན་མེད་པའི་ཚུལ་གྱིས་བརྟེན་ཅིང་གནས་པས་སེམས་ལ་སྒྲིབ་པ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའི་དངས་མ་སེམས་ལ་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་མ་གོས་པས་སོ། །སྐྲག་པ་མེད་དེ་ནི་ཟབ་མོའི་ ཆོས་ཉིད་ཐོས་ནས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བས་སོ། །ཕྱིན་ཅི་ལོག་ནི་ཟབ་མོའི་ཆོས་ཉིད་ལ་མ་མོས་ཤིང་སྲིད་པ་གསུམ་གྱི་སེམས་ཅན་དོན་དམ་པར་ན་ཡོད་དོ་ཞེས་དྲན་པའི་ཆོས་ལ་ཡང་དག་ཏུ་མཐོང་བས་སོ། །ཕྱིན་ཅི་ལོག་ལ་འཁྲུལ་པ་ནི་སྲིད་པ་གསུམ་གྱི་སེམས་ཅན་རྣམས་དཔེར་ན་རྨི་ལམ་ གྱི་དུས་སུ་སྒྱུ་མ་མཐོང་བའམ། རྨི་ལམ་ན་ཐག་པ་ལ་སྦྲུལ་དུ་མཐོང་བའམ། གཞོན་ནུ་མའི་རྨི་ལམ་ན་བུ་སྐྱེས་པ་དང་ཤི་བ་མཐོང་བ་དེ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་བདེ་སྡུག་ལ་སོགས་པ་དེ་འདྲའོ། །དེ་ཡང་ཕྱིན་ཅི་ལོག་ཅེས་བྱ་བ་ནི་མ་ནོར་བའི་དོན་དམ་པའི་བདེན་པ་ལ་ནོར་བར་མཐོང་བ་ རྣམས་སོ། །དཔེར་ན་གྲུ་རྒལ་བའི་སྐྱེས་བུ་ཁ་ཅིག་གིས་རིའམ་བྲག་གཡོ་ཞིང་འགུལ་བར་མཐོང་ངོ་། །དེ་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པའི་གང་ཟག་གིས་མ་ནོར་བའི་ཆོས་ཉིད་ཟབ་མོ་ལ་ནོར་བ་མཐོང་བ་ཡོད་དོ། །དཔེར་ན་སེང་གེའི་འོ་མ་ནི་སེང་གེའི་ཕྲུ་གུས་བཏུང་བར་བྱའི། གཞན་གྱིས་འཐུངས་ན་ལུས་པོ་གས་ཤིང་དུག་ཏུ་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ནི་ཐེག་པ་ཆེན་པོའི་རིགས་ཅན་སེམས་ཤིན་ཏུ་རྣམ་པར་དག་པ་ལ་བསྟན་པར་བྱའོ། །ཐེག་པ་དམན་པའི་རིགས་ཅན་ལ་བསྟན་ན་འཇིགས་ཤིང་སྐྲག་ལ་དངང་བར་འགྱུར་རོ། །དཔེར་ན་ བད་ཀན་ཅན་ལ་འོ་མ་འཐུང་དུ་བཅུག་ན་ནད་མི་སེལ་བར་དུག་ཏུ་འགྱུར་རོ། །དཔེ་དེ་བཞིན་དུ་སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་ཉིད་བསྟན་པར་མི་བྱའོ། །དེ་ཡང་འོ་མ་དེ་ཉིད་ཞོ་དང་དར་བར་བྱས་ནས་བད་ཀན་ཅན་འཐུང་དུ་བཅུག་ན་ཕན་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོའི་ཆོས་ཉིད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་དང་བསྲེས་ནས་ཐེག་པ་དམན་པ་རྣམས་ལ་བསྟན་ན་ཕན་པར་འགྱུར་རོ། །དཔེར་ན་དམུས་ལོང་མང་པོ་རང་རང་གི་གྲོང་དང་རང་རང་གི་མ་དང་བྲལ་ནས། གྲོང་ཁྱེར་རམ་གྲོང་རྡལ་ལ་སོགས་པར་འཁྱམས་ཏེ་སླར་ལོག་ནས་རང་རང་ གི་གྲོང་དང་རང་རང་གི་མ་དང་ཕྲད་ཀྱང་ངོ་ཤེས་པར་མི་འགྱུར་རོ། །དེ་བཞིན་དུ་ཐེག་པ་དམན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་དང་བྲལ་ནས་ཀྱང་འཁོར་བའི་གྲོང་ལས་འཁྱམས་ནས་ཚུར་ལོག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དང་ ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་དང་ཕྲད་ཀྱང་ངོ་ཤེས་པར་མི་འགྱུར་རོ། །དེ་ཡང་ཐབས་དང་ཤེས་རབ་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་དཔེ་དང་དོན་གྱིས་དེ་དག་གི་སྙིང་པོ་ཤེས་པར་འགྱུར་རོ། །དཔེར་ན་རིན་པོ་ཆེའི་འབྱུང་གནས་ནས་རིན་པོ་ཆེ་བླང་བར་འདོད་པའི་སྐྱེས་བུ་རྣམས་ ཕྱིན་ཅི་ལོག་གི་སྐྱེས་བུ་ཞིག་གིས་བ་ལང་གི་རྐང་རྗེས་ལ་རིན་པོ་ཆེའི་འབྱུང་གནས་འདི་ཡིན་ནོ་ཟེར་ཞིང་ཉན་ན་བར་དུ་ཆོད་པ་ཡིན་ནོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་བོར་ནས། མདོ་གཞན་དང་གཞན་ལ་ལྟ་ཞིང་ཡིད་ཆེས་ན་བར་དུ་ཆོད་པ་ཡིན་ནོ། ། དེ་བས་ན་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་གདམས་ངག་ལ་བརྟེན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱོད་པ་དང་བསྒོམ་པ་དང་ལྟ་བ་དང་འབྲས་བུའི་དོན་བཞི་ལ་བསྡུ་བར་བྱའོ། །དེ་ཡང་སངས་རྒྱས་ཀྱི་བཀའ་མ་ནོར་བ་སྙིང་པོའི་དོན་ལ་ཡང་དང་ཡང་དུ་ལྟ་ཞིང་ དེ་ལ་སེམས་འདྲིས་པར་བྱས་པས་དྲན་པའི་རྣམ་པ་སྟོང་པ་ཉིད་དང་དབྱེར་མེད་པ་ནི་སྤྱོད་པའི་དོན་ཡིན་ནོ། །དེ་བས་ཀྱང་ཁྱད་པར་དུ་འཕགས་ཤིང་ཡིད་ལ་མི་བྱེད་པའི་སྟོང་པ་ཉིད་རྒྱུན་དུ་གནས་པ་དངོས་བསྟན་པ་ནི་བསྒོམ་པའི་དོན་ཡིན་ནོ། །དེ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་རྣམ་པར་བྱང་བའི་ཆོས་རྣམས་ རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་དག་པར་མི་མཐོང་བས་རང་རྒྱུད་ལས་གྲོལ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ནི་ལྟ་བའི་དོན་ཡིན་ནོ། །དེ་ཡང་སངས་རྒྱས་རྣམས་ཀྱིས་ཀྱང་བསྒོམ་བྱ་མ་ཡིན་ལ་སེམས་ཅན་རྣམས་ཀྱིས་ཀྱང་བློས་ཡུལ་དུ་མ་གྱུར་པས་ཤེས་བྱའི་དྲི་མ་ལ་སོགས་པ་མེད་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ མེད་པས་ཐོབ་ཤོར་མེད་པ་ནི་འབྲས་བུའི་དོན་ཡིན་ནོ། །དེ་དག་གིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་འདི་ནི་ཤིན་དུ་གཅེས་པར་བྱ་བར་འོས་པ་ཡིན་ནོ། །དེའི་ཡོན་ཏན་གྱིས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །མཐར་ཕྱིན་ཏོ་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་ མཐའ་ནི་མྱ་ངན་ལས་འདས་པ་གསུམ་ཡིན་ལ། མྱ་ངན་ལས་འདས་པའི་མཐའ་ནི་བརྗོད་པ་དང་། བསམ་པ་དང་བསྒོམ་པ་ལས་འདས་པའོ། །དེའི་ཕྲིན་ལས་ནི་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཟབ་མོའི་ཆོས་འདི་ལ་ བརྟེན་ནས་སྣང་བ་སྒྱུ་མ་ལྟ་བུར་གཟིགས་ཤིང་སེམས་ཅན་རྣམས་མི་དམིགས་པའི་དོན་མཛད་དོ། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཟབ་མོའི་ཆོས་ཉིད་ལ་བརྟེན་ནས་སེམས་ཅན་དུ་སྣང་བའམ་དྲན་པ་སྒྱུ་མ་ལྟ་བུར་གཟིགས་ནས་དེ་ལས་གྲོལ་བའི་དོན་དུ་ཡོན་ཏན་དང་ཕྲིན་ལས་རྫོགས་ པར་བྱེད་ཅིང་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པ་ཡིན་ནོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་དྲན་པའི་ཆོས་རྣམས་གློ་བུར་བར་གཟིགས་ཤིང་དེ་དག་ལས་གྲོལ་བའི་དོན་དུ་བསམ་དུ་མེད་པའི་ཏིང་ངེ་འཛིན་སེམས་ཅན་རྣམས་ ལ་སྟོན་པར་འགྱུར་རོ། །བསམ་དུ་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བརྟེན་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་ རྒྱ་བར་འགྱུར་རོ། །འོ་ན་དབང་པོ་རྣོན་པོ་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་དོན་དུ་རྒྱུད་སྡེ་དུ་མ་ལ་བརྟེན་པ་ཕྱིའི་སྔགས་ཀྱིས་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་བསྟན་པ་དང་། ནང་གི་སྔགས་ཀྱིས་རྩ་དང་རླུང་ལ་སོགས་པ་ལ་བརྟེན་ནས་ལུས་དང་སེམས་བདེ་བ་བསྟན་པ་དང་། གསང་བའི་ སྔགས་ཀྱིས་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་བྱ་བ་བསྟན་ནས་སྐད་ཅིག་གིས་སམ་སྐྱེ་བ་གཅིག་གིས་སམ། བར་མ་དོ་ནའམ། སྐྱེ་བ་བདུན་པའི་བར་ནས་སངས་རྒྱས་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་གདམས་ངག་འདི་མཚན་ཉིད་ཀྱི་ཐེག་པ་ཡིན་ནམ་ སྔགས་ཀྱི་ཐེག་པ་ཡིན་ཞེས་ཐེ་ཚོམ་ཟ་ན། སེམས་ཅན་རྣམས་ཀྱི་བློའི་སྣང་བ་ལ་ཐ་དད་དུ་སྣང་མོད་ཀྱི་ཟབ་མོའི་ཆོས་ཉིད་ལ་ཐ་དད་མེད་དེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི་གསང་སྔགས་རྣམས་ཀྱི་དོན་གྱི་སྙིང་པོ་ཡིན་ནོ། །དེ་རྟོགས་པར་བྱེད་པ་རིག་པ་ཆེན་པོའི་སྔགས་ ཞེས་བྱ་བ་ནི་རིག་པ་དྲན་པ་སྣང་བ་ཉམས་སུ་མྱོང་བའོ། །ཆེན་པོ་ནི་ནམ་མཁའ་དང་འདྲ་ལ། ཟབ་པ་ངོས་བཟུང་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྔགས་སོ། །བླ་ན་མེད་པའི་སྔགས་ཞེས་བྱ་བ་ནི་དྲན་པ་དང་། རིག་པ་དང་། སྣང་བ་དང་། ཉམས་སུ་མྱོང་བས་མ་གོས་པ་གང་གིས་ཀྱང་ མ་ནོན་པས་བླ་ན་མེད་པའི་སྔགས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྔགས་སོ། །མི་མཉམ་པ་དང་མཉམ་པའི་སྔགས་ཞེས་བྱ་བ་ནི་མ་དྲན་པ་ཡང་མ་བྱུང་བས་མ་སྐྱེས་པའོ། །མ་སྐྱེས་པའི་ཕྱིར་གང་དང་མཉམ་པ་མེད་པ་མི་མཉམ་པ་དང་མཉམ་པའི་སྔགས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྔགས་སོ། ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱིས་ཀྱང་བསྒོམ་པར་མི་མཛད། རྣམ་པར་རྟོག་པ་དང་མི་རྟོག་པར་ཡང་མི་མཛད་པས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་སྔགས་བཞིའི་དོན་ཏོ། །དེ་དག་བཀའ་ དང་ལུང་ཐ་དད་པ་ལ་ལྟ་ཞིང་བསམས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་བདེ་སྡུག་ལ་ལྟ་ཞིང་སྐྱོ་བ་སྐྱེ་བའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བའི་ཡོན་ཏན་གྱི་རྣམ་པ་ཐོས་ནས་སྤྲོ་བ་སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུ་མ་བརྟགས་ཀྱི་བར་དུ་ཉམས་དགའ་བས་ནི་མི་བརྫུན་ པ་ཞེས་བྱའོ། །དེ་ཡང་སྐྱོ་བ་ནི་ཞེ་སྡང་བ་ཡིན་ལ། །སྤྲོ་བ་ནི་འདོད་ཆགས་ཡིན་ཏེ། དེ་གཉིས་རང་གི་དྲན་པ་ཡིན་པར་ངོ་མ་ཤེས་པས་གཏི་མུག་ཡིན། དཔེར་ན་འདོད་ཆགས་ལ་མངོན་པར་དགའ་བའི་སྐྱེས་བུའི་དོན་དུ་རྨི་ལམ་ན་བུད་མེད་ཡིད་དུ་འོང་བའམ། སྨན་གྱི་རྣམ་པས་བྱས་པའི་བུད་མེད་དམ། ཤིང་ སྣ་ཚོགས་པས་བྱས་པའི་བུད་མེད་དེ་དག་གིས་སྐྱེས་བུའི་དོན་བྱེད་དེ། དེའི་རྗེས་ལ་བརྟགས་ཤིང་དཔྱད་པས་བུད་མེད་དེ་དག་ཀྱང་མེད་ལ། དེ་ལས་བྱུང་བའི་ཉམས་སུ་མྱོང་བ་དེ་ཡང་མེད་དོ། །དེ་བཞིན་དུ་སྤྲོ་བའི་སེམས་ཀྱང་ཉམས་དགའ་ཞིང་བདེ་བ་ལ་བརྟགས་པས་མི་བདེན་པའོ། །དཔེར་ན་རི་མོ་ མཁན་མཁས་པ་ཞིག་གིས་རས་ལ་སོགས་པའི་གཞི་མ་ཞིག་ལ་ཁྲོ་བོ་འཇིགས་སུ་རུང་བ་ཞིག་བྲིས་པ་ལ་རང་གིས་བལྟས་པས་བྲེད་ཅིང་ཤིན་ཏུ་འཇིགས་སོ། །སྐྱོ་བའི་སེམས་ཀྱང་དེ་བཞིན་ནོ། །དེ་བས་ན་སྐྱོ་བ་དང་སྤྲོ་བ་ལ་ཡིད་ཆེས་པའི་གང་ཟག་རྣམས་ཀྱི་དོན་དུ་རྒྱུ་འབྲས་སམ། ལས་འདས་པ་ལས་ ཀྱི་རྣམ་པར་སྨིན་པ་མི་བརྫུན་པས་ན་ཞེས་གསུངས་སོ། །བདེན་པ་མཐོང་བའི་སྐྱེས་བུ་དམ་པ་རྣམས་ཀྱི་དོན་དུ་ནི་དོན་དམ་པར་ན་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་བཀའ་ལས་གསུངས་སོ། །དེ་བས་ན་བརྒྱུད་པའི་གདམས་ངག་ལས་དྲན་པའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུར་སྣང་ལ་རང་ བཞིན་མེད་པའོ། །མ་དྲན་པའི་ཆོས་རྣམས་ནི་ཟབ་ཅིང་མི་སྣང་ལ་རང་བཞིན་ཡོད་པའོ། །དེའི་ཕྱིར་དྲན་པའི་ཆོས་སྒྱུ་མ་ཙམ་དུ་དོན་བྱེད་ནུས་ལ་མི་བརྫུན་པས་སོ། །དྲན་པས་མ་གོས་པ་ཟབ་མོའི་ཆོས་ཉིད་ཀྱིས་རྣམ་པར་ཐར་པའི་སྒོ་གསུམ་བསྟན་པས་ནི་བདེན་པར་ཤེས་པར་བྱ་སྟེ། དཔེར་ན་ སྨིག་རྒྱུའི་ཆུ་བོ་ཆེན་པོ་ལས་རྒལ་བར་འདོད་པའི་གང་ཟག་གིས་མཉན་པ་བོས་ནས་གྲུ་དང་བཅས་ཏེ་སྨིག་རྒྱུའི་ཆུ་བོ་ཆེན་པོའི་འགྲམ་དུ་འོངས་ནས། ཀྱེ་སྐྱེས་བུ་ཁྱོད་ཀྱིས་ཆུ་བོ་ཆེན་པོ་འདི་ལས་སྒྲོལ་ཅིག་ཁྱོད་ཅི་དབང་བའི་རྔན་པ་སྦྱིན་ནོ་ཞེས་སྨྲས་པས། མཉན་པ་དེས་འོ་ན་ང་ལ་རྔན་པ་སློང་ཤིག་ཅེས་བྱས་ པས་བྱིན་ནོ། །དེ་ནས་མཉན་པ་དེས་སྐྱེས་བུ་དེའི་མིག་ཕྱིས་པས་སྨིག་རྒྱུའི་ཆུ་བོ་ཆེན་པོ་དེ་མེད་པར་གྱུར་ཏོ། །དེ་བཞིན་དུ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལས་གྱུར་པའི་འཁོར་རྣམ་གསུམ་གྱི་ཆུ་བོ་ཆེན་པོ་ལས་རྒལ་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཐབས་དང་། ཤེས་རབ་དང་ལྡན་པའི་དགེ་བའི་ བཤེས་གཉེན་གྱི་དྲུང་དུ་སོང་ནས་བདག་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་བར་ཞུ། ཁྱེད་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་བགྱིད་དོ་ཞེས་བྱས་པ་དང་། དགེ་བའི་བཤེས་གཉེན་དེས་ཀྱང་མདོའི་ལུང་དུ་མ་དྲངས་ཤིང་སྐྱོ་བ་དང་། སྤྲོ་བ་སྐྱེད་པར་བྱེད་དོ། །དེ་ནས་སྐྱོ་བ་དང་སྤྲོ་བ་དེ་ཡང་རང་ གི་སེམས་དྲན་པ་འདི་ཡིན་ནོ། །དྲན་པ་འདི་ལས་རྒལ་བར་བྱེད་པའི་ཐབས་ཇི་ལྟ་བུ་ཡོད་ཅེ་ན། དེ་ལ་དྲན་པའི་ཆོས་རྣམས་ཐབས་སུ་ཤེས་ཤིང་དྲན་པས་མ་གོས་པ་ཟབ་མོ་རྣམ་པ་གསུམ་ཡིན་པས་སོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་ཉིད་མ་རྟོགས་བར་དུ་སྨིག་ རྒྱུའི་ཆུ་བོ་དང་འདྲ་སྟེ། དྲན་པའི་ཆོས་རྣམས་བདེན་ཏེ་མི་བརྫུན་པས་ནའོ། །ཟབ་མོའི་ཆོས་ཉིད་དང་ཕྲད་ན་སྨིག་རྒྱུའི་ཆུ་སྟོར་བ་དང་འདྲ་སྟེ། དྲན་པས་མ་གོས་པ་བདེན་པར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། སྔགས་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་ པོའི་སྔགས་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། སྔགས་འདིའི་དོན་རྟོགས་པ་ཙམ་གྱིས་སེམས་གྲོལ་བ་ཡིན་ནོ། །སྔགས་འདིའི་དང་པོའི་ཡི་གེ་བཞི་ལས་བྱུང་བ་དང་། བར་དུ་ཡི་གེ་བཞིའི་དོན་གསལ་བར་བསྟན་པ་དང་། ཐ་མ་སྔགས་ཀྱི་དོན་རྣམ་པ་བཞི་ལ་བསྡུས་པས་སོ། །དོན་བཞི་པོ་ གང་ཞེ་ན། སྒྱུ་མ་ལྟ་བུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏད་ཡ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། ག་ཏེ་ག་ཏེ་ནི་ཕྱིན་ཏོ་ཕྱིན་ཏོ་ཞེས་བྱ་བ་ནི་དྲན་པ་མ་ལུས་པ་སྒྱུ་མ་ལྟ་བུ་ལ་ཕྱིན་ཏོ། །པཱ་ར་ག་ཏེ་ནི་ཕ་རོལ་ཏུ་ཕྱིན་ཏོ་ཞེས་བྱ་བ་ནི་དྲན་པའི་ཕ་རོལ་ན་སྟོང་པ་ཉིད་ལ་ཕ་རོལ་ ཏུ་ཕྱིན་ཏོ། །པཱ་ར་སཾ་ག་ཏེ་ནི་ཕ་རོལ་ཏུ་ཡང་དག་པར་ཕྱིན་ཏོ་ཞེས་བྱ་བས་ནི་སྒྱུ་མ་ལྟ་བུ་དང་། སྟོང་པ་ཉིད་ཀྱི་ཕ་རོལ་ན་མཚན་མ་མེད་པ་ལ་ཕ་རོལ་ཏུ་ཡང་དག་པར་ཕྱིན་ཏོ། །བོ་དྷི་སྭཱ་ཧཱ་བྱང་ཆུབ་ཏུ་གྱུར་ཅིག་ཅེས་བྱ་བས་ནི་ཉོན་མོངས་པ་དང་ཤེས་བྱ་ཐམས་ཅད་བྱང་ནས་བློ་ལས་འདས་པའོ། །དེ་དག་ གིས་ནི་རབ་ཏུ་མི་གནས་པ་བཞི་དང་། མངོན་སུམ་བཞི་དང་། ཏིང་ངེ་འཛིན་བཞི་གཏན་ལ་ཕབ་པའོ། །དེ་ལྟ་བུའི་གདམས་ངག་ལ་ནན་ཏན་བྱ་བའི་ཕྱིར། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ནན་ཏན་གྱིས་ ཤིག་ཅེས་གསུངས་པའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་བྱ་བ་ནི་ཟབ་མོའི་ཏིང་ངེ་འཛིན་ལས་བཞེངས་པ་དང་། སྙོམས་པར་བཞུགས་པ་མི་མངའ་ཡང་སེམས་ཅན་རྣམས་ཀྱི་སྣང་བ་ལ་མཉམ་པར་གཞག་པ་དང་། རྗེས་ལས་ཐོབ་པ་བསྟན་པའི་ཕྱིར་རོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཀྱི་དགོངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ཇི་ལྟ་བ་བཞིན་དུ་དགོངས་པ་མ་ནོར་བ་བསྟན་པས་ཐུགས་དགྱེས་པས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ཤིང་ ལེགས་སོ་ཞེས་བྱ་བ་བྱིན་ཏེ། དེ་བས་ཀྱང་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དགོངས་པས་ལེགས་སོ་ལེགས་སོ་ལན་གཉིས་སུ་གསུངས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ་ནི་ཐེག་པ་ཆེན་པོའི་རིགས་སྣང་བའི་ཆོས་ཉིད་ལ་མོས་པ་རྣམས་ཀྱི་དོན་དུ་གསུངས་སོ། །ཏེ་ཞེས་བྱ་བ་ནི། སྣང་བའི་ཆོས་རྣམས་ཀྱིས་སེམས་མི་གྲོལ་ལོ་ཞེས་པའི་བརྡའོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཟབ་མོའི་ཆོས་ཉིད་རྟོགས་ན་སེམས་གྲོལ་བའི་བརྡ་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ནི་འཇིག་རྟེན་པ་ལ་ཇི་སྲིད་གནས་ཀྱི་བར་དུ་མང་བ་སྒྱུ་མ་ལྟ་བུ་ལ་བརྟེན་དགོས་པའི་ཕྱིར་རོ། ། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་ལ་དགོངས་ནས་ཟབ་མོའི་ཆོས་ཉིད་འབའ་ཞིག་ལ་བརྟེན་དགོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ་ནི་རྣམ་པར་གྲོལ་བའི་ལམ་ལ་དོན་དུ་གཉེར་བ་རྣམས་ཀྱིས་ ཟབ་མོ་འབའ་ཞིག་ལ་བརྟེན་དགོས་པས་ཡང་དང་ཡང་དུ་ལན་གྲངས་མང་དུ་གསུངས་སོ། །ཟབ་མོའི་དོན་ལ་མོས་པར་གྱུར་པའི་དགེ་བའི་བཤེས་གཉེན་རྣམས་ལ་ནི་དུས་གསུམ་དུ་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི་གོ་སླ་བས་བཤད་པ་མ་བྱས་སོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་ཕྱག་ན་རྡོ་རྗེས་མཛད་པ་རྫོགས་སོ།། །།བལ་ཡུལ་ཡེ་རང་གི་གྲོང་ཁྱེར་དུ་རྗེ་བཙུན་བླ་མ་དམ་པ་ ཕྱག་ན་རྡོ་རྗེའི་སྤྱན་སྔར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཞུས་པའི་དུས་སུ། བླ་མ་ཆོས་སྟོན་པ་མ་བབས་གནང་བའི་ཉིན་པར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མདོ་བཏོན་པ་ལ། བླ་མ་དམ་པས་ལོ་ཙཱ་བ་ལ་ཁོང་འདོན་པ་དེ་ཅི་ཡིན་གསུངས་པས། ལོ་ཙཱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལགས་ཞུས་པས། འོ་ན་བོད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའི་སྙིང་པོ་དར་ན་སངས་རྒྱས་ཀྱིས་ལུང་བསྟན་པ་དེ་བདེན་པ་ཡིན་ནོ། །སྙིང་པོའི་དོན་གྱི་གདམས་ངག་ཤེས་སམ་གསུངས་པ་ལ། ལོ་ཙཱ་བས་མ་འཚལ་ཞེས་ལན་བཏབ་པ་ལ། འོ་ན་ངས་ ཁྱེད་རྣམས་ལ་གདམས་ངག་བསྟན་གྱིས་གསུངས་ནས། སྙིང་པོའི་དོན་གྱི་གདམས་ངག་གནང་བ་ཟིན་རིས་བྲིས་ནས་ནན་ཏན་བྱས་པ་ཡིན་ནོ། །བླ་མ་དམ་པའི་ཞབས་ཀྱི་པད་མའི་སྦྲང་རྩི་སྨྱོ་ཆུ་འཐུངས་ནས་སུ། སྐྱེ་མེད་བདེ་ཆེན་བུང་བ་སྨྱོན་པའི་ཁ་ལ་སུ་ཞིག་མཉན་དུ་ཡོད། གལ་ཏེ་སྨྱོན་པའི་ཚིག་ལ་ བདེན་པ་ཡོད་སྲིད་ཐུགས་ལ་དགོངས་ནས་སུ། མཐུན་པའི་གྲོགས་པོ་རྣམས་ཀྱིས་མི་བདེན་ན་ཡང་དོན་འདི་དགོངས་པར་ཞུ། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ ལོག་རྣམས་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །སྲིད་ཞི་མཉམ་ཉིད་དུས་གསུམ་རྒྱལ་བའི་ཡུམ། །འགྲོ་བའི་བདེ་སྒྲུབ་ཐབས་མཁས་སྟོན་པར་བྱེད། །གཞུང་གི་བདག་ཉིད་རིན་ཆེན་ལྟ་བུ་ལ། །དད་དང་ གུས་པས་ཡང་ཡང་ཕྱག་འཚལ་ལོ། །ཕན་སེམས་སྤྲོ་དགས་བྲིས་པའི་འགྲེལ་པ་འདི། །གང་ཟག་དམ་པ་རྣམས་ཀྱི་ཕྱག་ཏུ་བརྒྱུད་པ་དང་། །བསྟན་པའི་བྱ་བ་མཛད་པ་བདག་གི་སྨོན་ལམ་ཡིན། །ཆོས་ཉིད་བདེན་པས་དེ་ལྟར་འགྲུབ་གྱུར་ཅིག །རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ དགེ་སློང་སེང་གེ་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མདོ་སྡེ་འདི་བཤད་པ་ལ་དོན་རྣམ་པ་བཅུས་གསལ་བར་བྱ་སྟེ། ཤེས་རབ་ཀྱི་མིང་དང་། གླེང་གཞི་དང་། སྙོམས་པར་འཇུག་པ་དང་། གླེང་སློང་བ་དང་། ཤེས་རབ་ལ་འཇུག་པ་དང་། ཤེས་རབ་ཀྱི་མཚན་ཉིད་དང་། ཤེས་རབ་ཀྱི་སྤྱོད་ ཡུལ་དང་། ཤེས་རབ་ཀྱི་ཡོན་ཏན་དང་། ཤེས་རབ་ཀྱི་འབྲས་བུ་དང་། ཤེས་རབ་ཀྱི་གཟུངས་སོ། །འདི་ནི་ཤེས་རབ་ཀྱི་མིང་སྟེ། མིང་མེད་ན་དངོས་པོ་རིག་པར་མི་རུང་བས་དངོས་པོ་ལ་དམིགས་པའི་ཕྱིར་མིང་སྨོས་སོ། །དེ་བས་ན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ། ། ཤེས་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། བླ་ན་མེད་པའི་ཤེས་པའོ། །འཇིག་རྟེན་གྱི་ཤེས་པ་ནི་བསླད་པ་སྟེ། མི་རྟག་པ་ལ་རྟག་པ་དང་། མི་གཙང་བ་ལ་གཙང་བ་དང་། སྡུག་བསྔལ་བ་ལ་བདེ་བ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའོ། ། འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་གང་ཟག་ལ་བདག་མེད་པར་ཤེས་པ་སྟེ། འདུས་བྱས་མི་རྟག་པ་དང་། འདུས་བྱས་སྡུག་བསྔལ་བ་དང་། གང་ཟག་ལ་བདག་མེད་པ་དང་། ཞི་བ་མྱ་ངན་ལས་འདས་པར་ཤེས་པའོ། །བླ་ན་མེད་པའི་ཤེས་པ་ནི་དེ་བཞིན་གཤེགས་པས་གང་ཟག་དང་ ཆོས་ལ་བདག་མེད་པར་མཁྱེན་པ་སྟེ། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་དུ་མཁྱེན་པའོ། །ཤེས་པ་འདི་ནི་བླ་ན་མེད་པའི་ཤེས་པ་ལ་བྱའོ། །འཕགས་པ་ཞེས་བྱ་བ་ནི་ཤེས་པ་འདིས་མྱ་ངན་དང་སྡུག་བསྔལ་ལས་རིང་དུ་བྲལ་བའོ། །རབ་ཅེས་བྱ་བ་ནི་འཇིག་རྟེན་དང་། འཇིག་རྟེན་ ལས་འདས་པ་མཆོག་གི་ཤེས་རབ་སྟེ། བླ་ན་མེད་པས་ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྐྱེ་འཆི་སྡུག་བསྔལ་ནི་ཚུལ་རོལ། མྱ་ངན་ལས་འདས་པ་ནི་ཕ་རོལ། སེམས་ཅན་འཁོར་བའི་འདོད་པས་དེད་པ་རྣམས་ནི་བར་ན་སྟེ། ཤེས་རབ་འདིས་གྲུ་དང་གཟིངས་བྱས་ཏེ་མྱ་ངན་ལས་འདས་ པའི་འགྲམ་དུ་ཕྱུང་བས་ཕ་རོལ་ཏུ་ཕྱིན་པའོ། །སྙིང་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འབུམ་པའི་མདོ་ཀུན་འདིའི་ནང་དུ་འདུས་པས་སྙིང་པོ་ཞེས་ཀྱང་བྱ། གཅིག་ཏུ་ན་དེ་བཞིན་གཤེགས་པས་བསྟན་པའི་ནང་དུ་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་མཆོག་ཏུ་ གསུངས་པས་སྙིང་པོ་ཞེས་བྱའོ། །འདི་ནི་གླེང་གཞི་མ་བསྟན་ན་གནས་གང་དུ་གང་དག་ལ་བཤད་པ་མི་ཤེས་པས་གང་དུ་གང་དག་ལ་བཤད་པའི་གནས་བསྟན་པར་བྱ་བའི་ཕྱིར་གླེང་གཞི་སྨོས་སོ། །འདི་སྐད་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་དོན་རྣམས་ལ་བྱ་སྟེ། འདིས་ནི་སྒྲོ་བཏགས་པ་དང་། སྐུར་པ་སྤངས་སོ། །བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་ཐོས་པར་བསྟན་ཏེ། ཆོས་མངོན་སུམ་དུ་ཐོས་པར་ཟད་ཀྱི། དོན་རྟོགས་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །ཐོས་པ་ཞེས་བྱ་བ་ནི་ཉན་ནུས་པའི་རྣ་བའི་དབང་པོ་རྣམ་པར་ཤེས་པས་བཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དུས་གཅིག་ན་ཞེས་བྱ་བ་ནི་ ལན་ཅིག་ན་ཐོས་པ་སྟེ། སྔ་དྲོའམ་ཕྱི་དྲོའི་དུས་ནའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གང་དུ་བཤད་ཅེ་ན། དེའི་ཕྱིར་རྒྱལ་པོའི་ཁབ་ཅེས་སྨོས་ཏེ། གྲོང་ཁྱེར་གྱི་ཁྱད་པར་དེ་ནི་རྒྱལ་པོའི་ཁབ་ཅེས་བྱ་བའི་ཕྱིར་རོ། །གྲོང་ ཁྱེར་དེ་ཡང་ཤིན་ཏུ་རྒྱ་ཆེ་བས་གང་ན་བཞུགས་གཏོལ་མེད་དེ་དེ་བས་ན། བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་སྨོས་ཏེ། རི་དེ་ལྷུན་བྱ་རྒོད་ཀྱི་དབྱིབས་འདྲ་བའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་བཅོམ་པའི་ཕྱིར་དགེ་སློང་ངོ་། །ཕྱིར་རྒོལ་བ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་དགེ་འདུན་ཏེ་ཆེན་པོ་ནི་གྲངས་དང་ཡོན་ ཏན་ཆེ་བའི་ཕྱིར་རོ། །བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པའི་ཕྱིར་བྱང་ཆུབ་སེམས་དཔའོ། །སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་འཇོག་པའི་ཕྱིར་སེམས་དཔའ་ཆེན་པོའོ། །བཞུགས་པ་ནི་སྤྱོད་ལམ་གྱིས་བཞུགས་པར་རིག་པར་བྱའོ། །དེ་དག་གིས་ནི་གང་ གི་ཚེ། གང་གིས་གང་དུ། གང་དག་ལ་བཤད་པ་བསྟན་ཏེ། གང་གི་ཚེ་ཞེ་ན། དུས་གཅིག་གི་ཚེ་ན་བཤད་དོ། །གང་གིས་ཤེ་ན་བཅོམ་ལྡན་འདས་ཀྱིས་ཏེ། དེས་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་དུ་ཞེ་ན། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་སྟེ། འདིས་ནི་གནས་ཕུན་སུམ་ཚོགས་ པ་བསྟོན་ཏོ། །གང་དག་ཅེ་ན། དགེ་སློང་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྟེ། དེས་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། འདི་ནི་སྙོམས་པར་འཇུག་པ་སྟེ། སྙོམས་པར་མ་ཞུགས་ན་བརྟག་པའི་དངོས་པོ་གསལ་བར་མི་རྟོགས་པས་བརྟག་པའི་དངོས་པོ་གསལ་བར་རྟོགས་པར་བྱ་བའི་ཕྱིར་སྙོམས་ པར་འཇུག་པ་སྨོས་སོ། །དེའི་ཚེ་ཞེས་བྱ་བ་ནི་གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པར་གྱུར་པ་ཉིད་ཀྱི་ཚེ། ཏིང་ངེ་འཛིན་ལ་སོགས་པ་ལ་སྙོམས་པར་ཞུགས་པ་དང་སྦྱར་རོ། །ཏིང་ངེ་འཛིན་ཇི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤེ་ན། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་ཟབ་མོ་ ཞེས་བྱ་བ་སྨོས་ཏེ། དེ་ལ་རང་དང་སྤྱིའི་མཚན་ཉིད་འཛིན་པས་ན་ཆོས་སོ། །ཆོས་དེ་དག་གི་རྣམ་གྲངས་ནི་ཆོས་ཀྱི་ཕུང་པོ་སྟེ་ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བྱའོ། །ཟབ་མོ་ནི་སྐྱེ་བ་དང་། འགག་པ་མེད་པས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་ལ་བྱ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ན་ཕུང་པོ་ལ་སོགས་པ་ཆོས་རྣམས་སྐྱེ་བ་དང་། འགག་པ་མེད་པར་རྟོགས་པར་འགྱུར་བས་ན། ཏིང་ངེ་འཛིན་དེའི་མིང་ནི་ཆོས་ཀྱི་རྣམ་གྲངས་ཟབ་མོ་སྣང་བ་ཞེས་བྱ་སྟེ། སྣང་བ་ཞེས་བྱ་བ་ནི་རྟོགས་པ་ལ་བྱའོ། །སྙོམས་པར་ཞུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་རྒྱུན་དུ་སེམས་རྩེ་གཅིག་ཏུ་གཞག་ཅེས་བྱ་བའི་ཐ་ཚིག་ གོ། །འདི་ནི་གླེང་སློང་བ་བསྟན་པ་སྟེ། གླེང་མ་བསླངས་ན་ཚིག་འཆལ་ཅིང་མི་འབྲེལ་བར་འགྱུར་བས་ཚིག་འབྲེལ་ཅིང་མི་འཆལ་བར་བྱ་བའི་ཕྱིར་གླེང་སློང་བ་སྨོས་སོ། །ཡང་དེའི་ཚེ་ཞེས་བྱ་བ་ནི་གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་སྙོམས་པར་ཞུགས་པའི་དུས་དེ་ཉིད་ཀྱི་ཚེ། འཕགས་པ་སྤྱན་ རས་གཟིགས་ཀྱི་དབང་པོ་ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པར་ལྟ་ཞེས་བྱ་བར་སྦྱོར་རོ། །བྱང་ཆུབ་ཅེས་བྱ་བ་ནི་སེམས་ཀྱི་དབྱིངས་དེ་བཞིན་ཉིད་ཡང་དག་པའི་མཐའ་ལ་བྱའོ། །དེ་ཐོབ་པར་བྱ་བའི་ཕྱིར་རྩོལ་ཞིང་འབད་པ་ནི་བྱང་ཆུབ་སེམས་དཔའོ། །སྒྲིབ་པ་གཉིས་རིང་དུ་སྤངས་པས་འཕགས་པའོ། །སྤྱན་རས་གཟིགས་ ཞེས་བྱ་བ་ལ། སྙིང་རྗེ་རྣམ་པ་གསུམ་ལས་མི་དམིགས་པའི་ཚུལ་གྱི་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་གཟིགས་པས་ན་སྤྱན་རས་གཟིགས་སོ། །སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱ་བ་ལ་རང་དབང་བརྙེས་པས་ན་དབང་པོའོ། །ཤེས་རབ་ཅེས་བྱ་བ་ལ། ཤེས་རབ་ལ་རྣམ་པ་གསུམ་ཏེ། ལྔ་ཕུང་གི་ རྒྱ་མོ་གཅོད་པས་ན་ཤེས་རབ་ཀྱི་རལ་གྲིའོ། །སྡུག་བསྔལ་གྱི་ཕུང་པོ་འཇོམས་པས་ན་ཤེས་རབ་ཀྱི་རྡོ་རྗེ་ཞེས་ཀྱང་བྱ། མ་རིག་པའི་མུན་པ་སེལ་བས་ཤེས་རབ་ཀྱི་སྒྲོན་མ་ཞེས་ཀྱང་བྱ་སྟེ། མདོར་ན་རྣམ་པ་ཐམས་ཅད་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ལ་ཤེས་རབ་ཅེས་བྱའོ། །ཤེས་ རབ་དེས་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་གསུམ་སྟེ། འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་ལས་འདས་པའི་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་འཇིག་རྟེན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ རྒྱུད་གསུམ་གྱི་སྡུག་བསྔལ་སྤང་བའོ། །འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་ཤིའི་འཁོར་བ་སྤངས་ནས། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཐོབ་པའོ། །འཇིག་རྟེན་ལས་འདས་པའི་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་རྨི་ལམ་དང་འདྲ་བས་མྱ་ངན་ལས་འདས་པ་ལ་ཡང་ འདོད་པ་མེད། སེམས་ཅན་སྒྱུ་མ་དང་འདྲ་བས་སངས་རྒྱས་ཀྱི་འབྲས་བུ་ལ་ཡང་རེ་བ་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་ཞེ་ན། དེའི་ཕྱིར་ཟབ་ མོ་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། ཟབ་མོ་ནི་སྐྱེ་བ་དང་འགག་པ་མེད་པའོ། །སྤྱོད་པ་ནི་དོན་ལ་བྱ་སྟེ། སྐྱེ་བ་དང་འགག་པ་མེད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རྣམ་པར་རྟོག་པ་ནི་སྐྱེ་བ་དང་འགག་པ་མེད་པའི་དོན་ལ་དམིགས་པའོ། །སྐྱེ་བ་དང་འགག་པ་མེད་པའི་དོན་ལ་དམིགས་པར་མ་ཟད་ཀྱི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་ལ་ཡང་སྟོང་པར་ལྟའོ། །དེ་ལ་སྟོང་པ་རྣམ་པ་གཉིས་ཏེ་འདུས་མ་བྱས་ནམ་མཁའ་སྟོང་པ་དང་དོན་དམ་པ་ལ་འཕགས་པའི་ཡེ་ཤེས་ཀྱིས་གཟུང་འཛིན་དང་བྲལ་བ་སོ་སོ་རང་གིས་རིག་པ་སྟོང་པ་སྟེ། ཕུང་པོ་ལྔ་པོ་དག་ལ་གཟུང་འཛིན་དང་བྲལ་བའི་སྟོང་པར་ལྟའོ་ཞེས་བྱ་བའི་ དོན་ཏོ། །ལྟ་བ་རྣམ་པ་གསུམ་སྟེ། སོ་སོའི་སྐྱེ་བོ་དང་། མུ་སྟེགས་ཀྱི་ལྟ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དང་། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ལྟ་བའོ། །དེ་ལ་སོ་སོའི་སྐྱེ་བོ་དང་མུ་སྟེགས་ཀྱིས་ནི་ཕུང་པོ་ལྔ་ལ་སྲོག་དང་། བདག་དང་གང་ཟག་ཏུ་ལྟ། ཉན་ཐོས་དང་རང་ སངས་རྒྱས་ཀྱིས་ནི་ཕུང་པོ་ལྔ་ལ་ཀུན་འབྱུང་བ་དང་སྡུག་བསྔལ་བར་ལྟ། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པས་ནི་ཕུང་པོ་ལྔ་ལ་རང་བཞིན་གྱིས་སྟོང་པར་ལྟ་ཞིང་གཟིགས་སོ། །འདི་ནི་ཤེས་རབ་ལ་འཇུག་པ་སྟེ། འཇུག་པའི་ཐབས་མི་ཤེས་པས་འདྲི་བའི་ཚིག་བསྟན་ཏེ། དེ་ཡང་གང་ཞེ་ན། དེ་ནས་ ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་འཕགས་པ་ཤཱ་རིའི་སྲས་པོས། བྱང་ཆུབ་སེམས་དཔའ་གཞན་ལ་མ་དྲིས་ཀྱི། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་དྲིས་ཤེ་ན། དེ་ལ་འདི་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་ཚེ། འཁོར་བརྒྱ་སྟོང་གྲངས་མེད་པ་ ཚོགས་པའི་ནང་ན་བྱང་ཆུབ་སེམས་དཔའ་དེ་ནི་གཙོ་བོ་ཡིན་པས། སངས་རྒྱས་ཀྱི་མཐུས་འཕགས་པ་ཤཱ་རིའི་བུས་བདག་དང་གཞན་གྱི་ཐེ་ཚོམ་བསལ་བའི་ཕྱིར། དེ་ལ་འོག་ནས་འབྱུང་བའི་དོན་རྣམས་དྲིས་སོ། །དེ་ནས་ཞེས་བྱ་བ་ནི་གང་དུ་བཤད་པ་རྣམས་ཀྱི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ ཀྱི་མཐུས་ཞེ