Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 79

Văn bản gốc(Tây Tạng)

Trang 13 / 15 (50.000 ký tự/trang)
་ཧཱུཾ་རེ་བསམ་མོ། །ཧཱུཾ་རྣམས་ལས་འོད་འཕྲོས་པས་མཆོད་པའི་ལྷ་མོ་
དཔག་ཏུ་མེད་པ་འཐོན་ནས་དེ་རྣམས་ནི་བྱོན་པ་ལྟར་ཐམས་ཅད་ལ་སྟེར་བར་བྱེད་པས་ལག་ཏུ་ལྷན་ལྷན་གཏད་པར་བསམ་ཞིང་སྔགས་དང་ཕྱག་རྒྱ་ལན་བདུན་བཅའ་ཞེས་བྱའོ། །སྔགས་ནི་ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་
སྭཱ་ཧཱ་ཞེས་བྱ་བའོ། །ལག་གཉིས་སོ་སོར་ནང་དུ་བསྣོལ། །ཞེས་བྱ་བ་ནི་གཅིག་གི་ནང་དུ་གཅིག་གི་སོར་མོ་རྣམས་བཅུག་པའི་མཐེ་བོང་གཉིས་བརྐྱང་སྟེ་ལྟོ་གཉིས་ལ་ཛ་དམར་པོ་རེ་བསམ་མོ། །ཛ་དེ་གཉིས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འཕགས་པ་དང་སེམས་ཅན་ཐམས་
ཅད་དབང་དུ་བསྡུས་ནས་དེ་ནས་ནི་ཐམས་ཅད་ལ་ཅི་བཅོལ་བའི་ཕྲིན་ལས་མཛད་པ་དང་བྱེད་པར་བསམ་མོ། །དེ་ནས་སྔགས་འོག་ནས་འབྱུང་བ་འདི་ཕྱག་རྒྱ་དང་བཅས་པ་ལན་བདུན་བཟླས་སོ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱན་གྲ་ཧེ་ཤྭ་རེ་པྲ་ཛོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དེ་ནས་སྔགས་ཐམས་

ཅད་ནུས་པ་བརྟན་པས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་བསྔགས། ཡེ་དྷརྨཱ་ཧེ་ཏུ་བྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཞེས་བྱ་བ་བཟླས་སོ། །ཀྱང་ཞེས་བྱ་བ་ནི་བསྡུ་བ་སྟེ་ཆོས་ཀྱི་སྦྱིན་པ་ཡང་ཁ་ཏོན་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་
བཤད་པ་དེ་ནས་ཆོས་ཀྱི་སྦྱིན་པ་ནི། །རྒྱ་ཆེན་རབ་ཟབ་མདོ་གདོན་བྱ། །ཞེས་བྱ་བས་བསྟན་ཏོ། །ཆོས་བཤད་པས་ཐམས་ཅད་ཀྱིས་མཉན་པས་ཐམས་ཅད་བྱང་ཆུབ་སེམས་སུ་ལྡན་པར་བསམ་པ་དང་། བདག་གིས་ཀྱང་ཉན་པ་དང་། གསལ་བ་དང་། ཐམས་ཅད་དུ་ཐོས་པ་
དང་། ཐམས་ཅད་ཀྱི་སྐད་དུ་གོ་བ་དང་། ཆོས་ཀྱི་སྒོ་མོ་མཐའ་ཡས་པ་དུས་གཅིག་ལ་སྟོན་པར་བསམས་ལ། ཁ་ཏོན་བྱ་བའམ་ཀླག་པ་ཡང་རུང་སྟེ། ཟབ་པ་དང་དོན་དམ་པ་སྤྲོས་པ་དང་བྲལ་བ་སྟོན་པ་དང་། རྒྱ་ཆེ་བ་ཐམས་ཅད་ཕུན་སུམ་ཚོགས་པ་སྟོན་པའོ། །ནི་ཞེས་བྱ་བ་ནི་
བསྣན་པའམ་གོ་རིམས་བཟློག་པའོ། །ད་ནི་གཤེགས་སུ་གསོལ་བར་བྱ་སྟེ། དེ་ཡང་དེ་རྗེས་མདུན་གྱི་ལྷ་འཇམ་དཔལ་འཁོར་དང་བཅས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཏིང་ངེ་འཛིན་གྱིས་གསལ་བར་ནི་མཆོད་པ་དང་ནི་བསྐོར་བ་དང་། ཕྱག་བྱ་བ་
དང་། བསྟོད་པ་བྱས་པར་བསམས་ནས་ཡི་གེ་བརྒྱ་པའི་བཤགས་པ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་བྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝཱན།
སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བྱ་བ་བཟླས་ལ། དེ་ནས་གཤེགས་སུ་གསོལ་བ་ནི་ཨོཾ་བཛྲ་མུཿཞེས་བྱའོ། །ཇི་ལྟར་ཞེ་ན་ཐམས་ཅད་རང་རང་གི་གནས་སུ་གཤེགས་པ་ནི་དགྱེས་ནས་སྙན་ངག་དང་བཅས་པས་གཤེགས་པར་བསམ་མོ། །འོ་ན་
བདག་ཉིད་ལྷའི་འཁོར་དང་བཅས་པ་ཅི་ལྟ་བུ་ཞེ་ན། བསྐྱེད་པའི་ལྷ་མོ་བཞི་པོ་ནི་སྙིང་གའི་འཁོར་ལོ་ཡི་གེ་རང་རང་གི་ས་བོན་དུ་གྱུར་པ་ར་དང་། པ་དང་། ཙ་དང་། ན་ལ་བསྡུའོ། །འཁོར་ལོ་རྩིབས་བརྒྱད་ཀྱི་ཡི་གེ་བརྒྱད་པོ་ནི་ལྟེ་བའི་ཨོཾ་ལ་བསྡུ་བར་བྱའོ། །དེ་ནས་ཨོཾ་ལས་བསྡུས་པས་ཨོཾ་

ལས་འོད་བྱུང་སྟེ་ལུས་ཐམས་ཅད་ལ་འོད་ཀྱིས་ཁྱབ་ནས་དེ་ཡང་སླར་འདུས་པས་ཨོཾ་ཉིད་ལ་འོད་དང་ལུས་སུ་བཅས་པ་ཐིམ་ནས་ཨོཾ་ཉིད་ཀྱང་འོད་དུ་ཞུ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་གཟུང་བ་དང་འཛིན་པས་སྟོང་པ་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་དང་།
རྒྱུ་མཚན་དང་བྲལ་བ་མཚན་མ་མེད་པའི་སྒོ་དང་། འབྲས་བུ་རེ་རེ་སྨོན་པ་མེད་པས་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པར་བསམ་མོ། །ལས་ཀྱི་རིམ་པ་གང་བྱེད་ཀྱང་སྔོན་འགྲོའི་ཆོ་ག་གཏོར་མ་འདི་ཡིན་ལ། འདི་རྩོམ་པའི་གང་ཟག་ལ་ཕན་ཡོན་ནི་ཤེས་བྱ་དང་ཉོན་མོངས་
པའི་སྒྲིབ་པ་གཉིས་བྱང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ནི་ཤིན་ཏུ་མྱུར་བར་ཐོབ་པར་འགྱུར་རོ། །སྲིད་པ་ཉིད་གཏི་མུག་གི་དགོན་པ་སྟེ་ཆོས་ཀྱིས་དབེན་པ་ཡིན་ལ། དེས་ན་རྣལ་འབྱོར་པ་རྣམས་ཀྱང་ལམ་གྱི་རབ་གསང་སྔགས་ཀྱི་
ལམ་སྟོར་ན་གཞན་རྣམས་ལྟ་ཅི་སྨོས་ཞེས་བྱའོ། །ལམ་སྟོར་བ་རྣམས་ལ་དེ་བསྟན་པའི་དོན་དུ་བདག་གིས་ལམ་འདི་བརྩམས་པས་འགྲོ་བ་སེམས་ཅན་ཚད་མེད་གཞལ་དུ་མེད་པ་གྲོལ་བར་ཤོག་ཅིག་པའོ། །རྒྱུད་དང་སློབ་དཔོན་དགོངས་པ་དང་། །ཀླུ་སྒྲུབ་ལ་སོགས་མན་ངག་དང་།
བླ་མ་བརྒྱུད་པའི་རིམ་པ་རྣམས། །མི་འགལ་ཚུལ་དུ་བརྩམས་པ་ཡིན། །འདི་དོན་མ་རྟོགས་གང་ཟག་རྣམས། །ལམ་གྱི་སྒྲོན་མས་དགའ་བྱའི་ཕྱིར། །ཆོས་ཀྱི་རྒྱལ་མཚན་གུས་པ་ཡིས། །རྡོ་རྗེ་བདག་གིས་འབད་དེ་བྲིས། །བཀྲ་ཤིས་མར་མེ་བརྩོམས་པ་བཤད་པའི་དགེ་བ་
འདིས། །རྨོངས་པས་དེ་དོན་རྟོགས་ཤིང་འཇམ་དཔལ་གྲུབ་པར་ཤོག །བླ་མ་དམ་པ་ཡུན་རིང་བསྟེན་ཅིང་གཞན་འགྲོལ་ཤོག །གཞན་རྒྱུད་བཀྲོལ་བས་འགྲོ་རྣམས་འཇམ་དཔལ་ཉིད་ཐོབ་ཤོག །གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་མི་བསྐྱོད་པས་མཛད་པ་རྫོགས་སོ།། །།རྒྱ་གར་
གྱི་མཁན་པོ་བཛྲ་ཀཱིརྟི་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །ཆ་གསུམ་འབྲིང་པོའི་ཆོ་ག་བཞུགས་སོ།། ༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཏོར་མ་ཆ་གསུམ་གཏོང་བ་རྣམས་ཀྱིས་

དང་པོ་མཎྜ་ལ་བྱེད་དུ་བཅུག་ལ། མཆོད་པ་དང་གཏོར་མ་བཤམས་ཏེ་བདག་ཉིད་ལྷར་བསྐྱེད་ནས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་རིགས་ཀྱི་ཁྲོ་བོར་བསྐྱེད་ལ། དེའི་འོག་ཏུ་གཏོར་མ་བྱིན་གྱིས་བརླབ་པར་བྱ་སྟེ། གསང་བ་དང་། སྦྱང་བ་དང་། སྤེལ་བ་དང་། བདུད་རྩིར་བསྒྱུར་བ་དང་། འདོད་
པ་སྒྲུབ་པ་དང་། ཐོབ་པ་དང་། མཉམ་པོར་ཐོབ་པ་དང་། སྟོབས་བརྗོད་པ་སྟེ་འདི་ཙམ་གྱིས་ནི་གཏོར་མ་བྱིན་གྱིས་བརླབ་པ་བསྟན་ཏོ། །སྤྱན་དྲངས་པ་དང་མཆོད་ཡོན་སྦྲེངས་ཏེ་བཞུགས་སུ་གསོལ་བ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། མཆོད་པ་དང་། བསྟོད་པ་དང་།
བསྔོ་བ་དང་། ལས་བཅོལ་བ་དང་། སླར་གཏོང་བ་སྟེ་འདི་ཙམ་གྱིས་ནི་གཏོར་མ་སྦྱིན་པའི་ཆོ་ག་བསྟན་ཏོ། །དེ་ལ་དྲི་ཆུ་ལ་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་གཏོར་བ་ནི་བསང་བའོ། །གཏོར་མའི་དབུས་སུ་ཡི་གེ་རྃ་བསམས་ཏེ་བསྲེག་པ་ནི་སྦྱང་བའོ། །ཨོཾ་སྭ་བྷཱ་བ་
བི་ཤུདྡྷ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ་ཞེས་བྱ་བས་ཀྱང་སྦྱང་བར་བྱའོ། །ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་བར་བྱ་སྟེ། ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱ་བ་ནི་ཕྱག་རྒྱའོ། །སྔགས་ནི་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏད་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་
ཁཾ་སྭཱ་ཧཱ་ཞེས་པ་ནི་སྤེལ་བའོ། །ལག་པ་སོར་མོ་བསྣོལ་ལ་གུང་མོ་གཉིས་རྩེ་སྤྲད། །དེ་ནས་བཅག་སྟེ་དཔྲལ་བར་བཅིངས་ནས་དགྲོལ་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བརྗོད་པ་ནི་བདུད་རྩིར་བསྒྱུར་བའོ། །ལག་པ་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ལ་ངག་ཏུ། ཨོཾ་ཨ་
ཀཱ་ར་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤ་ན་ནྟྭཱད་ཨོཾ་ཨཱཿཧཱུཾ་ཕཊ་ཅེས་པ་ནི་འདོད་པ་སྒྲུབ་པའོ། །གཡས་པ་ཁྲོ་བོའི་ཁུ་ཚུར་བཅངས་ལ་རྫས་ལ་མཛུབ་མོ་བསྒྲེངས་པ་གཏད་དེ་སེ་གོལ་བརྡབ་ཅིང་བཀྲོལ་ལ། ན་མཿསརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ་ཞེས་པས་ཐོབ་པར་བྱའོ། །
ལག་པ་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ཏེ་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱཧཱ་ཞེས་པ་སྤྱན་གྱི་སྔགས་ཀྱིས་མཉམ་པོར་ཐོབ་པའོ། །སྟོབས་བརྗོད་པ་ནི། བདག་གིས་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་

སྟོབས་རྣམས་ཀྱིས། །འཕགས་པའི་ཚོགས་རྣམས་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་འདིར་མ་ལུས་པར། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་
གྱུར་ཅིག །ཅེས་བརྗོད་དོ། །མགོན་པོ་ཀུན་གཤེགས་གདན་ལ་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །
ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཅིང་། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་
འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ་ཞེས་བྱ་བ་དང་། དྲིལ་བུ་དཀྲོལ་ཞིང་སྤོས་བསྒྲེངས་ཏེ་རང་རང་གི་སྔགས་དང་། ཕྱག་རྒྱ་དང་། ཨེ་ཧྱེ་ཧི་ཞེས་
པས་སྤྱན་དྲང་ངོ་། །མཆོད་ཡོན་གྱིས་སྤྱན་དྲངས་ནས་མེ་ཏོག་གི་གདན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པ་ནི་ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ཏེ། གཡས་པ་རྡོ་རྗེའི་ཕྱག་རྒྱ་སྟ་ཟུར་ལོགས་སུ་བཞག་སྟེ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡབ་པ་ནི་བརྒྱ་
བྱིན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་ལྕགས་ཀྱུར་མ་བྱས་པ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་གཡས་པའི་མཛུབ་མོ་ཟླུམ་པོར་བཀུག་སྟེ་གུང་མོའི་ཚིགས་གསུམ་
པ་བཀུག་ལ་མཐེ་བོང་ལག་མཐིལ་དུ་གཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་གི་ངོས་ལ་མཛུབ་མོ་བཙུགས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་མཐེ་བོང་གི་ངོས་ལ་བཙུགས་པ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་གཏང་

བའི་ཕྱག་རྒྱའོ། །སྙིམ་པ་མདུན་དུ་བཞག་སྟེ་སོར་མོ་ཕན་ཚུན་བསྣོལ་ལ་ཁུ་ཚུར་བཅངས་ནས་སྲིན་ལག་གཉིས་བསྒྲེངས་ཏེ་གཤིབས་ལ་གཡབས་ཏེ་ནང་དུ་གཞག་པ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་བཞིན་དུ་བསྒྲེངས་ཏེ་སྙིང་གར་གཞག་པ་ནི་དམ་ཚིག་གི་ཕྱག་
རྒྱའོ། །དེ་ཉིད་ལས་སྲིན་ལག་གཉིས་དྲག་ཏུ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་གཡས་པའི་ཁུ་ཚུར་བཅས་ལ་མཛུབ་མོ་དང་གུང་མོ་གཉིས་རལ་གྲི་འདྲ་བར་གཤིབས་ལ་བསྒྲེངས་ཏེ་གཞག །ལག་པ་གཡོན་པའང་དེ་བཞིན་དུ་བྱས་ཏེ་སྟ་ཟུར་ལོགས་སུ་བཞག་ལ་
གཡོན་པའི་མཛུབ་མོ་བཀུག་སྟེ་གཡབ་པ་ནི་བདེན་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་སྟ་ཟུར་ལོགས་སུ་རལ་གྲི་འདྲ་བར་གཞག་པ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་
གཡོན་པ་ཁུ་ཚུར་བཅངས་ནས་མཐེ་བོང་མཛུབ་མོ་གཅིག་ཏུ་སྦྱར་ཏེ་ཞགས་མིག་ལྟར་བྱས་ལ། གཡས་པའི་ཁུ་ཚུར་ཡང་དེ་ལྟར་བྱས་ཏེ་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཡབ་པ་ནི་ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་
དུ་གཞག་པ་ལས་ཞགས་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེངས་པའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལ་སྟ་ཟུར་ལ་གཞག །གཡས་
པའང་དེ་བཞིན་སྟ་ཟུར་ལོགས་སུ་བཞག་ཅིང་མཐེ་བོང་བསྒུལ་བ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་སྔ་མ་ལྟར་བྱས་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་
རྡོ་རྗེ་བཅིང་བ་ནང་དུ་བཟློག་སྟེ་མཐེ་ཆུང་གཤིབས་ལ་བརྐྱང་སྟེ། དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་བཞག་ནས་གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ་གཡབ་པ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིང་བའི་ཚུལ་ལྟར་བྱ་སྟེ་སྙིང་གར་གཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་

ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་ཐལ་མོ་གཅིག་ཏུ་སྦྱར་བའི་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་རྒྱབ་ལོགས་
སུ་མཛུབ་མོ་གཉིས་དང་གུང་མོ་གཉིས་རྡོ་རྗེ་འདྲ་བར་བྱ། མཐེ་བོང་གཉིས་བར་དུ་གཤིབས་ཏེ་བཞག་ལ་དེ་ནས་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་ནས་ནང་དུ་གཡབ་པ་ནི་དབང་ལྡན་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་སྙིང་གར་གཞག་པ་ནི་དབང་ལྡན་གྱི་དམ་
ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་ཁ་བལྟས་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་གཡབ་པ་ནི་ཚངས་པ་ལ་སོགས་པ་སྤྱན་དྲང་བའོ། །དེ་ཉིད་ལས་མཛུབ་མོ་གཉིས་སྔ་མ་ལྟར་
བྱས་ཏེ་སྙིང་གར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་རྣམས་ཉིད་ལས་ཁ་འོག་ཏུ་བལྟས་ན་འོག་གི་ལྷ་སྤྱན་དྲང་བ་ལ་སོགས་པར་འགྱུར་རོ། །ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་སོར་མོ་རྣམས་བར་མཚམས་
མེད་པར་ཕན་ཚུན་རྩེ་སྤྲད་ལ། མཐེ་བོང་དང་མཛུབ་མོ་གཉིས་ཟླུམ་པོར་བྱས་པའི་ལྕགས་ཀྱུས་གཡབ་པ་ནི་སའི་ལྷ་མོ་ལ་སོགས་པ་སྤྱན་དྲང་བའི་ཕྱག་རྒྱའོ། །མཛུབ་མོ་མི་གཡབ་པར་སྔ་མ་ལྟར་སྙིང་གར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། །སྔགས་
ནི། ཨོཾ་རུ་དྲཱ་ཡ་གྲྀ་ཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་པུཥྤཾ་སྭཱ་ཧཱ། དྷཱུ་པཾ་སྭཱ་ཧཱ། དཱི་པཾ་སྭཱ་ཧཱ། གནྡྷཾ་སྭཱ་ཧཱ། ནཻ་བི་དྱཾ་སྭཱ་ཧཱ། ཨོཾ་ཤབྡ་སྭཱ་ཧཱ། ས་ཧ་ཤྲ་ཨ་ཀྵ་ཡེ་གྲྀ་ཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། ཨོཾ་ནི་ཪྼྀ་ཏྱཱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ།
ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨུརྡྷཾ་བྲ་ཧྨ་ཎཱ་ཡ་སྭཱ་ཧཱ། ཨོཾ་སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨ་དྷྭ་པྲྀ་ཐྭཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ གྲྀ་ཧྞེ་དཾ་ཨརྒྷཾ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པས་མཆོད་ལ་བསྟོད་པ་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །

ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་དབྱུག་པ་འཆང་བའི་ལྷ། །མ་མོའི་རྒྱལ་པོ་
གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །བདེན་བྲལ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །
ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །
གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་གདོན་གྱི་ཚོགས་
བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་ཚོགས་བཅས་
ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་དེ་གཏོར་མ་སྦྱིན་ནོ། །ཨོཾ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་པྲི་ཡཱ་ཡ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་གྲིཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཨོཾ་ས་ཧ་ཤྲ་ཨ་ཀྵ་ཡེ་ཨོཾ་ཨགྣེ་མ་ཧཱ་ཏེ་ཛ་ས་མ་ཡེ་སྭཱ་ཧཱ། ཨོཾ་
ཀརྨ་ནུ་ཤ་མ་དྷརྨ་རཱ་ཛཱ་ཡ། ཨོཾ་རཱཀྵ་ས་ཨ་དྷི་པ་ཏ་ཡེ་རཀྟ་མཱ་ལ་རཀྟ་པྲི་ཡཱ་ཡ། ཨོཾ་མ་ཧཱ་ནཱ་གཱ་པྲི་ཡ་པདྨ་པྲི་ཡ། པདྨ་དྷརཱ་ཡ། ཨོཾ་ག་ག་ན་བི་ས་རི་སརྦ་སཏྭོ་ཨནྟ་ཀཱ་ཡ། ཨོཾ་དུརྒྲ་ཧ་པྲི་ཡ་སརྦ་དེ་བ་ཏ་ལཱ་ཡ། ཨོཾ་ཨུརྡྷཾ་བྲ་ཧྨ་ཎཱ་ཡ་སྭཱ་ཧཱ། ཨོཾ་སཱུརྱ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲ་ནཀྵ་ཏྲ་ཨ་དྷི་

པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨ་དྷཱ་པྲྀ་ཐྭཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿསྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ། །ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །
ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །དེ་དག་སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་སུ། །རང་རང་
ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དཔུང་བཅས་དང་ལྷན་ཅིག་ཏུ། །གཏོར་མ་མེ་ཏོག་དྲི་དང་བདུག་པར་བཅས། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །ཅེས་
བསྔོ་བར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་ཅི་ཡང་མ་ཡིན་པའི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་གྱི་རླབས་དང་། གསང་སྔགས་དང་། རིག་སྔགས་དང་། ཕྱག་རྒྱ་དང་། བདག་གི་མོས་པའི་
མཐུ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་གྱི་དབང་གིས་མཆོད་སྦྱིན་གྱི་གཏོར་མ་འདི་ལྷའི་ཞལ་ཟས་དྲི་དང་རོ་དང་ཁ་དོག་དང་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ། གནས་དང་གོས་དང་བཀོལ་བ་དང་བཞོན་པ་དང་རྒྱན་ལ་སོགས་པ་སྟེ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ་དབང་པོ་དྲུག་གི་སྤྱོད་ཡུལ་དང་
འཚམ་ཞིང་ཚིམ་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ལ་སོགས་ཏེ་འཕགས་པ་ཀུན་དུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོ་ལྟ་བུར་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་ཞིང་འཁོར་བའི་མཐས་གཏུགས་པའི་བར་དུ་གནས་པར་གྱུར་ཅིག །
ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་

པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་
ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་མེད་ཅིང་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ད་ལྟར་གྱུར་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཆེ་གེ་
མོའི་དོན་དུ་བསྔོ་ཞིང་འབུལ་བའི་གནས་ནི་ཕྱོགས་སྐྱོང་བའི་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། སངས་རྒྱས་ཀྱི་བསྟན་པ་མཐའ་དག་ལ་གནས་ཤིང་བསྟན་པ་དང་འཁོར་རྣམ་བཞི་བསྲུང་བར་ཞལ་གྱིས་བཞེས་པའི་དམ་ཚིག་ཅན་ཁྱེད་རྣམས་ལ་
མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །དེ་དག་གི་སྤྱན་ལམ་མངའ་རིས་སུ་ཡང་སོ་སོའི་ཅི་ལ་དགྱེས་པ་དང་། གང་དག་གང་གིས་འདུལ་བ་དེ་ལྟ་བུའི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་
སྒྲུབ་པ་པོ་སོ་སོའི་རྣམ་པར་ཐར་པ་དང་འཚམ་ཞིང་། ཐར་པའི་སྒོར་ཚུད་པ་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བའི་མཐའ་ཇི་སྲིད་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱིས་ཆེ་གེ་མོའི་དོན་དུ་ཐུགས་བརྩེ་བར་དགོངས་ཏེ་གསོལ་ཞིང་བཞེས་སུ་གསོལ། བདག་གི་བར་
མཛད་དུ་གསོལ། ཆེ་གེ་མོའི་སྔོན་གྱི་ལས་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ད་ལྟར་གྱི་ལུས་ལ་གནོད་པའི་སྦྱོར་བ་བགྱིད་པ་གང་ཡང་རུང་བ་དེ་དག་ཐམས་ཅད་སེམས་ཞི་བ་ཆེན་པོར་བསྒྱུར་ཞིང་གནོད་པ་མི་བགྱིད་པར་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་
ན་ཡང་ཁྱད་པར་ཅན་ཁྱེད་ཀྱི་མངའ་རིས་སུ་མ་འདུས་པ་གང་ཡང་མ་མཆིས་པས་སོ་སོའི་རིགས་ཀྱིས་ཆད་པས་བཅད་པ་དང་། བསྐྲད་ཅིང་མཚམས་བཅད་པ་དང་། གཞོམ་པ་དང་། བསྡིགས་པ་དང་། སྤ་བཀོང་བར་མཛད་དུ་གསོལ། ཆེ་གེ་མོ་ཞེས་བགྱི་བ་འདི་ཡོན་ཏན་ཕུན་སུམ་ཚོགས་པར་

བྱིན་གྱིས་བརླབས་ཏེ། བདག་ཅག་གིས་བསྔགས་པའི་ལས་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ་ཞེས་བྱ་བས་ལས་བཅོལ་ལོ། །གོང་དུ་སྨོས་པའི་རང་རང་གི་སྔགས་དང་སླར་གཏང་བའི་ཕྱག་རྒྱས་གཙྪཿཞེས་བརྗོད་དེ་སླར་གཏང་ངོ་། །འབྱུང་པོ་སྤྱིའི་གཏོར་མ་ཡང་བསང་བ་
ལ་སོགས་པ་སྔ་མ་དང་འདྲའོ། །དང་པོ་སྤྱན་དྲང་བར་བྱ་སྟེ། ལྷ་དང་ཀླུ་དང་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་
པ་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ནི་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །ཅེས་བྱ་བས་གོང་མ་བཞིན་དུ་སྤྱན་དྲང་ངོ་། །ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀ་རཱ་ཡ། དེ་བ་ནཱ་ག་ཡཀྵ། གནྡྷརྦ་ཨ་སུ་ར། ག་རུ་ཌ་ཀི་ནྣ་ར།
མ་ཧོ་ར་ག་མ་ནུ་ཥྱ་ཨ་མ་ནུ་ཥྱ་ས་པ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ་ཞེས་བྱ་བས་སྤྱན་དྲང་ངོ་། །དམ་ཚིག་གི་ཕྱག་རྒྱ་ནི་གཞུང་ན་མེད་དོ། །མཆོད་པ་ནི་རང་རང་སྔགས་དང་གོང་མ་བཞིན་དུ་དབུལ་ལོ། །སྔགས་ནི་འདི་དག་ཡིན་ནོ། །ཨོཾ་དེ་བ་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་ནཱ་ག་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་ཡཀྵ་གནྡྷེ་བྷྱཿསྭཱ་ཧཱ།
ཨོཾ་གནྡྷརྦ་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་ཨ་སུ་ར་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་ག་རུ་ཌ་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་ཀིནྣ་ར་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་མ་ཧོ་ར་ག་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་མ་ནུ་ཥྱ་གནྡྷེ་བྷྱཿསྭཱ་ཧཱ། ཨོཾ་ཨ་མ་ནུ་ཥྱ་གནྡྷེ་བྷྱཿསྭཱ་ཧཱ་ཞེས་བྱ་བ་དང་མཆོད་ཡོན་ནས་གཏོར་མའི་བར་གྱིས་མཆོད་དོ། །བསྟོད་པའང་མེད་དོ། །བསྔོ་བ་ནི།
འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གནས་ན་ལྷག་པར་གནས་གང་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་
དང་། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་

སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་
པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་ཀྱང་། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། །བསྟོད་དང་གཏོར་མ་མར་མེ་གུས་ཕུལ་བ། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད། །ཅེས་བྱ་བས་
བསྔོས་ལ། དེའི་རྗེས་ལ་ལས་བཅོལ་བ་ནི། དེ་ལྟར་གྱུར་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བརྒྱ་བྱིན་གཏན་པ་མེད་པའི་མཆོད་པར་དམིགས་ཏེ་ལྷ་ཀླུ་ཁྱེད་རྣམས་ལ་འབུལ་ལོ། །མཆོད་དོ། །མགྲོན་ནོ། །སྦྱིན་ནོ། །སྩལ་ལོ། །དེ་དག་ཐམས་ཅད་ཀྱི་གནས་རིས་སོ་སོ་གང་ལ་མོས་པ་དང་ཅི་
དགའ་བ་དང་། གང་གིས་འདུལ་ཞིང་འཚམ་པའི་མཆོད་སྦྱིན་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་སོ་སོའི་རྣམ་པར་ཐར་པ་དང་མཐུན་པ། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་དང་སྤྱོད་པ་གྲངས་
མེད་པར་གནས་པ་དང་། ཚད་མེད་པར་བསམ་གྱིས་མི་ཁྱབ་པ་འབྱུང་བར་གྱུར་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་པ་ནས། སྲས་སུ་སྐྱེ་ཞེས་པའི་བར་དུ་གོང་བཞིན་དུ་བརྗོད། ཆོས་ཀྱི་སྦྱིན་པས་སྒྲིབ་པ་རྣམ་པ་གཉིས་ནི་བྱང་། ཚོགས་རྣམ་པ་གཉིས་ནི་རྫོགས་ནས་མྱ་ངན་ལས་
འདས་པའི་བདེ་བ་དམ་པ་ལ་མྱུར་དུ་གནས་པར་གྱུར་ཅིག །དེ་ལྟར་ཚད་མེད་པའི་ཆོས་དང་ཟང་ཟིང་གི་སྦྱིན་པ་འདིས་ཆེ་གེ་མོ་ཞེས་བྱ་བའི་སྔོན་གྱི་ལས་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ་ད་ལྟར་གྱི་ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྒྲིབ་པ་དང་བཀྲ་མི་ཤིས་པ་དང་རྨི་ལམ་ངན་པ་ལ་
སོགས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་རིང་བ་དང་། ནད་མེད་པ་དང་། མཐུ་དང་། ལོངས་སྤྱོད་དང་། གཟི་མདངས་དང་ལྡན་པ་དང་། དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་བརྗོད་དེ། ལས་

བཅོལ་ནས་གོང་དུ་སྨོས་པའི་རང་རང་གི་སྔགས་དང་གཙྪཿཞེས་བརྗོད་ལ་མཆོད་ཡོན་སྦྲེངས་ལ་སླར་གཏང་ངོ་། །བགེགས་གཏོར་ནི་བསང་བ་ནས་སྟོབས་བརྗོད་པའི་བར་དུ་གོང་མ་བཞིན་དུ་བྱ་སྟེ། དེའི་འོག་ཏུ་བདག་ཉིད་ཁྲོ་བོར་གསལ་བར་དམིགས་ལ་ཁྲོ་བོ་གང་ཡིན་པ་དེའི་
སྔགས་བརྒྱའམ་སྟོང་བཟླས་ཏེ་བསྐུལ་ལ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། ཕྱག་རྒྱ་དང་། སྙིང་པོ་དང་། ཏིང་ངེ་འཛིན་གྱི་བདེན་པའི་བྱིན་གྱི་རླབས་ཀྱིས། བགེགས་ཀྱི་རིགས་གང་ཡིན་པ་དེ་ཐམས་
ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག་ཅེས་བརྗོད་ལ་ལྕགས་ཀྱུའམ། འདོད་པའི་རྒྱལ་པོའི་སྔགས་དང་ཕྱག་རྒྱས་དགུག་པར་བྱའོ། །མཆོད་ཡོན་སྦྲེངས་ལ་མདུན་དུ་བཞག་ལ། ཨོཾ་གུཾ་ཀ་རི་གུཾ་ཀ་རི་སྭཱ་ཧཱ། པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུཾ་གུཾ་སྭཱ་ཧཱ་ཞེས་བྱ་བ་དང་། ཕྱོགས་སྐྱོང་མཆོད་
པའི་སྔགས་གྲིཧྣེ་དཾ་ཞེས་བྱ་བས་མཆོད་པར་བྱའོ། །དེ་ནས་ཚིགས་སུ་བཅད་པ་འདིས་བསྔོ་བར་བྱའོ། །ཧཱུྃ་གང་དག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་ལ་སོགས་པ། །དེ་དང་དེ་ལ་གཏོར་མ་ནི། །
བཟའ་དང་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་དང་། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དི་རིང་ཕན་ཆད་བསྐྱེད་པར་གྱིས། །ཞེས་བྱ་བས་བསྔོ་བར་བྱའོ། །དེས་ན་ཚིག་འདིས་བདེན་པ་བདར་རོ། །རྒྱན་གྱིས་
བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་
བྱེད་ཅིག །ཨོཾ་ཆེན་པོ་འམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་རབ་ཏུ་དབྱུང་བར་བགྱིས། །གདོན་རྣམས་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་སུ། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་བསམ་

པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིས་ནི་ཆེ་གེ་མོ་ཞིག་གིས། །ནད་དེ་རབ་ཏུ་བསལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཞེས་བརྗོད་ལ། ཨོཾ་སརྦ་བིགྷྣཱན་གཙྪཿཞེས་བྱ་བས་སླར་གཏང་ངོ་། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མཚམས་བཅད་པ་
ནི། ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོཏ་ཀ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱ་བི་ནཱ་ཡ་
ཀཱ་ན་མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ཆ་གསུམ་འབྲིང་པོའི་ཆོ་ག་ནོར་བུ་གླིང་པ་བདེ་བའི་རྡོ་རྗེའི་གདམས་ངག་ལ་བརྟེན་ནས་པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨས་ཉེ་བར་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛ་ལ་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། ཆུ་གཏོར་གྱི་ཆོ་ག་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དད་པ་ཅན་གང་ཞིག་གིས་ལས་སུ་བྱ་བ་ལ་ཕན་ཡོན་ཆེ་ལ་སླ་བ་ནི་ཆུ་གཏོར་ཡིན་པས་འདི་ལ་
བརྩོན་པར་བྱའོ། །དེ་ལ་རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཆུ་བླུགས་ལ་ཕྱེ་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་དང་། གསེར་ལ་སོགས་པ་རིན་པོ་ཆེ་རྣམ་པ་ལྔ་བདར་བ་དང་། ཁ་ཟས་མ་སྨྲས་པ་མ་སྨོས་པ་སྣ་ཚོགས་དང་། སྨན་དང་འབྲུ་དང་དྲི་ལ་སོགས་པ་སྦྱར་ན་ལྷག་པར་ཡང་བཟང་ངོ་། །སྤྱིར་
གཏོར་མའི་ལས་བགྱིའོ་འཚལ་ལ་རྟག་པ་དྲུག་སྟེ་སྦྱང་བ་ལ་སོགས་པའོ། །དེ་ལ་སྦྱང་བ་ནི་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱས་སོ། །སྤེལ་བ་ནི་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སོ། །མོས་པར་བསྒྱུར་བ་ནི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་སོ། །སྤྱོད་པ་ལ་
དབང་བ་ནི་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་དང་ཕྱག་རྒྱས་སོ། །ཐོབ་པར་བྱེད་པ་ནི་ཡེ་ཤེས་སྐར་མདའི་སྔགས་དང་ཕྱག་རྒྱས་སོ། །དབང་དུ་བྱ་བ་ནི་ལྷ་མགོན་སྤྱིའི་སྔགས་དང་ཕྱག་རྒྱས་ཏེ་དབང་སྒྱུར་འཁོར་ལོའི་སྔགས་དང་ཕྱག་རྒྱས་སོ། །དེ་ལ་བསམ་རྒྱུད་ནི་དང་པོར་བདག་ཉིད་ལུས་བསྲུང་

ཞིང་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དྲན་པ་སྐྱེད་ལ། ཚད་མེད་པ་བཞིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཞིང་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དྲན་པར་བྱའོ། །བསྔོ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བར་བྱ་སྟེ། དེ་ཡང་
དམིགས་ཀྱི་བསྔོ་བ་ནི་སྲི་ཞུའི་མགྲོན་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རང་སངས་རྒྱས་ལ་སོགས་པ་དང་། ཡོན་ཏན་གྱི་མགྲོན་ཚངས་པ་དང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་བཞི་དང་། ཕྱོགས་སྐྱོང་བཅུ་དང་སྲུང་མ་དམ་ཚིག་ཅན་རྣམས་དང་། སྙིང་རྗེའི་མགྲོན་འགྲོ་བ་རིས་དྲུག་གི་
སེམས་ཅན་དང་། ཁྱད་པར་དུ་ཡང་བདག་གི་ལྷ་མགོན་དང་། ཡུལ་གང་ན་གནས་པའི་ས་བདག་ལྷ་ཀླུ་དང་། ལན་ཆགས་ཀྱི་མགྲོན་ཚེ་རབས་བགྲངས་པའི་རྐྱེན་བགེགས་དང་། ཕན་གནོད་བྱེད་པའི་ལྷ་འདྲེ་ཀུན་ལ་ཡང་མཉམ་སྙོམས་སུ་བསྔོ་བར་བྱའོ། །དེ་ལ་དང་པོ་ལག་པ་ཐལ་མོ་ཁོང་སྟོང་དུ་
སྦྱར་ལ་འདི་སྐད་དུ་བརྗོད་དོ། །ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སོར་མོ་རྣམས་རྩེ་སྤྲད་དེ་ཚིགས་ཟུར་ཅན་རིན་པོ་ཆེ་ལྟ་བུར་བྱས་ལ་སྔགས་འདི་བརྗོད་དོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།
ལག་པ་ཐལ་མོ་སྦྱར་ལ་ཕྱིར་བསྐྱེད་དེ་མཐེ་བོང་གཉིས་བསྣོལ་ལ་སྔགས་འདི་བརྗོད་དོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེངས་ཏེ་སྔགས་འདི་བརྗོད་དོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལག་པ་གཡས་པ་
རྡོ་རྗེ་ཁུ་ཚུར་སྙིང་གར་བསྟན་ལ། གཡོན་པ་མཆོག་སྦྱིན་གྱི་སྣོད་འདེགས་པའི་ཚུལ་དུ་བྱས་ཏེ་སྔགས་འདི་བརྗོད་དོ། །ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་ཧཱུཾ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། སོར་མོ་རྣམས་ནང་དུ་བསྣོལ་ཏེ་མཐེ་བོང་
གཉིས་གཤིབས་ཏེ་བརྐྱང་ལ་སྔགས་འདི་བརྗོད་དོ། །ན་མཿས་མནྟ་བུདྡྷཱ་ནཱཾ། གྲ་ཧེ་ཤྭཱ་ར་པྲ་བྷ་ཛྱོ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་འདི་གཅིག་ལ་ཡང་ལན་བདུན་བདུན་བཟླས་སོ། །དེ་ཡང་དང་པོས་ནི་གཏོར་མ་སྐྱོན་མེད་ཅིང་དག་པ་ཆེན་པོར་བྱིན་གྱིས་བརླབ། །གཉིས་པས་ནི་མཆོད་པའི་

རྫས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མོས་པ་ཇི་ལྟ་བ་བཞིན་ནམ་མཁའི་ཁམས་འདོད་པའི་ཡོན་ཏན་ལྔས་གང་བར་བྱིན་གྱིས་བརླབ་བོ། །དེ་ལྟར་སྤེལ་ནས་གསུམ་པས་ནི་བདུད་རྩིའི་རྒྱ་མཚོ་དང་། ཟས་ལ་སོགས་པ་ལོངས་སྤྱོད་ལ་ཇི་ལྟར་སོ་སོར་མོས་པ་བཞིན་དུ་
ལོངས་སྤྱོད་ཀྱི་རྐྱེན་དུག་ལྔའི་གསོས་དང་། ཡེ་ཤེས་ལྔར་བྱིན་གྱིས་བརླབ་པོ། །བཞི་པས་ནི་འཕགས་པ་རྣམས་ཀྱི་སྤྱན་ལམ་དུ་ཡང་གཞལ་མེད་ཁང་བརྩེགས་མ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་མང་པོར་སྤྲུལ་ནས་མཆོད་པ་དང་། སེམས་ཅན་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་འདོད་པ་
བཞིན་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་དུ་འབྱུང་བར་བསམ་ཞིང་། ཁྱད་པར་དུ་ཡང་ཡི་དགས་ཀྱི་རྣམ་པ་མང་པོ་དང་སེམས་ཅན་ཀུན་གྱི་བསམ་པ་ཡོངས་སུ་སྐོང་བར་བྱིན་གྱིས་བརླབ་པོ། །ལྔ་པས་ནི་བདག་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་འཕགས་པ་རྣམས་ལ་མཆོད་པ་ཕུལ་ནས་མཉེས་པ་
དང་། སེམས་ཅན་ལ་བྱིན་པས་ཕམ་རྒྱལ་མེད་པ་དང་འཐབ་རྩོད་མེད་པ་སོ་སོའི་མོས་པ་བཞིན་ཐོབ་པར་བྱིན་གྱིས་བརླབ་བོ། །དྲུག་པས་ནི་སྲི་ཞུའི་མགྲོན་དང་ཡོན་ཏན་གྱི་མགྲོན་དང་། སྙིང་རྗེའི་མགྲོན་དང་། ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་རིགས་ལ་ཡང་དམ་ཚིག་གི་དབང་གིས་འགོ་
ཞིང་སྟོང་གྲོགས་སུ་གྱུར་པར་མངོན་སུམ་དུ་དམིགས་སོ། །སེམས་ཅན་གྱི་དོན་དུ་འགྱུར་བའི་ལས་མི་འགལ་བར་ཅི་བཅོལ་བ་ཡང་འགྲུབ་སྟེ་ཕྱག་རྒྱ་ཡང་ཕྱོགས་བཅུར་བསྟན་ལ་དབང་དུ་བྱའོ། །དེ་ནས་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་བསྔོ་བར་བྱའོ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་
འདི། །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་དང་། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང་། །བདག་གི་སྨོན་ལམ་ཏིང་འཛིན་ཤེས་རབ་ཀྱིས། །ཡེ་ཤེས་
ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་འཕེལ་བར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་

རྣམས་དང་བྲལ། །ཡང་ནི་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ནི་སེམས་ཅན་ཐམས་ཅད་ཀྱང་། །བསམ་པ་ཡིད་བཞིན་གྲུབ་གྱུར་ཅིག །བྱོལ་སོང་གཅིག་ལ་གཅིག་ཟ་བའི། །གནོད་པ་དེ་དག་ཡོངས་མ་འབྱུང་། །ཡི་དགས་
རྣམས་ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །བསོད་ནམས་བྱིན་པའི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་
གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ཡང་རྒྱ་ཆེར་བྱའོ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་
ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་མང་པོས་ཆོས་དང་ཟང་ཟིང་གཉིས་སུ་མེད་པའི་སྦྱིན་པ་རྒྱ་ཆེན་པོར་བྱའོ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པ་རྣམ་པ་གཉིས་ཀྱིས་སྒྲིབ་པ་རྣམ་པ་
གཉིས་བྱང་ཚོགས་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་ཤེས་པར་བྱའོ། །སློབ་དཔོན་ཛ་ཡ་སེ་ནས་མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཡོ་ག་
ཨ་བ་ཏཱ་ར་པིཎ་ཌཱཪྠ། བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་མན་ངག་ཏུ་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཟབ་མོའི་རྒྱ་མཚོ་ཆེན་པོར་རབ་བཞུགས་པའི། །ཡེ་ཤེས་མཚོ་ཆེན་མ་ལུས་དེ་སྙེད་བདག་པོ་མཛད། །ཤེས་
རབ་བདུད་རྩི་ལས་བྱུང་དྲི་མེད་བྱིས་པའི་གཟུགས། །བདེ་གཤེགས་སྲས་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་དང་གཞན་གྱི་དོན་མ་ལུས་པར་མྱུར་དུ་རྫོགས་པར་འགྱུར་བར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ། རབ་ཏུ་བསྡུ་བ་མཛད་པའི་ཆོ་གའི་རིམ་པར་ཕྱེ་བ་ལ་སོམ་ཉི་སྤངས་

པའི་བློས་འཇུག་པར་བྱ་བའི་ཕྱིར་འདི་བརྩམས་སོ། །གང་དག་བསྟན་བཅོས་རྩོམ་པར་འདོད་པ་དག་ཀྱང་ཡ་རབས་དང་ཚུལ་མཐུན་པར་བྱ་བའི་ཕྱིར་བླ་མ་དང་དད་པའི་ལྷ་ལ་ཕྱག་བཙལ་བ་དང་པོ་ཁོ་ནར་ངེས་པར་བྱེད་དོ། །འདིར་ཡང་སློབ་དཔོན་གྱིས་འཇུག་པར་འདོད་པའི་གང་ཟག་རྣམས་ཀྱི་ཕྱིར་རྣམ་པར་བསྡུས་
པ་མཛད་པ་ལ་ཚོགས་ཀྱི་རྒྱུར་འགྱུར་བའི་ཕྱིར་དང་པོ་ཁོ་ནར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། འདི་ནི་བདག་དང་གཞན་གྱི་དོན་ལ་ཡོན་ཏན་གྱི་རྣམ་པ་མཐའ་ཡས་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་འདྲ་བས་དེ་བརྗོད་པ་ཡིན་ནོ་སྙམ་དུ་བསམས་ནས་དེ་བཤད་པའི་ཕྱིར། དཀོན་
མཆོག་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་རྙེད་པར་དཀའ་བ་དང་། རིན་ཆེ་བ་དང་། དོན་ཆེན་པོ་ཉིད་དུ་འགྱུར་བ་དང་། རབ་ཏུ་སྣང་བའི་དོན་གྱིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་ན་དཀོན་མཆོག་སྟེ། ཇི་ལྟར་ཞེ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་
པའི་རིན་གྱིས་རྙེད་པར་འགྱུར་བས་ན་རིན་པོ་ཆེའོ། །ཕྱི་དང་ནང་གི་མུན་པ་ཐམས་ཅད་མ་ལུས་པར་ཡང་དག་པར་སེལ་བར་བྱེད་པའི་དོན་དང་། འཁོར་བ་ཐམས་ཅད་ཀྱི་དབུལ་བ་ལ་སོགས་པ་ཐམས་ཅད་གཅོད་པར་བྱེད་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བདེ་བ་དང་།
ཡིད་བདེ་བ་ཤིན་ཏུ་རྣམ་པར་དག་པའི་གནས་སུ་འགྱུར་བའི་དོན་གྱིས་ན་རབ་ཏུ་སྣང་བ་དང་། དོན་ཆེན་པོ་ཉིད་དུ་འགྱུར་བས་ན་ཡིད་བཞིན་གྱི་ནོར་བུའོ། །དེ་ཡང་དུས་ཡུན་རིང་པོ་ཞིག་ནས་ཐོས་པ་ལ་སོགས་པ་ལས་བྱུང་བའི་ཕྱིར་རྙེད་པར་དཀའ་བ་སྟེ། ཇི་སྐད་དུ། ཐམས་ཅད་མཁྱེན་ཉིད་འཇིག་
རྟེན་དུ། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ཡང་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ཞིང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡིད་བཞིན་གྱི་ནོར་བུའི་དཔེས་དཀོན་མཆོག་ཉིད་དུ་གྲུབ་པོ། འདིར་གསུམ་ཞེས་པ་ནི་ཆོས་
དང་དགེ་འདུན་ཡང་དཀོན་མཆོག་ཉིད་དུ་བཤད་པའི་ཕྱིར་ཏེ། དེ་ཡང་ཐོག་མར་དེ་ཁོང་དུ་ཆུད་པས་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་རབ་ཏུ་སྒྲོལ་བ་དང་། རྒྱུ་དང་བཅས་པའི་སྡུག་བསྔལ་དང་གཏན་དུ་བྲལ་བའི་བདག་ཉིད་དེ་སོ་སོར་བརྟགས་པའི་འགོག་པ་མངོན་དུ་བྱས་པའི་མཚན་ཉིད་པས་གཞན་གྱི་

འཁོར་བའི་ཆུ་བོའི་རྒྱུན་བཟློག་པའི་མཚན་ཉིད་ཀྱིས་ཐ་དད་པ་མ་གཏོགས་པར་ཁྱད་པར་ཅི་ཡང་མེད་པའི་ཕྱིར་ཆོས་ཀྱང་དཀོན་མཆོག་ཉིད་དུ་གྲུབ་པོ། དེར་ཞུགས་ཤིང་དེ་ལས་བྱུང་ནས་འབྲས་བུ་རྣམས་ལ་རིམ་པ་བཞིན་གནས་ཏེ། ཐོབ་པར་བྱ་བ་ལ་གེགས་སུ་གྱུར་པའི་གཉེན་
པོས་འབྲས་བུ་མཐར་ཕྱིན་པར་འདོད་པ་དག་ཀྱང་འདས་པ་ལ་སོགས་པའི་དུས་ཀྱི་ཁྱད་པར་མ་གཏོགས་པར་དོན་དང་སྨོན་ལམ་དང་གདུལ་བྱ་ལ་མི་མཚུངས་པར་གྱུར་པ་འགའ་ཡང་མ་མཐོང་བས་དགེ་འདུན་ཡང་དཀོན་མཆོག་ཉིད་དུ་བརྗོད་ལ་དེའི་ཕྱིར་དཀོན་མཆོག་གསུམ་དུ་ངེས་པར་གྲུབ་བོ། །ཉན་ཐོས་ཀྱང་
དཀོན་མཆོག་ཉིད་དུ་བཤད་པ་ནི་རང་གི་ལས་ཀྱི་སྒྲིབ་པའི་ཕྱོགས་གཅིག་སྤངས་ཏེ། འབྲས་བུ་འཁོར་བའི་དགྲ་མ་ལུས་པ་བཅོམ་ནས་ཞི་བ་ལ་གནས་པས་འཕགས་པའི་ཁོངས་སུ་འགྲོ་བས་དེའི་ཕྱིར་འདི་ཡང་དགེ་འདུན་དཀོན་མཆོག་ཅེས་བཤད་དོ། །དེ་ལ་སངས་རྒྱས་ནི་འདིར་ཉོན་མོངས་པ་
དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དྲུངས་ཕྱུང་ཞིང་སྤངས་པ་དང་། དེའི་གཉེན་པོ་ཟག་པ་མེད་པའི་ཆོས་ཀྱི་ས་བོན་རབ་ཏུ་རྒྱས་པས་སངས་རྒྱས་ཏེ། གནས་གྱུར་པའི་མཚན་ཉིད་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་ཀུན་གཞི་མེད་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །མདོར་ན་
མེ་ལོང་ལྟ་བུའི་ཡེ་ཤེས་ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་དུ་གནས་འགྱུར་བའི་མཚན་ཉིད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་དེའི་སྣང་བ་སྟེ། སྐུ་གང་ལ་བཞུགས་ནས་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེ། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་འཁོར་
གྱི་དཀྱིལ་འཁོར་རྣམས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་བ་མྱོང་བར་འགྱུར་བ་འདི་ནི་སངས་རྒྱས་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གཟུང་བ་དང་འཛིན་པ་རྣམ་པར་དག་པའི་མཚན་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྤྲུལ་པའི་སྐུ་ནི་སེམས་ཅན་གྱི་བསམ་པ་ལ་གཟིགས་ནས་ཐུགས་
རྗེའི་དབང་གིས་གདུལ་བའི་ཕྱིར་བྱ་བ་ལ་ཞུགས་པ་དང་། རབ་ཏུ་བྱ་བ་མཐའ་ཡས་པ་ནི་སངས་རྒྱས་རྣམས་ནི་སྤྲུལ་པའི་སྐུ་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པའི་མཚན་ཉིད་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་རྣམ་པར་དག་པའོ། །མདོར་ན་སེམས་རྣམ་པར་

ཤེས་པ་ཚོགས་བརྒྱད་ལམ་ཁྱད་པར་ཅན་གྱིས་འགྲུབ་པའི་མཐའ་གནས་གྱུར་པའི་མཚན་ཉིད་ཡེ་ཤེས་བཞིའི་བདག་ཉིད་ཡིན་ནོ། །ཆོས་ནི་བསྟན་པ་དང་ལམ་དང་དོན་དམ་པ་སྟེ་དེ་ཡང་བསྟན་པ་ནི་བསྟན་པ་སྟེ། གདུལ་བྱའི་གཉེན་པོར་གང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་དེ་
ལན་གསུམ་དུ་གང་གི་རྒྱུད་ལ་བསྐོར་བས་གང་གི་རྒྱུད་ལ་རྣམ་པར་རིག་པ་འབྱུང་སྟེ། གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །ཞེས་པ་ལྟ་བུའོ། །དེ་དག་གི་ཁྱད་པར་ནི་ཡི་གེའི་ཚོགས་མངས་སུ་དོགས་ནས་འདིར་མ་བྲིས་པས་གཞན་ལས་ཤེས་པར་བྱའོ། །
ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། མཐོང་བའི་ལམ་གྱི་རྗེས་ལས་ཐོབ་པའི་མཚན་ཉིད་ཡང་དག་པའི་ལྟ་བ་ལ་སོགས་པའོ། །དེ་ཡང་ཡང་དག་པའི་ལྟ་བ་ནི་མངོན་པའི་ང་རྒྱལ་དང་བྲལ་བར་འགྱུར་ཏེ། རང་གི་རྟོག་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་
པའོ། །ཡང་དག་པའི་རྟོག་པས་ཀུན་ནས་བསླབ་པའི་ཚིག་གིས་སེང་གེའི་སྒྲ་ཡང་དག་པར་སྒྲོགས་སོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་རྣམས་ཀྱིས་ནི་རང་གི་དམ་བཅས་པ་ཡང་དག་པར་བརྗོད་དོ། །ཡང་དག་པའི་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ནི་མི་མཐུན་
པའི་ཕྱོགས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དག་གི་གོ་རིམས་བཞིན་དུ་གཉེན་པོར་གྱུར་པ་དག་གོ། །དེ་ཡང་མཉམ་པར་གཞག་པའི་དུས་འབའ་ཞིག་ན་གཉེན་པོ་འདི་དག་མངོན་དུ་བྱེད་དོ། །ལངས་པའི་ཚེ་ནི་
རྣམ་པ་ལྔའི་སྒོ་ནས་སེམས་ཅན་རྣམས་ལ་དམིགས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་ཁྱད་པར་དུ་འཕགས་པ་དག་ཡིན་ནོ། །དོན་དམ་པ་ནི་དོན་དམ་པ་སྟེ་ཡེ་ཤེས་དམ་པའི་ཡུལ་ཡིན་པས་ན་དོན་ཏེ་དེ་ཡང་དག་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེའི་ཡུལ་ཡིན་པའི་
ཕྱིར་དོན་དམ་པ་སྟེ་དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་དོན་དམ་པ་སྟེ་ལམ་གྱི་དགོངས་པ་ཡིན་པས་དོན་ཏོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་མཆོག་ཡིན་པས་ན་དམ་པའོ། །གནོད་པའི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་

ལས་འདས་པ་ཉིད་དོན་ཏོ། །མདོར་ན་སོ་སོར་བརྟགས་པའི་འགོག་པ་མངོན་དུ་བྱས་པའི་མཚན་ཉིད་ཡིན་ནོ། །འདི་དག་ནི་ཆོས་ཏེ་ཇི་སྙེད་པ་གསུངས་པའི་ཆོས་མ་ལུས་པ་དག་ཀྱང་འདིར་འདུས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཟད་ལ་མི་སྐྱེ་བའི་ཡེ་
ཤེས་ཡིན་ལ། དེར་སེམས་པ་ནི་བྱང་ཆུབ་ཡིད་ལ་བྱེད་པ་སྟེ་དེ་ཐོབ་པར་འདུན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱང་ཆུབ་དང་སེམས་ཅན་ལ་དམིགས་པས་ན་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་མངོན་པར་རྟོགས་ནས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ལས་གདོན་པར་བྱའོ་ཞེས་གང་ལ་དེ་ལྟ་བུའི་སེམས་
ཡོད་པ་དེ་བྱང་ཆུབ་སེམས་དཔའོ། །ཇི་སྐད་དུ། བདུད་རྩི་ཐོབ་ཕྱིར་ལམ་འདི་མ་ཡིན་པས། །ལམ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ནས་གོ་འབྱེད་དོ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་ཚིགས་སུ་བཅད་པའོ། །དེ་བས་ན་གང་ལ་དེ་
ལྟ་བུའི་སེམས་པ་ཡོད་པ་ཐུན་མོང་དང་ཁྱད་པར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །གང་དེའི་ཁོངས་སུ་འགྲོ་བ་ཉིད་ཀྱིས་རང་གི་ལམ་ཐུན་མོང་བས་འགྲོ་བས་འབྲས་བུ་མངོན་དུ་བྱེད་པ་ཉན་ཐོས་ཀྱང་སྟེ། བདེན་པ་རྟོགས་པའི་རྒྱུས་མཐོང་བ་དང་བསྒོམ་པ་མངོན་དུ་
བྱས་པའི་འབྲས་བུ་གང་ཟག་རྣམ་པ་བརྒྱད་དག་སྟེ། འདི་དག་ལ་རིམ་གྱིས་སམ་ཅིག་ཅར་དུ་འཇུག་ཅིང་སྤྲུལ་པའི་སྐུ་འབའ་ཞིག་གི་འཁོར་དུ་གྱུར་པ་རྣམས་ཡིན་ཏེ། དེ་ལྟར་ན་ཇི་སྐད་དུ་བཤད་པའི་དཀོན་མཆོག་གསུམ་པོའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ལ། བླ་མའི་ཞལ་སྔ་ནས་
གཞན་ལ་ཕན་གདགས་པའི་བསམ་པ་ལ་བར་ཆད་མེད་ཅིང་། ཚོགས་ཀྱི་རྒྱུར་འགྱུར་བའི་ཕྱིར་ཕྱག་བཙལ་བ་སྔོན་དུ་བཏང་བ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །དེ་ལྟར་ཚོགས་ཀྱི་རྒྱུར་གྱུར་པ་བརྗོད་ནས་དེའི་འོག་ཏུ་རྣལ་འབྱོར་པ་བརྗོད་པ་དེ་བཤད་པར་བྱ་སྟེ། དེའི་ཕྱིར་དད་པ་ཅན་གང་ཞིག་
ལས་སུ་བྱ་བ་སྨོས་ཏེ། དེ་ཡང་རྣལ་འབྱོར་པ་ནི་འདོད་པའི་འབྲས་བུ་ཡོན་ཏན་དང་བཅས་པ་སྟེ་དེ་བརྗོད་པས་གཞན་དག་འཇུག་པའི་ཡན་ལག་ཏུ་འགྱུར་རོ་སྙམ་དུ་བསམས་ནས་དང་པོ་ཁོ་ནར་ཡུལ་འདི་ཉིད་བསྟན་པས་འཇུག་པར་འགྱུར་བ་དང་ཤེས་པར་བྱ་བ་ལ་ཚིགས་ཆུང་བ་ཉིད་ཡིན་ནོ་ཞེས་

འདིར་བསྟན་ནས། དེའི་རབ་ཏུ་དབྱེ་བ་ནི་འདི་སྟེ། དེ་ཡང་འདིའི་སྒྲ་འཇུག་པའི་རྒྱུན་མཚན་ནི་བསྟན་བཅོས་ལས། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་པ་དང་འདོད་པ་དང་སེམས་དད་པའོ་ཞེས་འབྱུང་བ་ཉིད་དོ། །དེ་ཡང་ལས་དང་འབྲས་བུ་དང་བདེན་པ་གཉིས་ལ་
ནི་ཡིད་ཆེས་པའི་དད་པ་སྐྱེ་ལ། བདེན་པ་གཉིས་དང་དཀོན་མཆོག་ལ་ནི་འདོད་པ་དང་སེམས་དད་པའི་དང་བ་སྐྱེ་སྟེ། དེ་ལ་ལས་ནི་འདིར་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ་དེ་ཡང་དགེ་བ་དང་མི་དགེ་བ་དང་མི་གཡོ་བའོ། །དེ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་རྐྱེན་ཚང་བ་ལས་བསྐྱེད་པ་
ནི་ལུས་ངག་ཡིད་གསུམ་གྱི་ལས་མི་དགེ་བ་སྟེ། དེས་འཕངས་པའི་འབྲས་བུ་ནི་སྡིག་པའི་ལས་ཀྱིས་འཕངས་པའི་འབྲས་བུ་སྟེ། འབྲས་བུ་ངན་པ་གསུམ་དུ་སྡུག་བསྔལ་ཆེན་པོ་མྱོང་བར་བྱེད་དོ། །འདི་ལ་སྐུར་པ་འདེབས་པ་ནི་རྒྱུ་འབྲས་ལ་ཡིད་མི་ཆེས་པའོ། །དེ་ལས་བཟློག་པ་ནི་ཡིད་ཆེས་
པ་སྟེ་ཡིད་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ནི་ལུས་ངག་ཡིད་གསུམ་གྱི་ལས་དགེ་བ་སྟེ་དེ་ལས་བཟློག་པའོ། །དེས་འཕངས་པ་ནི་ལུས་ངག་ཡིད་གསུམ་གྱི་ལས་དགེ་བས་འཕངས་པའི་འབྲས་བུ་སྟེ་འདོད་པ་ན་སྤྱོད་པའི་མངོན་པར་མཐོ་
བའི་འབྲས་བུ་དང་བཅས་པ་རྣམས་སོ། །འདི་ལ་སྐུར་པ་འདེབས་པ་ནི་ལུས་ངག་ཡིད་གསུམ་གྱི་ལས་འབྲས་བུ་དང་བཅས་པ་ལ་སྐུར་པ་འདེབས་པ་སྟེ་བདེ་འགྲོ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ལས་བཟློག་པ་ནི་ཡིད་ཆེས་པ་སྟེ་བརྩོན་འགྲུས་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །མི་
གཡོ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་མི་གཡོ་བ་སྟེ་རྣམ་པར་སྨིན་པ་མི་གཡོ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེས་འཕངས་པའི་འབྲས་བུ་ནི་བསམ་གཏན་གྱི་གནས་རྣམས་ཏེ། འདི་དག་འགྲུབ་པར་བྱེད་པའི་ཏིང་ངེ་འཛིན་འདོད་པའི་ཁམས་ན་མངོན་པར་འདུ་བྱེད་པ་རྣམས་སོ། །འདི་
དག་ཀྱང་མེད་དོ་ཞེས་སྐུར་པ་འདེབས་པ་ནི་འདི་ལ་ཡིད་མི་ཆེས་པ་སྟེ་གཟུགས་ཡོད་པ་ན་སྤྱོད་པའི་བསམ་གཏན་རྣམས་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ལས་བཟློག་པ་ནི་འདི་ལས་ཡིད་ཆེས་པ་སྟེ་ཚངས་པའི་གནས་རྣམས་མངོན་པར་འགྲུབ་པ་ལ་བརྩོན་འགྲུས་སྐྱེ་བའི་རྟེན་ཅན་ཡིན་ནོ། །

བདེན་པ་ནི་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་། །ལམ་མོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་ལ་ཡིད་མི་ཆེས་པ་ནི་འཁོར་བ་མངོན་དུ་འགྲུབ་པར་བྱེད་པ་སྟེ། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པའི་རྒྱུར་འགྱུར་བའོ། །
དེ་ལས་བཟློག་པ་ནི་མངོན་པར་ཡིད་ཆེས་པ་སྟེ་ཡིད་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །འགོག་པ་དང་ལམ་ལ་ཡིད་མི་ཆེས་པ་ནི་ཁམས་གསུམ་ལས་མི་འདའ་བ་སྟེ། ཡང་འབྱུང་བ་དང་བཅས་པའི་སྐྱེ་བ་ཡོངས་སུ་འཛིན་པའོ། །དེ་ལས་བཟློག་པ་ནི་ཡིད་ཆེས་པ་སྟེ་ངེས་པར་འབྱུང་བ་དང་
འབྱུང་བའི་ལམ་དང་འབྲས་བུ་དང་བཅས་པ་མངོན་པར་འདོད་པའོ། །དཀོན་མཆོག་ནི་གསུམ་སྟེ་ཇི་སྐད་བཤད་པའི་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པ་དག་སྟེ། དེ་ཡང་སངས་རྒྱས་དཀོན་མཆོག་ནི་ཡོན་ཏན་དང་ཉེས་པ་ཐམས་ཅད་ཕུལ་དུ་ཕྱིན་པ་དང་མ་ལུས་པར་བསལ་བའི་མཐར་ཐུག་པའི་གནས་
སུ་གྱུར་པ་དང་། ཆོས་ནི་འཁོར་བའི་རྒྱ་མཚོ་ལས་རབ་ཏུ་སྒྲོལ་བ་དང་། རྒྱུ་དང་བཅས་པའི་སྡུག་བསྔལ་དང་གཏན་ཏུ་བྲལ་བའི་བདག་ཉིད་དང་། དེ་ཁོང་དུ་ཆུད་པར་ཡོངས་སུ་ཤེས་པར་བྱེད་པ་དང་། དགེ་འདུན་ནི་དགེ་སྦྱོང་གི་འབྲས་བུ་ལ་གནས་པ་དང་དེར་ཞུགས་པ་དང་། བླ་ན་མེད་
པ་དང་། སྦྱིན་གནས་ཀྱི་ཞིང་ཡིན་པར་ཡོངས་སུ་ཤེས་ནས་སེམས་རབ་ཏུ་དང་བར་འགྱུར་བའི་གནས་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྔགས་ཀྱི་སྤྱོད་པ་ལ་མོས་པ་རྣམས་ཀྱི་ནི་ཁྱད་པར་དུ་འདོད་པ་ཉིད་དུ་གཟུང་བར་བྱ་སྟེ། འདིར་འདོད་པ་ནི་འདོད་པ་སྟེ་འདོད་པ་འདོད་པར་བྱ་བ་ཞེས་བྱ་
བའི་ཐ་ཚིག་གོ། །འདི་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཏེ། དེས་དོན་མ་ལུས་པར་ཡོངས་སུ་གྲུབ་པའི་ཕྱིར་རོ། །ཅན་ཞེས་བྱ་བ་ནི་དེ་དང་ལྡན་པ་སྟེ་རྣལ་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་གང་ཞིག་སྟེ་ཁྱད་པར་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །གིས་ཞེས་བྱ་བ་ནི་འདིར་བྱེད་པར་
སྦྱར་ཏེ་དེ་ཡིས་ཞེས་བྱ་བའི་ཐ་ཚིག་གོ། །ལས་སུ་བྱ་བ་ཞེས་བྱ་བའི་ལས་སུ་བྱ་བ་སྟེ་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ནི་འདིར་རྣལ་འབྱོར་ལ་མངོན་དུ་བྱས་པས་དོན་ཆེན་པོ་མ་ལུས་པར་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། སྐུ་གསུང་ཐུགས་རྒྱུད་ལ་མངོན་སུམ་དུ་

བྱའོ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །གཞན་དུ་ན་ཇི་སྲིད་འཚོའི་བར་དུ་ལུས་ངག་ཡིད་གསུམ་ཕྱག་རྒྱའི་མཚན་མ་མངོན་དུ་བྱ་བ་ལས་མི་འདའ་བའོ་ཞེས་བྱ་བར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ནི། འདོད་པར་བྱ་བ་ལ་རྣལ་འབྱོར་དུ་བྱ་བ་ཡིན་པར་ཤུགས་ཉིད་ཀྱིས་བཤད་ཟིན་ཏོ། །དེའི་འོག་ཏུ་དེ་ཉིད་
ཀྱིས་དོན་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བ་དང་དེའི་རྒྱུ་ཡང་ཚེགས་ཆུང་བར་བསྟན་པའི་ཕྱིར་ཕན་ཡོན་ཆེ་ཞིང་བླ་བ་ནི་ཞེས་བྱ་བ་སྨོས་ཏེ། དེ་ལ་བླ་བ་ནི་སླ་བ་སྟེ་ཉམས་སུ་བླང་བ་ལ་ཚེགས་ཆུང་ངུས་དོན་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་སློབ་དཔོན་གྱིས་དད་པ་
ཅན་གང་ཞིག་གིས་ཞེས་སྔར་བཤད་པས། ཕྱག་རྒྱའི་རྣལ་འབྱོར་ཉམས་སུ་ལེན་པ་ཉིད་དང་། འཆད་པར་འགྱུར་བའི་ཡོ་བྱད་ཅུང་ཟད་ཙམ་གྱི་རྒྱུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མཐའ་དག་མ་ལུས་པར་ཡོངས་སུ་རྫོགས་པར་འགྲུབ་པར་བསྟན་ཏེ་འདིར་འཁོར་བ་ཐམས་
ཅད་ཀྱི་དབུལ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཡང་དག་པར་གཅོད་པར་བྱེད་པའི་དོན་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་འགྱུར་བའི་དོན་གྱིས་དོན་མཐའ་དག་བསྡུས་པས་དེ་དག་མ་ལུས་པར་འདིར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བསྟན་
པ་ཡིན་ནོ། །དེ་ཉིད་ནི་ཆུ་གཏོར་འདི་ཡིན་པས་ཞེས་པ་སྟེ། འདི་ཞེས་བྱ་བ་ནི་མངོན་སུམ་པའི་མཚན་ཉིད་དོ། །རྫས་ཅུང་ཟད་ལ་བརྟེན་པའི་རྣལ་འབྱོར་པ་འདི་ཉིད་དེ་མིང་འདི་སྐད་ཅེས་བྱ་བའི་རྣལ་འབྱོར་ཉིད་འདོད་པའི་བདག་ཉིད་མ་ལུས་པར་འགྲུབ་པར་འགྱུར་བ་ཉིད་ཡིན་པས་ན་འདི་ལ་
བརྩོན་པར་བྱའོ་ཞེས་བྱ་བ་ཡིན་ཏེ། འདིས་ནི་དམིགས་པར་བྱ་བའི་ཡུལ་འབྲས་བུ་དང་བཅས་པ་བསྟན་པ་ཡིན་ཏེ། དེ་ཉམས་སུ་ལེན་པ་ལ་བརྩོན་འགྲུས་འབྱུང་བའི་རྒྱུར་འགྱུར་བ་བསྟན་པར་འགྱུར་རོ། །དེའི་འོག་ཏུ་དེ་ཉིད་ཉམས་སུ་བླང་བའི་ཐབས་བསྟན་པས་དེ་བཤད་པར་བྱ་སྟེ།
དེའི་ཕྱིར་དེ་ལ་རིན་པོ་ཆེའི་སྣོད་མཛེས་པར་ཞེས་བྱ་བ་སྨོས་ཏེ་དེ་ཡང་རྫས་ལ་བརྟེན་པའི་རྣལ་འབྱོར་ལ་ཆུ་གཏོར་ཞེས་བཤད་པས་དེའི་ཕྱོགས་གཅིག་འདིར་འཆད་པས་དེ་ལ་ཞེས་འདི་བརྩམས་པ་ཡིན་ནོ། །རིན་པོ་ཆེའི་སྣོད་ནི་རིན་པོ་ཆེའི་སྣོད་དེ་རིན་པོ་ཆེ་ལས་བྱས་པ་འམ། རིན་པོ་ཆེ་

ལྟ་བུར་བྱས་པ་འམ་རིན་པོ་ཆེས་སྤྲས་པའོ། །དེ་ལ་རིན་པོ་ཆེ་ལས་བྱས་པ་ནི་རིན་པོ་ཆེའི་རྒྱུ་ལས་བྱས་པ་སྟེ་གསེར་ལ་སོགས་པ་ལ་བཟོའི་ཁྱད་པར་དུ་མས་མཛེས་པར་བྱས་པའོ། །རིན་པོ་ཆེ་ལྟ་བུར་བྱས་པ་ནི་རིན་པོ་ཆེའི་དབྱིབས་སུ་བྱས་པ་སྟེ་རིན་པོ་ཆེ་འདྲ་བ་ཞེས་
བྱ་བའི་ཐ་ཚིག་གོ། །རིན་པོ་ཆེས་སྤྲས་པ་ནི་རིན་པོ་ཆེས་བརྒྱན་པ་སྟེ་མཛེས་པར་བྱས་པའོ། །མཛེས་པ་ནི་ཡིད་དུ་འོང་བའི་ཁྱད་པར་དང་ལྡན་པའོ། །ཚུལ་འདིས་རྣལ་འབྱོར་པ་རབ་འབྲིང་གསུམ་ལ་ཅི་རིགས་སུ་བསྟན་པ་ཡིན་ཏེ། སྔར་སླ་བས་ཞེས་བཤད་པས་དེ་དང་འགལ་བའི་ཉེས་པས་མི་
བརྫི་བར་བསྟན་པའོ། །ཁ་ན་མ་ཐོ་བ་མེད་པའི་སྣོད་དེའི་ནང་དུ་ཆུ་བླུགས་ལ། གཞན་ཡང་ཕྱེ་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་ཞེས་སྨོས་ཏེ། འདི་ཡང་ཅི་རིགས་པར་བཤད་པ་སྟེ། འགྲོ་བ་དབུལ་བ་ཉོན་མོངས་པས་སེམས་ཞུམ་པར་འགྱུར་བའི་ཉེས་པ་སྤངས་པའི་ཕྱིར་འདི་བསྟན་པ་ཡིན་ཏེ། དེ་བས་
ན་རང་གི་རྣལ་འབྱོར་པ་ཤིན་ཏུ་ཆུང་བ་རྣམས་ལ་ཁྱད་པར་དུ་འདི་བསྟན་པ་ཡིན་ནོ། །གཞན་ཡང་གསེར་ལ་སོགས་པ་རིན་པོ་ཆེ་སྣ་ལྔ་བདར་བ་དང་ཞེས་བྱ་བ་ལ་སོགས་པས་འདི་ཡང་ཅི་རིགས་པ་སྟེ། འབྱོར་པ་དམ་པར་གྱུར་པ་ལ་སོགས་པ་རྣམས་ཏེ། རང་གི་ཇི་ལྟར་འབྱོར་པ་ཤིན་ཏུ་ཁ་ཟས་མ་སྨས་པ་
མ་སྨེ་བ་སྣ་ཚོགས་པ་དང་། གཞན་ཡང་སྨན་དང་འབྲུ་དང་གཞན་ཡང་དྲི་སྣ་ཚོགས་འབྱོར་ན་ལྷག་པར་ཡང་བཟང་ངོ་ཞེས་བྱ་བ་ཡིན་ནོ། །དེ་ལ་མ་སྨས་པ་ནི་གཞན་དུ་ལོངས་མ་སྤྱད་པའོ། །མ་སྨེ་བ་ནི་ཁ་ན་མ་ཐོ་བའི་ཉེས་པ་དང་བྲལ་བའོ། །དེ་ལྟར་ཡོ་བྱད་ཅི་རིགས་པར་བསྟན་ནས་དེའི་ཕྱོགས་
གཅིག་པོ་རྣལ་འབྱོར་ལ་མངོན་སུམ་དུ་བྱ་བ་དེ་བསྟན་པའི་ཕྱིར། སྤྱིར་གཏོར་མའི་ལས་བགྱིའོ་འཚལ་ལ་བརྟག་པ་རྣམ་པ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པར་བཀོད་པ་འདི་དག་ནི་དཀྲུགས་པའི་མཚན་ཉིད་དེ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་སྤྱད་པ་སྤྱོད་པར་འདོད་པའི་གང་ཟག་
རྣམས་ལ་སྔགས་ཀྱི་སྤྱོད་པ་ནི་སློབ་དཔོན་ལ་རག་ལས་ཀྱི་རང་ཉིད་མཚན་མ་ཐུག་ཐུབ་ཏུ་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ། །འདིས་ཅིར་འགྱུར་ཞེ་ན། སྔོན་གྱི་རྣལ་འབྱོར་པ་རྒྱུད་དག་པར་གྱུར་པའི་གང་ཟག་རྣམས་ཀྱང་བླ་མའི་མན་ངག་ལས་རྒྱུད་ཡོངས་སུ་དག་པར་གྱུར་ཏོ་

ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ནི་ཡོངས་སུ་རྫོགས་པའི་དངོས་གྲུབ་ཀྱི་རྒྱུར་མི་འགྱུར་ཏེ། དེ་བས་ན་བླ་མའི་མན་ངག་ལས་འདོད་པའི་དངོས་གྲུབ་ཀྱི་རྒྱུར་འགྱུར་རོ་སྙམ་དུ་ཤེས་པར་བྱའོ། །དེ་ནི་འདི་ལྟ་སྟེ། དམ་ཚིག་གི་ཕྱག་རྒྱའི་རྣལ་འབྱོར་སྔོན་དུ་བྱ་བའི་བསམ་རྒྱུད་ཀྱི་རིམ་པ་
བསྟན་པ་དང་མཆོད་པ་དང་སྦྱིན་པས་མཉེས་ཤིང་ཚིམ་པས་ཡོངས་སུ་བསྔོ་བར་བསྟན་པའོ། །དེའི་རིམ་པ་ཡང་། དེ་ཡང་བསམ་རྒྱུད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་དང་པོར་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱ་བ་དྲན་པར་བྱའོ། །དེའི་འོག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་
གསོལ། དེའི་འོག་ཏུ་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་འོག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དྲན་པར་བསྐྱེད་དོ། །དེ་ནས་ལུས་བསྲུང་བར་བྱའོ་ཞེས་བྱ་བའི་རིམ་པ་འདི་སྦྱར་བར་བྱའོ། །ཅིའི་ཕྱིར་རིམ་པ་འདི་སྦྱར་བར་བྱ་ཞེ་ན། འདོད་པར་བྱ་བ་མངོན་དུ་བྱ་བ་ལ་
ཕྱིན་ཅི་མ་ལོག་པར་འགྱུར་བའི་ཕྱིར་རོ་ཇི་ལྟར་ཞེ་ན། འགྲོ་བ་མ་ལུས་པའི་དོན་བྱ་བར་འདོད་པ་དེས་དང་པོ་ཁོ་ནར་འཁྲུལ་བའི་དབང་གིས་དངོས་པོ་ལ་མངོན་པར་ཞེན་པས་ཁམས་གསུམ་འཁོར་བའི་འགྲོ་བ་ལྔ་པོ་འདི་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་
པ་ལས་དགྲོལ་བར་བྱའོ་སྙམ་དུ་ཡིད་ལ་དྲན་པར་བྱའོ། །དེ་ཡང་ལས་ཀྱི་རྣམ་པར་སྨིན་པའི་ལུས་འདིས་ནུས་པར་མི་འགྱུར་བས་འདོད་པར་བྱ་བ་ལ་མངོན་སུམ་དུ་བྱས་ཏེ་དེས་འགྲོ་བའི་དོན་ནུས་པར་འགྱུར་བས་དེ་མངོན་སུམ་དུ་བྱའོ་སྙམ་དུ་ཡིད་ལ་བྱའོ། །དེའི་རྒྱུ་ཡང་གསུམ་ལ་སྐྱབས་སུ་
འགྲོ་བ་ཡིན་པས་དེའི་ཕྱིར་དུས་གསུམ་གྱི་འཕགས་པ་མདུན་གྱི་ནམ་མཁར་མངོན་སུམ་དུ་དམིགས་ནས་དེའི་སྤྱན་སྔར་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེ་ཡང་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། དེ་བས་ན་སྡིག་པ་བཤགས་པ་ལ་སོགས་པ་ཡང་བྱའོ། །དེ་ནི་འདི་ལྟ་སྟེ། དཀོན་
མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་གྱི་རྗེས་སུ་སྨོན། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གིས་

མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་པས་དེའི་འོག་ཏུ་ཚད་མེད་པ་བཞིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་བྱ་སྟེ། དེས་འདི་ལྟར་ཁམས་གསུམ་གྱི་སེམས་ཅན་ཇི་སྙེད་
པ་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བར་བྱའོ་སྙམ་དུ་བསམ་པར་བྱའོ། །དེ་ཡང་སྡུག་བསྔལ་དང་བྲལ་ནས་ཀྱང་བདེ་བ་དང་ཕྲད་པར་བྱའོ་སྙམ་དུ་མོས་པར་བྱའོ་བདེ་བ་དང་ཕྲད་ནས་ཀྱང་ནམ་དུ་ཡང་མི་འབྲལ་བར་བྱའོ་སྙམ་དུ་བསམ་པར་བྱའོ། །མི་འབྲལ་བར་གྱུར་ནས་ཀྱང་དེ་དག་ལ་ཕན་པ་དང་བདེ་བར་བྱའོ། །
སྙམ་དུ་བསམ་པར་བྱའོ། །དེ་དག་ལ་ཚད་མེད་པ་ནི་འདི་ལྟར་སེམས་ཅན་གྱི་ཁམས་ལ་ཚད་མེད་པས་དེ་དག་ལ་ཡང་ཚད་མེད་པའི་ངོ་བོ་ཉིད་དུ་མོས་པར་བྱའོ། །དེ་ལྟར་སེམས་བསྐྱེད་ནས་དེའི་འོག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དྲན་པ་བསྐྱེད་དེ། དེ་ཡང་འདི་ལྟར་ལྷའི་སྐུ་ནི་ལྷའི་སྐུ་སྟེ་ཕྱག་རྒྱ་ཆེན་པོ་
ཉིད་དོ། །དེ་མངོན་སུམ་དུ་བྱེད་པ་ནི་དྲན་པ་བསྐྱེད་པའོ། །དྲན་པ་ནི་དྲན་པ་སྟེ་དེ་ཤིན་ཏུ་ཉེ་བར་གནས་པས་བྱིང་རྒོད་གཉིས་དང་བྲལ་བའོ། །དེའི་སྟོབས་ཀྱིས་འདོད་པར་བྱ་བ་ལས་མི་གཡེང་བ་ཡིན་ཏེ། འདོད་པ་ལ་རྩེ་གཅིག་ཏུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རིམ་གྱིས་སམ་ཅིག་ཅར་དུ་སྟེ་
ལས་དང་པོ་པ་དང་མངོན་དུ་གྱུར་པ་དག་གི་ཁྱད་པར་གྱིས་ཡིན་ནོ། །དེ་ནི་འདི་ལྟ་སྟེ། ལྷ་དྲུག་གི་སྒོ་ནས་དྲན་པ་བསྐྱེད་དེ། དེ་ལ་ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་མོས་པ་འདི་ནི་རྣམ་པར་མི་རྟོག་པའི་ལྷའོ། །སྟོང་པ་ཉིད་ལས་ཝཱ་གཱི་ཤྭ་རི་མུཾ་ཞེས་བྱ་བའི་སྒྲ་ཙམ་གྲག་པར་མོས་པ་ནི་སྒྲའི་ལྷའོ། །
དེའི་འོག་ཏུ་རང་གི་སྙིང་གའི་ཚོད་ཙམ་གྱི་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཅིག་ཏུ་མོས་པ་བྱས་ལ་དེའི་དཀྱིལ་དུ་ཝཱ་གཱི་ཤྭ་རི་མུཾ་ཞེས་བྱ་བའི་ཡིག་འབྲུ་དངུལ་གྱི་གླེགས་བམ་ལ་གསེར་ཆུ་གཅིག་ཏུ་ཞེན་པ་བཞིན་དུ་མོས་པར་བྱ་བ་འདི་ནི་ཡི་གེའི་ལྷའོ། །དེའི་འོག་ཏུ་ཟླ་བའི་དཀྱིལ་
འཁོར་ཡིག་འབྲུ་དང་བཅས་པ་འཕྲོས་ཤིང་འདུས་པ་ལས་བདག་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཕྱག་གཡས་ན་རལ་གྲི། གཡོན་ན་ཨུཏྤ་ལའི་མེ་ཏོག་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདན་པདྨ་ལ་བཞུགས་པ་ཅིག་ཏུ་གྱུར་པར་བསམ་པ་འདི་ནི་གཟུགས་

ཀྱི་བྱེ་བྲག་གི་ལྷའོ། །དེ་ནས་ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་གུང་མོ་གཉིས་བསྒྲེངས་ལ་རྩེ་སྤྲད་དེ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ལ། མཐེ་བོང་གཉིས་གུང་མོ་ལ་སྦྱར་བ་སྤྱི་བོར་བཞག་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་དབུ་གཙུག་ཏོར་དང་ལྡན་པར་བསམ་མོ། །དེ་ནས་
ཡང་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་དང་སྲིན་ལག་བསྒྲེངས་ཏེ་མཐེ་བོའི་དྲུང་དུ་སྦྱར་ལ། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་སྥ་ར་ལཀྵ་ཎ་ཀཱ་རུ་ཎ། མ་ཧཱ་ཏ་ཐཱ་ག་ཏ་ཙཀྵུ་སྭཱ་ཧཱ་ཞེས་བརྗོད་དོ། །ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་བསམ་པ་འདི་ནི་ཕྱག་རྒྱའི་ལྷའོ། །དེས་ཤིན་ཏུ་ཡན་ལག་རྫོགས་པར་སྔ་མ་ལས་
ཁྱད་པར་དུ་གྱུར་པར་བསམ་པ་འདི་ནི་རྣམ་པར་རྟོག་པ་དང་བཅས་པའི་ལྷའོ། །ཡང་ན་དྲན་པ་འདི་ནི་འདྲིས་པ་དངོས་པོ་ཉིད་མ་བརྗེད་པ་སྟེ། སྔར་ལྷའི་སྐུ་ལ་མངོན་སུམ་དུ་བྱས་པའི་དབང་གིས་ཕྱིས་སྙིང་པོ་ཙམ་བརྗོད་པའི་སྒོ་ནས་དྲན་པ་བསྐྱེད་དེ། མངོན་སུམ་དུ་བྱེད་པ་འདི་ནི་ཅིག་ཅར་
ཡིད་ལ་བྱེད་པ་དག་གི་མོས་པ་ཡིན་ནོ། །གཞན་དག་ནི་ཚུལ་གཉིས་ཐལ་མོ་གང་ཡང་རུང་བའི་སྒོ་ནས་ལས་ཀྱི་ལྷ་གང་ཡང་རུང་བ་དྲན་པ་བསྐྱེད་དོ་ཞེས་བྱ་བ་ཡང་འཆད་དོ་ཞེའོ། །མདོར་ན་རྣལ་འབྱོར་པའི་མོས་པ་ཇི་ལྟ་བ་བཞིན་ཕྱག་རྒྱ་ཆེན་པོར་དྲན་པ་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་
འོག་ཏུ་ལུས་བསྲུང་བར་བྱ་སྟེ་དེ་ཡང་རྡོ་རྗེ་གོ་ཆ་དང་། སྲུང་བ་ཆེན་པོས་བསྲུང་བར་བྱ་སྟེ། ལག་པ་གཉིས་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ལ། མཐེ་བོང་གཉིས་ཀྱང་གུང་མོ་ལ་སྦྱར་ལ། ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཀ་བ་ཙེ་ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་གོ་ཞུ་ལུབ་ཏུ་གོན་པར་
གྱུར་པར་བསམ་མོ། །དེ་ནས་ཡང་ལག་པ་གཉིས་སྦྱར་ལ་མཛུབ་མོ་གཉིས་ནང་དུ་བཅུག་སྟེ། གུང་མོ་དང་མཐེ་བོང་གཉིས་རྩེ་སྤྲད་ལ་སྲིན་ལག་གཉིས་བརྐྱང་ལ་མཐེའུ་ཆུང་གཉིས་བཀུག་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། སརྦ་བི་ཀ་ཊེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏད་ཁཾ་རཀྵ་མ་ཧཱ་བ་ལེ། སརྦ་
ཏ་ཐཱ་ག་ཏ་པུ་ན་ནི་རཱ་ཛ་ཏེ། ཧཱུཾ་ཧཱུཾ་ཏྲ་ཐ་ཏྲ་ཐ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ་ཞེས་བརྗོད་པས་བར་དུ་གཅོད་པའི་བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་བསམ་མོ། །དེ་ལྟར་ཕྱག་རྒྱ་དྲན་པ་སྔོན་དུ་བྱས་ནས་དེའི་འོག་ཏུ་ཐུགས་རྗེ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་དུས་གསུམ་གྱིས་འཕགས་པ་དང་ཁམས་

གསུམ་གྱི་འགྲོ་བ་མ་ལུས་པ་མཉེས་ཤིང་ཚིམ་པར་བྱ་བའི་ཕྱིར་རིམ་པ་འདི་བྱ་སྟེ། དེ་ཡང་བསྔོ་བ་ནི་རྣལ་འབྱོར་གྱི་རིམ་པ་ཉིད་དུ་བརྗོད་ཟིན་པས། བསྔོ་བར་བྱ་བ་དང་སྤྱིར་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལ་བསྔོ་བར་བྱ་བ་ནི་བསྔོ་བར་བྱ་བ་སྟེ་བསྔོ་བའི་གནས་ཞེས་བྱ་བའི་ཐ་
ཚིག་གོ། །དེ་ནི་འདི་ལྟ་སྟེ་བསྔོ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་འཕགས་པའི་རྣམ་གྲངས་སུ་གཏོགས་པའོ། །ཇི་ལྟར་ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་པས་ཁྱད་པར་དུ་འཕགས་པའི་བྱང་ཆུབ་
ཆེན་པོ་སྟེ་རྒྱུ་དང་འབྲས་བུ་ཤིན་ཏུ་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ཡོངས་སུ་བསྔོ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་སྟེ། འདིས་ནི་སེམས་ཅན་གྱི་ཁམས་བརྗོད་ཀྱིས་མི་ལང་བའི་དོན་བསྐལ་པའམ་བསྐལ་པ་ལས་ལྷག་པ་འམ། ནམ་འཁོར་བ་ལས་མ་གྲོལ་གྱི་བར་དུ་
མ་ལུས་པ་མེད་པར་འགྱུར་རོ། །དེ་ལྟར་སྤྱིར་ཡོངས་སུ་བསྔོ་བ་བསྟན་ནས་ཁྱད་པར་དུ་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར། དེ་ཡང་དམིགས་ཀྱིས་བསྔོ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་འདིར་རྣམ་པ་བཞི་སྟེ། གང་ཞེ་ན་སྲི་ཞུའི་མགྲོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་
ཐོས་དང་རང་རྒྱལ་ལ་སོགས་པ་ཇི་སྙེད་པ་བརྗོད་པས་རྫོགས་པ་དག་གོ། །འདིས་ནི་མཆོད་སྦྱིན་གྱི་གནས་སྤྱི་དང་ཁྱད་པར་དུ་བསྟན་པ་མ་ལུས་པར་བསྡུས་པ་ཡིན་ནོ། །དེ་ཡང་རིམ་པ་ཁ་ཅིག་ལས་ནི་མཆོད་པ་ལ་སོགས་པའི་གནས་རྣམས་ཏིང་ངེ་འཛིན་ལ་སོགས་པའི་གནས་སུ་སྤྱན་དྲངས་ཏེ་མཉེས་པའི་
ཡན་ལག་གིས་མཉེས་པར་བྱ་བར་འབྱུང་ན་འདིར་ནི་དེ་ལྟ་མ་ཡིན་ཏེ། རྣལ་འབྱོར་པའི་མོས་པ་ཉིད་དང་ཆོས་ཐམས་ཅད་ཀྱི་རྟེན་འབྲེལ་ལ་སོགས་པས་རང་རང་ཕོ་བྲང་ལ་སོགས་པ་རྣམས་སུའམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ཡིད་དུ་འོང་བའི་མཆོད་པའི་སྤྲིན་ཕུང་ལ་སོགས་པ་མངོན་
པར་སྤྲུལ་པས་མཉེས་པ་དང་ཚིམ་པ་ཉིད་དུ་བརྟག་གོ། །འདི་ཉིད་ལས་ཀྱང་ནམ་མཁའ་མཛོད་ལ་སོགས་པ་དང་མཆོད་གནས་བླ་མ་ཁྱོད་ཀྱི་ཕོ་བྲང་དུ་ཞེས་བྱ་བའི་གཏན་ཚིགས་ཀྱི་རང་གི་གཞལ་ཡས་ཁང་ལ་སོགས་པ་ཉིད་དུ་འབྱུང་བར་འགྲུབ་བོ་ཞེས་བྱ་བ་ཡིན་ནོ། །སྔགས་ཀྱི་ཚུལ་ཁ་ཅིག་ལས་ཀྱང་

དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་རེ་རེའི་མདུན་ན་ཡང་རྟག་ཏུ་བཞུགས་ཏེ། རང་གི་ཉོན་མོངས་པ་ལ་སོགས་པའི་དབང་གིས་འདི་ལ་མངོན་སུམ་གྱི་བློ་མ་སྐྱེས་པར་ཟད་དོ་ཞེས་བཤད་དོ། །སྐུ་ཇི་ལྟ་བ་བཞིན་དུ་གསུང་དང་ཐུགས་ཀྱང་སྟེ་རྟག་ཏུ་འགྲོ་བའི་དོན་ལ་བཞུགས་
སོ་ཞེས་བཤད་པའི་ཕྱིར་རོ། །གཞན་ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་བྱུང་བས་སེམས་ཅན་གྱི་ཁམས་ཇི་ཙམ་ན་སྤྱོད་པ་དེ་ཐམས་ཅད་ན་བཞུགས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སེམས་
ཅན་གྱི་དོན་མཛད་པར་ཀུན་ཏུ་སྣང་ངོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་བསྔོ་བ་བྱས་པར་བསྟན་ནས་དེའི་འོག་ཏུ་སྤྱིར་ཡོངས་སུ་བསྔོ་བའི་རྫས་དེ་བཤད་པར་བྱ་སྟེ་དེ་ཡང་གཏོར་མ་ཉིད་ཡིན་ཏེ། དེའི་ཕྱིར་སྤྱིར་གཏོར་མའི་ལས་བགྱིའོ་འཚལ་ལ་ཞེས་བྱ་བ་སྤྱིར་བསྟན་ཏེ། དེ་ཉིད་བརྟག་པ་རྣམ་པ་དྲུག་སྟེ།
དེ་བསྟན་པའི་ཕྱིར་དེ་ཡང་གང་ཞེ་ན་ཞེས་དྲིས་པ་ནས་སྦྱང་བ་དང་ཞེས་བྱ་བ་ལ་སོགས་པ་དྲུག་པོ་རྫས་ཉིད་དུ་བརྟག་གོ། །དེ་ལྟར་བརྟག་པར་བྱ་བ་བསྟན་ནས་དེའི་འོག་ཏུ་གང་གིས་བརྟག་པ་དེ་བསྟན་པའི་ཕྱིར། དེ་ལ་སྦྱང་བ་ནི་ཞེས་བྱ་བ་དང་པོ་སྟེ། ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱས་སོ་
ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་གིས་དེའི་བྱེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་འདིས་ཇི་ལྟར་ཡོངས་སུ་བརྟག་པ་དེ་བསྟན་ཏེ། དེ་ལ་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱ་ནི་གང་ཡིན་སྙམ་པ་ལ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྔགས་འདི་བརྗོད་དོ། །ཨོཾ་སྭ་བྷཱ་ཝ་
བི་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །དེས་རྣལ་འབྱོར་པའི་མོས་པ་ཉིད་ཇི་ལྟར་སྣང་བར་གྱུར་པར་བརྟག་པ་བསྟན་ཏེ་དེ་ནི་འདི་དག་གིས་ཤེས་པར་བྱ་སྟེ། དེ་ཡང་དང་པོས་ནི་གཏོར་མའི་ཉེས་སྐྱོན་མེད་ཅིང་དག་པ་ཆེན་པོར་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ལ་
སོགས་པ་ཇི་ལྟར་གྱུར་པ་རྣམས་ཡིན་ནོ། །བསྔོ་བའི་ཏིང་ངེ་འཛིན་དེ་ལྟར་བཤད་ནས་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དེ་ཉིད་ཚིགས་སུ་བཅད་པས་ཀྱང་བསྔོ་བའི་ཕྱིར་དེ་ནས་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་བསྔོ་བར་བྱའོ་ཞེས་བྱ་བ་སྟེ། དེ་ཡང་འདིར་ཚུལ་འདིས་ཡོངས་སུ་

བསྔོ་བར་བྱ་སྟེ། གང་གང་གི་དབང་གིས་གང་ལ་ཡོངས་སུ་བསྔོ་བའི་ཚུལ་གྱིས་ཏེ་དེ་བརྟག་པར་བྱ་བའི་ཕྱིར། གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །ཞེས་བྱ་བར་སྦྱར་ཏེ། རྒྱུ་གང་དང་རྐྱེན་གང་གིས་སྙམ་པ་ལ་འདིར་རྣམ་པ་དྲུག་གིས་
ཏེ། ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །ཞེས་བྱ་བ་ལ་སོགས་པས་སོ། །གང་ལ་ཡོངས་སུ་བསྔོ་བའི་ཇི་སྐད་བཤད་པའི་རྣམ་པ་བཞི་པོ་ཉིད་ལ། དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ཞེས་བྱ་བ་དག་གིས་སོ། །དེ་ལྟར་མདོའི་དོན་བསྟན་ནས་ཚིག་གི་དོན་བསྟན་པའི་ཕྱིར།
གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཞེས་སྨོས་སོ། །དེ་ལ་གཏན་པ་ནི་བདག་ལ་སོགས་པ་བློ་རྣམ་པ་གསུམ་གྱིས་དམིགས་པ་སྟེ། དེ་མེད་པ་ནི་གཏན་པ་མེད་པ་སྟེ་དམིགས་པ་དང་བྲལ་བའི་ཡོངས་སུ་བསྔོ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་འཛིན་པ་རྣམ་པ་གསུམ་དང་བྲལ་བའི་
མཆོད་པ་དང་སྦྱིན་པ་ནི་མཆོད་སྦྱིན་གྱི་རྒྱལ་པོ་སྟེ། གཙོ་བོར་གྱུར་པ་དང་དབང་བསྒྱུར་བའི་ཕྱིར་རོ། །གཙོ་བོ་ནི་ཐབས་ཀྱིས་བརྗོད་པ་དང་བསྔགས་པའོ། །དབང་བསྒྱུར་བ་ནི་མཐུ་ཐོགས་པ་མེད་པ་མངའ་བའམ་ལྡན་པའོ། །འདི་ཞེས་བྱ་བ་ནི་འཛིན་པ་དང་བྲལ་བའི་མོས་པའི་བློ་སྟེ་གང་ལ་དེ་
ལྟ་བུའི་མངོན་དུ་གྱུར་པ་ཡོད་པའི་མཚན་ཉིད་ཅན་ཡིན་ནོ། །རྐྱེན་འདི་དག་གི་