Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 79

Văn bản gốc(Tây Tạng)

Trang 14 / 15 (50.000 ký tự/trang)
བྱིན་གྱི་རླབས་འདི་དག་གིས་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་བ་ཉིད་དང་རྗེས་སུ་མཐུན་པར་མཐུ་བསྐྱེད་པའི་ཕྱིར། ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། ཞེས་བྱ་བ་ལ་སོགས་པ་རྣམས་ཡིན་ནོ། །འདི་ལྟར་
ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པའི་བྱིན་གྱི་རླབས་དང་། སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་བདེན་པའི་བྱིན་གྱི་རླབས་དང་། སྙིང་པོ་དང་ཕྱག་རྒྱ་ལ་མངོན་སུམ་དུ་གྱུར་པ་རྣལ་འབྱོར་པའི་བདེན་པའི་
བྱིན་གྱི་རླབས་དང་། ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། མོས་པ་དང་ཏིང་ངེ་འཛིན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མཐུ་ཐོགས་པ་མེད་པའི་བདེན་པའི་བྱིན་གྱི་རླབས་དང་། དྲང་སྲོང་དང་རིག་འཛིན་རྣམས་རང་གི་འདོད་པ་ལ་ཐེ་ཚོམ་མི་ཟ་བའི་བདེན་པའི་བྱིན་གྱི་རླབས་དང་། རང་གི་ཤེས་

རབ་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པ་དང་། དོན་དམ་པར་རང་བཞིན་མེད་པར་རྟོགས་པའི་བདེན་པ་དང་། སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སྨོན་ཏེ་མངོན་པར་རྫོགས་ནས་སྨོན་ལམ་གྱི་དབང་གིས་སྣོད་བཅུད་ཡོངས་སུ་སྦྱང་ཞིང་། སེམས་ཅན་ཡོངས་སུ་སྨིན་
པར་བྱ་བའི་ཕྱིར་ཐབས་སྣ་ཚོགས་ཀྱིས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་གྱི་བདེན་པའི་བྱིན་གྱི་རླབས་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་གྱི་དབང་གིས་དེ་དང་རྗེས་སུ་མཐུན་པའི་མཆོད་པའི་སྤྲིན་གྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཀང་ནས་དུས་གསུམ་གྱི་འཕགས་པ་ཐམས་ཅད་
མཉེས་ཤིང་། ཁམས་གསུམ་པའི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་བདེན་པ་དང་། དེ་ལྟ་བུའི་བདེན་པའི་བྱིན་གྱི་རླབས་ཀྱིས་གང་རྣལ་འབྱོར་པའི་མོས་པ་ཡོངས་སུ་དག་པ་འདི་ཉིད་ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ་བར་གྱུར་ནས་དུས་གསུམ་གྱི་འཕགས་པ་
དང་། ཁམས་གསུམ་པའི་འགྲོ་བ་ལྔ་པོའི་དབང་པོ་ལྔའི་ལོངས་སྤྱོད་མཁོ་དགུར་ལྡན་ཏེ། ཡིད་དུ་འོང་བའི་རྫས་ཕུན་སུམ་ཚོགས་པར་སྣང་བར་གྱུར་ཏོ། །དེ་ཡང་ཁ་ཅིག་ལ་སྣང་བས་ཐམས་ཅད་ལ་སྣང་བར་འགྱུར་རམ་སྙམ་པ་ལ། ནམ་མཁའི་མཐས་ཀླས་གཏེར་ཆེན་གྱུར་པ་འདི། །ཞེས་བྱ་བ་སྨོས་
ཏེ། ནམ་མཁའི་མཐས་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་སེམས་ཅན་གྱི་ཁམས་ཀྱིས་ཁྱབ་ལ་སེམས་ཅན་གྱི་ཁམས་ཇི་ཙམ་ན་ཡོད་པ་དེ་ཐམས་ཅད་དུ་རྣལ་འབྱོར་པའི་མོས་པས་ཁྱབ་པར་སྣང་སྟེ་དེ་ལྟར་བསམ་པ་ཡོངས་སུ་དག་པའི་རྣལ་འབྱོར་པའི་མོས་པ་ལས་བྱུང་བའི་གཏེར་ཆེན་པོ་ནམ་མཁའི་མཐའ་
དང་མཉམ་པར་སྤྲུལ་པའི་མཆོད་པའི་སྤྲིན་ཕུང་ཕྱོགས་བཅུར་འཁྲིགས་པར་གྱུར་པ་འདི་སྲི་ཞུའི་གནས་དང་ཡོན་ཏན་གྱི་མགྲོན་དུ་གྱུར་པའི་མཆོད་གནས་བླ་མ་ཁྱོད་ཀྱི་ཕོ་བྲང་དུ། མཆོད་པའི་སྤྲིན་གྱིས་གཏིབས་ཤིང་རྒྱས་པར་བསྔོ་ཞེས་བྱ་བ་ཡིན་ཏེ། བསམ་པ་དང་བདེ་བའི་མཐུས་དུས་
ཐམས་ཅད་དུ་འབྱུང་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་ནས་ཡང་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་བྱ་བ་སྨོས་ཏེ་ཇི་ལྟར་མོས་པ་ལས་བྱུང་བའི་ལོངས་སྤྱོད་དང་དེའི་བསོད་ནམས་

ཀྱི་དབང་གིས་འགྲོ་བ་ལྔར་གཏོགས་པའི་སེམས་ཅན་ཐམས་ཅད་གནོད་པ་མི་མཐུན་པ་དང་བྲལ་ནས། བདེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བར་ཡོངས་སུ་གཟུང་བ་མེད་པར་བསྔོ་བ་ཡིན་ནོ། །ཡང་ན། དེ་བཞིན་གཤེགས་པ་བསྔགས་
པ་ཡི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཅེས་བྱ་བ་ཡིན་ཏེ། གཞན་དུ་ཡང་སངས་རྒྱས་ཀྱིས་རབ་ཏུ་བསྔགས་པའི་ལོངས་སྤྱོད་སེམས་ཅན་གྱིས་ཁ་ན་མ་ཐོ་བ་མེད་པའི་རྫས་རྣམས་ལ་ཉེ་བར་ལོངས་སྤྱོད་པའི་བདེ་བས་ཚིམ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་ཡིན་ནོ། །ཡང་ན། སེམས་ཅན་
ཐམས་ཅད་ཀྱི། །བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་བྱ་བ་སྟེ། གཞན་དུ་ན་དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུར་བསམ་པའི་དངོས་པོ་ལ་ཡིད་བཞིན་དུ་འབྱོར་བས་ཚིམ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ན་དང་པོས་ནི་གནོད་པའི་ཉེས་པ་དང་བྲལ་བ་
དང་། གཉིས་པས་ནི་ཁ་ན་མ་ཐོ་བ་མེད་པའི་འདོད་པས་ཚིམ་པ་དང་། གསུམ་པས་ནི་བསམ་པ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བར་འགྱུར་བ་ཡོངས་སུ་གཟུང་བ་མེད་པས་བསྔོ་བ་ཡིན་ནོ། །དེ་ལྟར་ཐུན་མོང་བ་བསྟན་ནས་ཀྱང་ཁྱད་པར་དུ་བསྔོ་བ་བསྟན་པ། བྱོལ་སོང་གཅིག་ལ་གཅིག་ཟ་
བའི། །གནོད་པ་དེ་དག་ཡོང་མ་གྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱོལ་སོང་གི་འགྲོ་བ་ཇི་སྙེད་པ་དག་རང་གི་ལས་ཀྱིས་གཅིག་ལ་གཅིག་ཕན་ཚུན་དུ་ཟས་ལ་སོགས་པར་མཐོང་ནས་དེའི་སེམས་ཀྱིས་གཅིག་ལ་གཅིག་གསོད་པ་ལ་སོགས་པའི་གནོད་པ་འདི་དག་རྒྱུན་ཆད་ནས་ཕན་
ཚུན་དུ་འཚེ་བ་མེད་པར་བྱ་བ་དང་། སྙིང་རྗེའི་སེམས་དང་ལྡན་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་ཡིན་ནོ། །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །ཞེས་བྱ་བ་གང་དུ་རང་གི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ས་བོན་གྱི་མཐུས་རབ་ཏུ་རྒྱས་
པར་གྱུར་པ་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་དྲག་པོ་རབ་ཏུ་མ་རུངས་པས་ཉེན་པར་གྱུར་པའི་དམྱལ་བ་ཚ་བ་དང་གྲང་བས་བསྡུས་པ་ཇི་སྙེད་པ་རྣམས། བསོད་ནམས་བྱིན་པའི་བྱིན་རླབས་ཀྱིས་ཏེ་བསོད་ནམས་སྦྱིན་པ་ནི་བསོད་ནམས་ཀྱི་སྦྱིན་པ་སྟེ་དེ་ཡོངས་སུ་བསྔོས་པ་དང་། ཚིམ་པར་

བྱས་པའི་མཐུས། དེ་དག་མྱུར་དུ་ཞི་གྱུར་ཅིག །ཅེས་བྱ་བར་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་ལྟར་ཁྱད་པར་དུ་ཡོངས་སུ་བསྔོ་བ་འདིས་ནི་ངན་འགྲོ་གསུམ་གྱི་སེམས་ཅན་རྣམས་རང་རང་གི་སྡུག་བསྔལ་དང་བྲལ་ནས། བདེ་འགྲོའི་འཇིག་རྟེན་དུ་ལྷ་དང་མིའི་ལུས་མངོན་པར་གྲུབ་ནས། ལས་ཀྱི་ལམ་ཁ་ན་མ་ཐོ་བ་མེད་
པས་ངེས་པར་འབྱུང་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་ལྟར་གཟུང་བ་མེད་པའི་ཡོངས་སུ་བསྔོ་བ་བསྟན་ནས། དེའི་འོག་ཏུ་ལྷ་ལ་སོགས་པ་སྟེ་བརྒྱད་དུ་བསྡུས་པ་དང་། མི་མ་ཡིན་པ་དག་རང་གི་ལུས་ཀྱི་རྫུ་འཕྲུལ་མངོན་པར་སྟོན་ཅིང་། སེམས་ཅན་གྱི་སྲོག་མ་རུང་བར་བྱེད་ཅིང་འཚེ་
བར་བྱེད་ཉམས་པར་བྱེད་པ་རྣམས་སའམ་བར་སྣང་ལ་སོགས་པ་ལ་བརྟེན་ནས་ཞེ་སྡང་ལ་སོགས་པའི་བསམ་པས་ཐམས་ཅད་དུ་མཚན་མོ་ལ་སོགས་པར་རྒྱུ་བར་བྱེད་པ་དག་དེ་ལས་བཟློག་པར་ཡོངས་སུ་བསྔོ་བའི་ཕྱིར། སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་
མང་པོ་གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །ཅེས་རང་གི་ཉོན་མོངས་པ་ལས་བྱུང་བའི་སེམས་གནོད་པའི་བསམ་པ་ཉེ་བར་གནས་པ་དེ་དག་སྡིག་པ་དང་བྲལ་བར་བྱའོ་སྙམ་པའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཟློག་པར་ཡོངས་སུ་བསྔོ་བ་བསྟན་པ་ཡིན་ནོ། །དེ་ལྟར་
ཟང་ཟིང་གི་སྦྱིན་པས་ཚིམ་པར་གྱུར་ནས་རང་རང་གི་ལས་མི་དགེ་བ་ལས་བཟློག་པའི་ཕྱིར། དེ་ནས་ཆོས་ཀྱི་སྦྱིན་པ་ཡང་རྒྱ་ཆེར་བྱའོ་ཞེས་སྨོས་པ་ཡིན་ཏེ། འདིར་ཉེ་བར་མཚོན་པ་ཙམ་དུ་བསྟན་པ་འདི་ཡིན་ཏེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཆོས་
རྣམས་ནི་འབྲས་བུར་གྱུར་པའི་ཆོས་ཏེ། དེ་ཐམས་ཅད་ནི་ཆོས་རྣམས་ཐམས་ཅད་དེ། ངན་འགྲོ་དང་བདེ་འགྲོ་ལ་སོགས་པར་སྨིན་པ་རྣམས་སོ། །དེ་དག་རང་རང་གི་ལས་ཀྱི་རྒྱུ་ལས་སྐྱེས་པའི་འབྲས་བུ་རྣམས་ཡིན་ནོ་ཞེས་རིགས་པས་ཤེས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ངེས་པར་རྟོགས་པར་ཐེ་
ཚོམ་སྤང་བའི་ཕྱིར། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་སྟེ་ངན་འགྲོ་ལ་སོགས་པ་དེའི་རྒྱུ་སྡིག་པ་ལས་བྱུང་ངོ་ཞེས་དེ་བཞིན་གཤེགས་པ་དོན་ཐམས་ཅད་ལ་ཚད་མར་གྱུར་པས་ཀྱང་གསུངས་ཏེ། དེ་བས་ན་རྒྱུ་དང་འབྲས་བུ་ནི་གཅིག་མེད་ན་གཅིག་མི་འགྲུབ་པས་ཡོད་པ་ཉིད་དུ་གྲུབ་

པོ། དེ་བཞིན་དུ་སྡིག་པ་དང་དགེ་བ་ཡང་ཕན་ཚུན་འགལ་བ་ཡོད་པས། གང་ན་མེ་ཤས་ཆེ་བ་དེ་ན་ཆུ་མི་གནས་སོ་སྙམ་དུ་རྟོགས་པ་དང་། དེ་ལ་འགོག་པ་གང་ཡིན་པ། །ཞེས་བྱ་བ་སྨོས་ཏེ། ཕྱོགས་གཉིས་ལས་གཅིག་འགོག་པས་ན་དེ་ལ་ཞེས་བྱའོ། །འགོག་པ་ནི་བྲལ་བར་
གྱུར་པའི་རྣམ་གྲངས་ཏེ། སྡིག་པའི་ལས་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གང་ཡིན་པ་ཞེས་བྱ་བ་ནི་ཚུལ་འདི་ལྟར་སྤོང་བའོ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །དགེ་སྦྱོང་ནི་དེ་བཞིན་གཤེགས་པ་ཉིད་དེ་དེ་བས་དགེ་སྦྱོང་ཆེན་པོའོ། །དེས་ཇི་སྐད་གསུངས་ཤེ་ན། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་
བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་འདི་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ལམ་ངན་པའི་ཕྱོགས་མ་ལུས་པར་སྤངས་ནས། དེའི་གཉེན་པོ་དགེ་བ་ཕུན་སུམ་ཚོགས་པ་སྤྱད་ཅིང་། འདོད་ཆགས་ལ་སོགས་པས་ཀུན་ནས་བསླང་བའི་སེམས་མི་
གཙང་བའི་གཉེན་པོས་རིམ་གྱིས་བཏུལ་ནས་འདོད་ཆགས་མེད་པའི་དགེ་བའི་རྩ་བ་ལ་སོགས་པའི་སྤྱོད་པའི་ཁྱད་པར་དུ་འགྲོ་བ་ཅན་དུ་ཉེ་བར་གནས་པ་འདི་ནི་སངས་རྒྱས་བསྟན་པ་ཡིན་ཞེས་བྱ་བ་ཡིན་ནོ། །གཞན་ཡང་མདོ་སྡེ་ལ་སོགས་པ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའི་ཆོས་ཀྱི་སྦྱིན་པས་
ཀྱང་ཞེས་པ་ནི་རྒྱུད་བརླན་པར་བྱའོ། །གསང་སྔགས་དོན་རྣམས་མ་ནོར་བློས་འབྱེད་པའི། །སྙིང་རྗེར་ལྡན་པའི་འགྲོ་བ་དབུལ་རྣམས་ལ། །ཕན་ཕྱིར་རིམ་པ་འདི་དག་ལེགས་པར་མཛད། །བློ་ལྡན་དེ་ལ་བདག་ཀྱང་གུས་པ་སྟེ། །ཁྱོད་ཀྱི་བསམ་པ་བདག་གིས་མི་དཔོགས་ཀྱང་། །ཤིན་ཏུ་བློ་
དམན་བདག་པས་རྨོངས་རྟུལ་བའི། །འགྲོ་ལ་ཕན་ཕྱིར་གསལ་བར་ཅིས་མི་དབྱེ། །བཀའ་དང་མི་འཚམ་ཉིད་ཀྱིས་བཟོད་པར་མཛོད། །བདག་ཅིའི་ཤེས་རབ་བློ་དང་མི་ལྡན་ཡང་། །འགྲོ་ལ་ཕན་ཕྱིར་བློ་ཡི་སྟོབས་བསྐྱེད་དེ། །ཅི་ནུས་མཐུ་ཡིས་རིམ་པར་གསལ་བཤད་པའི། །བསོད་
ནམས་ཚོགས་གྱུར་འགྲོ་བས་རབ་ཐོབ་ནས། །སྒྲིབ་པ་གཉིས་སྤངས་ཚོགས་ཆེན་ཡོངས་རྫོགས་ཏེ། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཆུ་གཏོར་གྱི་ལས་བྱང་རིམ་པར་ཕྱེ་བ་གསལ་བར་བཤད་པ་སློབ་དཔོན་ཤཱཀྱ་མི་ཏྲས་མཛད་པ་རྫོགས་སོ།། །།དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་པའོ།། །།

༄༅༅། །རྒྱ་གར་སྐད་དུ། བ་ལིཾ་ཏ་བྲྀཏྟི། བོད་སྐད་དུ། གཏོར་མའི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འགྲོ་མགོན་བྱམས་ལྡན་ཐུགས་རྗེ་ཆེ་མཆོག་ཉིད་ཀྱི་གསུང་ངག་སྐྱོན་གྱིས་མ་གོས་པའི། །སངས་རྒྱས་ཉིད་དང་དགོངས་མཉམ་
གདན་མཆོག་དེ་དང་ཉེར་གྱུར་དེ་ལ་ཕྱག་འཚལ་ཏེ། །དྲུག་པའི་དོན་དུ་ཆེར་བསྒྲུབས་ཞལ་མཐོང་གསོལ་བཏབ་བརྩེར་དགོངས་བཀའ་སྩལ་པ། །དེའི་དོན་ཛ་ཡ་སེ་ནས་གསལ་བཤད་དེ་ལམ་གསལ་གང་ཡིན་དང་ལྡན་པས་བདག་ལ་མང་དུ་གསོལ་བཏབ་ནས། དད་ལྡན་དེ་དང་རྒྱུད་ལྔར་
བརྩེ་ཕྱིར་ཤུགས་ཕྱུང་ལུང་དང་བདེན་གཉིས་མི་འགལ་མདོ་ཙམ་ཞིག །བདག་གིས་འདི་བརྩམས་དེ་ལ་སྐྱེས་བུ་མཆོག་གྱུར་མང་ཐོས་མང་མཁས་རྣམས་ཀྱིས་བཟོད་པར་མཛོད། །ཇི་ལྟར་འཕགས་པ་རྣམས་ཀྱིས་བཀའ་སྩལ་པ་ཡང་། དབང་པོ་རབ་འབྲིང་གསུམ་གྱི་དོན་དུ་གསུངས་
ཏེ། འདིར་ཡང་དབང་པོ་རྣོན་པོ་རྣམས་ཀྱི་ནི། མཚན་བསྟན་པས་གོ་བ་ལ་དབང་པོ་རྣོན་པོ་ཞེས་བྱ་སྟེ། མཚན་བསྟན་པ་ནི་ཐེག་པ་ཆེན་པོ་ཉིད་ཀྱི་གཞུང་གི་གཏོར་མ་ཞེས་བྱ་བ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་ལ་བྱ་སྟེ། དབང་པོ་རྣོན་པོ་རྣམས་ལ་དེ་ཙམ་ཞིག་བསྟན་པས་གོ་བར་
འགྱུར་རོ། །དབང་པོ་འབྲིང་པོ་རྣམས་ཀྱི་དོན་དུ་བསྟན་པ་ནི་སྤྱི་དོན་དྲུག་ཏུ་བསྡུས་ནས་བསྟན་ཏེ། དྲུག་པོ་དེ་དག་ཉིད་རྣམ་པར་ཕྱེ་སྟེ་བསྟན་པས་གོ་བར་འགྱུར་རོ། །དབང་པོ་ཐ་མའི་དོན་དུ་བསྟན་པ་ནི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་རེ་
རེ་ནས་བསྟན་པ་སྟེ། འོན་ཀྱང་དཀོན་མཆོག་གསུམ་ལ་ཞེས་བྱ་བས་ནི། དོན་དྲུག་གི་སྐབས་དང་པོ་བསྡུས་ཏེ། ཨུ་དུམྦཱ་རིའི་མེ་ཏོག་ལ་དཀོན་པའི་དཔེ་བཞག་པ་དང་། ཆེ་བའི་ཡོན་ཏན་གྱི་མཆོག་དམ་པ་དང་ལྡན་པ་དང་སངས་རྒྱས་ཆོས་དང་དགེ་འདུན་དང་གསུམ་དུ་གྲངས་
ངེས་པར་བཞག་པས་ན། དཀོན་མཆོག་གསུམ་ཞེས་བྱའོ། །ལ་ཞེས་བྱ་བ་ནི་གོང་མ་དེ་ཉིད་དང་འབྲེལ་ཏོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་བདག་ཉིད་དང་འབྲེལ་ཏོ། །དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་དང་པོ་བསྡུས་སོ། །ད་ནི་སྐབས་གཉིས་པ་སྟོན་ཏེ། དད་པ་ཞེས་བྱ་བ་ནི། འདིར་

དད་པ་གསུམ་དང་ལྡན་པ་སྟེ། འདི་ལ་སེམས་དང་བ་དང་། དང་བའི་སྒོ་ནས་འདི་ཉིད་ལ་འབད་པར་འདོད་པ་དང་། འབད་པར་འདོད་པའི་སྒོ་ནས་འདི་ལ་ཡིད་ཆེས་པ་དང་གསུམ་ལ་དད་པ་ཞེས་བྱའོ། །ཅན་ཞེས་བྱ་བ་ནི་གསུམ་པོ་ཉིད་དང་འབྲེལ་ཏོ། །གང་ཞིག་གིས་ཞེས་བྱ་
བ་ནི་ཐམས་ཅད་ཀྱིས་མི་དམིགས་པའི་སྦྱིན་གཏང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་སུ་བྱ་བ་ལ་ཞེས་བྱ་བ་ནི་གང་ཟག་གི་ལས་དགེ་སྡིག་རྣམ་པ་མང་པོའི་ནང་ནས་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་ཆེ་ལ་བླ་བ་ནི་ཆུ་གཏོར་འདི་ཡིན་པས་འདི་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་ལས་སུ་བྱ་བར་ཞེས་བྱ་བའི་ཚིག་
དང་འབྲེལ་ཏེ། དེ་ཡང་ཕན་ཡོན་ཆེ་ལ་ཞེས་བྱ་བ་ནི་འདི་དང་ཕྱི་མ་གཉིས་ཀར་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལམ་གཉིས་དང་། ཕན་ཡོན་གཞན་དག་ཀྱང་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །བླ་བ་ཞེས་བྱ་བ་ནི་འབད་རྩོལ་ཆེན་པོ་བསྐྱེད་མི་དགོས་པའི་ཐ་ཚིག་གོ། །ཆུ་གཏོར་འདི་ཡིན་པས་
ཞེས་བྱ་བ་ནི་དོན་སྟོང་པ་ཉིད་དང་འབྲེལ་ཏོ། །འདི་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་གོང་མའི་ཚིག་རྣམས་དང་འབྲེལ་ཏེ་གོ་བར་བླའོ། །དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་གཉིས་པ་བསྡུས་སོ། །ད་ནི་སྐབས་གསུམ་པ་སྟོན་ཏེ། དེ་ལ་ཞེས་བྱ་བ་ནི་སྐབས་གསུམ་པ་བཀར་བའི་ཐ་ཚིག་གོ། །རིན་པོ་ཆེའི་
སྣོད་མཛེས་པའི་ནང་དུ་ཆུ་བླུགས་ལ། ཕྱེ་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་དང་། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་ལྔ་བདར་བ་དང་། ཁ་ཟས་མ་སྨས་པ་སྣ་ཚོགས་པ་དང་། སྨན་དང་། འབྲུ་དང་། དྲི་སྣ་ཚོགས་པ་དང་སྦྱར་ན་ལྷག་པར་ཡང་བཟང་ངོ་ཞེས་བྱ་བ་སྐབས་གཉིས་པའི་
ཆུ་གཏོར་ཞེས་བྱ་བ་དང་འབྲེལ་ཏེ། དེ་ཉིད་ཀྱིས་སྣོད་དང་རྫས་ཀྱི་ཁྱད་པར་བསྟན་པ་ཡིན་ཏེ། དེ་ནི་དཀྱུས་མ་ཉིད་བརྗོད་པས་གོ་བླའོ། །དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་གསུམ་པ་བསྡུས་སོ། །ད་ནི་སྐབས་བཞི་པ་སྟོན་ཏེ། སྤྱིར་གཏོར་མའི་ལས་བགྱིའོ་འཚལ་ཞེས་བྱ་བ་ནི་གཏོར་མ་ཐམས་ཅད་
ཀྱི་མཚན་ཉིད་སྟོན་ཏེ་འོག་ནས་འབྱུང་བ་རྣམས་དང་ལྡན་པར་བྱ་བའི་དོན་ཏོ། །བརྟག་པ་རྣམ་པ་དྲུག་སྟེ་ཞེས་བྱ་བ་ནི་འདིར་དངོས་པོ་དང་མཚན་མར་བརྟག་པར་བྱ་བ་ནི་མ་ཡིན་ཏེ། རང་རིག་པའི་ཏིང་ངེ་འཛིན་གྱིས་བདག་དང་གཞན་དང་རྫས་གསུམ་དུ་དམིགས་སུ་མེད་པར་བསྒོམ་པའམ།

བརྟག་པ་ལ་གྲངས་ངེས་པ་དྲུག་ཏུ་བསྟན་ཏེ་བསྟན་པ་དེ་ཡང་དངོས་གང་ཞེ་ན་ཞེས་བྲིས་པའི་ཐ་ཚིག་གོ། །དེའི་ལན་དུ་གྲངས་དྲུག་པོ་ཉིད་བསྟན་པ་ལ་རྫས་དང་ཡོ་བྱད་རྣམས་ཀྱི་ཉེས་པའི་སྐྱོན་རྣམ་པར་དག་པར་སྦྱང་བ་དང་། རྫས་དང་ཡོ་བྱད་གྲངས་ཉུང་བ་རྣམས་མང་པོར་སྤེལ་བ་དང་། སྤེལ་བ་
རྣམས་མགྲོན་སོ་སོ་ལ་འདོད་པ་བཞིན་དུ་མོས་པར་བསྒྱུར་བ་དང་། དེ་ལྟར་མོས་པར་བསྒྱུར་བ་རྣམས་མགྲོན་སོ་སོ་ལ་སྤྱོད་པར་དབང་བསྐུར་བ་ན་དེ་ལྟར་དབང་བསྐུར་བ་རྣམས་ཀྱི་ནང་ན་འདོད་པ་བཞིན་དུ་མ་ཐོབ་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་སོ་སོར་ཐོབ་པར་བྱ་བ་དང་། དེ་ལྟར་སོ་སོར་ཐོབ་ནས་མགྲོན་
རྣམས་བདག་གི་དབང་དུ་བྱ་བར་བསྡུ་བ་དང་དྲུག་གོ། །དེ་ལ་ཞེས་བྱ་བ་ནི་བཀུར་ནས་སྟོན་པའི་ཐ་ཚིག་གོ། །ཉེས་པའི་སྐྱོན་སྦྱང་བ་ནི་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱས་སྦྱང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མང་པོར་སྤེལ་བ་ནི་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་བར་བྱའོ་ཞེས་
བྱ་བའི་ཐ་ཚིག་གོ། །མགྲོན་སོ་སོ་ལ་མོས་པར་བསྒྱུར་བ་ནི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་མོས་པར་བསྒྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མགྲོན་སོ་སོ་ལ་སྤྱོད་པར་དབང་བསྐུར་བ་ནི་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་དང་ཕྱག་རྒྱས་སྤྱོད་པར་དབང་བསྐུར་རོ་ཞེས་བྱ་བའི་ཐ་ཚིག་གོ །
སོ་སོའི་ཡིད་ལ་འདོད་པ་བཞིན་དུ་མ་ཐོབ་པ་རྣམས་ལ་སོ་སོར་འདོད་པ་བཞིན་དུ་ཐོབ་པར་བྱ་བ་ནི་ཡེ་ཤེས་སྐར་མདའི་སྔགས་དང་ཕྱག་རྒྱས་འདོད་པ་བཞིན་དུ་ཐོབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མགྲོན་རྣམས་བདག་གི་དབང་དུ་བསྡུ་བ་ནི། ལྷ་མགོན་སྤྱིའི་སྔགས་དང་ཕྱག་རྒྱ་སྟེ་མིང་དབང་སྒྱུར་
འཁོར་ལོའི་སྔགས་དང་ཕྱག་རྒྱས་མགྲོན་རྣམས་བདག་གི་དབང་དུ་བསྡུའོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ཀྱིས་ནི་རྣམ་པར་དབྱེ་བ་བཞི་པ་བསྡུས་སོ། །ད་ནི་སྐབས་ལྔ་པ་སྟོན་ཏེ། དེ་ལ་ཞེས་བྱ་བ་ནི་སྐབས་ལྔ་བཀར་ནས་སྟོན་པའི་ཐ་ཚིག་གོ། །བསམ་རྒྱུད་ནི་ཞེས་བྱ་བ་ནི་བདག་ཉིད་འབྲེལ་ཏེ།
བདག་འཛིན་གྱིས་བསྒོམ་པར་བྱ་བའི་ཡུལ་བཅད་པའམ་བསྒོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་འདིར་མ་གཏོགས་པའི་གང་ཟག་ཞིག་དགེ་བའི་བཤེས་གཉེན་ལ་མི་བསྟེན་པ་རྣམས་སུན་དབྱུང་བའི་ཕྱིར་དཀྱུས་མ་དཀྲུགས་ཏེ་དེ་བས་ན་བསྟན་ཏོ། །དང་པོར་ཚད་མེད་པ་བཞིས་བྱང་ཆུབ་

ཏུ་སེམས་བསྐྱེད་ལ་ཞེས་བྱ་བ་ནི་ཕྱོགས་མེད་པའི་བྱམས་པ་དང་ཕན་འདོགས་པའི་སྙིང་རྗེ་དང་། འགྱོད་པ་མེད་པའི་དགའ་བ་དང་། དམིགས་པ་མེད་པའི་བཏང་སྙོམས་དང་བཞིའོ། །དེ་རྣམས་ལ་ཅིའི་ཕྱིར་ཚད་མེད་པ་ཞེས་བྱ་ཞེ་ན། བསྒོམ་པའི་ཡུལ་དང་བསྒོམས་པའི་འབྲས་བུ་
དང་དེ་དག་གི་རང་བཞིན་གསུམ་གྱི་ཚད་འདི་ཙམ་མོ་ཞེས་གཟུང་དུ་མེད་པའི་ཕྱིར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཞེས་བྱ་བ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཇི་ལྟ་བུར་ཡང་དམིགས་སུ་མེད་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་
ལ་ཞེས་བྱའོ། །དེའི་འོག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དྲན་པ་བསྐྱེད་དགོས་ཏེ། དེ་ཡང་བྱ་བའི་རྒྱུད་ཀྱི་གཞུང་གིས་ལྷ་དྲུག་གི་སྒོ་ནས་བསྐྱེད་པར་གསུངས་ཏེ། ལྷ་དྲུག་ཀྱང་དངོས་པོ་གང་ཞེ་ན་སྨེ་བརྩེགས་ཀྱི་རྒྱུད་ལས། དང་པོར་སྟོང་པ་ཆོས་ཀྱི་སྒྲ། །ཡིག་འབྲུ་ཕྱག་མཚན་ཡེ་ཤེས་ལྷ། །ཡོངས་སུ་རྫོགས་
པ་སྐུ་ཡི་ལྷ། །ཞེས་འབྱུང་སྟེ། དྲུག་པོ་དེའི་སྒོ་ནས་བདག་ཉིད་དམ་ཚིག་གི་སེམས་དཔར་གསལ་བར་བསྒོམ་པ་ཡིན་ཏེ། དེ་ཡང་བདག་ཉིད་ཀྱི་སྒོ་གསུམ་དང་ལྷའི་སྒོ་གསུམ་མཉམ་པར་དམ་ཚིག་གི་སེམས་དཔའ་བསྒོམས་པས་ན་དྲན་པ་བསྐྱེད་ཅེས་བྱའོ། །དེའི་འོག་ཏུ་བདག་གི་ལུས་བསྲུང་
སྟེ། ལུས་སྲུང་བ་ཡང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས་རྡོ་རྗེ་ཕྲ་མོས་བདག་གི་ལུས་ལ་དཔེར་ན་ཤིང་ཀ་རནྟ་བྱི་རའི་ཚེར་མ་ལྟར་གཏམས་པ་ལས་རྡོ་རྗེ་གོ་ཆའི་ཕྱག་རྒྱས་གནས་ལྔར་གཏུགས་པས་གོ་ཆ་རྣམས་རྡོ་རྗེའི་གོ་ཆར་བགོ་བ་དང་། དེའི་འོག་ཏུ་མི་འཇིགས་པའི་མཛུབ་མོ་ལ་ཁྲོ་བོ་གཤིན་རྗེ་གཤེད་
དང་། རྡོ་རྗེ་གནོད་སྦྱིན་བསྒོམ་པའི་ཏིང་ངེ་འཛིན་གྱིས་ཀ་ནན་ལུ་གུ་རྒྱུད་གནས་ལྔར་བཅིངས་པ་དང་། ཏིང་ངེ་འཛིན་ཕྲ་མོ་གཞན་དག་ཀྱང་བསྒོམས་པས་ན་ལུས་བསྲུང་ཞིང་ཞེས་བྱའོ། །དེའི་འོག་ཏུ་ལུས་དང་ངག་དང་ཡིད་ཀྱི་སྒོ་གསུམ་ནས་ཅི་རན་དེ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་
ཞིང་། དེའི་འོག་ཏུ་ལྷ་ཡེ་ཤེས་སེམས་དཔའ་ཡང་བསྒོམ་པར་བྱའོ། །དེ་ལྟར་བདག་ལྷའི་སྐུ་ཕྱག་རྒྱར་ང་རྒྱལ་ཆེན་པོར་བསྐྱེད་པ་དེ། གོལ་བའི་ས་དག་ཏུ་སོང་གིས་དོགས་པའི་ཕྱིར་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱ་བར་བདག་གིས་དྲན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡན་ཆད་ཀྱིས་ནི་རྣམ་པར་

དབྱེ་བ་ལྔ་པ་བསྡུས་སོ། །ད་ནི་སྐབས་དྲུག་པ་སྟོན་ཏེ་དགེ་བའི་རྩ་བ་གང་ཐབས་གང་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་ཏེ། དེ་ལ་ཡང་བསྔོ་བ་ཞེས་བྱ་བ་ནི། སྐབས་དྲུག་པ་ལ་གསུམ་གྱིས་བསྟན་པའི་དང་པོ་སྟོན་ཏེ། དགེ་བའི་རྩ་བ་རྣམས་བསྔོ་བ་ཡང་ཞེས་བྱ་བའི་དོན་ཏོ། །གང་ཞིག་
གར་བསྔོ་ཞེ་ན། དང་པོར་སེམས་བསྐྱེད་ནས་ཐ་མ་བྱང་ཆུབ་ཀྱི་བར་གྱི་དགེ་བའི་རྩ་བ་རྣམས་དང་། མཆོད་སྦྱིན་འདི་ཉིད་འཇིག་རྟེན་འདི་དང་འཇིག་རྟེན་ཕྱི་མར་བསྔོ་བ་ཡང་མ་ཡིན། བདག་དང་གཞན་གྱི་དོན་དུ་བསྔོ་བ་ཡང་མ་ཡིན། འོ་ན་གང་བསྔོ་ཞེ་ན། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་
བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཆེན་པོར་མི་དམིགས་པར་བསྔོ་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །བླ་ན་མེད་པའི་བྱང་ཆུབ་ཏུ་འདི་དག་ལ་ཡང་མཉམ་སྙོམས་སུ་བསྔོ་མོད་ཀྱི་རེ་ཞིག་མགྲོན་དེ་ཡང་དམིགས་ཀྱིས་འདི་དག་ཡིན་ནོ་ཞེས་བསྔོ་བ་ནི་ཞེས་བྱ་བའི་དོན་ཏོ། །འདི་ལ་མགྲོན་ནི་རྣམ་པ་བཞིར་ངེས་ཏེ།
སྣང་བ་དང་མི་སྣང་བ་ཀུན་ཀྱང་བཞི་པོ་འདིར་ནི་མ་འདུས་པ་མེད་དོ། །བཞི་པོ་ཉིད་བསྟན་པ་ལ་སྲི་ཞུའི་མགྲོན་ཞེས་བྱ་བ་ནི། ལྷ་དང་བཅས་པའི་འཇིག་རྟེན་པ་རྣམས་ཀྱིས་གུས་པའི་སྒོ་ནས་མཆོད་ཅིང་བསྟོད་པའི་གནས་ཡིན་པས་ན། སྲི་ཞུའི་མགྲོན་ཞེས་བྱའོ། །དངོས་གང་ཞེ་ན། འདིར་
མགྲོན་དག་ལ་ངོ་བོ་དང་ངེས་པའི་ཚིག་དག་ཏུ་ཤེས་པར་བྱའོ། །སངས་རྒྱས་དང་ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ལ་སོགས་པའི་སྐུ་གསུམ་གྱིས་བསྡུས་པའོ། །ཅིའི་ཕྱིར་ཞེ་ན་རྒྱུད་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་ཉིད་ཕྱིར་སངས་རྒྱས་ཡིན། །ཞེས་འབྱུང་བ་ལྟ་བུའོ། །
བྱང་ཆུབ་སེམས་དཔའ་དང་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ལས་ལ་མོས་པར་སྤྱོད་པ་ནས། ས་དང་པོ་ནས་ས་བཅུའི་བར་ལ་རྟོགས་པའི་ཁྱད་པར་གྱིས་གནས་པ་དག་གོ། །དེ་ཡང་རྣམ་པར་སྣང་མཛད་དག་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པ་ཡིན། །
གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་འབྱུང་བ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། སྤང་བའི་རྒྱུ་གཉིས་པོ་དག་མི་གནས་པར་སྤངས་པ་དང་། ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཡུལ་ཤེས་བྱ་རྟོགས་ནས། ཚོགས་གཉིས་རྫོགས་ཤིང་ཆུབ་པ་

དང་། བསམ་པའི་ཡུལ་གཉིས་ལ་ཆེར་སེམས་ཤིང་དེ་ཉིད་ལ་དཔའ་བའི་ཕྱིར་རོ། །ཉན་ཐོས་དང་ཞེས་བྱ་བ་ནི། སྒོ་བཞིར་ཞུགས་ནས་རྒྱུ་འབྲས་བརྒྱད་པོ་སྒྲུབ་ཅིང་ཐོབ་པའི་སྐྱེས་བུ་དག་གོ། །ཅིའི་ཕྱིར་ཞེ་ན། རྫུ་འཕྲུལ་གྱི་རྣ་བ་ལྟ་བུས་ཞལ་ནས་གསུངས་པ་དག་ཐོས་
ཤིང་ཤེས་པ་སྟེ། དེའི་ཕྱིར་མིང་དུ་བཏགས་པའོ། །རང་སངས་རྒྱས་དང་ཞེས་བྱ་བ་ནི། ཤེས་རབ་ཆེན་པོ་དག་གཅིག་པུར་གནས་པ་དང་། དེ་མ་ཡིན་པ་དག་ནི་གཅིག་གི་སློབ་དཔོན་གཅིག་ལ་ལྟོས་པའི་ཕྱིར་ཁྱུས་གནས་པ་དག་གོ། །ཅིའི་ཕྱིར་ཞེ་ན། རང་གི་ཤེས་རབ་ཀྱིས་བརྟགས་ནས་འབྲས་
བུ་ཐོབ་པར་འདོད་ཅིང་ཐོབ་པ་དག་གོ། །དེ་དག་ཀྱང་ཐུགས་ཀྱི་སྲས་དང་། གསུང་གི་སྲས་དང་། བྱིན་གྱི་རླབས་ཀྱི་སྲས་སོ། །ལ་སོགས་པ་དང་ཞེས་བྱ་བ་ནི། བྱང་ཆུབ་དེ་གསུམ་གྱི་སྒོར་ཞུགས་པ་དག་བསྡུས་སོ། །མགྲོན་གཉིས་པ་བསྟན་པ་ལ་ཡོན་ཏན་གྱི་མགྲོན་ཞེས་བྱ་བ་ནི། ཡོན་ཏན་ཆེན་
པོ་ཅན་དུ་བྱིན་གྱིས་བརླབས་པའི་སྲུང་མ་དམ་ཚིག་ཅན་རྣམས་ཁོ་ན་སྟེ། དེ་ཉིད་བསྟན་པ་ལ་ཚངས་པ་དང་ཞེས་བྱ་བ་ནི། གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་ཚངས་རིས་ཀྱིས་བསྐོར་ཞིང་དེ་དག་ལ་དབང་བྱེད་པ་སྟེ། ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ཀྱི་འདོད་ཆགས་དང་། མི་དགེ་བ་བཅུའི་
གྱོད་ཁྲིན་དང་འདྲ་བ་ལས་ཚངས་པའི་ཕྱིར་རོ། །བརྒྱ་བྱིན་དང་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་གྱི་གནས་ན་སུམ་ཅུ་རྩ་གསུམ་གྱི་ལྷའི་རྒྱལ་པོ་བློན་པོ་ཉེ་དབང་རྣམས་ཀྱིས་བསྐོར་བ་སྟེ། ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ཀྱི་ལྷའི་རྒྱལ་པོ་ཡ་བ་ཏི་ན་ཀ་པ་ཏིས་ལོངས་སྤྱོད་ཀྱི་རྐྱེན་ཡིད་བཞིན་གྱི་ནོར་བུ་
བརྒྱ་བྱིན་པས་དེ་ལས་བྱུང་བའི་ལོངས་སྤྱོད་བརྒྱ་བརྒྱས་མཆོད་པ་བྱེད་ཅིང་སྦྱིན་པ་བརྒྱ་བརྒྱ་འགྱེད་པའི་ཕྱིར་བརྒྱ་བྱིན་ནོ། །འཇིག་རྟེན་སྐྱོང་བ་བཞི་དང་ཞེས་བྱ་བ་ནི། ཡུལ་འཁོར་སྲུང་ལ་སོགས་པ་བཞི། རི་རབ་ཀྱི་ངོས་བཞིན་དྲི་ཟ་ལ་སོགས་པ་བཞི་ལ་དབང་བྱེད་ཅིང་གནས་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན།
ཕྱི་ནང་སྣོད་དང་བཅུད་ཀྱི་འཇིག་རྟེན་ལ་སོ་སོའི་ཕྱོགས་ཕྱོགས་ནས་ཆགས་འཇིག་མ་བྱུང་གི་བར་དུ། སྔོན་གྱི་དམ་ཚིག་དྲན་པ་ལ་བཞག་ནས་བདེ་བར་སྐྱོང་བ་བཞི་དང་ཞེས་བྱའོ། །ཕྱོགས་སྐྱོང་བ་བཅུ་གཅིག་དང་ཞེས་བྱ་བ་ནི། འབྱུང་པོའི་རྒྱལ་པོ་དབང་ལྡན་ལ་སོགས་པ་བཅུ་གཅིག་ཏུ་ངེས་སོ། །

ཅིའི་ཕྱིར་ཞེ་ན། ཤར་ཕྱོགས་ལ་སོགས་པ་ན་གནས་ཤིང་སྔོན་གྱི་དམ་ཚིག་དྲན་པས་བཞག་ནས་རང་རང་གི་ཕྱོགས་ན་བདེ་བར་སྐྱོང་བ་བཅུ་དང་ཞེས་བྱའོ། །སྲུང་མ་དམ་ཚིག་ཅན་རྣམས་དང་ཞེས་བྱ་བ་ནི། ལྷ་མ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་དང་། གཙུག་ལག་ཁང་གི་སྲུང་མ་གང་བ་བཟང་པོ་ལ་སོགས་པ་ལ་
བྱ་སྟེ། ཅིའི་ཕྱིར་ཞེ་ན། བསྟན་པ་བསྲུང་བར་དམ་བཅས་པའི་སྒོ་ནས། སྔོན་གྱི་དམ་ཚིག་དྲན་པ་ལ་བཞག་ནས་རྣལ་འབྱོར་པ་རྣམས་སྲུང་བ་སྟེ། དེ་བས་ན། སྲུང་མ་དམ་ཚིག་ཅན་རྣམས་དང་། །ཞེས་བྱའོ། །མགྲོན་གསུམ་པ་བསྟན་པའི་ཕྱིར། སྙིང་རྗེའི་མགྲོན་འགྲོ་བ་རིས་དྲུག་གི་སེམས་ཅན་དང་
ཞེས་བྱ་བ་ནི། ལྷ་དང་མི་ལ་སོགས་པ་འགྲོ་བ་རིས་དྲུག་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གཙེས་ཤིང་ཉེན་པའི་ཕྱིར་དང་། གྲངས་དྲུག་ཏུ་ངེས་པས་ན་སྙིང་རྗེའི་མགྲོན་འགྲོ་བ་རིས་དྲུག་གི་སེམས་ཅན་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་ཡང་བདག་གི་ལྷ་མགོན་དང་
ཞེས་བྱ་བ་ནི། བདག་ལ་གནོད་སྦྱིན་ལྟ་བུ་འཇིག་རྟེན་པ་གྲོགས་བྱེད་པ་དག་ལ་བསྔོའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གནོད་སྦྱིན་ཡིན་ཡང་བདག་ལ་གྲོགས་བྱེད་པའི་ཐད་ཀར་ཚིག་བླ་དགས་སུ་ལྷ་ཞེས་བྱ་སྟེ། སྔོན་ཆད་ལས་གྲོགས་ཆེར་བྱེད་དུ་གཞུག་པའི་ཕྱིར་བདག་ཉིད་ཡུལ་
གང་ན་གནས་པའི་ཡུལ་དེའི་ས་བདག་ལྷ་ཀླུ་དང་ཞེས་བྱ་བ་ནི། ས་བདག་ཆེན་པོ་པ་ཏི་ལའི་འཁོར་དུ་གཏོགས་པའི་ས་བདག་དང་། ལྷ་ཀླུ་དག་གང་ན་གནས་པའི་ཡུལ་དེའི་ཉེ་འཁོར་ན་གནས་པའི་ས འམ་ཆུ འམ་བར་སྣང་ལ་གནས་པ་གང་དག་གོ། །ཅིའི་ཕྱིར་ཞེ་ན། ཡུལ་གང་ཡིན་པའི་
ས་བདག་ཏུ་གྱུར་པའི་ཕྱིར་དང་ཡུལ་གང་གི་མི་རྣམས་ལ་འགོ་བའི་ཕྱིར་དང་། ཡུལ་གང་གི་སྐྱེ་འཁྲུངས་བསྐྱེད་པའི་ཕྱིར་ས་བདག་ལྷ་ཀླུ་ཞེས་བྱ་བའི་ཐ་ཚིག་གོ། །མགྲོན་ཐ་མ་བསྟན་པའི་ཕྱིར་ལན་ཆགས་ཀྱི་མགྲོན་དངོས་གང་ཞེ་ན། ཚེ་རབས་གྲངས་མེད་པའི་བགེགས་དང་ཞེས་བྱ་བ་ནི། བགེགས་
སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དུས་ནས་བར་དུ་གཅོད་པའི་ཕྱིར་བགེགས་ཞེས་བྱའོ། །སྤྱོད་ལམ་མ་ལེགས་པ་ལས་གྱུར་པའམ་ཕྲ་མོ་ཀླན་ཀ་ཚོལ་བ་སྟེ་འཕྲལ་དུ་གནོད་པ་བྱེད་པའོ། །དངོས་གང་ཞེ་ན་རྐྱེན་བགེགས་དང་ཡི་དགས་ཀྱི་བགེགས་ཀྱི་རིས་ལ་བྱ་

སྟེ། དེ་ཅིའི་ཕྱིར་ཞེ་ན། འཕྲལ་དུ་བར་ཆད་བྱེད་པའི་ཕྱིར་བགེགས་དང་ཞེས་བྱའོ། །དེ་དག་ཀུན་ལ་མཉམ་སྙོམས་ཀྱི་ཏིང་ངེ་འཛིན་བསྟན་པ་ལ་ཕན་པ་བྱེད་པ་ལ་ཚིག་བླ་དགས་སུ་ལྷ་ཞེས་བྱ་བ་དང་། གནོད་པར་བྱེད་པ་ལ་ཚིག་བླ་དགས་སུ་གནོད་པར་བྱེད་པའི་འདྲེ་ཞེས་བྱ་
བ་གཉིས་ཀྱིས་བསྡུས་པ་གཞན་དག་དང་། འགྲོ་བ་རིས་དྲུག་ཀུན་ལ་ཡང་བདག་གི་ཏིང་ངེ་འཛིན་གྱིས་མཉམ་སྙོམས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི། གཅིག་ཏུ་བསྡུས་ནས་འཕམ་རྒྱལ་མེད་པར་བྱ་བའི་ཕྱིར་ཏེ། གོང་གི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་འབྲེལ་ཏོ། །དེ་ལ་ཞེས་བྱ་བ་ནི་
སྔགས་དང་ཕྱག་རྒྱ་དང་། ཡིག་འབྲུ་དང་། དེ་བཞིན་གཤེགས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་ཉི་ཚེ་ཞིག་བཀར་ཏེ་བསྟན་པ་ལ་དེ་ལ་ཞེས་བྱའོ། །འདིར་བརྗོད་པ་རྣམས་ནི་སྐབས་བཞི་པ་དང་འབྲེལ་ཏེ། སྐབས་བཞི་པ་ལས་སྦྱང་བ་དང་ཞེས་བྱ་བ་སྟེ། དེ་ལ་སྦྱང་པ་ནི་ཆོས་ཉིད་རྣམ་
པར་དག་པའི་སྔགས་དང་ཕྱག་རྒྱས་སོ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་ཉིད་རྣམ་པར་ཕྱེ་བ་དྲུག་པའི་སྐབས་འདིར་གསལ་བར་བྱས་པ་སྟེ། དེ་ཡང་སྔགས་ནི་འདིར་སློབ་དཔོན་གྱིས་སྔགས་ཀྱི་མཐུ་ཉམས་སུ་དོགས་པའི་ཕྱིར་མ་བཤད་དོ། །ཕྱག་རྒྱ་རྣམས་ནི་དཀྱུས་མ་ཉིད་བརྗོད་
པས་གོ་བར་སླའོ། །ཡིག་འབྲུ་རྣམས་ནི་ཨ་སྟེ་སྐྱེ་བ་མེད་པ་དང་། སྭ་སྟེ་འདོད་པ་འབྱུང་བའི་རྒྱུ་དང་། རཾ་སྟེ་མོས་པར་བསྒྱུར་བའི་རྟེན་དང་། ཧ་སྟེ་སྤྱོད་པར་དབང་བསྐུར་བའི་རྒྱུ་དང་། ཨོཾ་སྟེ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་གྱིས་མ་ཐོབ་པ་རྣམས་ཐུགས་རྗེ་མྱུར་པོས་ཐོབ་པར་གདོན་
པར་བྱ་བ་དང་། ཛྫ་སྟེ་མགྲོན་དབང་དུ་བསྡུ་བ་རྣམས་ནི་གོ་རིམས་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་རྣམས་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་
པ་ཕྱག་ན་རྡོ་རྗེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་ཀྱང་རིམ་པ་བཞིན་སྦྱར་རོ། །ཏིང་ངེ་འཛིན་རྣམས་ནི་ཆོས་ཉིད་རྣམ་པར་དག་པས་སྦྱང་བ་དང་། ནམ་མཁའ་མཛོད་དུ་བྱིན་གྱིས་རློབ་པ་དང་། བདུད་རྩི་ཐབ་སྦྱོར་དང་།

རྒྱལ་ཆེན་ཤུགས་ལྡན་འོད་དང་། ཡེ་ཤེས་སྐར་མདའ་དང་། དབང་སྒྱུར་འཁོར་ལོ་དང་དྲུག་ཀྱང་གོ་རིམས་བཞིན་དུ་སྦྱར་རོ། །གོང་དུ་བསྟན་པའི་སྔགས་དང་ཕྱག་རྒྱ་འདི་གཅིག་ལ་ཡང་ལན་བདུན་བདུན་གྱི་བཅའ་ཞིང་བཟླས་པའི་དགོས་ཆེད་ནི། ཏིང་ངེ་འཛིན་མ་གསལ་གྱི་བར་གྲངས་བདུན་ཡན་
ཆད་བཟླས་སོ། །ཏིང་ངེ་འཛིན་དེ་རྣམས་བསྟན་པ་ལ། ཏིང་ངེ་འཛིན་དེ་ཡང་སྔགས་དང་ཕྱག་རྒྱ་དང་པོས་ནི་གཏོར་མ་འདི་ཉིད་ལ་མཚན་མ་ལ་སོགས་པ་ཉེས་པའི་སྐྱོན་མེད་ཅིང་དག་པ་ཆེན་པོར་བྱིན་གྱིས་བརླབ་པོ། །སྔགས་དང་ཕྱག་རྒྱ་གཉིས་པས་ནི་མཆོད་པའི་རྫས་ཀྱི་ཁྱད་པར་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་། འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་ཡིད་ལ་མོས་པ་ཇི་ལྟ་བ་བཞིན་དུ་ནམ་མཁའི་ཁམས་རིན་པོ་ཆེའི་རྒྱུ་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔས་གང་ཞིང་རྒྱས་པར་བྱིན་གྱིས་བརླབ་པོ། གོང་མས་དེ་ལྟར་སྤེལ་
ནས་སྔགས་དང་ཕྱག་རྒྱ་གསུམ་པས་ནི་བདུད་རྩིའི་རྒྱ་མཚོ་དང་ཞེས་བྱ་བ་ནི་སྐབས་གསུམ་པ་དང་འབྲེལ་ཏེ། ཆུ་བླུགས་ལ་ཞེས་བྱ་བའི་ཚིག་ཁོ་ན་སྟེ། ཆུ་ཐིགས་པ་གཅིག་ལ་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཟས་ལ་སོགས་པའི་ཞེས་བྱ་བ་དེ་ཡང་སྐབས་གསུམ་
པ་ལས་ཕྱེ་དང་ཞེས་བྱ་བ་ནས། ཁ་ཟས་མ་སྨས་པ་ཞེས་བྱ་བའི་བར་དང་འབྲེལ་ཏེ། ཟས་རྩམ་པ་ཉག་གཅིག་ལ་ཡང་རི་རབ་ཙམ་དུ་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པའི་ཁོངས་སུ་ནི་མེ་ཏོག་དང་རིན་པོ་ཆེ་དང་དྲི་ལ་སོགས་པ་སྐབས་གསུམ་པའི་ཡོ་བྱད་བསྡུའོ། །འདོད་པའི་ཡོན་
ཏན་ཡང་དངོས་གང་ཞེ་ན། འགྲོ་བ་རིས་དྲུག་སོ་སོའི་ལོངས་སྤྱོད་ལ་ཡིད་ལ་ཇི་ལྟར་མགྲོན་སོ་སོའི་མོས་པ་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་འདོད་པ་རྣམས་ལ་ལོངས་སྤྱོད་ཀྱི་རྐྱེན་འདོད་ཆགས་ལ་སོགས་པ་དུག་ལྔའི་གསོས། དེ་ཡང་དངོས་གང་ཞེ་ན་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པོ། །སྔགས་དང་ཕྱག་
རྒྱ་བཞི་པས་ནི་འཁོར་བའི་སྡུག་བསྔལ་ལས་ཁྱད་ཆེས་འཕགས་པ་དང་། འགྲོ་བའི་དོན་ལ་དགོངས་པས་སྲི་ཞུའི་མགྲོན་མ་ལུས་པ་ཐམས་ཅད་ཀྱི་སྤྱན་ལམ་དུ་ཡང་གནས་ཀྱི་ཁྱད་པར་རིན་པོ་ཆེའི་གཞལ་མེད་ཁང་བརྩེགས་པ་ལ་སོགས་པའི་ནང་དུ་ལོངས་སྤྱོད་ཀྱི་ཁྱད་པར་འཇིག་རྟེན་དང་། འཇིག་རྟེན་ལས་

འདས་པའི་མཆོད་པའི་སྤྲིན་ཕུང་མང་པོར་སྤྲུལ་ནས་འཕགས་པ་རྣམས་ལ་མཆོད་པ་དང་། ཡོན་ཏན་གྱི་མགྲོན་དང་། སྙིང་རྗེའི་མགྲོན་དང་། ལན་ཆགས་ཀྱི་མགྲོན་དག་སྟེ། དེ་དག་ཀྱང་དམ་ཚིག་ཅན་དང་། རིས་དྲུག་དང་། གནོད་པ་བྱེད་པ་ལ་སོགས་པ་སྟེ། སེམས་
ཅན་ཐམས་ཅད་ཀྱི་སོ་སོའི་དབང་པོ་ལྔའི་སྤྱོད་ཡུལ་དང་། སོ་སོའི་འདོད་པའི་ཁྱད་པར་གྱིས་ཇི་ལྟར་འདོད་པ་བཞིན་དུ། འདོད་པའི་ཡོན་ཏན་ལྔས་དཔེར་བྱ་ན་ཆར་གྱི་རྒྱུན་བཞིན་དུ་འབྱུང་བར་བསམ་ཞིང་། སྙིང་རྗེའི་མགྲོན་ཁུད་པ་སྟེ། དེ་ཉིད་བསྟན་པ་ལ་ཁྱད་པར་དུ་ཡང་ཡི་དགས་ཀྱི་སྡུག་བསྔལ་
བཀྲེས་སྐོམ་དང་། དབྱུག་ཏོ་ཅན་གྱིས་སྲུང་བ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་པ་མང་པོ་ཅན་དང་། གཞན་ཡང་བཞི་པོ་དག་གིས་བསྡུས་པའི་སེམས་ཅན་མ་ལུས་པ་ཀུན་གྱི་སོ་སོའི་བསམ་པ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཅིང་དབང་བསྐུར་རོ། །སྔགས་དང་ཕྱག་རྒྱ་ལྔ་པས་ནི། བདག་
ཉིད་ཀྱི་ལུས་རྡུལ་ཕྲ་མོ་སྙེད་དུ་སྤྲུལ་ནས། རྡུལ་ཕྲ་མོ་རེ་རེ་ལས་མཆོད་སྦྱིན་རྡུལ་ཕྲ་མོ་རེ་རེའི་གྲངས་རི་རབ་ཙམ་མང་པོ་འབྱུང་བས། འཕགས་པ་ཐམས་ཅད་ལ་ཕུལ་བས་མཉེས་པ་དང་། ཏིང་ངེ་འཛིན་སྐར་མདའ་ལྟ་བུས་སེམས་ཅན་རྣམས་ལ་བྱིན་པས་ཐོབ་པ་དང་མ་ཐོབ་པའི་འཕམ་རྒྱལ་མེད་པ་
དང་། དེ་དག་ཀྱང་ཕན་ཚུན་འཐབ་རྩོད་མེད་པར་སོ་སོར་ཡིད་ལ་མོས་པ་བཞིན་ཐོབ་པར་བྱིན་གྱིས་བརླབ་པོ། །སྔགས་དང་ཕྱག་རྒྱ་དྲུག་པས་ནི། སྲི་ཞུའི་མགྲོན་དང་། ཡོན་ཏན་གྱི་མགྲོན་དང་། སྙིང་རྗེའི་མགྲོན་དང་། ལན་ཆགས་ཀྱི་མགྲོན་དང་། དེ་མ་ཡིན་པའི་བཞིས་བསྡུས་པ་གཞན་གང་དག་
མགྲོན་དུ་གྱུར་པ་ཀུན་ལ་ཡང་སྔོན་སྟོན་པས་དམ་ཚིག་ཕོག་པ་རྣམས་ནི། དམ་ཚིག་གི་དབང་གིས་འགོ་ཞིང་བསྟོང་གྲོགས་བྱེད་པར་འགྱུར་ལ། དམ་ཚིག་མ་ཕོག་པ་རྣམས་ལ་མཆོད་སྦྱིན་བྱིན་པ་དེ་དྲན་པ་ལ་བཞག་ནས། འགོ་ཞིང་བསྟོང་གྲོགས་སུ་གྱུར་པར་མངོན་སུམ་དུ་དམིགས་སོ། །དེ་ལྟར་གྱུར་པ་
དང་། སེམས་ཅན་གྱི་དོན་དུ་གྱུར་པའི་ལས་སེམས་ཅན་གྱི་དོན་དང་མི་འགལ་བ་ཅི་བཅོལ་བ་ཡང་འགྲུབ་སྟེ། ཕྱག་རྒྱ་ཡང་ཕྱོགས་བཅུར་བསྟན་ལ། མགྲོན་རྣམས་བདག་གི་དབང་དུ་བྱའོ། །ཕྲིན་ལས་ཇི་ལྟར་བདག་འདོད་པ་དེ་ཡང་སེམས་ཅན་གྱི་དོན་བྱ་བ་དང་བདག་དང་གཞན་དགྲོལ་བའི་ཕྲིན་ལས་

བཅོལ་བའི་ཐ་ཚིག་གོ །གཞན་དུ་ན་མགྲོན་དང་བདག་གཉིས་དོན་དམ་པར་མ་སྐྱེས་པའི་ཕྱིར་བཅོལ་བ་ཉིད་མེད། མེད་པའི་ཕྱིར་མཆོད་སྦྱིན་ཉིད་ཀྱང་མེད་ཅེས་བྱའོ། །འདི་མན་ཆད་ཚིགས་སུ་བཅད་ནས། སྦྱིན་པ་གཉིས་བདག་དང་གཞན་གྱི་དོན་དུ་བསྔོ་བར་སྟོན་ཏེ། སྟོན་པ་དེ་ཉིད་བསྟན་པ་ལ། མཆོད་
སྦྱིན་ལ་སོགས་པ་ཟང་ཟིང་རྣམས་ཚུལ་ཇི་ལྟར་གང་དག་བསྔོ་ཞེ་ན། ལན་ཉིད་སྟོན་པ་ལ་དེ་ནས་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་བསྔོ་བར་བྱའོ་ཞེས་བྱ་བ་སྨོས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྟིང་ཐོགས་སུ་སྨོས་པ་སྟེ། འདི་དག་ནི་མངོན་སུམ་པ་ཁོ་ནའོ། །གཏན་པ་མེད་པ་ཞེས་བྱ་བ་ནི། འཁོར་
གསུམ་ཡོངས་སུ་དག་པའི་བསྔོ་བ་མི་དམིགས་པ་དེ་ལ་དམིགས་པའི་གཏན་པ་མེད་པས་ན་གཏན་པ་མེད་ཅེས་བྱ་བའམ། གཞན་དུ་ན་ཆོས་ཉིད་ཆོས་ཀྱི་དབྱིངས་ཤེས་རབ་ཀྱིས་རྟོགས་པའི་དུས་ན་མི་རྟོག་དམིགས་པའི་གཏན་པ་མེད་པའོ་ཞེས་བྱ་བའི་དོན་ཏོ། །མཆོད་སྦྱིན་རྒྱལ་པོ་འདི་ཞེས་སྨོས་པ་ནི་འཕགས་པ་
ལ་མཆོད་པ་དང་། སེམས་ཅན་ལ་སྦྱིན་པ་རྣམས་ཀྱི་ནང་ན་མི་དམིགས་པའི་སྦྱིན་པ་འདི་ནི་དམ་པ་ཡིན་པས་ན་རྒྱལ་པོ་ཞེས་བྱ་བའི་ཐ་ཚིག་གོ། །གོང་མ་ལྟ་བུའི་མི་དམིགས་པ་དེ་ལས་བྱིན་རླབས་དགུ་པས་བསྔོ་སྟེ། དེ་ཉིད་བསྟན་པ་ལ་ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། ཞེས་སྨོས་པ་ནི།
ཆོས་ཉིད་རྣམ་པར་དག་པ་ནི་ཇི་ལྟར་སྔོན་དུ་སྨོས་པའི་ཕྱིར་འདིར་ཡང་སྔོན་དུ་སྨོས་པ་སྟེ། ནམ་མཁའ་མཛོད་ལ་སོགས་ཏེ་ཚོགས་དྲུག་ཅར་གྱིས་ཇི་ལྟར་བྱིན་གྱིས་བརླབས་པའི་བྱིན་རླབས་གང་ཡིན་པ་དང་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་སྐབས་དང་པོར་བསྟན་པའི་དཀོན་མཆོག་གསུམ་གྱི་ཆེ་བའི་
ཡོན་ཏན་ཁམས་གསུམ་དག་ལས་ཁྱད་ཆེས་དཔགས་ཏེ་ཆེ་བ་གང་ཡིན་པ་དང་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་གོང་དུ་སྨོས་པའི་ཨ་ལ་སོགས་པའི་སྙིང་པོ་རྣམས་དང་། ཐལ་མོ་ཁོང་སྟོང་ལ་སོགས་པའི་ཕྱག་རྒྱ་རྣམས་དོན་མ་ནོར་པའི་ཕྱིར་ངེས་པའོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་ཏིང་ངེ་འཛིན་
གྱིས་བསྒྲུབ་པ་སེམས་ལ་གནས་པ་དང་། བདག་ཉིད་ཆེན་པོ་རྣམས་ཀྱི་ཕྱག་རྒྱའི་མཚན་མའི་གཟུགས་སུ་གྱུར་པའི་དོན་དེ་ལས་ཕ་རོལ་པོས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་དང་ཞེས་སྨོས་པ་ཡིན་ནོ། །སྐབས་གསུམ་པ་ལས་སྨོས་པའི་རྒྱུ་དང་སྐབས་ལྔ་པ་ལས་སྨོས་པའི་རྐྱེན་གཉིས་

དམིགས་པའི་རྟེན་དང་། དོན་ཟབ་མོ་དང་འབྲེལ་པ་དེ་དང་བདག་རྣལ་འབྱོར་པ་གཉིས་གང་དུ་ཚོགས་པའི་དུས་ན་བསམ་པ་རྣམ་པར་དག་པའི་ནུས་པའི་མཐུ་གང་ཡིན་པ་དང་ཞེས་བྱ་བའི་དོན་ཏོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བའི་ཡོན་ཏན་གྱི་མིང་བསྟན་པ་སྟེ། འཁོར་
བའི་སེམས་ཅན་འཁྱོགས་པོའི་ལམ་ངན་པར་འགྲོ་བ་གང་ཡིན་པ་དག་ཐབས་དང་ཐུགས་རྗེའི་མཛད་སྤྱོད་ཀྱིས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལམ་དྲང་པོས་སྲོང་བས་ན་དྲང་སྲོང་ཞེས་བྱ་བའི་དོན་ཏོ། །འདིའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་མ་ནོར་བར་འཛིན་པ་དང་། གཞན་
དུ་ན་ཐེག་པ་ཆེན་པོ་ལ་འབད་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་དང་། ཚེ་ལ་དབང་བའི་གྲུབ་པ་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ལྟ་བུ་གྲངས་མང་པོ་རྣམས་ཀྱིས་བསྒྲུབས་ནས། སྒྲུབ་པ་དག་གིས་བྱིན་གྱི་རླབས་གང་ཡིན་པ་དང་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྣལ་
འབྱོར་པ་བདག་གིས་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་དངོས་གང་ཞེ་ན། འདི་ཉིད་ཀྱི་སྐབས་ལྔ་པ་ལས་ཚད་མེད་པ་བཞི་པོ་དག་གིས་སྨོན་ལམ་རྒྱ་ཆེན་པོར་བཏབ་པ་དེ་དག་ཤེས་རབ་ཀྱིས་རྟོགས་ཤིང་། ཏིང་ངེ་འཛིན་གྱིས་བསྒོམས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་བྱིན་
རླབས་དགུ་ཡིས་སོ། །མཆོད་སྦྱིན་འདི་ཇི་ལྟར་སྣང་ཞེས་དྲིས་པའི་ལན་དུ། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་སེམས་ཅན་གྱི་དུག་འདོད་ཆགས་ལ་སོགས་པ་ལྔའི་གསོས་ཏེ་དངོས་གང་ཞེ་ན། ཡེ་ཤེས་ལྔར་བྱིན་གྱིས་བརླབ་པ་དང་འབྲེལ་
ཏེ་དུག་ལྔ་གསོས་ནས། ཁ་དོག་དཀར་པོ་ལ་སོགས་པ་ལྔར་འཕྲོས་ཏེ། འོད་ཟེར་དེ་ཡང་རིགས་དང་གོ་རིམས་སུ་ཁ་དོག་དང་ཡེ་ཤེས་སུ་སྦྱར་ཏེ། རྟགས་ཀྱི་འོད་ཟེར་དེ་ཁ་དོག་གི་འོད་ཟེར་རྣམ་པ་ལྔར་འཕྲོ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་ལྔའི་ལོངས་སྤྱོད་མཁོ་དགུར་ལྡན། །ཞེས་
བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ལྔའི་ཡོན་ཏན་ལྔ་འབྱུང་སྟེ། ཇི་ལྟར་མཁོ་བའི་རྫས་ཀྱང་ལྔ་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་འདོད་པ་ལྔ་དག་བསྔོས་པའི་རྫས་ཏེ་མང་ཉུང་གི་ཚད་ཇི་ཙམ་ཞེ་ན། ནམ་མཁའི་མཐའ་ཀླས་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ནམ་མཁའ་ལ་མཐར་ཐུག་པ་མེད་པ་དེ་

ཀུན་འདོད་པའི་ཡོན་ཏན་ལྔས་གང་བར་བསྔོའོ། །འོ་ན་དེ་ལྟར་བསྔོ་བ་དེ་ཡུན་ཇི་ཙམ་ཞེ་ན། གཏེར་ཆེན་གྱུར་པ་འདི་ཞེས་བྱ་བ་སྨོས་ཏེ། གཏེར་ཆེན་པོ་ཡོད་པ་ལ་ཟད་པའི་དུས་མེད་པ་དང་འདྲ་བར་གོང་མ་ལྟར་ཕྱོགས་བཅུའི་ནམ་མཁའ་ལ་ཐུག་པའི་མཐའ་མེད་པ་དེ་ཀུན་ཀྱང་སྦྱིན་པའི་གཏེར་འདི་ཟད་
པའི་མཐའ་མེད་པར་བསྔོའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་དེ་ཡང་གང་ལ་བསྔོ་ཞེ་ན། ལན་དུ་གཉིས་བསྟན་པ། མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །ཞེས་བྱ་བ་སྨོས་ཏེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ། །སྲི་ཞུའི་གནས་ཀྱི་གན་
དུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། མཆོད་པའི་སྤྲིན་གྱིས་རྒྱས་ཤིང་གཏིབས་པར་སྨོན། །ཞེས་བྱ་བ་སྨོས་ཏེ། འདོད་པའི་ཡོན་ཏན་ལྔ་ལས་གྱུར་པའི་མཆོད་པའི་སྤྲིན་མང་པོས་ཀུན་ནས་ཀུན་དུ་རྒྱས་ཤིང་གཏིབས་པར་སྨོན་ནོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་གྱི་མགྲོན་དང་། སྙིང་རྗེའི་
མགྲོན་ལ་ཡང་བསྔོ་སྟེ་སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི། སངས་རྒྱས་པའི་ས་བོན་རྩ་བ་རང་གི་སེམས་ཡོད་པ་སྟེ། དེ་ཉིད་བསྟན་པ་ལ་ཚངས་པ་དང་ཞེས་བྱ་བ་ལ་སོགས་པའི་ལྷ་དང་། འགྲོ་བ་རིས་ལྔ་དང་། ཡི་དགས་བགེགས་ཀྱི་རིགས་པི་ཤཱ་ཙི་པ་ལ་སོགས་པ་ཐམས་ཅད་སྦྱིན་པ་འདིས་
བདེ་བར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་མགྲོན་ཀུན་ཀྱང་གནོད་པའི་འཚེ་བ་རྣམས་དང་བྲལ་བར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །དེའི་ཐོག་ཏུ་སྦྱིན་པ་དག་བསྣན་པ་ལ། ཡང་ནི་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཅེས་བྱ་བ་ནི་དེ་བཞིན་གཤེགས་
པས་བྱིན་གྱིས་བརླབས་ནས། མཆོད་པའི་རྐྱེན་དུ་བསྔགས་པའི་འདོད་པ་ལྔ་པོ་དག་གིས་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཡང་བསྣན་པ་ལ། ཡང་ནི་སེམས་ཅན་ཐམས་ཅད་ཀྱང་། །བསམ་པ་ཡིད་བཞིན་གྲུབ་གྱུར་ཅིག །ཅེས་བྱ་བ་ནི་
གོང་དུ་སེམས་ཅན་ཞེས་སྨོས་པ་དག་ལ་འདོད་ཅིང་དགོས་པའི་བསམ་པ་དག་དཔེར་བྱ་ན་ནོར་བུ་དམ་པ་རྙེད་པ་ལྟར་གྲུབ་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡན་ཆད་དུ་མགྲོན་དག་ལ་སྤྱིར་བསྔོས་ནས། ད་ནི་སྙིང་རྗེའི་མགྲོན་ཁུད་པ་སྡུག་བསྔལ་ཅན་དག་ལ་བསྔོ་སྟེ། དེ་དག་

གི་གོ་རིམས་ནི་མངོན་ནོ། །དུད་འགྲོ་གཅིག་ལ་གཅིག་ཟ་བའི། །གནོད་པ་དེ་དག་ཡོང་མི་འབྱུང་། །ཞེས་བྱ་བ་ནི། ཇི་ལྟར་ཆུ་སྲིན་ཉ་མིད་ལྟ་བུ་དང་། ཁྲ་དང་འཕར་སྤྱང་ལྟ་བུ་དང་། བརྡེག་བརྡུང་དང་བཀོལ་བསད་དང་གླན་ལྐུགས་ལ་སོགས་པའི་སྡུག་བསྔལ་ཡོང་གིས་མ་བྱུང་ཅིག་ཅེས་བྱ་བའི་ཐ་
ཚིག་གོ། །ཡི་དགས་རྣམས་ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བྱ་བ་ནི་ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། སོགས་པའི་ནང་དུ་སྡུག་བསྔལ་ཕྱི་དང་ནང་གི་སྒྲིབ་པས་བསྒྲིབས་ཏེ་བསྐལ་པ་མཐའི་བར་དུ་གོང་མ་མ་མྱོང་ནས་རིད་ཅིང་སྐེམས་པ་དག་ལ་ལྷ་དང་མིའི་
ཁ་ཟས་ལྟ་བུ་ཐོགས་པ་མེད་པར་འབྱུང་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །བསོད་ནམས་བྱིན་པའི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །ཅེས་བྱ་བ་ནི། སྡུག་བསྔལ་གྱི་རྣམ་པ་གང་ཞེ་ན་བརྗོད་ཀྱིས་མི་ལང་སྟེ།
སྣ་ཚོགས་པ་ཞེས་བྱ་བའི་ཁོངས་སུ་བཙོ་ཞིང་བསྲེགས་པ་དང་། གཤེག་ཅིང་གཏུབ་པ་དང་། ཨ་ཚ་ཚ་དང་། ཨ་ཆུ་ཆུ་ལ་སོགས་པ་སྟེ། སྡུག་བསྔལ་དེ་དག་ཀུན་ཀྱང་སྦྱིན་པའི་སྟོབས་ཀྱིས་མྱུར་དུ་ཞི་བར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ས་འམ་ཆུ་འམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་
གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །ཅེས་བྱ་བ་ནི་ཡུལ་གང་ན་གནས་པའི་ཞེས་བྱ་བ་དང་འབྲེལ་ཏེ། ཡུལ་གང་ན་གནས་ཤིང་སྐྱེ་འཁྲུངས་ལོ་ཏོག་སྐྱེད་པའམ། སའི་བདག་ཏུ་གྱུར་པ་ལ་སོགས་པའི་བྱ་བ་བྱེད་པ་དང་གནས་སྐབས་
ཀུན་དུ་ཀླན་ཀ་ཚོལ་དུ་འབྱུང་བའི་འདྲེ་སྲིན་ལ་སོགས་པ་ཡུལ་ཁམས་གང་དག་ན་འཁོད་པ་རྣམས་སོ་སོའི་སྡུག་བསྔལ་ཞི་ནས། མི་དགེ་བ་ཞེ་ལ་འཆང་བ་གང་དག་དགེ་བའི་བསམ་པ་རྫོགས་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །མཆོད་སྦྱིན་ལ་སོགས་པའི་ཟང་ཟིང་དེ་ལྟར་བསྔོས་ནས་ད་ནི་ཆོས་ཀྱི་སྦྱིན་
པ་རྒྱ་ཆེན་པོ་བསྔོ་སྟེ། དེ་ཡང་ཇི་ལྟར་བསྔོ་ཞེ་ན། ལན་གཉིས་བསྟན་པ་ལ་སྐབས་ལྔ་པ་ལས། བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་པ་གང་ཡིན་པ་དེའི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བྱེ་བ་ཕྲག་བརྒྱ་ཕྱུང་ནས། ལྗགས་ཀྱི་དབང་པོ་དེ་རེ་རེ་ལས་ཀྱང་གསུང་དབྱངས་ཀྱི་ཡན་ལག་བརྒྱ་ཕྲག་

དྲུག་ཅུ་དྲུག་ཅུ་ཕྱུང་བས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པ་བྱེ་བ་ཕྲག་བརྒྱས་གསུང་གི་སྒོ་ནས། འགྲོ་བ་སོ་སོའི་སྐད་དང་མཐུན་པར་འགྲོ་བ་རེ་རེ་ལ་ཡང་ཐེག་པའི་ཁྱད་པར་མི་མཐུན་པ་སྣ་ཚོགས་པས་སོ་སོའི་མོས་པ་དང་། སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་སེམས་ཅན་ཐམས་ཅད་གྲོལ་
ཞིང་སྨིན་པའི་རྣལ་འབྱོར་རོ། །དེ་ལྟར་རྣལ་འབྱོར་པས་དེ་ནས་ཟང་ཟིང་ལས་གཞན་པ་དེ་གང་ཞེ་ན་དེ་ནས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བྱའོ་ཞེས་བྱ་བ་སྨོས་ཏེ་ཆོས་ཀྱི་སྦྱིན་པ་ནི་འདི་ལྟ་སྟེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་
སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སྡུག་བསྔལ་བདུན་གྱིས་བསྡུས་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ཐམས་ཅད་ལ་བྱ་སྟེ། དེ་དག་ནི་རང་འབྱུང་མི་སྲིད་དེ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར་རྒྱུ་ལས་བྱུང་ཞེས་བྱའོ། །རྒྱུ་རྐྱེན་དེ་ཡང་
གང་ཡིན་ཞེ་ན། ལན་དུ་རྟེན་ཅིང་འབྲེལ་པ་བཅུ་གཉིས་ལ། དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ་དང་། དགུ་པ་ལེན་པ་ནི་ཉོན་མོངས་པ་སྟེ་རྒྱུའོ། །གཉིས་པ་འདུ་བྱེད་དང་། བཅུ་པ་སྲེད་པ་ནི་ལས་ཏེ་རྐྱེན་ནོ། །གསུམ་པ་རྣམ་པར་ཤེས་པ་དང་། བཞི་པ་མིང་དང་གཟུགས་དང་། ལྔ་པ་སྐྱེ་མཆེད་
དྲུག་དང་། དྲུག་པ་རེག་པ་དང་། བདུན་པ་ཚོར་བའི་བར་དག་དང་། བཅུ་གཅིག་པ་སྐྱེ་བ་དང་། བཅུ་གཉིས་པ་རྒ་ཤི་སྟེ་བདུན་ནི་སྡུག་བསྔལ་བ་སྟེ་འབྲས་བུའོ། །དེ་ལྟར་འབྲས་བུ་སྡུག་བསྔལ་བདུན་པོ་དེ་ནི་རྒྱུ་ཉོན་མོངས་པ་གསུམ་དང་ཞེས་བྱ་བ་དང་རྐྱེན་ལས་གཉིས་ཞེས་བྱ་བ་དང་། གཉིས་ལས་བྱུང་
བས་ན། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་བྱའོ། །གཞན་དུ་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀྱི་རྒྱུ་ནི་དགེ་བ་དང་། མི་དགེ་བ་ལས་བྱུང་ལ། དགེ་བ་དང་མི་དགེ་བ་དེ་ནི་འཁྲུལ་པའི་རྟོག་པ་རང་སྣང་བ་ཅན། རྩ་བ་རང་གི་སེམས་
ལས་བྱུང་བས་ན། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་དང་འབྲས་བུ་དང་། ཀུན་ནས་ཉོན་མོངས་པ་དང་། དོན་དམ་པར་རྩ་བ་རང་གི་སེམས་དེ་ནི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པར་གང་གིས་གསུངས་ཤེ་ན། ལན་དུ་དེ་ལྟ་ཞིག་ཡིད་བརྟན་

དུ་རུང་བའི་ཚད་མ། དེ་བཞིན་གཤེགས་པས་གསུངས་ན། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་བྱ་བའོ། །དེ་ལ་འགོག་པ་གང་ཡིན་པ། །ཞེས་བྱ་བ་ནི། འཁོར་བའི་ཡན་ལག་བཅུ་གཉིས་དང་། རྩ་བ་རང་གི་སེམས་ཆོས་ཀྱི་རྒྱུ་གཉིས་ལ་ལུགས་ལས་བཟློག་པའི་ཐབས་གང་གིས་
འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་དང་། སེམས་ཀྱི་རྟོག་པ་ཆོས་ཀྱི་རྒྱུ་དེ་ལ་འགོག་པ་ནི་མྱ་ངན་ལས་འདས་པ་སྟེ། དེ་ནི་སྐྱེ་རྒ་ན་འཆི་སྡུག་བསྔལ་བཞི་དང་བྲལ་བ་ཡིན་ལ། དེ་ཐོབ་པར་བྱ་བའི་ཐབས་གང་ཡིན་པ་ནི། དགེ་སྦྱོང་ཆེན་པོ་ཤཱཀྱ་ཐུབ་པས་འདི་སྐད་གསུངས་སོ་ཞེས་བྱ་བའི་
ཐ་ཚིག་གོ། །ད་ནི་སྡོམ་པ་བཤད་དེ། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་བཞག་པ་སྟེ། སྡིག་པ་ཅི་ཡང་ནི་དཔེར་བྱ་ན་ལྟས་ངན་དང་འདྲ་སྟེ་སྡིག་པ་བྱས་པ་ནས་བཟུང་སྟེ། འདི་དང་ཕྱི་མ་ལ་སྡུག་བསྔལ་འབྱུང་བའི་ཕྱིར། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་བྱ་
བའི་དོན་ཏོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་བྱ་བ་ནི་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་དག་པར་བྱས་ལ་སྤྱོད་པ་བཅུ་དང་། ཤེས་རབ་གསུམ་གྱི་སྒོ་ནས་ཕུན་སུམ་ཚོགས་པར་སྤྱད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ལྷག་པའི་ཤེས་རབ་འཕེལ་བར་འགྱུར་རོ། །རང་གི་སེམས་ནི་ཡོངས་སུ་
གདུལ། །ཞེས་བྱ་བ་ནི་སེམས་ནི་ཐོག་མ་མེད་པ་ནས་ཉོན་མོངས་པ་ལ་རང་ཡན་དུ་འཕྱན་པའི་དཔེ་ནི་རྟ་དམུ་རྒོད་དང་འདྲ་སྟེ། དེ་དག་འདུལ་བ་ནི་སྲབ་ཡིན་པའི་དཔེ་དེ་བཞིན་དུ་སེམས་རང་ཡན་དུ་ཡུལ་ལ་འཕྱན་པའི་རྟོག་གེ་འདུལ་བའི་ཐབས་ནི། ལྷག་པའི་ཏིང་ངེ་འཛིན་གྱིས་སེམས་མཉམ་པར་
བཞག་པས་ཡོངས་སུ་འདུལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལྷག་པའི་བསླབ་པ་གསུམ་ལ་གནས་པར་བསྟན་པ་དེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་དེ་དག་གིས་འགྲོ་བ་རྣམས་སངས་རྒྱས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྟོན་པའི་ཞལ་ནས་གསུངས་པའི་མདོ་སྡེ་རྣམས་
ཀྱི་ནང་ནས་འབྱུང་བའི་ཚིགས་བཅད་མང་པོས་ཆོས་ཀྱི་སྦྱིན་པ་ཡང་རྒྱ་ཆེར་བྱའོ། །གོང་དུ་གསུངས་པའི་ཚུལ་དེ་ལྟར་ཆོས་ཀྱི་སྦྱིན་པས་ཐེ་ཚོམ་བསལ་བ་དང་། དེའི་སྒོ་ནས་ཤེས་བྱའི་སྒྲིབ་པ་སྤངས་ལ། ཟང་ཟིང་གི་སྦྱིན་པས་འདོད་པའི་ཉོན་མོངས་པ་ཞི་བར་བྱས་པ་དང་། དེའི་སྒོ་ནས་ཉོན་

མོངས་པའི་སྒྲིབ་པ་སྤོང་སྟེ། དེ་ལྟར་ཆོས་དང་ཟང་ཟིང་གཉིས་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བྱང་ནས། དེའི་གཉེན་པོ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་རྫོགས་ནས། །བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པར་ཤེས་པར་བྱའོ། །དེ་ཡན་ཆད་དུ་
རྣམ་པར་ཕྱེ་བ་དྲུག་པ་བསྡུས་སོ། །གཏོར་མ་ལས་རྣམས་ཀུན་གྱི་མཆོག །ལས་རྣམས་ཀུན་གྱི་སྣ་ལ་འགྲོ། །ཤེས་རབ་དམན་ལ་བསྟན་པའི་ཕྱིར། །གཏོར་མའི་དོན་འདི་རྒྱ་ཆེ་བ། །དོན་ཆེན་ཡི་གེ་དམ་པ་འདིས། །རྒྱུད་ལྔར་སྐྱེས་པ་དགྲོལ་བའི་ཕྱིར། །མ་ནོར་ཙམ་དུ་བཤད་པ་ཡིན། །
འདི་བྱས་བསོད་ནམས་ཅི་ཡོད་པས། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །བདེན་གཉིས་ཆུ་གཏེར་དོན་རྟོགས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གཏོར་མའི་འགྲེལ་པ་སློབ་དཔོན་ཆེན་པོ་བནྡི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱནྟིཾ་གརྦྷ་དང་། ཞུ་ཆེན་
གྱི་ལོ་ཙཱ་བ་ཨཱ་ཙཱརྱ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏོ་དཱ་ཡ་བི་དྷིཿབ་ལིཾ་ཏ་ནཱ་མ། བོད་སྐད་དུ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་
གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲི་མ་ཀུན་བཅོམ་ཡུལ་ཅན་དཔལ་ལྡན་བསོད་ནམས་ཉག་གཅིག་སྤྱོད་ཡུལ་དང་། དེ་ཡི་དབང་ལས་བྱུང་ཞིང་དང་པོའི་འཁོར་རྣམས་རྒྱ་ཆེན་ཡོངས་དག་མི་གཡོ་ལ་སོགས་རབ་གནས་སྤྱོད་ཡུལ་དང་། །མཉམ་ཉིད་ཀློང་ལས་རྨི་ལམ་ཐུགས་རྗེ་སྨོན་ལམ་དབང་གིས་
ཆུ་ཡི་ཟླ་བ་ལྟ་བུར་སྐལ་ལྡན་རྣམས་ལ་སྟོན་པ་ཡི། །མཐུ་བརྙེས་རབ་ཏུ་འབད་དེ་དེ་ལ་བདག་གིས་དོན་མཐོང་བདུད་རྩི་འབྱུང་བའི་ཆོ་ག་གསལ་བར་བཤད་པར་བྱ། དེ་ལ་རེ་ཞིག་སྒྲུབ་པ་པོ་རྣམ་པ་གཉིས་ཏེ། ཟབ་པ་ལ་མོས་པ་དང་རྒྱ་ཆེ་བ་ལ་མོས་པའོ། །དེ་ཡང་། སྤྱོད་པ་གཉིས་ལ་གནས་པ་ནི།
ཐེག་པ་མཆོག་ལ་ཞུགས་པ་ཡིན། །ཞེས་གསུངས་སོ། །ཟབ་མོ་ལ་མོས་པ་རྣམས་ནི་ཇི་ལྟ་བུ་ཞེ་ན། བདག་ཉིད་ཟབ་པ་འབའ་ཞིག་ལ་མོས་པ་སྤྱོད་པས་འབྲས་བུ་སྒྲུབ་པར་བྱེད་དོ། །སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་བསྒྲུབ་པར་བྱའོ་ཞེས་སོ། །རྒྱ་ཆེ་བ་ལ་མོས་པ་གཉིས་ཏེ། བསམ་

པ་རྒྱ་ཆེ་བ་ལ་མོས་པ་དང་སྤྱོད་པ་རྒྱ་ཆེ་བ་ལ་མོས་པའོ། །བསམ་པ་རྒྱ་ཆེ་བ་ལ་མོས་པ་ཇི་ལྟ་བུ་ཞེ་ན། སྔོན་དུ་འགྲོ་བའི་སེམས་ཀྱིས་ཁམས་གསུམ་མ་ལུས་པའི་སེམས་ཅན་ཉོན་མོངས་པའི་ཆུ་བོ་ལས་བསྒྲལ་བར་བྱའོ་སྙམ་པ་ནི་དངོས་སུ་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པ་རྒྱ་
ཆེ་བ་ལ་མོས་པ་ཇི་ལྟ་བུ་ཞེ་ན། དེའི་དོན་དུ་སྤྱོད་པ་དྲི་མ་མེད་པའི་སྤྱོད་པ་སྣ་ཚོགས་ལ་འཇུག་པ་སྟེ། དངོས་སུ་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྨོན་པའི་བྱང་ཆུབ་སེམས་དང་ནི། །འཇུག་པའི་བྱང་ཆུབ་སེམས་ཡིན་ནོ། །ཞེས་པ་དང་།
དང་པོར་སེམས་བསྐྱེད་པ་མི་བསྒུལ་བར་གནས་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་སེམས་ཡིན་ནོ། །ཞེས་གསུངས་སོ། །དེའི་འོག་ཏུ་དེ་བསྟན་ཞིང་རླན་པར་བྱེད་པ་སྟེ་སྙིང་རྗེ་ལ་གནས་པར་བྱའོ། །དེ་ཡང་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །
དེའི་འོག་ཏུ་ཟིལ་གྱིས་གནོན་པའི་ལམ་ལ་གནས་པར་བྱ་སྟེ། དེ་ཡང་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ཞེས་གསུངས་སོ། །ཟིལ་གྱིས་གནོན་པའི་ལམ་ནི་མང་བ་ཉིད་ཐེག་པ་ཆེན་པོའི་སྤྱོད་པ་མཐའ་ཡས་པའི་ཕྱིར་རོ། །འོན་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
གཉིས་ཡིན་ཏེ། དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ལམ་མཐའ་ཡས་པ་ཡིན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་གསུངས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི་རྣམ་པ་གསུམ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་གསུམ་མོ། །ཡེ་ཤེས་ཀྱི་ཚོགས་ནི་རྣམ་པ་གཉིས་
ཡིན་ཏེ། བསམ་གཏན་དང་ཤེས་རབ་གཉིས་སོ། །བརྩོན་འགྲུས་ནི་གཉིས་ཀའི་གྲོགས་ཡིན་ནོ། །དེ་ཡང་ཇི་སྐད་དུ། བསོད་ནམས་རྒྱུ་ནི་རྣམ་པ་གསུམ་ཡིན་ཏེ། ཚིམ་བྱེད་དང་ནི་སྤོང་ཤེས་དང་། །རྩེ་གཅིག་བློ་ནི་ཡེ་ཤེས་རྒྱུ། །སྨྲ་བའི་སེང་གེ་འདི་སྐད་གསུངས། །ཞེས་པའོ། །
དེ་ལ་འདི་ནི་རྒྱུའི་ཕྱོགས་གཅིག་སྟེ་སྦྱིན་པའི་ཕྱོགས་གཅིག་གི་ཡན་ལག་གོ། །བློས་རྣམ་པར་དཔྱད་ན་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ་དགོངས་པ་དང་བཅས་པ་ཁོ་ནའོ། །འོ་ན་དེ་ལྟ་བུའི་སྦྱིན་པ་ལ་སོགས་པ་ཉམས་

སུ་ལེན་པའི་སྦྱོང་བས་ཅི་ཞིག་བྱ་སྟེ་དོན་ཡོད་པ་མ་ཡིན་ནོ་ཞེས་ཇི་སྐད་དུ། རིགས་ཀྱི་བུ་གང་ལ་གནས་ན་སེམས་ཅན་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་བ་དང་། འོད་འདོམ་གང་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལས་དོན་ཡོད་པ་ཁོ་ན་ཡིན་པས་ངེས་པར་སོམ་ཉི་ཟ་བ་བཟློག་པར་བྱའོ་ཞེས་
པའི་དོན་ཏོ། །གཞན་དུ་ན་ཤིང་ཏཱ་ལ་མགོ་བོ་བཅད་པ་དང་འདྲའོ་ཞེས་བྱ་བ་ནི། སྒྲུབ་པ་ལ་གདམས་པ་སྟེ་ཚོགས་ལ་འབད་པར་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་སྤྱི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྣལ་འབྱོར་པ་སྐལ་བ་ཅན་གང་ཞིག་ཉེ་བར་སྤྱོད་པར་འདོད་པ་
དེ་ལ་ཕན་གདགས་པར་བྱ་བའི་ཕྱིར་མཆོད་སྦྱིན་གྱི་གཏོར་མ་ནར་མ་ཞེས་པ་ནས་ཞལ་ནས་གསུངས་པ་ཡང་གདོན་ནོ་ཞེས་པ་ལ་སོགས་པ་སྨྲས་པ་ཡིན་ཏེ། རྣལ་འབྱོར་པས་ཉམས་སུ་བླང་བར་བྱ་བ་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་ལ་མཆོད་སྦྱིན་གྱི་གཏོར་མ་ནར་མ་བྱེད་པར་འདོད་པས་ཞེས་བྱ་བ་
ལ་སོགས་པ་ནི་རྣལ་འབྱོར་པ་ཁྱད་པར་ཅན་བསྟན་ཏེ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བར་སྙེགས་སོ། །མཆོད་སྦྱིན་ཞེས་པ་ནི་མཆོད་པ་ནི་འཕགས་པ་ལ་གུས་པས་དབུལ་བར་བྱ་སྟེ་དེ་ཡང་མངོན་སུམ་དུ་དམིགས་ལ་མཆོད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །སྦྱིན་པ་ཞེས་པ་ནི་སེམས་ཅན་ལ་དམིགས་ཏེ་
གཏང་བའོ། །དེ་ཡང་འཁོར་གསུམ་ཡོངས་སུ་དག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་ཀྱང་བགྱི། །ཞེས་གསུངས་སོ། །དེ་སྐད་སྟོན་པ་ཡིན་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་
ཡིན་ལ། གསང་སྔགས་ཀྱི་སྒོའི་སྤྱོད་པ་ལ་སྤྱད་པ་རྣམས་ཀྱི་དམ་ཚིག་ཡིན་ཏེ་དེའི་ཕྱིར་དགོངས་པའོ། །གཏོར་མ་ཞེས་པ་ནི་ཐབས་ཤེས་རབ་ཏུ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ཡང་མ་ཚང་བ་མེད་པས་ཐབས་ཡིན་ཏེ། འཁོར་གསུམ་ཡོངས་སུ་དག་པས་ཤེས་རབ་བོ། །ཞེས་གསུངས་
སོ། །དེས་ན་རྒྱུ་བསྟན་པ་དང་བྱིན་གྱིས་བརླབ་པ་དང་། བདེན་པའི་སྟོབས་བརྗོད་པ་རྣམས་ནི་ཐབས་ཡིན་ལ། འཁོར་གསུམ་ཡོངས་སུ་དག་པ་ནི་ཤེས་རབ་ཡིན་ཞེས་སྟོན་པར་འགྱུར་གྱི་ཞེས་པ་ནི་ཐ་དད་པ་མ་ཡིན་པར་སྦྱོར་བའོ། །ནར་མ་བྱེད་པར་འདོད་པས་ཞེས་པ་ནི་འབད་རྩོལ་དང་

བཅས་པས་རྒྱུན་དུ་བྱའོ་ཞེས་པའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་རྒྱ་ཆེ་བ་ལ་དམིགས་པ་སྟེ་གོང་དུ་བཤད་པ་ཡིན་ནོ། །དེ་ཡང་། རྒྱུན་དུ་སྦྱོར་བྱེད་རྣལ་འབྱོར་ཡིན། །ཞེས་པའོ། །དེ་ནས་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་ཞིང་བསྲུང་བར་བྱ་བའི་ཕྱིར། དང་
པོར་བདག་ཉིད་ལྷའི་རྣལ་འབྱོར་དུ་འཇུག་པའམ་ཞེས་བྱ་སྟེ། དང་པོ་ཞེས་པ་ནི་ཉེ་བར་སྦྱོར་བའི་དུས་གང་ཡང་རུང་སྟེ་ཐོག་མའོ། །བདག་ཉིད་ཅེས་པ་ནི་གཞན་མ་ཡིན་པ་སྟེ་མདུན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ལྷའི་རྣལ་འབྱོར་དུ་ཞེས་པ་ནི་དེ་ཡང་མི་གཉིས་སྙོམས་པར་འཇུག་པའོ། །
འཇུག་པའམ་ཞེས་པ་ནི་འཇུག་པ་སྟེ་སྒོ་ཡིན་ནོ། །དེ་ཡང་གང་ཞེ་ན་དང་པོ་བདག་ཉིད་མངོན་དུ་བྱས་ལ་བསྲུང་བར་བྱའོ། །ཇི་སྐད་དུ། རང་དག་པར་ནི་ཤེས་པ་ལ། །འཚེ་བ་མེད་ཀྱིས་མ་འཇིགས་ཤིག །མཆོད་སྡོང་ལས་བྱུང་དགེ་བ་བཞིན། །འཚེ་བ་རང་གི་སེམས་ལས་བྱུང་། །ཞེས་
པའོ། །གཞན་ཡང་། བདག་ཉིད་སྲུང་བ་བྱས་པ་ཡིས། །ལྷ་ཡི་རྣལ་འབྱོར་རབ་ཏུ་འགྲུབ། །ཅེས་གསུངས་སོ། །དེའི་འོག་ཏུ་ཡུད་ཙམ་གྱིས་འཕགས་པ་རྣམས་མངོན་སུམ་དུ་བྱ་སྟེ་སྡིག་པ་བཤགས་པ་ལ་སོགས་པ་བདུན་པོ་བྱ་སྟེ། དེ་ཡང་བདུན་པོ་འདི་དག་ནི་ཚོགས་ཀྱི་ཡན་ལག་
ཡིན་ནོ་ཞེས་གསུངས་སོ། །དེའི་འོག་ཏུ་ཡང་དག་པའི་སྙིང་པོ་མངོན་དུ་བྱས་ཏེ་སྟོང་པ་ཉིད་དུ་བསམ་མོ། །དེ་ནས་ཇི་ལྟར་གཟུང་བའི་ལྷའི་རྣལ་འབྱོར་བྱས་ཏེ་རིམ་པ་ཇི་ལྟ་བར་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་དམ་ཚིག་ཐེབ་པར་གྱུར་པ་རྣམས་ཀྱི་དབང་དུ་བྱས་ཏེ་ཆོས་བདག་མེད་
པར་བསྒོམས་ཏེ་ཞེས་པ་སྟེ། ཆོས་ཞེས་པ་ཕུང་པོ་ལ་སོགས་པ་རྣམས་ལ་མཚན་ཉིད་འཛིན་པ་རྣམས་སུ་འདོད་དེ། བདག་ཅེས་པ་ནི་གང་ཟག་དང་ཆོས་ལ་རང་བཞིན་མེད་པར་ཤེས་པ་ནི་ཕུང་པོ་ལ་སོགས་པ་དུ་མའི་རང་བཞིན་དང་། སྐད་ཅིག་མའི་རང་བཞིན་ཡིན་ལ་དེ་ལ་རྟག་པ་དང་གཅིག་པུར་
འཛིན་པ་ནི་ཕྱི་རོལ་གྱི་ལམ་ལ་གནས་པ་རྣམས་སོ། །དེ་ལ་སོགས་པ་ལས་བཟློག་པ་ནི་གང་ཟག་ལ་བདག་མེད་པར་ཤེས་པར་བྱའོ། །ཆོས་ལ་བདག་མེད་པར་ཡང་དེ་ཉིད་ལ་གཉིས་སུ་ཞེན་པ་དང་བྲལ་བ་སྟེ་དངོས་པོའི་མཐའ་ཡིད་ལ་མི་བྱེད་པའོ། །བསྒོམས་ཏེ་ཞེས་པ་ནི་དེ་ལ་རྩེ་གཅིག་ཏུ་བྱེད་

པ་དང་སྦྱར་རོ། །འདི་ཡང་བསྲུང་ཞིང་བདག་བྱིན་གྱིས་བརླབ་པ་ཡིན་ཏེ། དེ་ཡང་ཇི་སྐད་དུ་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་ཅེས་པ་ལ་སོགས་པ་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་མེད་པ་སྔོན་དུ་བྱས་ནས་མཆོད་སྦྱིན་ལ་སྦྱར་བར་བྱས་ན་ཁྱད་པར་དུ་འགྲུབ་པར་འགྱུར་
རོ་ཞེས་པའི་དོན་ཏོ། །དེ་ནས་ཡང་དེའི་རྒྱུ་ཉེ་བར་བསྟན་པའི་ཕྱིར་ཆུ་གཏོར་གྱི་སྣོད་ཆེ་ཆུང་ཅི་འབྱོར་པའི་ནང་དུ་ཕྱེ་སྩལ་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཆུ་ཞེས་པ་ནི་རླན་པར་བྱེད་པའི་ཕྱིར་རོ། །དངོས་སུ་ནི་བྱམས་པའམ་སྙིང་རྗེའི་བདག་ཉིད་དེ་སྒྲུབ་པ་པོ་དེ་དང་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །གཏོར་
ཞེས་པ་ནི་གོང་དུ་བཤད་པའི་དོན་ཏོ། །སྣོད་ཆེ་ཞེས་པ་ནི་ཡངས་པའོ། །ཆུང་བ་ནི་དེའི་དོན་ལས་བཟློག་པ་སྟེ་རིན་པོ་ཆེའི་སྣོད་དོ། །ཅི་འབྱོར་ཞེས་པ་ནི་ངེས་པར་གཟུང་དུ་ཡོད་པ་མ་ཡིན་ཏེ་ཚད་མ་བཟུང་བའི་ཕྱིར་རོ། །ནང་དུ་ཞེས་པ་ནི་བརྡ་ཕྲད་པར་ཟད་དོ། །ཕྱེ་སྩལ་ཏེ་ཞེས་པ་ནི་ཉམས་
པ་མ་ཡིན་པ་དང་། ཡོངས་སུ་བརྟགས་པའི་ཕྱེ་བླུགས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། ཤིན་ཏུ་མཛེས་པའི་གཏོར་སྣོད་དུ། །དྲི་མེད་ཆུ་གཙང་ལ་སོགས་པ། །གསང་སྔགས་རྣམས་ཀྱིས་རབ་སྦྱངས་ཏེ། །ཡོངས་སུ་བསྔོ་
བྱ་དོན་ཆེན་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་བསྟན་ཏེ། རྒྱུ་རྐྱེན་གང་ལ་བརྟེན་ནས་དོན་གཉིས་ལ་འཇུག་པར་བྱེད་པ་ནི་ཐབས་དམ་པ་སྟེ་དེ་ལ་འཇུག་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཡང་ཡོངས་སུ་སྦྱོང་བའི་ཐབས་བསྟན་པའི་ཕྱིར་གཏོར་མའི་ནང་དུ་ཟླ་
བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རྃ་དཀར་པོ་བསམས་ཏེ་ཞེས་པ་ལ་སོགས་པ་སྨོས་སོ། །གཏོར་མའི་ནང་ཞེས་པ་ནི་དེ་ཉིད་ཀྱི་ནང་གི་ནམ་མཁའ་ལའོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་ཨ་ལས་གྱུར་པ་སྟེ་བྱང་ཆུབ་ཀྱི་སེམས་མཚོན་པར་བྱེད་པའོ། །དེ་ཡང་ཇི་སྐད་དུ། ཟླ་བའི་
དཀྱིལ་འཁོར་གཉིས་པ་ནི། །བྱང་ཆུབ་སེམས་ནི་རབ་རྫོགས་པ། །ཞེས་གསུངས་སོ། །སྟེང་དུ་ཟླ་བ་གོ་སླའོ། །ཡི་གེ་རྃ་ཞེས་པ་ནི་བདུན་པའི་གཉིས་པ་ལ་སྟོང་པའི་ལྷས་མནན་པའོ། །དཀར་པོ་ཞེས་པ་ནི་དྲི་མ་དང་བྲལ་བའོ། །བསམས་ཏེ་ཞེས་པ་ནི་ཡི་གེ་དེ་ལ་དམིགས་

པའོ། །དེ་ཉིད་ཀྱིས་ཅིར་འགྱུར་ཞེ་ན། སྐྱོན་རྣམས་སྤོང་བ་སྟེ་འོག་ནས་སྟོན་པ་ལ་འཇུག་པའོ། །དེ་ཡང་ཇི་སྐད་དུ། ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ་ཞེས་གསུངས་སོ། །འདི་སྐད་སྟོན་ཏེ་དེས་གཏོར་མའི་དྲི་ང་བ་ལ་སོགས་པ་སྟོང་
སྟེ་དེ་ལ་རྩེ་གཅིག་ཏུ་བྱའོ་ཞེས་པའི་དོན་ཏོ། །དེ་ནས་སྦྱོང་བའི་ཐབས་ཉིད་བསྟན་པའི་ཕྱིར་ཡི་གེ་དེ་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། ཡི་གེ་དེ་ལས་ཞེས་པ་ནི་རྃ་ལས་སོ། །ཆོས་ཐམས་ཅད་ཅེས་པ་ནི་ཆོས་ནི་གོང་དུ་བཤད་ཟིན་ཏོ། །ཐམས་ཅད་ཅེས་པ་ནི་ཆོས་ཀྱི་ཁམས་དུ་མས་
འདུས་པ་ལ་སོགས་པ་སྟེ། རྡུལ་དང་བྲལ་ལོ་ཞེས་པ་ནི་གཟུང་འཛིན་ལ་སོགས་པ་དེ་ཉིད་དེ་དང་བྲལ་བའོ་ཞེས་པའི་སྒྲ་འབྱུང་བས་ཞེས་པ་ནི་དོན་དེ་ཉིད་སྟོང་པ་སྟེ་བདག་མེད་པར་བསྒོམ་པའོ། །གཏོར་མའི་དྲི་མ་ཞེས་པ་ནི་མི་གཙང་བའི་སྒྲའོ། །ལྷག་མར་གྱུར་པ་ནི་མ་གནང་བའི་ཡོ་
བྱད་དེ་རྣམས་སོ། །དེ་ཉིད་ནི་སྐྱོན་རྣམས་ཡིན་ནོ། །དེས་ཞེས་པ་དེ་ནི་ཡི་གེ་རྃ་བསྒོམས་པའི་སྟོབས་སོ། །དག་པར་བྱ་ཞེས་པ་ནི་མཆོད་སྦྱིན་ནོ། །དེ་ལ་ཇི་སྐད་དུ། མི་གཉིས་པའི་ཡེ་ཤེས་མེ་ལྟ་བུ་དེའི་ས་བོན་ལས་བསྐྱེད་པའི་མེའི་ས་བོན་དུ་གསུངས་པ་སྟེ་འདི་སྐད་དུ་སྟོན་པ་ཡིན་
ཏེ། གོང་གི་ཡོངས་སུ་སྦྱོང་བའི་ཡི་གེའི་སྦྱོར་བའི་རྗེས་ཐོགས་ལ་འོག་ནས་འབྱུང་བའི་ཕྱག་རྒྱ་དང་སྔགས་ཀྱིས་བཏབ་ལ་དེ་ཉིད་ཡོངས་སུ་དག་པར་བསམ་མོ་ཞེས་ལན་སྟོན་ཏོ། །དེའི་འོག་ཏུ་དེ་རྙེད་པ་ལ་ཡང་བདུད་རྩིར་འགྱུར་རོ། །དེའི་ཐབས་སྟོན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་
སྨོས་སོ། །དེ་ནས་ཞེས་པ་ནི་ཡོངས་སུ་སྦྱང་བའི་རྗེས་ཐོགས་སོ། །ཟླ་བའི་དཀྱིལ་འཁོར་དེ་ལ་ཞེས་པ་ནི་སྔ་མའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལའོ། །ཡི་གེ་ཨ་ཞེས་པ་ནི་མ་སྐྱེས་པར་སྟོན་པའི་ཡི་གེ་སྟེ་དེ་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་ནས། ཁོང་ནས་འབྱུང་བ་སྐྱེ་
བ་མེད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་བདུད་རྩིའོ། །དཀར་པོ་ཞེས་བྱ་བ་ནི་དྲི་མ་དང་བྲལ་བའོ། །བསམས་ཏེ་ཞེས་པ་ནི་རྣལ་འབྱོར་པ་སྟེ་གོང་དུ་སྨོས་པ་བཞིན་ནོ། །གཏོར་མ་ཞེས་པ་ནི་ཡོངས་སུ་སྦྱང་བ་བྱས་པའི་གཏོར་མ་དེའོ། །ལྷའི་བདུད་རྩི་སྣ་ཚོགས་པ་དང་ཞེས་པ་

ནི་ལྷ་ལ་ཡོད་པ་སྟེ་དེ་དང་རྗེས་སུ་མཐུན་པར་སྤྲོ་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ལོངས་སྤྱོད་ཅེས་པ་ནི་ཉེ་བར་སྤྱོད་པའོ། །རྣམ་པ་སྣ་ཚོགས་པ་ཡང་བསམ། །ཞེས་པ་ནི་ཟས་དང་སྐོམ་ལ་སོགས་པའོ། །ཡང་ཞེས་པ་ནི་བདུད་རྩི་ལ་ལྟོས་པའོ། །ཡི་གེ་དེ་ལས་ཞེས་པ་ནི་ཨ་ལས་སོ། །
ཕྱོགས་བཅུ་ཞེས་པ་ནི་ཤར་ལ་སོགས་པའོ། །སེམས་ཅན་གྱི་ཁམས་ཞེས་པ་ནི་འགྲོ་བ་ལྔས་བསྡུས་པ་རྣམས་ལ་ཁྱབ་པར་གྱུར་ཞེས་པ་ནི་ཐམས་ཅད་ལའོ། །གང་གིས་ཁྱབ་ཅེ་ན། བདུད་རྩིའི་རྒྱུན་ལ་སོགས་པ་སྟེ་དེས་ཁྱབ་པའོ། །བསམ་ཞེས་པ་ནི་འོད་ཟེར་སྤྲོ་བའོ་ཞེས་བྱ་བར་
སྦྱར་རོ། །དེ་ཡང་ཇི་སྐད་དུ་སྟོན་ཞེ་ན། ཨ་ལས་སྤྲོས་པའི་འོད་ཟེར་གྱི་རྣམ་པ་དེ་བདུད་རྩིར་བསམ་པ་ནི་འོག་ནས་འབྱུང་བའི་སྔགས་བརྗོད་དེ་ཨ་དེ་ཉིད་ལས་སྤྲོ་བར་བྱའོ་ཞེས་པའི་དོན་ཏོ། །དེའི་འོག་ཏུ་བདུད་རྩི་ཉིད་ནམ་མཁའ་དང་མཉམ་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །དེ་ནས་ཞེས་པ་ནི་བདུད་རྩིར་གྱུར་པའི་རྗེས་ཐོགས་ལའོ། །ཟླ་བའི་དཀྱིལ་འཁོར་དེ་ལ་ཞེས་པ་སྔ་མ་དང་སྦྱར་རོ། །ཡི་གེ་ཨོཾ་སེར་པོ་ཞེས་པ་ནི་ཨོཾ་ནི་སྙིང་པོའི་དོན་ཏེ་སེར་པོ་ནི་རྒྱས་པའི་དོན་སྟོན་པའོ། །བསམ་ཞེས་པ་ནི་ཡིད་ཀྱིས་ཏེ་འོག་གི་སྔགས་བརྗོད་པར་བྱའོ་ཞེས་པའི་དོན་
ཏོ། །དེ་ཡང་ཨོཾ་ནི་སྙིང་པོ་སྟེ་ཐམས་ཅད་ཀྱི་འབྱུང་གནས་སུ་ངས་དགོངས་ཞེས་གསུངས་སོ། །དེས་ཅིར་འགྱུར་ཞེ་ན་འཕགས་པ་དང་ཞེས་སྨོས་སོ། །འཕགས་པ་ཞེས་པ་ནི་འདུས་མ་བྱས་ཀྱི་ཁམས་ལ་གནས་པ་སྟེ། དེ་ཡང་འདུས་མ་བྱས་ལ་གནས་པ་ནི་འཕགས་པའི་གང་ཟག་གོ་
ཞེས་གསུངས་སོ། །དེ་ཡང་རྣམ་པ་གཉིས་ཏེ་སློབ་པའི་རྣམ་པ་དང་མི་སློབ་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །སློབ་པའི་ལམ་ལ་གནས་པ་ལ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །མི་སློབ་བའི་ལམ་ལ་གནས་པ་ནི་དེ་བཞིན་གཤེགས་པ་
རྣམས་ཏེ་དེ་དག་ནི་མཆོད་པའི་གནས་ཡིན་པ་དང་སྦྱར་རོ། །དེ་དག་ཀྱང་གང་ལས་ཤེ་ན་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །སེམས་ཅན་ཞེས་པ་ནི་འགྲོ་བ་ལྔ་ལ་གནས་པ་སྟེ་དེ་ཡང་གཟུགས་ཅན་དང་དེ་ལས་བཟློག་པའོ། །དེ་ཡང་སེམས་ཅན་གྱི་ཁམས་ནི་མཐའ་ཡས་པ་ཉིད་དེ་མདོར་

བསྡུ་ན་རྣམ་པ་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ་ཞེས་གསུངས་སོ། །དེ་ལ་ཞེས་པ་ནི་གནས་ཀྱི་དོན་ནོ། །ཕུལ་ཞེས་པ་ནི་འཕགས་པའོ། །བསྔོས་ཤིང་ཞེས་པ་ནི་སེམས་ཅན་ལའོ། །བཞིན་དུ་ཞེས་པ་ནི་དེ་དང་མཐུན་པའོ། །སོ་
སོར་ཞེས་པ་ནི་གོ་སླའོ། །རྣམ་པར་རིག་པ་ཞེས་པ་ནས། མངོན་སུམ་ལས་སྐྱེ་སེམས་ཀྱི་སྤྱོད་ཡུལ་གནས། །ཞེས་པ་ནི་བཞུགས་པའི་གནས་ཏེ་འཕགས་པ་རྣམས་ཀྱིའོ། །སྣང་ཞིང་འབྱུང་བར་བསམ་ཞེས་པ་ནི་དེ་དག་གི་དབང་པོའི་སྤྱོད་ཡུལ་ཏེ་དེ་བསྒོམ་པའོ། །དེ་ཡང་ཇི་སྐད་དུ། མཆོད་
གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱི་གཏིབས་པར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་འདི་སྐད་དུ་སྟོན་ཏེ། རྣལ་འབྱོར་པས་ཨོཾ་སེར་པོ་བསམ་སྟེ་འོག་ནས་འབྱུང་བའི་སྔགས་
བརྗོད་དེ་སྤྲོ་བར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཡོངས་སུ་སྦྱང་བ་ལ་སོགས་པའི་ཕྱག་རྒྱ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་སྦྱོར་བའི་རྗེས་ཐོགས་ལ་ལག་པ་གཡས་པའི་ཞེས་པ་རྣལ་འབྱོར་པ་སྟེ་ཐབས་ཀྱི་རང་བཞིན་ཡིན་པའི་ཕྱིར། མཐེའུ་ཆུང་མཐེ་བོས་མནན་ཏོ་ཞེས་པ་ནི་བླ་
འོག་ཏུ་བྱས་པའོ། །སོར་མོ་གསུམ་ཞེས་པ་ནི་གུང་མོ་དང་སྲིན་ལག་དང་མཛུབ་མོ་རྣམས་སོ། །ཕྲལ་ནས་ཞེས་པ་ནི་ཕན་ཚུན་མ་རེག་པས་ཕྲལ་ཏེ་ཡངས་པའོ། །རྡོ་རྗེ་ལྟར་བྱས་པ་ནི་རྡོ་རྗེ་རྩེ་གསུམ་པ་ལྟར་བྱས་པ་སྟེ་ཁས་ཕུབ་ལ་ཞེས་པ་ནི་གོ་སླའོ། །གཏོར་མའི་སྣོད་ལ་ཞེས་པ་ནི་རིན་པོ་ཆེ་
ལ་སོགས་པའི་སྣོད་དུ་དངོས་ཀྱི་བྱང་ཆུབ་ཀྱི་སེམས་སོ། །རེག་པར་བྱས་ནས་ཞེས་པ་ནི་དེ་ཉིད་ལ་རེག་པར་བྱ་བ་སྟེ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱའོ། །དེ་ཡང་། རྡོ་རྗེ་ཕྱག་རྒྱ་རབ་སྦྱར་ལ། །ཡོངས་སུ་སྦྱར་བ་ལ་སོགས་བྱ། །ཞེས་གསུངས་སོ། །འདི་སྐད་ཀྱང་སྟོན་ཏེ། སྣོད་ནི་
རྟེན་བྱེད་པའི་ཕྱིར་བྱང་སེམས་དེ་ཐབས་ཡིན་ལ། རྡོ་རྗེའི་ཕྱག་རྒྱ་ནི་ཤེས་རབ་ཡིན་པས་ན་ཐབས་དང་ཤེས་རབ་འབྲེལ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཡོངས་སུ་སྦྱང་བ་ལ་སོགས་པའི་སྔགས་བསྟན་པའི་ཕྱིར་སྔགས་འདི་ཞེས་པ་ལ་སོགས་པ་སྨོས་སོ། །དེ་རྣམས་ལས་ཀྱང་

ཡོངས་སུ་སྦྱང་བའི་སྔགས་ཐོག་མར་བསྟན་པའི་ཕྱིར་སྔགས་འདི་ཞེས་པ་ནི་གྲུབ་པར་བྱེད་པའི་ཕྱིར་རོ། །ལན་གསུམ་ཞེས་པ་ནི་ཤིས་པའི་ཕྱིར་རོ། །བརྗོད་པས་ཞེས་པ་ནི་རྡོ་རྗེའི་ཚུལ་དུའོ། །རྣམ་པར་དག་པར་བསམ་ཞེས་པ་ནི་གཏོར་མ་སྟེ་ལྷག་པར་གྱུར་པའི་སྐྱོན་དེ་ཉིད་གང་ཞེ་ན།
ཨོཾ་སརྦ་དྷ་རྨཱ་བཛྲ་སི་ཏི་ཧཱུཾ་ཞེས་པ་སྟེ་ཆོས་རྣམས་རང་བཞིན་གྱིས་རྣམ་པར་དག་པར་སྟོན་པའོ། །དེ་ནས་བདུད་རྩིར་བསྒྱུར་བའི་སྔགས་བསྟན་པའི་ཕྱིར་དེ་ལ་སྔགས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་ནི་འདི་ཞེས་པ་གོང་མ་བཞིན་ནོ། །བཏབ་སྟེ་ཞེས་པ་ནི་བརྗོད་པའོ། །བདུད་རྩིར་
གྱུར་པར་བསམ་ཞེས་པ་ནི་བདུད་རྩིས་ཉེ་བར་མཚོན་པ་སྟེ་དེ་ལྟར་བསམ་པའོ། །དེ་ཉིད་གང་ཞེ་ན། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པ་སྟེ་བདུད་རྩི་འབྱུང་བའོ། །དེ་ནས་ཞེས་པ་ནི་སྤྲོ་བའི་སྔགས་ཡིན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་པ་བདུད་རྩི་འབྱུང་བའི་རྗེས་ཐོགས་
ལའོ། །སྔགས་འདི་བཏབ་སྟེ་ཞེས་པ་ནི་སྤེལ་བའི་སྔགས་ཀྱིས་ཏེ་གོང་མ་བཞིན་ནོ། །སྤེལ་བར་བསམ་ཞེས་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུའོ། །དེ་གང་གིས་སྤྲོ་ཞིང་སྤེལ་ཞེ་ན། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ་ཞེས་པ་སྟེ་སྤྲོས་
པ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བས་ཁྱབ་པར་བྱེད་པའི་སྔགས་བསྟན་པའི་ཕྱིར་སྔགས་འདི་བཏབ་སྟེ་ཞེས་པ་ནི་ཁྱབ་པར་བྱེད་པའི་སྔགས་སོ། །དེ་ཉིད་ཀྱང་གང་ཡིན་ཞེ་ན། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སམྦྷ་ར་སམྦྷ་ར་ཧཱུཾ་ཞེས་པའོ། །དེ་ནས་ཞི་བར་བྱེད་པའི་
སྔགས་བསྟན་པའི་ཕྱིར་སྔགས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ནོར་བར་གྲུབ་པར་བྱེད་པའི་ཕྱིར་ན་བཏབ་སྟེ་ཞེས་པ་ནི་ཞི་བར་བྱེད་པའི་སྔགས་སོ། །མཉམ་པར་ཐོབ་པར་བྱེད་ཅེས་པ་ནི་མཉམ་པར་ཐོབ་པར་བྱེད་པ་སྟེ་སེམས་ཅན་གྱིས་སོ། །དེ་ཉིད་གང་ཞེ་ན། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་
སིདྡྷ་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་པའོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་ཀྱིས་གཉམ་པར་ཐོབ་ཅིང་མི་མཐུན་པ་མེད་ཅིང་ཐོབ་པ་སྟེ་དེ་ཉིད་ཀྱི་ཕྱིར་དོན་ཐམས་ཅད་གྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། གསང་སྔགས་རྣམས་ནི་བརྗོད་པ་དང་། །རྡོ་རྗེའི་ཕྱག་རྒྱར་རབ་ལྡན་

པས། །དངོས་པོ་གང་ལ་བཏབ་པ་ནི། །དག་པ་ལ་སོགས་རིམ་བཞིན་འགྲུབ། །ཅེས་གསུངས་སོ། །དེ་ནས་བྱིན་གྱིས་བརླབས་པའི་གཏོར་མ་དེ་ཡང་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར་ན་སྔགས་འདི་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔགས་འདི་རྣམས་
ཞེས་བྱ་བ་ནི་གོང་དུ་གསུངས་པ་རྣམས་སོ། །ལན་གསུམ་ཞེས་པ་ནི་ཐམས་ཅད་ལ་སྦྱར་བར་བྱའོ་ཞེས་སོ། །དེའི་འོག་ཏུ་འདི་སྐད་བརྗོད་དོ་ཞེས་བྱ་བ་དང་སྦྱར་རོ། །ཇི་སྐད་བརྗོད་ཅེ་ན། སངས་རྒྱས་དང་ཞེས་པ་ལ་སོགས་པ་སྨོས་སོ། །སངས་རྒྱས་ཞེས་པ་ནི་གང་གི་རྒྱུད་ལ་སྤངས་
པ་དང་སྦྱངས་པ་དང་བྱ་བ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཡོད་པའོ། །དེ་སྐད་དུ་ཡང་། མ་རིག་གཉིད་ལས་སངས་པ་དང་། །ཤེས་བྱ་རྣམས་ལ་ཡེ་ཤེས་རྒྱས། །ཞེས་གསུངས་སོ། །བྱང་ཆུབ་ཅེས་བྱ་བ་ནི་གང་ནམ་མཁའ་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད་པར་འདོད་ཅིང་སྤྱོད་པ་ནི་སྦྱིན་པ་
ལ་སོགས་པའི་ལམ་ལ་ཡོངས་སུ་ཞུགས་པའོ། །ཇི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་ཐོབ་འདོད་པ་ནི། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་སོ། །ཐམས་ཅད་ཅེས་པ་མ་ལུས་པ་སྟེ་སེམས་དང་པོ་
བསྐྱེད་པ་ནས་བཟུང་སྟེ་མི་སློབ་པའི་ས་ལ་གནས་པ་ཐམས་ཅད་དོ། །མཐུ་ཞེས་པ་ནི་ལྷག་པའི་སྟོབས་ཏེ་དེ་རྣམས་ཀྱིའོ། །དེ་ནི་ཐུགས་རྗེ་ཕྱི་ནང་གི་དབང་གིས་སོ། །ཆོས་ཀྱི་དབྱིངས་ཀྱི་ཞེས་པ་ནི་དོན་དམ་པའི་ཆོས་ཏེ་བསྟན་པ་ཐ་དད་པ་རྣམས་རེངས་པར་བྱེད་པའི་རྒྱུ་ཡིན་པའ