Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 79
Văn bản gốc(Tây Tạng)
Trang 3 / 15 (50.000 ký tự/trang)
ས་པ་ཡང་ངོ་། །བསྙེན་བཀུར་གྱི་ཁྱད་པར་ཅི་ཞེ་ན། ཕྱག་སོགས་ཉིད་ཅེས་བྱ་ བ་གསུངས་ཏེ། གང་གི་དང་པོ་ཕྱག་ཡིན་པ་དེ་ནི་ཕྱག་སོགས་ཉིད་དེ་རང་གི་དོན་ལ་དཀའོ། །ཁྲུས་ལ་སོགས་པ་དང་ཕྱག་ལ་སོགས་པའི་བསྙེན་བཀུར་སློབ་མས་སམ་གཞན་གྱིས་ཀྱང་རུང་སྟེ། བླ་མ་སྟོན་པའི་སྤྱན་སྔ་སྟེ་མདུན་དུ་བཟློག་པར་བྱ་ཞིང་དགག་པར་ བྱའོ། །གང་ཞིག་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ལ། གང་ཞིག་ནི་དབུལ་བར་བཤད་པའོ། །ཅུང་ཟད་ནི་མ་བཤད་པའོ། །བླ་མའི་ཕྱིར་ནི་སྟོན་པའི་ཆེད་དུའོ། །དབུལ་བ་ནི་སྦྱིན་པར་བྱའོ། །བླང་བར་བྱ་བ་ནི་གཟུང་བར་བྱ་བའོ། །འང་གི་སྒྲ་ནི་ཀུན་བསྡུ་བ་ ལའོ། །གང་ཞེས་པ་ནི་བླང་བར་བཤད་པའོ། །བླ་མས་ནི་སྟོན་པས་ཏེ་མངོན་སུམ་དུའོ། །བཏུད་ནས་དེ་ནི་ལག་གཉིས་ཀྱིས། །ཞེས་པ་ནི་བཏུད་ནས་ཏེ་ཕྱག་བྱས་ནས་སོ། །ལག་གཉིས་ཀྱིས་ནི་ལག་པ་ཟུང་གིས་སོ། །དེ་ནི་ཞེས་པ་ནི་དབུལ་བར་བྱ་བ་དང་ བླང་བར་བྱ་བའོ། །དབུལ་བར་བྱ་བ་ནི་སྦྱིན་པར་བྱ་བ་ཡིན་ལ། བླང་བར་བྱ་བ་ནི་གཟུང་བར་བྱ་བའོ། །དང་ཡིག་ནི་ཀུན་བསྡུ་བའི་དོན་ཏོ། །བློ་དང་ལྡན་པས་ནི་བློ་གྲོས་ལྡན་ཞེས་མཁས་པས་ཞེས་བྱ་བའི་དོན་ཏོ། །དྲན་པ་བརྗེད་མེད་ཅེས་བྱ་བ་ལ་སོགས་པ་ལ། བརྗེད་མེད་ནི་དྲན་པ་མ་ཉམས་པ་སྟེ། སྔོན་ཉམས་སུ་མྱོང་བའི་དངོས་པོ་ལ་གནས་ནས་མ་བརྗེད་པ་གང་ཡིན་པ་དེ་ནི་དྲན་པ་བརྗེད་མེད་དོ། །གྱུར་པ་ཡིས་ནི་གྱུར་ཅིང་བཞག་ནས་སོ། །རང་སྟེ་བདག་ཉིད་ཀྱི་ཀུན་སྤྱོད་དེ་འདུལ་བ་ལ་བརྩོན་ཞིང་འབད་པ་ནི་རང་ གི་ཀུན་སྤྱོད་ལ་བརྩོན་པའོ། །སྤུན་ནི་རྡོ་རྗེའི་སྤུན་ཏེ་བླ་མ་མཚུངས་པར་གྱུར་པ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ནི་ཀུན་བསྡུ་བ་ལའོ། །ཀུན་སྤྱོད་ལས་འདས་པ་ནི་འདུལ་བ་ལས་འགོངས་པའོ། །ཕན་ཚུན་ནི་གཅིག་ལ་གཅིག་གིས་ཏེ་བཟློག་པར་བྱ་ནི་དགག་པར་ བྱ་བའོ། །དགའ་ཞིང་མཉེན་པས་དང་སྨད་པས་ཀྱང་ངོ་། །འདུལ་བ་མངོན་པར་ཤེས་པས་འདི་དག་ནི་འདི་ལས་བཀག་པ་ཡིན་ན། ཁྱེད་ཀྱིས་འདི་ལྟ་བུ་འདི་དག་བྱ་བ་མ་ཡིན་ནོ་ཞེས་འཇམ་པོའི་ཚིག་གིས་བྱ་བ་མ་ཡིན་པ་བྱེད་པའི་བླ་མའི་བྱ་བའི་རྒྱུ་ལས་སོ། །རྗེས་སུ་གནང་བ་ནི་བླ་ མས་བསྒོ་བ་ལས་སོ། །འང་གི་སྒྲ་ནི་ཕྱོགས་གཞན་ལའོ། །བཀག་པར་གྱུར་ཀྱང་ནི་བཟློག་པར་གྱུར་ཀྱང་ངོ་། །སྤྱད་པ་ནི་བསྒྲུབས་པའོ། །ཅི་བྱས་ནས་ཤེ་ན། བཏུད་ནས་ཞེས་གསུངས་ཏེ། བཏུད་ནས་ནི་ཕྱག་བྱས་ནས་ སོ། །འདིས་ནི་འདི་དག་བསྟན་པར་གྱུར་པ་ཡིན་ཏེ། བླ་མ་གང་མངོན་སུམ་ན་བཞུགས་ཀྱང་རུང་སྟེ། དེའི་བྱ་བ་དང་བྱ་བ་མ་ཡིན་པ་དག་ལ་རེ་ཞིག་ན་བ་ལ་ཉེས་པ་མེད་དོ། །རང་ཉིད་དེའི་བྱ་བ་ལ་དད་དམ། དེས་བསྒོ་བས་ཀྱང་རུང་སྟེ་ཉེས་པ་མེད་དོ། ། ཇི་ལྟར་ན་ཉེས་པར་མི་འགྱུར་ཞེ་ན། དགེ་སེམས་ལ་ནི་ལྟུང་བ་མེད། །ཅེས་བྱ་བ་གསུངས་ཏེ། དགེ་བ་ནི་མ་མཐོང་བའི་དགེ་བ་ལ་སེམས་པའི་སེམས་སམ་བསམ་པ་གང་ཡིན་པ་དེ་ནི་དགེ་བའི་སེམས་ཏེ། དེ་ལ་དགེ་སེམས་ཞེས་བྱའོ། །དགེ་བར་གྱུར་པའི་སེམས་ལ་ལྟུང་བ་ མེད་དེ། ལྟུང་བ་མེད་པ་ནི་ཉེས་པ་མེད་པའོ། །འདི་ནི་བསམ་པ་རིང་བ་ཉིད་ཀྱིས་བཀག་པ་ལ་སྤྱོད་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། མི་ལྕོགས་པ་ཉིད་ལས་སོ། །གཞན་པ་དག་ཀྱང་བླ་མའི་བྱ་བ་ཡིན་པས་སམ། བླ་མས་བསྒོས་པས་བཀག་པ་ལ་སྤྱོད་པ་ བྱེད་པ་སྟེ། དེ་དག་ཀྱང་སེམས་རིང་བ་ཉིད་ཀྱིས་མ་ཡིན་གྱི་བསམ་པ་དགེ་བ་ཁོ་ནས་ཡིན་ནོ། །དེ་ལྟ་བས་ན་བཀག་པ་ལ་སྤྱད་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་བྱའོ། །འདིར་ཞེས་བྱ་བ་ལ་སོགས་པས་བསྡུ་བ་གསུངས་ཏེ། འདིར་ཏེ་བླ་མ་བསྙེན་བཀུར་བ་ལས་ སོ། །མང་དུ་ནི་ཡང་དང་ཡང་དུའོ། །སྨྲས་པས་ནི་བཤད་པས་སོ། །ཅི་ཞེས་བྱ་བ་ནི་སྤོང་བ་སྟེ་དགོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །བླ་མ་སྟོན་པ་ཅི་འདྲ་བས་དགྱེས་བྱེད་དེ་ཚིམ་པར་བྱེད་པ་བྱ་བར་བཤད་པ་གང་ཡིན་པའི་བྱ་བ་དེ་ཁོ་ན་བྱ་བར་བཤད་པ་ཡིན་ནོ། །འབད་ པས་ནི་བསོད་ནམས་ལའོ། །ཐམས་ཅད་ནི་སྣ་ཚོགས་པའོ། །ཀུན་སྤྱོད་ནི་ནན་ཏན་ནོ། །ཅི་ཞིག་བྱས་ནས་ཤེ་ན། ཉེས་པར་བྱེད་པ་ཀུན་སྤངས་ནས། །ཞེས་བྱ་བ་གསུངས་ཏེ། ཉེས་པར་བྱེད་པ་ནི་མི་དགྱེས་པར་བྱེད་པ་ཀུན་ཏེ་མཐའ་དག་སྤངས་ཤིང་དོར་ནས་གང་གིས་ བླ་མ་དགྱེས་པར་འགྱུར་བ་དེ་བསྒྲུབ་པར་བྱའི། གང་གིས་མི་དགྱེས་པར་འགྱུར་བ་དེ་ནི་བསྒྲུབ་པར་ནི་མི་བྱའོ་ཞེས་དགོངས་པ་ཡིན་ནོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་དེའི་སྔོན་དུ་འགྲོ་བའི་གཏན་ཚིག་གསུངས་ཏེ། དངོས་གྲུབ་ནི་བཤད་ཟིན་ལ། སློབ་དཔོན་ནི་བླ་མའོ། །རྗེས་འབྲང་ནི་རྗེས་སུ་ལྷུང་བས་ན་སློབ་དཔོན་རྗེས་སུ་འབྲང་བའོ། །རྡོ་རྗེ་འཛིན་པ་ཞེས་པ་ལ་རྡོ་རྗེ་ནི་སྟོང་པ་ཉིད་དེ་དེ་བཞིན་ཉིད་དོ། །དེ་དེའི་བདག་ཉིད་ཀྱིས་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་དེས་སོ། །ཇི་ ལྟར་ན་རྡོ་རྗེའི་སྒྲས་སྟོང་པ་ཉིད་ཅེ་ན། རྡོ་རྗེ་དང་མི་ཕྱེད་པར་ཆོས་མཐུན་པའི་ཕྱིར་ཏེ། ཡང་གསུངས་པ། བརྟན་ཞིང་སྙིང་པོ་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་དེ། །བསྲེག་ཏུ་མེད་ཅིང་འཇིག་པ་མེད། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་སོ། ། ཉིད་ནི་བདག་ཉིད་ཀྱིས་སོ། །ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་ནས་ནི་འདི་དག་གམ་འདི་ལྟ་བུ་རྟོགས་ནས་སོ། །དངོས་པོ་ཐམས་ཅད་ཀྱིས་ནི་རྣམ་པ་ཐམས་ཅད་ཀྱིས་སམ་ལུས་དང་ངག་ཡིད་གཅིག་པ་ཉིད་ཀྱིས་སོ། །བླ་མ་ནི་སྟོན་པའོ། ། ཀུན་ནས་ཡོངས་སུ་མཉེས་པར་བྱ་སྟེ། ཀུན་ནས་ཐམས་ཅད་དུ་དགྱེས་པར་བྱའོ། །གང་གི་ཕྱིར་དངོས་གྲུབ་རྣམས་སློབ་དཔོན་གྱི་རྗེས་སུ་འབྲང་བ་དེའི་ཕྱིར་དངོས་གྲུབ་འདོད་པའི་སློབ་མས་རྣམ་པ་ཇི་ལྟ་བུས་བླ་མ་དགྱེས་པར་འགྱུར་བའི་རྣམ་པ་དེ་བྱའོ། །དེ་ཡོངས་སུ་ དགྱེས་པ་ལས་ནི་མངོན་པར་འདོད་པའི་དངོས་གྲུབ་བོ། །བླ་མ་བསྙེན་བཀུར་བ་མངོན་པར་བརྗོད་ནས། ད་ནི་དེ་ཡང་དག་པར་གཏད་པའི་གནས་བསྟན་པའི་ཕྱིར། བསམ་པ་དག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་དག་པའི་སློབ་མ་ནི། །གསུམ་ལ་ སྐྱབས་སུ་སོང་བ་ལ། །ཞེས་པ་ལ་དག་པ་ནི་དྲི་མ་མེད་པའོ། །བསམ་པ་སྟེ་སེམས་འདིའི་ཡིན་པ་དེ་ནི་བསམ་པ་དག་པ་སྟེ་དེའི་ཆེད་དུའོ། །བསམ་པ་དག་པའི་སློབ་མ་ནི་ཉེ་བར་གནས་པའོ། །གསུམ་ལ་སྐྱབས་ཞེས་བྱ་བ་ནི་འདི་དག་སྐྱོབ་པར་བྱེད་པར་ཁས་བླངས་ན་ཉོན་མོངས་པ་ ཐམས་ཅད་དང་ངན་སོང་ཐམས་ཅད་སྐྱོབ་པའོ། །གསུམ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །གསུམ་པོ་དེ་དག་ནི་གསུམ་ལ་སྐྱབས་སོ། །སོང་བ་ནི་མཆིས་སོ། །གསུམ་པོ་དེ་ལ་སྐྱབས་སུ་སོང་བ་ནི་རྫོགས་པའི་སངས་རྒྱས་དང་ཆོས་དང་དག་འདུན་ལ་ སྐྱབས་ཉིད་དུ་ཁས་བླངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཅི་ཞིག་བྱ་ཞེ་ན། བླ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མའི་རྗེས་སུ་འཇུག་པ་འདི་སྟེ། བླ་མ་བསྙེན་བཀུར་བར་གྱུར་པ་འདི་དག་གོ། །མགྲིན་པར་སོན་པ་ནི་མགྲིན་སོན་ཏེ་མགྲིན་པར་གནས་པའི་ གཞུང་དང་དོན་ཏོ། །རྟོགས་པའི་ཕྱིར་དུ་ཡིན་པས་བྱ་ཕྱིར་རོ། །དེ་གཞན་ལ་མཚོན་པར་མི་བྱའི་ཉེ་བར་གནས་པ་ལ་སྦྱིན་པར་བྱ་ཞིང་སྩལ་བར་བྱའོ་ཞེས་དགོངས་སོ། །བྱ་བ་གཞན་ཡང་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་ པ་ནི་བླ་མ་བསྙེན་བཀུར་བ་བཤད་པའི་དེ་མ་ཐག་ཏུའོ། །སྔགས་སོགས་བྱིན་པ་ཡིས་ཏེ། དབང་བསྐུར་བ་སྦྱིན་པས་སམ། སྔགས་དང་ཕྱག་རྒྱ་དང་བཟླས་པ་དང་བསྒོམ་པ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་བཤད་པས་སོ། །དམ་ཆོས་སྣོད་དུ་བྱས་ནས་ནི། ། ཞེས་པ་ལ། དམ་ཆོས་ནི་སྔགས་ཀྱི་ཐེག་པ་ཆེན་པོ་སྟེ། དེའི་འམ་དེ་ལ་སྣོད་དེ་སྣོད་སྤྱད་དུ་བྱའོ་ཞེས་བྱ་བའི་དོན་ཏེ། བྱས་ནས་ནི་བསྒྲུབས་ནས་སོ། །སློབ་མ་ཞེས་པ་ལྷག་མའོ། །རྩ་བའི་ལྟུང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རྩ་བ་ཡང་ཡིན་ལ་མི་ དགེ་བ་ཉིད་ཀྱི་ཕྱིར་ལྟུང་བ་ཡང་ཡིན་པས་རྩ་བའི་ལྟུང་བ་རྣམས་ཏེ། འདི་རྣམས་ཀྱིས་ལྟུང་བར་བྱེད་དོ་ཞེས་བྱས་ནས་རྩ་བའི་ལྟུང་བའོ། །བཅུ་བཞི་ནི་བདུན་ཉིས་འགྱུར་གྱི་ཆའོ། །འདི་ལྟ་སྟེ། སློབ་དཔོན་ལ་སྨོད་པ་དང་། དེ་བཞིན་གཤེགས་པའི་བཀའ་ལས་འདའ་བ་དང་། རྡོ་རྗེའི་སྤུན་གྱི་ཉེས་པ་བརྗོད་པ་དང་། སེམས་ཅན་ཡོངས་སུ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོངས་སུ་གཏོང་བ་དང་། ཆོས་སྤོང་བ་དང་། སྣོད་མ་ཡིན་པའི་སེམས་ཅན་ལ་གསང་བའི་ཆོས་སྟོན་པ་དང་། ཕུང་པོ་ལ་བརྙས་པ་དང་། རང་བཞིན་གྱིས་ཡོངས་སུ་ དག་པའི་ཆོས་ལ་ཐེ་ཚོམ་ཟ་བ་དང་། གདུག་པ་ལ་བྱམས་པ་དང་། རྟག་པ་དང་ཆད་པའི་ལྟ་བ་དང་། དད་པ་ཅན་གྱི་སེམས་ཅན་སུན་འབྱིན་པ་དང་། དམ་ཚིག་མི་སྤྱོད་པ་དང་། རང་བཞིན་གྱིས་དག་པའི་བུད་མེད་ཞིག་ཏུ་སྨོད་པ་རྣམས་སོ། །རྩ་བའི་ ལྟུང་བ་བཅུ་བཞི་པོ་འདི་དག་གསལ་བར་བྱེད་པའི་ཕྱིར། གཞུང་ལ་ཡང་རྩ་བའི་ལྟུང་བ་བཅུ་བཞི་ཞེས་བྱ་བ་བཀླག་ཅིང་གཟུང་བར་བྱ་ཞེས་པའི་དོན་ཏོ། །བཀླག་དང་གཟུང་བ་ཉིད་དུ་བྱ། །ཞེས་པ་ནི་གཞུང་བཀླག་པ་སྟེ། ཁ་ཏོན་དུ་བྱ་བ་ལ། དོན་གཟུང་བ་སྟེ། སེམས་ཀྱིས་ངེས་པར་རྟོགས་པར་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསོད་ནམས་བསྔོ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་དུ་བཤད་པའི་རིམ་པས་བྱ་བ་བྱས་ནས་སོ། །བླ་མའི་རྗེས་སུ་འཇུག་པ་ནི་བླ་མ་བསྙེན་བཀུར་བར་གྱུར་པའོ། །ཅི་ ལྟ་བུར་གྱུར་པ་ཞེ་ན། མ་ལུས་སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལུས་པ་ཡང་ཡིན་ལ་སློབ་མ་ཡང་ཡིན་པས་མ་ལུས་སློབ་མ་སྟེ། དེ་རྣམས་ལ་ཕན་པ་ནི་ལེགས་པ་ཡིན་ལ་བསྐྱེད་པ་ནི་སྤེལ་བའོ། །འདི་ལ་སྡིག་པའི་ཟུག་རྔུ་ཞི་བར་བྱེད་པའི་ཚུལ་ཁྲིམས་ཡོད་ པའི་ཕྱིར། མ་ལུས་པའི་སློབ་མ་ལ་ཕན་པ་བསྐྱེད་པ་སྐྱོན་མེད་པའོ། །དེང་དུ་དགེ་བ་བདག་གིས་གང་བགྱིས་པ། །དེས་ནི་འགྲོ་བ་མྱུར་དུ་རྒྱལ་གྱུར་ཅིག །ཅེས་པ་ལ་གང་ཞེས་པ་ནི་དགེ་བ་ལ་བཤད་པ་ལ། དེང་དུ་ནི་ད་ལྟར་རོ། །དགེ་བ་བགྱིས་པ་ནི་ལེགས་བྱས་བརྩམས་ པའོ། །བདག་གིས་ནི་བདག་ཅག་གིས་ཞེས་བྱའོ། །དེས་ནི་དགེ་བ་དེས་སོ། །འགྲོ་བ་ནི་འཇིག་རྟེན་ནོ། །མྱུར་དུ་ནི་མགྱོགས་པར་རོ། །རྒྱལ་བ་ཞེས་པ་ནི་སྡིག་པ་ལས་རྒྱལ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཏེ། སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེར་ འགྲོ་ང་རྒྱལ་བ། །ཞེས་གསུངས་པའི་ཕྱིར་རོ། །གྱུར་ཅིག་ནི་ཤོག་ཤིག་པའོ། །བླ་མའི་བསྙེན་བཀུར་རྣམ་པར་འགྲེལ་པ་ནི། །བྱས་ལས་བདག་ལ་བསོད་ནམས་གང་སྐྱེས་པ། །དེས་ནི་འགྲོ་བས་བླ་མའི་ཞབས་བསྟེན་ཅིང་། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ བར་ཤོག །བླ་མ་ལྔ་བཅུ་པའི་དཀའ་འགྲེལ་འདི་ནི་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་སྐད་ཀྱི་ཆ་ཤས་རིག་པ་གཞོན་ནུ་དཔལ་གྱིས་དཔལ་ལྡན་བླ་མ་དམ་པའི་དབེན་ གནས་ལྷ་ཁང་སྟེང་དུ་བསྒྱུར་བའོ།། ༄ ། །སྤྱིའི་དམ་ཚིག་མདོར་བསྡུས་པ་བཞུགས་སོ། ༄༅༅། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །དེ་ལྟར་སྟོན་པ་མཆོད་བྱས་ནས། །ལམ་གྱི་རྣལ་འབྱོར་རྣམས་དོན་ཕྱིར། །རྒྱུད་གསུམ་ངེས་པར་གསལ་བྱེད་པའི། །དམ་ཚིག་ཆེན་པོ་ མདོར་བཤད་བྱ། །ལམ་གྱི་རྒྱུད་ལ་ཞུགས་རྣམས་ཀྱིས། །བསླབ་པ་གསུམ་ལ་གནས་བྱས་ནས། །དོན་གཉིས་མངོན་དུ་བྱེད་པ་ཡང་། །ནང་རིགས་ལ་ལ་མུན་སྣང་བཞིན། །གཅིག་གིས་འཐད་པ་མ་ཡིན་ལ། །ལ་ལ་ཆ་མཐུན་སྤྱོད་པའི་རིགས། །གདུལ་བྱ་སྐས་ཀྱི་རིམ་སྤྱོད་ པ། །སངས་རྒྱས་མཛད་པ་དེ་གསུངས་སོ། །གཉེར་འདི་ལུང་གིས་ལུས་གཞག་པ། །ངོ་བོ་རྣམ་གྲངས་བསྲུང་ཐབས་དང་། །ཉམས་རྒྱུ་སྔ་རྟགས་སྐྱོན་ཡོན་གཉིས། །སྐོང་ཐབས་དཔེ་དང་མདོ་བཅུར་བཤད། །ངོ་བོ་རྩ་བ་བཞི་དང་ནི། །ཐུན་མིན་ཐུན་མོང་ཡན་ལག་གཉིས། །རྩ་བ་ ཆེན་པོ་མདོར་འབྲེལ་པའོ། །དམ་ཚིག་རྣམ་པའི་གྲངས་དག་ནི། །སེམས་ཅན་གྲངས་དང་ལོག་རྟོག་གྲངས། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཕྱིར། །རྟོག་འདུལ་གཉེན་པོ་དམ་ཚིག་གྲངས། །རྒྱལ་བ་ཉིད་ཀྱིས་བརྗོད་ལས་འདས། །འོན་ཀྱང་རྨོངས་པའི་མདོ་བཟུང་ན། །བྱང་ཆུབ་ སེམས་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །སྤྱད་པ་ལྔ་དང་མི་སྤང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མོང་བཤད། །ཉིང་ལག་སྐབས་སུ་ཤེས་པར་བྱ། །ཐུན་མོང་དམ་ཚིག་མཐའ་ ཡས་པ། །མདོར་བསྡུས་བདག་གཞན་དོན་གཉིས་པོ། །རྣམ་གྲངས་སྐབས་སུ་ཤེས་པར་བྱའོ། །བསྲུང་བའི་ཐབས་ནི་འདི་ལྟ་སྟེ། །རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེར། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །བྱས་མཐོང་ཟོས་པ་ཐམས་ ཅད་ལ། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་པ་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་སྟེ་ཚུད། །ལྟ་སྤྱོད་དམ་ཚིག་འབྲེལ་པ་ཡི། །སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆགས་སྐོང་དང་ཤེས་རྒྱུད་འགྲོལ། ། མན་ངག་ལུང་གི་སློབ་དཔོན་རྣམས། །ལུས་ལ་དབང་བའི་རྒྱལ་པོ་དང་། །ཁོ་བོ་མ་དང་ཕ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །སྒོ་གསུམ་ཟོལ་སྒྱུ་མེད་པ་ཡིས། །ཡི་དམ་ལྷ་ལྟར་རྒྱུན་དུ་བསམ། །བསྲུང་རིམ་འཆད་པ་བཞིན་ཤེས་བྱ། །མཐའ་ཡས་སེམས་ཅན་ རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མེད་དང་། །བདེ་གཤེགས་སྙིང་པོས་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནོ། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་བཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ ཚིག་གང་འདྲེས་པའི། །ནང་ཚན་ཕ་སྤུན་སྤུན་བས་ཀྱང་། །ལྷག་པར་བལྟས་ཏེ་བསྲུང་བ་ནི། །ལུས་ཀྱི་ཟས་ནོར་མཉེས་བྱ་བ། །སྦུར་མ་ལྟ་བུར་ཕོངས་པ་མེད། །གདན་གདིང་ཁུར་སོགས་ལས་བྱ་བ། །བྲན་བཞིན་ངེས་པར་དང་དུ་བླང་། །བླ་མའི་རིགས་འཁོར་དེ་བཞིན་ནོ། །ནོར་ རྫས་བླངས་པའི་རྣམ་སྨིན་ཕྱིར། །ཏིལ་འབྲུ་ཙམ་ཡང་མ་འབག་ཅིག །མལ་གོས་ཕྱགས་སོགས་བགོམ་མི་བྱ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །བརྡེག་གསོད་རྐུ་འཕྲོག་བསྡོ་བ་ནི། །དངོས་སུ་བྱ་བ་ཅི་སྨོས་ཀྱི། །རྩེད་མོའི་ལས་སུའང་བྱ་བ་མིན། །ངག་གིས་ སྐྱོན་སྤངས་ཡོན་ཏན་བསྒྲགས། །ཚུལ་བརྗོད་པས་ནི་ཉམས་པར་འགྱུར། །སྒྲོ་སྐུར་ལ་སོགས་མཚན་ཉིད་ཅན། །བྲེ་མོ་གཏམ་ཡང་ཟུར་མི་བྱ། །ཡིད་ཀྱིས་གཡོ་སྒྱུ་ཕྲག་དོག་དག །ངན་སེམས་འཕྱ་སེམས་ནོར་ལ་བརྐམ། །སེ་གོལ་ཡུལ་དུའང་བྱ་བ་མིན། །ཤིན་ཏུའང་བརྩེ་ ཞིང་གདུང་བར་བྱ། །སྤྱོད་ལམ་ཅིས་ཀྱང་མཉེས་བྱེད་ཅིང་། །བཀའ་ཡི་ཟུར་ཡང་མི་གཅོད་པ། །དེ་ནི་ལྡོག་པར་མ་གསུངས་སོ། །རྩ་བ་བསྐྱེད་དང་ལས་སྔགས་ཀྱིས། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་གཉིས་ཕྱག་རྒྱ་ཆེན་པོ་བཞི། །རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུང་ལ་ཞུགས་པ་ཡིན། །རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་པར་ནི་གང་གིས་བཟླས། །འབྲིང་གིས་ཟླ་གཅིག་དུས་ དྲུག་ཏུ། །དུས་བཞི་བར་དུ་མི་བཅད་ཅིང་། །ཐ་མ་སྤྱད་པའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་རླག་པ་ཡིན། །ཚོགས་དང་གཏོར་མ་དེ་བཞིན་ཏེ། །ཐ་ན་ལོ་ཟླ་མི་བཟླའོ། །ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་ ཡི་གཟུགས་དང་གྲུབ་རྟགས་དང་། །སྤྱིར་གསང་རྣམ་པ་བཞིར་བཤད་དོ། །སྒྲུབ་པའི་གནས་དུས་གྲོགས་དང་རྫས། །རབ་ཏུ་གསང་ལ་བསྒྲུབ་པར་བྱའོ། །གསང་བར་འོས་པ་མདོར་བསྡུ་ན། །ཕུང་དང་གཏོར་མ་ཚོགས་དག་དང་། །བྷནྡྷ་ཕུར་པ་མར་མེའི་སྣོད། །རྫས་དང་ལག་ ཆ་དཀྱིལ་འཁོར་དང་། །སྐྱེ་བོས་མཐོང་བར་ཡོངས་མི་བྱ། །དྲིལ་བུ་རྔེའུ་ཆུང་ལ་སོགས་སྒྲ། །སྐྱེ་བོས་ཐོས་པར་ཡོངས་མི་བརྡུང་། །གྲོགས་པོའི་སྤྱོད་དང་མཚང་རྣམས་དང་། །སེམས་ཅན་ཀུན་གྱི་ངན་སྤྱོད་རྣམས། །ཤིན་ཏུ་གསང་ན་བྱང་ཆུབ་རྒྱུ། །གཉེར་གཏད་པ་ཡི་ གདམས་པ་སྟེ། །སྔར་བཤད་སློབ་དཔོན་ཆེད་ཀྱིས་སོ། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །དམ་ཉམས་དམ་ལས་ལོག་པ་དང་། །དམ་ མེད་དཀྱིལ་འཁོར་མ་མཐོང་ཞིང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །སེམས་ཀྱིས་བསྟན་པར་མི་བྱ་ཞིང་། །ལུས་ཀྱིས་ཐམས་ཅད་སྦས་ལ་གཞག །ངག་གིས་རྡོ་རྗེ་ལྕེ་ཡོད་ཀྱང་། །བརྗོད་པ་དག་ཏུ་བྱ་བ་མེད། །དེ་དག་རྩ་བ་བཞིར་བཤད་དོ། །ཐུན་མོང་ཡན་ལག་བཤད་བྱ་ བ། །སྒྲོལ་སྦྱོར་མ་བྱིན་ལེན་པ་དང་། །བརྫུན་སྨྲ་ངག་རྩུབ་སྤྱོད་པ་ལྔ། །རང་བཞིན་གྱིས་ནི་སྦྱོར་སྒྲོལ་དང་། །དབང་པོའི་ཡུལ་དུ་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །ཐབས་ཆེན་པོ་ཡི་སྦྱོར་སྒྲོལ་དང་། །སྔོན་དུ་བྱ་བའི་སྦྱོར་སྒྲོལ་ལྔའོ། །གཉིས་ནི་ཤེས་བྱའི་ཐུན་མོང་ བཤད། །ཏིང་འཛིན་བསླབ་པ་ཐུན་མོང་གསུམ། །དངོས་ཕྱུང་དམ་ཚིག་ཆེན་པོ་ལ། །བྱེད་པའི་ཚིག་ལྔར་ཤེས་པར་བྱ། །ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུས་པར་འོངས་དང་ཡོངས་ལ་ གནོད། །དམ་སྲི་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །གྲངས་ནི་རྩ་བ་བཅུ་བཞིའོ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པས་དབང་བསྒྱུར་ཏེ། །བྱང་ཆུབ་ཞིང་དུ་དགོད་པར་བྱ། །ཏིང་འཛིན་སྔགས་ རྒྱས་བག་ཆགས་སྦྱང་། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་བརླབས་མཆོད་པ་བསྔོ། །བསོད་ནམས་མཆོག་ཏུ་འདི་འགྱུར་རོ། །དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། །བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་ མཉེས་བདག་གི་དམ་སྐོང་ཞིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསགས་མེད་ངན་སོང་ལ། །བདེ་ལམ་འདི་ལས་གཞན་མེད་དོ། །ཐབས་ཀྱི་སྤྱོད་པས་འཆིང་འགྱུར་ན། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་སྟོན་པ་ལྟུང་། །ཁེ་དང་སྤྱོད་ པ་དེ་མིན་ཕྱིར། །ཐབས་ཆེན་ལམ་ལ་གནས་པའི་ཕྱིར། །སྐྱེ་བོ་ཀུན་གྱིས་བྱ་བར་འབྱུང་། །ག་ཎའི་དམ་ཚིག་ཆེན་པོ་ནི། །ལོག་པར་ཆགས་ཡིད་གཡོ་སྤངས་པའི། །དོན་གཉིས་མངོན་དུ་འདོད་པའི་མིས། །པད་ཅན་དུང་ཅན་རི་མོ་ཅན། །བ་ལང་ཅན་དང་ལྕུག་ཕྲན་མ། །སྡོང་ཅིག་ མི་རེག་ཕྱལ་བ་བརྒྱད། །མཉེན་དང་སྐེ་རིང་སྟོད་སྨད་ཕྱེད། །ཡན་ལག་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བའི་དབྱེས་ཕྱེ་སྨིན་དཀྱུས་རིང་། །དམིག་ཕྲག་དཀྱིལ་ན་ཨུཏྤལ་མདོག །ཆུ་ཞེང་གཉིས་ཀ་འབྲིང་དུ་བཤད། །ལུས་ལ་ཆུ་ཀླུང་ག་པུར་དྲི། །གསང་ཐུབ་ཤེས་ རབ་སྤྱོད་པ་དལ། །དད་ལྡན་འགྲོགས་ཤིང་ཡིད་དད་ཆེ། །གསང་བའི་གནས་སུ་སྤྱད་པར་བྱའོ། །དབང་བསྐུར་དམ་དབོག་ཆོས་གསུམ་བཤད། །ལུས་ལ་རིགས་ལྔའི་རྡུལ་ཚོན་དགྱེ། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱར། །དམ་ཚིག་རྣམ་གྲངས་བཅུ་གཉིས་ཀྱི། །དངོས་ གྲུབ་ཡོན་ཏན་བསམ་མི་ཁྱབ། །སློབ་བུ་སྨིན་ཅིང་ལས་རྣམས་འགྲུབ། །སྐྱེ་གནས་ངན་འགྲོ་རིགས་སུ་ངེས། །ཐབས་ཀྱི་ཐེག་པ་འདིར་བཤད་དོ། །མཚན་ཉིད་ཆ་དང་རྣམ་གྲངས་དང་། །ལྟོས་པའི་ཀུན་བརྟགས་རྣམ་པ་གསུམ། །དངོས་པོ་དེ་ཉིད་ལས་ བརྫུན་ཞེས། །ཐམས་ཅད་རང་རིག་སྣང་ཕྱིར་བདེན། །ཤེས་ནས་ཀུན་སྨྲ་སྐྱེས་བུའི་ཡུལ། །དཀོན་མཆོག་གསུམ་དང་སློབ་དཔོན་མཆེད། །སེམས་ཅན་གནོད་པར་འོངས་པ་ལ། །བརྫུན་དུ་སྨྲ་བའི་ཚིག་དག་བྱ། །གང་ལ་གསང་བར་བྱ་རྣམས་དང་། །གསང་བཅུ་ལ་འདྲི་བརྫུན་ བཅུ་སྨྲ། །བསྲུང་བ་བཅུ་བདུན་ཉམས་སུ་བླང་། །ཞིང་བཅུར་གྱུར་པའི་ནོར་བཅུ་དང་། །མཚན་ལྡན་གཟུངས་དང་བཀྲ་ཤིས་རྫས། །སྦས་ཆོས་ཕལ་འཆང་བྱིན་ཅན་རྫས། །བསྲུང་བ་ཡོད་དང་མེད་པའི་གཏེར། །ཕྱུག་པོ་སེར་སྣས་བཅིངས་པའི་ནོར། །མིང་གིས་བླངས་ལ་ཚོགས་ སུ་བསྔོ། །དམ་ཚིག་བཅུ་བདུན་སྤྱད་པར་བྱ། །ཞིང་བཅུར་གྱུར་པའི་སེམས་ཅན་ལ། །བརླང་ཚིག་བཅུ་ཡིས་ཞེ་བཅད་དེ། །དྲག་ཤུལ་སྤྱོད་པའི་སྔགས་དག་དང་། །གཟུངས་ལ་བརླང་པོའི་སྦྱོར་ཚིག་དང་། །སློབ་བུ་སྣོད་ཅེས་ཞེ་གཅོད་དང་། །འབྱུང་པོ་ཞེ་གཅོད་རྔམ་པའི་སྒྲ། །སྣོད་ ལྡན་བུ་ལ་བླང་ཆོས་བཤད། །དག་གི་དམ་ཚིག་བཅོ་ལྔ་བསྲུང་། །མི་སྤང་དམ་ཚིག་བཤད་པར་བྱ། །ཡང་དག་དུག་ལྔ་ལོག་དུག་ལྔ། །བཤད་པའི་ཐབས་མཁས་འདོད་ཆགས་དང་། །འདོད་སྤྱོད་སེམས་ཀྱི་རྒྱན་ཤེས་ནས། །ཤིན་ཏུ་ཞེན་པའི་ལམ་དུ་གསུངས། །ཞིང་ བཅུ་རླག་བྱེད་ཞེ་སྡང་གཅོད། །ལྟས་ངན་འཇོམས་པ་དེ་བཞིན་ཏེ། །ཐབས་ལ་མཁས་པས་སྤྱོད་པ་ཡིན། །མངོན་པར་མཐོ་བའི་ལྟ་བ་དང་། །ཏིང་འཛིན་ངེས་པར་སྲན་ཚུགས་དང་། །ཤིན་ཏུ་རྒྱལ་བའི་མཆོག་ཏུ་གསུངས། །ལྟ་བས་ཕྱོགས་རིགས་མི་འབྱེད་པ། །སྤྱོད་པས་ བླང་དོར་མི་བྱེད་པ། །ཐེག་པ་ཆེན་པོའི་གཏི་མུག་གོ། །ལྟ་སྤྱོད་དམན་ལ་ཕྲག་དོག་ཅིང་། །དམ་མ་འདྲེས་སོགས་སྤོང་བྱེད་པས། །ཕྲག་དོག་དམ་ཚིག་བསྲུང་བའོ། །ལོག་དུག་སེམས་ཅན་ཀུན་ལྡན་པས། །དུག་ལྔ་རང་རིག་རང་ལྡན་ཕྱིར། །དྲན་པ་ཐམས་ཅད་ཤེས་པ་ལས། ཤེས་པ་ཐམས་ཅད་རྩོལ་བ་ཡིན། །རྩོལ་བའི་སེམས་ཕྱིར་ཐབས་མཁས་པས། །ཐབས་མཁས་རང་རིག་ཡེ་ཤེས་ཏེ། །ཉི་མའི་དཀྱིལ་ན་མུན་མེད་ལྟར། །རིག་ལ་རང་སྣང་མ་གཏོགས་པ། །ཉོན་མོངས་འཁོར་བ་རང་གིས་མེད། །དེ་ཤེས་ཡེ་ཤེས་རང་རིག་ལས། །སྤང་བར་ བྱ་བ་དམིགས་མི་འགྱུར། །དམ་ཚིག་བཅོ་ལྔ་གནས་པ་ཡི། །རྣལ་འབྱོར་ཆེན་པོའི་དོན་གཉིས་རྫོགས། །ཀུན་གྱིས་བླང་བའི་དམ་ཚིག་ལྔ། །དྲི་ཆེན་དྲི་ཆུ་མང་ས་དང་། །ཟིལ་པ་ལྷག་པའི་སེམས་རྣམས་དང་། །གྲུབ་པ་བཞི་ཡིས་བརྒྱན་པའི་ཕྱིར། །ནད་ལྔ་བསལ་ཕྱིར་བླང་ བ་དང་། །གཙང་སྨེ་རྟོག་སྦྱང་ཕྱིར་བླང་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་གྲུབ་པའི་ཡོན་ཏན་ནོ། །སྡུག་བསྔལ་ལས་གྲོལ་དངོས་གྲུབ་ཐོབ། །བཅུད་ལྡན་བཏུང་ལྔ་ལམ་གྱི་མཆོག །ཐབས་ཀྱི་ལུས་ལ་བརྟེན་ཤེས་ན། །ཡོན་ཏན་བརྗོད་ལས་འདས་པར་ གསུངས། །ཕྱེ་བའི་དམ་ཚིག་སུམ་ཅུ་གཉིས། །སྐབས་ཀྱིས་དང་དུ་བླང་བར་བྱའོ། །བསྒྲུབ་པར་བྱ་བ་རྣམ་ལྔ་ལ། །རིགས་དང་ཡེ་ཤེས་ཡབ་ཡུམ་ལ། །གཅིག་ལའང་ལྔ་ལྔར་ཤེས་པར་བྱ། །སྐུ་དང་གསུང་ཐུགས་ཡོན་ཏན་ལ། །གཅིག་ལའང་ལྔ་ལྔར་ཕྱེ་བས་ན། །བཞི་ བཅུ་རྩ་ལྔའི་བྱེ་བྲག་རྣམས། །མཚན་ཉིད་ཤེས་ནས་བསྒྲུབ་པར་བྱ། །ཤེས་པ་ལྔ་ལས་བྱེ་བྲག་ཏུ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ཡུལ་དང་ཡན་ལག་གོ། །ཉོན་མོངས་དམ་རྫས་ཤ་དང་ནི། །ཕྱོགས་དང་ཁ་དོག་འགྲོ་བ་དང་། །སྙིགས་མ་བག་ཆགས་ལྔ་ལྔའོ། །བདུན་ ཅུ་ལ་སོགས་འཁོར་བའི་ཆོས། །ཡེ་ཤེས་སྐུ་རིགས་ཡབ་ཡུམ་སོགས། །རང་གཞན་ངང་གིས་སྐུར་དག་ལ། །བློ་ལ་ཉམས་སུ་ལོན་པ་ནི། །སྤྱོད་ཡུལ་ཡང་དག་རྣལ་འབྱོར་པའོ། །ཐུན་མོང་དམ་ཚིག་མདོར་བསྡུ་ན། །བདག་གཞན་དོན་དུ་ཤེས་པར་བྱའོ། །རྒྱན་འགྱེད་ལུས་མཛེས་ འདུ་ལྟ་དང་། །ཆང་དང་དྲེགས་སྤྱོད་ཁེངས་སེམས་དང་། །ཆེ་དག་དགེ་སྨོད་སྡིག་སྤྱོད་དང་། །ལེ་ལོ་སེར་སྣ་གཉིད་གཡེང་དང་། །ཁྲོ་གཏུམ་ཡེ་ཤེས་སྔོན་མི་གཏོང་། །བཀའ་བཅག་སྡིག་པའི་གྲོགས་བསྟེན་དང་། །བག་མེད་སྤྱོད་དང་དམ་ཆོས་འདོར། །ཆོག་མི་ཤེས་དང་རྔོམ་ལ་ དགའ། །སྤང་བྱ་ཉི་ཤུ་གཅིག་བཟློག་པ། །བདག་དོན་མཆོག་ཏུ་གྱུར་པ་སྟེ། །ཀུན་གྱིས་བདག་ཉིད་བཀུར་བར་གྱུར། །ཕ་རོལ་ཕྱིན་དྲུག་ཆོས་སྤྱོད་བཅུ། །རྣམ་བཞི་ལས་ཀྱི་སྤྱོད་པ་དང་། །མཐུན་འཇུག་ལས་ཀྱི་སྤྱོད་པ་ནི། །ཐེག་པ་དགུ་དང་མུ་སྟེགས་དགུ། ། འགྲོ་བ་དྲུག་གི་སྤྱོད་པ་རྣམས། །འཛིན་དང་ཉམ་ང་མེད་པར་སྤྱོད། །དོན་འགྱུར་ཅི་ཡང་ཉམས་སུ་བླང་། །བཞི་བཅུ་བཞི་ལ་སོགས་པ་ཡིས། །གདུལ་བྱ་གང་ཡང་དོར་མི་བྱ། །བསྲུང་བ་དེ་དག་གྲངས་བཏབ་པ། །དྲན་དང་ཤེས་བཞིན་གྱིས་སྤྱོད་པ། །རྣལ་འབྱོར་དབང་ཕྱུག་ཆེན་ པོར་གསུངས། །ཉམས་པར་གྱུར་པའི་རྒྱུ་དག་ནི། །མི་ཆོས་བློན་པོ་ལས་བྱེད་དང་། །བདག་བསྟོད་གཞན་སྨོད་གཟུང་འཛིན་མཁས། །ཁེངས་དྲེགས་གཉིས་ཕྱིར་འདུ་བ་སྟེ། །རྫས་ལ་ཆགས་སེམས་རང་ཕྱོགས་ཆེ། །ཆང་དང་རང་མཐོང་ལྟ་སྤྱོད་སྙེམས། །ཆོས་ལ་ཕྱོགས་རིས་ངོམས་ སྐྱེན་དང་། །གསང་ཆུང་ལེ་ལོ་གཙང་སྨེ་ཆེ། །སྒྲོ་སྐུར་གྲོགས་ཀྱི་ཉམས་ལེན་དང་། །འཁོར་བའི་རིགས་རྒྱུད་སྤེལ་འདོད་ཅིང་། །གཅིག་པུར་མི་དགའ་འདུ་ལ་དགའ། །ཉི་ཤུ་ཉམས་པའི་རྒྱུར་འགྱུར་རོ། །སྔ་རྟགས་སྔོན་དུ་འབྱུང་བ་ནི། །ཉམ་ང་བ་ཡི་ནད་རྣམས་དང་། །དགྲ་ བགེགས་གཉིས་ལ་བདེ་མི་འཇུག །འཁོར་དང་ལོངས་སྤྱོད་ཡིད་འོང་འབྲལ། །ཡ་ག་མ་ཉེས་ལ་སོགས་འབྱུང་། །བརྩམས་པའི་ལས་ལ་འབྲས་མེད་ཅིང་། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །གལ་ཏེ་ཉམས་ལ་རྟགས་མེད་པར། །ལེགས་པར་སྣང་ན་མི་རུང་སྟེ། །བདེ་བ་ ཟད་མེད་གཏན་དུ་སྡུག །གལ་ཏེ་ཉམས་ལ་རྟགས་བྱུང་ན། །སྔོན་གྱི་རྣམ་སྨིན་ཟད་འགྱུར་ཕྱིར། །བསྐང་བའི་ལས་རྣམས་བརྩོན་བྱས་ན། །ངན་སོང་སྡུག་བསྔལ་མྱོང་མི་འགྱུར། །ཉམས་པར་གྱུར་པའི་སྐྱོན་བཤད་པ། །བྱང་སེམས་དམ་ཚིག་ཉམས་གྱུར་ན། །བསྐལ་པར་ དགེ་བ་ཅི་བསགས་ཀྱང་། །གཞི་རྟེན་མེད་པར་གྱུར་པ་ཡིས། །འཁོར་བའི་ཁམས་གསུམ་ཟག་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །ཡ་ངའི་ནད་སོགས་སྡུག་བསྔལ་འབྱུང་། །དུས་མིན་ཚེ་ཟད་བར་ཆད་མང་། །བསྐལ་པར་རྡོ་རྗེ་དམྱལ་བར་ལྟུང་། །བདེ་བས་རབ་ཏུ་ བྲེལ་བར་འགྱུར། །གསུང་གི་དམ་ཚིག་ཉམས་གྱུར་ན། །བགེགས་རྣམས་ཐོགས་མེད་འོང་བ་དང་། །རྐྱེན་དང་ཡེ་འདྲོག་མང་བ་དང་། །ཆོས་ལ་བྱིན་རླབས་མེད་འགྱུར་ཞིང་། །བསྐལ་པ་གཉིས་སུ་དམྱལ་བར་ལྟུང་། །སྒྲུབ་པའི་དམ་ལས་འདས་པར་འགྱུར། །ཐུགས་ཀྱི་དམ་ཚིག་ ཉམས་གྱུར་ན། །སྨྱོ་འབོག་དབང་པོ་ཉམས་དང་འཆལ། །མྱོས་ཤིང་སྐུར་པའི་གནས་སུ་འགྱུར། །གང་ཡང་བསྒྲུབས་ལ་རྟགས་མེད་ཅིང་། །ལྕེ་ལ་ཞིང་རྨོ་ལ་སོགས་པའི། །དམྱལ་བར་བསྐལ་པ་གསུམ་ལ་གནས། །རྩ་བ་ཀུན་ཉམས་ཕལ་པ་དག །གསོ་ལ་ཉེ་བར་མི་བརྩོན་ན། །རྡོ་ རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་ སུ། །དེ་ནི་ཐོན་པར་མི་འགྱུར་ཏེ། །འཇིག་རྟེན་འཇིག་ནའང་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །དེ་བས་ཤིན་ཏུ་ནན་ཏན་གྱིས། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ལོངས་སྤྱོད་མང་དུ་འཕེལ་བ་མེད། །ཐེག་པ་ཆེ་ལ་འཕྱས་དོགས་ཤིང་། །ཐུན་མོང་ མཆོག་གི་དངོས་གྲུབ་རྣམས། །ཤིན་ཏུ་རིང་བར་གྱུར་པ་དང་། །གདུལ་བྱའི་དོན་རྣམས་ཡལ་འགྱུར་ཞིང་། །ལྟ་སྤྱོད་ཡ་ཆར་གྱུར་པ་ཡིས། །ཐེག་པ་ཕྱི་ནང་འདྲེས་པ་ཉིད། །བཀའ་ཡི་བྱིན་ཉམས་འགྲུབ་པར་དཀའ། །སྲུང་བའི་ལྷ་རྣམས་གཡེལ་བ་དང་། །ཟབ་མོའི་ཆོས་ ལས་རིང་འགྱུར་ཞིང་། །བསྐལ་པར་ངན་སོང་ལྟུང་བར་འགྱུར། །རྣལ་འབྱོར་སྔོ་སྐམས་ཉིད་དུ་འགྱུར། །རྣལ་འབྱོར་སྐྱེས་བུ་ཆེན་པོ་ཡིས། །དམ་ཚིག་མ་ཉམས་གཞུང་མཐུན་དང་། །ལུས་ལ་ནད་ཉུང་མཚན་ལྡན་ཞིང་། །ཐུན་མོང་ཉེས་བྱས་དག་པར་འགྱུར། །སྲིད་པ་གསུམ་ ལ་དབང་བསྒྱུར་ཞིང་། །ཐེག་ཆེན་ཟབ་མོའི་དོན་ཐོབ་གྱུར། །གསུང་གིས་ལྷ་མཉེས་རྒྱུད་འཕེལ་ཞིང་། །མཐུ་དང་བྱིན་རླབས་བསམ་མི་ཁྱབ། །ལས་རྣམས་དུས་སུ་འགྲུབ་པར་འགྱུར། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས། །ཐུགས་ཀྱི་སྐྱོ་དུབ་མེད་པ་དང་། །མན་ངག་སྣོད་ གྱུར་དངོས་གྲུབ་ཉེ། །དགོངས་ཟབ་དོན་ལ་མཁས་པ་དང་། །ལྷ་རྣམས་ཀྱིས་ནི་དབང་བསྐུར་འགྱུར། །ཡན་ལག་དམ་ཚིག་མ་ཉམས་ན། །སྐྱོན་བཟློག་པ་ཉིད་ཡོན་ཏན་འགྱུར། །བདུད་བཞི་བཅོམ་ཞིང་ངན་སོང་སྐྱོབ། །ཐེག་ཆེན་ལྟ་སྤྱོད་གཞུང་བསྲང་ བས། །ལྷ་རྣམས་འགོ་ཞིང་བསམ་པ་འགྲུབ། །དོན་གཉིས་ཡོངས་སུ་རྫོགས་པར་འགྱུར། །ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ ཆེན་པོ་ཡིན། །ཉམས་ན་བསྐང་བའི་ཐབས་རྣམས་ནི། །བྱང་ཆུབ་སེམས་ཀྱི་དམ་ཉམས་ན། །མཁས་ལ་གནས་ཏེ་གནས་པར་བྱ། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །གང་ལ་ཉམས་པ་དེར་སོང་ལ། །ནོར་རྫས་མཉེས་པ་དེར་ཕུལ་ནས། །གང་ཉེས་ཚིག་ཏུ་བཤགས་བྱས་ལ། ། ཕྱིན་ཆད་སྡོམ་པ་ལེགས་པར་བཅའ། །གལ་ཏེ་གྲོངས་ཆད་གྱུར་པ་ན། །དེ་ཡི་སློབ་དཔོན་བཞུགས་པ་ལ། །དམ་ཚིག་གོང་མ་བཞིན་དུ་བཤགས། །མེད་ན་མཉམ་པ་བརྒྱ་ལ་བཤགས། །དེ་ཡང་རྙེད་པར་མ་གྱུར་ན། །དེ་དང་མཉམ་པ་གསུམ་བཀུག་ལ། །སྦྱིན་སྲེག་མེ་ཐབ་རབ་ བརྩིགས་ནས། །དཀྱིལ་འཁོར་ལྷ་ལ་མཆོད་རྗེས་སུ། །སྤྱན་དྲངས་གསང་མཚན་ལ་སོགས་མཆོད། །གོང་དུ་སྨོས་པའི་ཡོན་རྣམས་ཀྱང་། །མཉམ་པོ་གསུམ་ལ་དབུལ་བར་བྱ། །གལ་ཏེ་གུས་པར་མི་ལེན་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ། །དེ་བས་མྱུར་དུ་ཚངས་པར་བྱ། གསུང་གི་དམ་ཚིག་ཉམས་གྱུར་ན། །སྒོ་གསུམ་སྐུ་གསུང་ཐུགས་ཉིད་དུ། །ངེས་པར་ཤེས་ཏེ་སྐོང་བར་འགྱུར། །བཟླས་པ་སྔགས་ཀྱིས་བསབ་པ་དང་། །སྒྲུབ་པ་ཆེན་པོ་གསུམ་གྱིས་བསྐང་། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །འགྲོ་དྲུག་སེམས་སུ་གསལ་རྟོགས་ན། །བདག་ ཉིད་བདག་ལ་བསབ་པར་བྱེད། །མི་རྟོག་ཏིང་འཛིན་རླུང་ཞུགས་ཏེ། །མ་ཡེངས་བློ་ལ་འདྲིས་པར་བྱའོ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །གང་འདས་དེ་ཉིད་སོར་བཅུག་ལ། །བརྒྱ་རྩ་བརྒྱད་ཀྱི་ཚོགས་ཀྱིས་བསྐང་། །དེ་ལྟར་ཉམས་སུ་བླངས་ན་སྐོང་། །སྔ་རྟགས་སྡུག་ བསྔལ་འབྱུང་མི་འགྱུར། །དམ་ཚིག་ཆེན་པོ་དཔེས་བསྟན་པ། །ས་གཞི་ལྟ་བུའི་རང་བཞིན་པས། །ལམ་དང་འབྲས་བུའི་ཆོས་རྣམས་ཀུན། །དམ་ཚིག་མེད་པར་འབྱུང་མི་སྲིད། །ས་མཐའི་མཁར་གྱི་རང་བཞིན་པས། །བསྲུང་བ་ཐུབ་དང་མ་ཐུབ་ལས། །ལེགས་ཉེས་སྟོངས་ ཆེན་སྤྱོད་པའོ། །རིན་ཆེན་ལྟ་བུའི་རང་བཞིན་པས། །དངོས་གྲུབ་དགོས་འདོད་ཐམས་ཅད་འབྱུང་། །ནམ་མཁའ་ལྟ་བུའི་རང་བཞིན་པས། །འདི་ཡོད་ཐམས་ཅད་ཤོད་པར་འགྱུར། །རྣོ་དབལ་མཚོན་གྱི་རང་བཞིན་པས། །འཁོར་བའི་དྲ་བ་གཅོད་པ་ལ། །ཕ་མ་ལྟ་བུའི་རང་ བཞིན་པས། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད། །རྒྱ་མཚོ་ལྟ་བུའི་རང་བཞིན་པས། །རླབས་ཆེན་དུས་དུས་འབྱུང་བར་བྱེད། །མེ་དཔུང་ལྟ་བུའི་རང་བཞིན་པས། །གང་མཚོ་ཐམས་ཅད་ཚིག་པར་འགྱུར། །དེ་བཞིན་རྩི་སྣན་རང་བཞིན་པས། །འཁོར་བའི་གཅོང་ རྙིང་མ་ལུས་འབྱིན། །རྒྱལ་པོ་ལྟ་བུའི་རང་བཞིན་པས། །ཕྱོགས་འགའ་བརྟེན་ཡང་རིམ་གྱིས་འཚོ། །རྒྱ་མཚོ་ནོར་ལེན་དེད་དཔོན་དང་། །ཐོག་མ་ནས་མཐར་འདིས་ཕྱིན་པས། །འདི་ལ་ཤིན་ཏུ་ནན་ཏན་བྱའོ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ སེམས་ཉིད་དམ་ཚིག་ཡིན། །ཇི་སྙེད་སྣང་བའི་ཆོས་རྣམས་ཀུན། །རང་རིག་རྐྱེན་བྲལ་ཉིད་སྣང་བས། །ཅིར་སྣང་ཅིར་སྲིད་རང་རིག་ཉིད། །འགྲོ་ལྡོག་སྤྱི་ཚུགས་གང་ཡོང་ཡང་། །སྙིང་པོའི་དོན་ལས་འདའ་མི་སྲིད། །རང་བཞིན་དམ་ཚིག་ཆེན་པོ་ཡིད། །རང་བཞིན་ལྷུན་གྲུབ་དམ་ ཚིག་ལ། །རིགས་པས་ཕྱིན་ཅི་མ་ལོག་ན། །མངོན་སྣང་གདགས་པའི་ཆོས་མེད་པས། །ལྟ་བའི་དམ་ཚིག་ཆེན་པོར་བཤད། །དེ་དག་བློ་ལ་འདྲིས་པ་ཡིས། །སྤྱོད་ལམ་ཀུན་ཡང་མ་ཉམས་པར། །ཏིང་འཛིན་རྒྱུད་ཀྱི་དམ་ཚིག་སྟེ། །སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག །འདི་ ལ་བསྲུང་བ་ཅི་ཡང་མེད། །ཉམས་པ་རྡུལ་ཙམ་འབྱུང་མི་སྲིད། །མ་འགགས་སྤྱོད་པ་འཛིན་མེད་པས། །ལྷག་པའི་དམ་ཚིག་རྣམ་བཞི་ལྡན། །བསྲུང་བྱ་མ་ལུས་འདིར་འདུས་ཕྱིར། །དམ་ཚིག་ཀུན་གྱི་མདོ་ཞེས་སོ། །སྒྱུ་འཕྲུལ་རྣམ་དཔྱོད་གཏོར་ཚོགས་རྒྱ་མཚོའི་རྒྱུད་ཆེན་ ལས། །ལམ་འབྲས་སྙིང་པོ་མེ་ལོང་བཅུ་གཅིག་གིས་མཚན་པ། །འཁོར་བའི་ངང་མཆུའི་ཚུལ་གྱིས་སྒེག་པའི་བློས་བསྡུས་པའི། །དགེ་རྩས་ཀུན་ཀྱང་དམ་གནས་འགྲོ་ཀུན་བྱང་ཆུབ་ཤོག །སྤྱིའི་དམ་ཚིག་མདོར་བསྡུས་པ་དཔལ་སྒེག་པའི་རྡོ་རྗེས་མཛད་པ་དམ་ཚིག་ ཆེན་པོའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤཱི་ལ་སམྦ་ར་ས་མ་ཡ་ཨ་བི་རུ་དྡྷ་ནཱ་མ། བོད་སྐད་དུ། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ ཚོགས་ཀུན་མཁྱེན་དམ་པའི་དབང་ཕྱུག་སྙིང་རྗེའི་མཆོག་གི་བདུད་རྩིས་བརླན་པའི་བློ་གྲོས་ཅན། །གཞན་དོན་ཡོན་ཏན་དྲི་མེད་བདེན་པའི་རིན་ཆེན་རིན་ཐང་མེད་པ་མང་པོ་འཐོབ་པའི་མཆོག །འགྲོ་བ་ཉོན་མོངས་ཧ་ལ་ཧ་ལའི་དུག་ཟོས་རྣམས་ལ་ཆོས་ཀྱི་བདུད་རྩིའི་ཆར་ པ་ཡིས། །མྱ་ངན་འདས་པ་དམ་པའི་དོན་བྱེད་པ་ཡི་དཔལ་ལྡན་གང་ཡིན་ཁྱེད་ཀྱིས་རྟག་ཏུ་སྲུངས། །དགེ་བའི་བཤེས་གཉེན་དང་བྲལ་ཞིང་། །བདེ་གཤེགས་བྱིན་རླབས་མེད་པ་དང་། །མང་དུ་ཐོས་པ་དང་བྲལ་ཞིང་། །ཐོས་པ་ཉུང་ངུས་ཆོག་ཤེས་པ། །མཁས་པ་ཉིད་ དུ་རློམ་བྱེད་རྣམས། །རྒྱུད་དང་སྔགས་དང་ཕྱག་རྒྱ་སོགས། །སྦྱིན་ལ་སོགས་དང་སངས་རྒྱས་ཡུམ། །ལུང་ནོད་ཇི་བཞིན་མ་རྟོགས་པས། །དཔལ་ལྡན་སངས་རྒྱས་ཀྱིས་བསྟན་པའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ། །དང་པོར་བཟུང་ནས་དེ་འོག་ཏུ། ། རབ་ཏུ་བྱུང་ནས་དགེ་སློང་ངམ། །དང་པོར་རབ་ཏུ་བྱུང་བརྟན་ནས། །སྔགས་དང་ཕ་རོལ་ཕྱིན་ལམ་ནས། །ཕྱི་ནས་དེ་རྣམས་རྨོངས་སོགས་ཀྱིས། །འདུལ་བ་ཡི་ནི་བསྟན་བཅོས་ལས། །ཉན་ཐོས་ལ་སོགས་སྡོམ་གནས་པ། །སོ་སོར་ཐར་དང་ལོ་དྲིར་གནས། །དེར་ བསྟན་པ་ཡི་བསླབ་པ་རྣམས། །ཕལ་ཆེར་བསྲུང་བར་མ་ནུས་པས། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །འགལ་བ་ཉིད་དུ་གནས་བཟུང་ནས། །དེ་ལྟར་དེ་སྤངས་རྣམ་པར་གནས། །དེ་དག་མི་ཤེས་བསལ་ཕྱིར་དང་། །བསྟན་པ་འཁྲུལ་པ་བཟློག་པའི་ཕྱིར། །རིག་ འཛིན་གྱི་ནི་དམ་ཚིག་རྣམས། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། །སོ་སོར་ཐར་གསུངས་སྡོམ་པ་ནི། །རྒྱུ་འབྲས་ལྟོས་འབྲེལ་གྲུབ་རྣམས་ལ། །མི་འགལ་འབྲེལ་པ་གསལ་བར་བྱ། །སྒྲུབ་པ་ལུང་བཞིན་བྱ་བ་ནི། །དཔལ་ལྡན་བླ་མའི་ཞལ་སྔ་ནས། །ཡང་དག་ཤེས་ རབ་ཕ་རོལ་ཕྱིན། །མངོན་པར་རྟོགས་པ་བརྒྱད་རྣམས་དང་། །དམ་ཚིག་དབང་བསྐུར་ཐོབ་པ་ཡིས། །ཤིན་ཏུ་མན་ངག་དང་ལྡན་པས། །དཔལ་ལྡན་འདུས་སོགས་རྒྱུད་ཀྱི་དོན། །རིམ་པ་གཉིས་ནི་རྣམ་དབྱེ་བ། །ཐོབ་པ་ངེས་བསམ་སྙིང་རྗེ་ཡིས། །བདག་དང་གཞན་གྱི་ བྱང་ཆུབ་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །ཀུན་ལས་ཕྱིར་མི་ལྡོག་བརྟན་བྱ། །ཐབས་ཀྱི་རང་བཞིན་བྱ་བ་འམ། །བསྒོམ་པ་ཡི་ནི་ལམ་དག་སྟེ། །སྦྱིན་ལ་སོགས་པའི་བསླབ་པ་ལ། །ཡང་ན་སྔགས་སྤྱོད་རིམ་པ་ལས། །རྟག་ཏུ་དགེ་བའི་བཤེས་གཉེན་ནི། ། བསྟེན་པ་ཡོངས་སུ་གཏང་མི་བྱ། །མདོ་སྡེ་ཆོས་མངོན་འདུལ་བ་ཡི། །གཙུག་ལག་གི་ནི་བསྟན་བཅོས་དང་། །གཙུག་ལག་མ་ཡིན་ལོ་དྲི་སོགས། །སློབ་དང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སོ་སོར་ཐར་སོགས་སྡོམ་པ་ནི། །དགེ་ སློང་བློ་དང་ལྡན་པ་ཡིས། །བྱང་ཆུབ་སེམས་དཔའ་ཡང་དག་བསྟེན། །བདག་དང་གཞན་གྱི་བྱང་ཆུབ་དང་། །དཔལ་ལྡན་འཆི་བདག་ལས་རྒྱལ་བའི། །བསྟན་པ་ཡང་ནི་བསྲུང་ཕྱིར་དང་། །དེ་བཞིན་འཇིག་རྟེན་གསུམ་གནས་པའི། །མི་དང་ལྷ་སོགས་འཇིག་རྟེན་རྣམས། ། སེམས་སུན་འབྱིན་པ་གཞོམ་ཕྱིར་རོ། །སྡོམ་པའི་རྣམ་པར་དབྱེ་བ་ནི། །དཔལ་ལྡན་རྒྱལ་བས་གང་གསུངས་པ། །ཕན་ཚུན་འགལ་བ་དག་ཏུ་ནི། །གང་ཡང་ནམ་དུའང་གནས་མ་ཡིན། །ཆོས་འདུལ་ལས་ནི་བཅོམ་ལྡན་གྱིས། །སོ་སོར་ཐར་པའི་སྡོམ་པ་ནི། །རྣམ་པ་ བརྒྱད་གསུངས་འདི་ལྟ་སྟེ། །དགེ་སློང་དང་ནི་དགེ་སློང་མ། །དགེ་སློབ་དགེ་ཚུལ་དགེ་ཚུལ་མ། །དེ་བཞིན་དགེ་བསྙེན་དགེ་བསྙེན་མ། །བསྙེན་གནས་ལ་ནི་གནས་པའོ། །དེ་རྣམས་བསླབ་པའང་རྣམ་དབྱེ་བ། །དཔལ་ལྡན་ཐུབ་པའི་དབང་ཆེན་པོ། །སྙིང་རྗེ་ལྡན་པས་ གསུངས་པ་ནི། །དགེ་བསྙེན་ཕོ་མོ་དག་གི་སྡོམ། །རྣམ་པ་ལྔ་རུ་རབ་བསྟན་ཏེ། །འདི་ལྟར་སྲོག་གཅོད་སྤོང་བ་ནས། །མྱོས་འགྱུར་ཆང་མི་འཐུང་བའི་བར། །དགེ་ཚུལ་ཕོ་མོའི་སྡོམ་དག་ནི། །མགོན་པོས་རྣམ་པ་བཅུར་གསུངས་ཏེ། །སྲོག་ གཅོད་པ་ལ་སོགས་པ་ནས། །ཇི་སྲིད་གསེར་དངུལ་ལ་སོགས་པ། །ལེན་པ་སྤོང་བའི་བར་དུའོ། །དེ་བཞིན་གཞན་ནི་བར་སློབ་མའི། །འདུལ་ལས་བཅུ་གཉིས་ཉིད་ཡིན་ཏེ། །ཆོས་དང་རྗེས་སུ་མཐུན་པ་རྣམས། །ཐར་པའི་ལམ་ནི་དག་ཕྱིར་གསུངས། །ཐུབ་པ་ཐུགས་ རྗེ་ཆེན་པོ་ཡིས། །སྤང་བྱ་ཐམས་ཅད་སྤངས་པ་ནི། །དགེ་སློང་དགེ་སློང་མ་རྣམས་ཀྱི། །སྡོམ་པ་ཡིན་པར་གསུངས་པ་ཡིན། །ཐུབ་པ་ཐུགས་རྗེ་ཆེན་པོ་ཡིས། །གླུ་དང་གར་སོགས་ཕྲེང་བ་སོགས། །གཅིག་བྱས་ཕྱེད་དང་དུས་མིན་ཟས། །བར་གྱི་སྤང་བྱ་བརྒྱད་སྤངས་ པ། །བསྙེན་གནས་ཀྱི་ནི་སྡོམ་པར་གསུངས། །སྦྱིན་ལ་སོགས་པའི་སངས་རྒྱས་ཆོས། །བྱ་བ་ཐབས་ཀྱི་བདག་ཉིད་གནས། །ཤེས་རབ་ཕ་རོལ་ཕྱིན་པ་རུ། །བསྟན་པ་རྒྱལ་བའི་དབང་པོ་ཡིས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྡོམ་པ་ཉིད་དུ་གསུངས་པ་ཡིན། ། ཕྱག་རྒྱ་སྔགས་སོགས་རྣལ་འབྱོར་གྱི། །རིམ་པ་གཉིས་ལ་བརྟེན་པ་ལས། །རྡོ་རྗེ་ཡེ་ཤེས་ལུས་ངག་གི །ལྷ་ཡི་རྣམ་པ་རབ་བསྒོམས་པ། །ཐབས་དང་ལྡན་པར་སྒྲུབ་པ་ནི། །བྱང་ཆུབ་སེམས་དཔའི་བསླབ་འགྲུབ་པས། །སོ་སོར་ཐར་སྡོམ་གྱིས་དེ་འགྲུབ། །གསང་ སྔགས་སྦྱིན་སོགས་དབྱེ་བ་ལས། །རྒྱུ་དང་འབྲས་བུའི་དབྱེ་བ་ཡིས། །དགེ་སློང་ལ་སོགས་དབྱེ་བྱ་སྟེ། །དགེ་སློང་སོགས་སྡོམ་དབྱེ་བ་མེད། །དགེ་སློང་ཉིད་སྡོམ་གཅིག་ཡིན་ཏེ། །དེ་བཞིན་ལེན་དང་བསྒྲུབ་པའང་གཅིག །རབ་བྱུང་སྡོམ་པ་བཏང་ནས་ནི། །སྔགས་ ཀྱི་སྡོམ་དང་སྦྱིན་སོགས་ཀྱི། །སྡོམ་པ་ཡང་ནི་གཟུང་མི་བྱ། །གསང་སྔགས་ཀྱི་ནི་སྡོམ་པ་དང་། །སྦྱིན་སོགས་སྡོམ་པས་བསྡམས་པ་དང་། །རྙེད་དང་བཀུར་སྟིའི་རྒྱུ་ཡིས་སམ། །གནས་ཀྱི་འཚོ་བ་འགྲུབ་དོན་དུ། །རབ་བྱུང་སྡོམ་པ་ལེན་འདོད་ན། །དགེ་སློང་མིན་པས་ སྡོམ་མི་བྱ། །གསང་སྔགས་སྦྱིན་སོགས་ལྡན་པ་ནི། །རབ་བྱུང་སྡོམ་པ་བསྒྲུབ་པའོ། །འཕགས་པ་མགོན་པོ་བྱམས་པ་ཡིས། །འདི་ལྟར་མཁྱེན་ཏེ་གསུངས་པ་ནི། །རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟར་སྡོམ་བརྩོན་ཁྱིམ་པ་ ཡི། །བྱང་ཆུབ་སེམས་ལས་ཁྱད་པར་འཕགས། །གསང་སོགས་ལམ་དང་སྦྱིན་སོགས་ཀྱི། །ལམ་ཉིད་དག་ནི་དགེ་སློང་གིས། །དགེ་སློང་མཁས་ལས་བླང་བྱ་ཡི། །གཞན་ཉིད་ལས་ནི་མ་ཡིན་ནོ། །སྔགས་དང་སྦྱིན་སོགས་ལ་གནས་པའི། །བྱང་ཆུབ་སེམས་དཔའི་ སྡོམ་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྣམ་གསུམ། །དང་པོ་སྡོམ་པའི་ཚུལ་ཁྲིམས་དང་། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །དེས་བསྒྲུབས་འདི་འགྲུབ་ངེས་པ་ཡིན། །རྒྱལ་བས་འདུལ་བའི་སྡེ་སྣོད་ལས། །དགེ་སློང་སྡོམ་ གང་གསུངས་དེ་ནི། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིས། །ཚུལ་ཁྲིམས་སྡོམ་པའི་ཆ་རུ་འགྱུར། །དཔལ་ལྡན་དེ་བཞིན་གཤེགས་པ་དང་། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །དབུགས་དབྱུང་དག་ལ་བརྟེན་ནས་ནི། །རྡོ་རྗེའི་ལམ་ནི་གཉིས་སུ་གནས། །དེ་ལ་བདེ་ གཤེགས་དབུགས་དབྱུང་བ། །དགེ་སློང་རྣམས་ལ་ཞི་སེམས་ཀྱིས། །མ་ལུས་སྤྲོས་པ་དང་བྲལ་བ། །གསུངས་པ་དབང་སྤྱོད་སོགས་རིམ་བྱ། །ཕྱི་རོལ་ཤེས་རབ་སྤངས་ནས་ནི། །རྟག་ཏུ་རང་སྣང་ཤེས་རབ་ལྡན། །དེ་ལ་འདུལ་ལས་གསུངས་པ་ཡི། །སྡོམ་པ་ཡིས་ནི་ བྱང་ཆུབ་སྒྲུབ། །རྡོ་རྗེའི་བདག་ཉིད་ཐོབ་པ་ཡི། །རྡོ་རྗེ་སེམས་དཔའི་རོལ་པ་ནི། །དགེ་སློང་བདག་ཉིད་གྱུར་པ་ཡི། །དཔལ་ལྡན་རྣམ་པར་སྣང་མཛད་སོགས། །གོས་དཀར་སོགས་དང་སྙོམས་འཇུག་པ། །དོ་ཤལ་དཔུང་རྒྱན་གདུ་བུ་ཡིས། །རྣམ་པར་བརྒྱན་ཅིང་གོས་ དག་ནི། །ཤིན་ཏུ་བཟང་པོ་བསྣམས་པ་རུ། །དཔལ་ལྡན་འདུས་སོགས་ལས་བྱུང་བས། །སེམས་ཅན་ཀུན་གྱི་དོན་འགྱུར་རོ། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ། །རྟག་ཏུ་ཁྱིམ་པ་སྦྱང་བྱའི་ཕྱིར། །དབང་བསྐུར་ལ་སོགས་རིམ་པ་ནི། །སྤྲོས་དང་བཅས་པ་དེ་ལ་ གསུངས། །སེམས་སོགས་འོས་སུ་གྱུར་པ་ལ། །ཕྱི་རོལ་རིག་མའི་དབང་བསྐུར་བྱ། །སྤྲོས་པ་མེད་པས་རབ་བྱུང་ལ། །དགེ་སློང་རྣམས་ཀྱིས་དེ་སྦྱིན་ཏེ། །འདུལ་ལ་སོགས་པའི་སྡོམ་པ་ནི། །ཐམས་ཅད་ལྡན་པའི་སློབ་མ་ལ། །རྟག་ཏུ་རང་སྣང་ཤེས་ རབ་ཀྱིས། །བསྒོམ་པ་གསལ་བར་བྱ་ཕྱིར་རོ། །སྦྱིན་སོགས་སྤྱོད་དང་སྔགས་སོགས་སྤྱོད། །རྣལ་འབྱོར་གནས་པའི་བདག་ཉིད་དག །རྫོགས་པའི་བྱང་ཆུབ་སངས་རྒྱས་ཆོས། །རང་དང་གཞན་ལ་རབ་བསྒྲུབ་པར། །རབ་ཏུ་འཇུག་པའི་དགེ་སློང་གི། །དངོས་གནས་ བྱང་ཆུབ་སེམས་དཔའ་དང་། །བསེ་རུ་ཉན་ཐོས་ཉིད་གནས་པའི། །ཞི་བ་འདོད་པའི་དགེ་སློང་གིས། །འདུལ་ལས་གསུངས་པའི་སྡོམ་པ་ཡང་། །ཕྲ་མོ་ཙམ་ཡང་གཏང་མི་བྱ། །ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡང་། །གང་ཚེ་ཚངས་སྤྱོད་ཉིད་བསྲུངས་ན། །རབ་བྱུང་ བྱང་ཆུབ་སེམས་དཔའ་ཡིས། །རང་གི་ཚུལ་ཁྲིམས་ཇི་ལྟར་དོར། །དཔལ་ལྡན་མགོན་པོ་བྱམས་པ་ཡིས། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །འཚོ་བ་རྣམ་པར་དག་ཉིད་དོ། །བྱང་ཆུབ་སེམས་དཔའ་ལ་གསུངས་སོ། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིས། །སྦྱིན་ སོགས་བྱ་བའི་ལམ་གྱིས་སམ། །ཡང་ན་སྔགས་ཀྱི་སྡོམ་པ་ཡིས། །གནས་ཏེ་དེ་ཉིད་སྒྲུབ་བྱེད་པས། །འདུལ་ལས་གསུངས་པའི་སྡོམ་པ་ནི། །ཇི་སྲིད་འཚོ་ཡི་བར་དུ་བསྲུང་། །དཔལ་ལྡན་ཐུབ་པའི་དབང་པོ་ནི། །ཐམས་ཅད་མཁྱེན་པ་གང་ཡིན་དེས། །ཐེག་པ་ གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱ་བར་ནི་གསུངས་པ་ཡིན། །སྡོམ་པ་རྣམས་ནི་སྡོམ་པ་ཡིན། །གོང་ནས་གོང་དུ་རྗེས་འཇུག་སྟེ། །འདི་ལྟར་དགེ་བསྙེན་སྡོམ་པ་ནི། །དགེ་ཚུལ་གྱི་ནི་རྗེས་སུ་འཇུག །གང་དེ་དགེ་སློང་རྗེས་ སུ་འཇུག །གང་དག་ཉན་ཐོས་དགེ་སློང་གི། །སྡོམ་གསུངས་བྱང་ཆུབ་སེམས་དཔའ་ཡི། །རྗེས་སུ་འཇུག་སྟེ་ཀུན་ལྡན་པས། །དགེ་སློང་ཤིན་ཏུ་ཁྱད་པར་འཕགས། །བྱ་བ་ཐབས་ཀྱི་སྦྱོར་བ་ནི། །བྱང་ཆུབ་སེམས་དཔའི་སྡོམ་པ་སྟེ། །སྔགས་པས་སྦྱིན་ལ་སོགས་པ་ སྟེ། །ཐམས་ཅད་དུ་ནི་འཇུག་པར་བྱ། །གལ་ཏེ་སྡོམ་པ་འགལ་གྱུར་ན། །དགེ་སློང་གིས་ནི་སྡོམ་པ་རྣམས། །ཕུལ་བར་གྱུར་ན་དགེ་ཚུལ་དང་། །དགེ་བསྙེན་ཡང་ནི་མི་གནས་འགྱུར། །སེམས་ཅན་དོན་ལ་ལྟོས་པ་ཡིས། །སོ་སོར་ཐར་གསུངས་སྡོམ་གཏོང་ཞེས། །གལ་ ཏེ་དེ་ལྟར་རྗོད་བྱེད་ན། །དེ་དག་ངེས་པར་རྨོངས་པ་ཡིན། །བློ་ལྡན་ཁྱད་པར་འཕགས་པ་ཡི། །དགེ་སློང་བྱང་ཆུབ་སེམས་དཔའ་ནི། །ཐབས་ལ་མཁས་པས་ཐམས་ཅད་དུ། །རྨི་ལམ་དུ་ཡང་འགལ་མི་བསམ། །སྦྱིན་ལ་སོགས་པ་བྱ་བའམ། །ཡང་ན་དེ་ཉིད་བསྒོམ་བྱ་ ཡིན། །དགེ་སློང་སེམས་ཅན་དོན་བསྒྲུབ་པའམ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ། །གཞན་དོན་བྱེད་པར་འདོད་རྣམས་ཀྱིས། །འདུལ་ལ་སོགས་པའི་དགེ་སློང་གིས། །བྱ་བ་ཚུལ་ཁྲིམས་ཁྱད་འཕགས་ཕྱིར། །ཚུལ་ཁྲིམས་ལྷག་པར་བསྟེན་པར་བྱ། །འདུལ་བ་ ལས་བརྗོད་ཚུལ་ཁྲིམས་ནི། །དགེ་སློང་ཉིད་དུ་བསྒྲུབ་བྱའི་ཕྱིར། །ཇི་སྲིད་འཚོ་བར་བསྟེན་བྱ་བ། །སེམས་ཅན་དོན་ཡིན་གཏང་མི་བྱ། །སྔགས་སོགས་བསྒོམ་པ་གནས་པ་དང་། །སྦྱིན་པ་སོགས་ལ་གནས་པ་ཡི། །དགེ་སློང་བྱང་ཆུབ་སེམས་དཔའ་ཡིས། །སོ་སོར་ ཐར་གསུངས་བསླབ་པ་ནི། །ནམ་ཡང་གཏང་བར་མི་བྱའོ། །བཏང་ན་དམྱལ་སོགས་འགྲོ་བར་འགྱུར། །དེ་ལྟར་མ་གྱུར་རྣམ་ངེས་ན། །ཡང་དག་བྱང་ཆུབ་བསྒྲུབ་པའི་ཕྱིར། །དགེ་སློང་སྡོམ་པ་ཡང་དག་པ། །སོ་སོར་ཐར་ལ་གནས་པར་བྱ། །རྒྱལ་དང་རྒྱལ་བའི་སྲས་ རྣམས་ལ། །གུས་པས་ལུང་དང་རིགས་པ་ཡིས། །ཤིན་ཏུ་དྲི་མ་མེད་ཅིང་མི་འགལ་སྡོམ་རྣམས་བྱས་པ་ལས། །བདག་གིས་ཟླ་འོད་ལྟ་བུའི་དགེ་བ་བསགས་པ་གང་ཡིན་དེས། །འཇིག་རྟེན་མ་ལུས་དཔལ་ལྡན་རྒྱལ་བའི་དབང་པོ་མྱུར་འགྲུབ་ཤོག །ཚུལ་ཁྲིམས་དང་སྡོམ་ པ་དང་དམ་ཚིག་མི་འགལ་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་སྙིང་པོ་དང་། དགེ་སློང་རབ་ཞི་བཤེས་ གཉེན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ས་མ་ཡ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །ཨོཾ་ཨཱཿཧཱུཾ། རྡོ་རྗེ་མི་ཕྱེད་གསུམ་བདག་ཉིད། །དཔལ་ལྡན་བདེ་ཆེན་རྡོ་རྗེ་ལ། །བཏུད་དེ་གསང་སྔགས་ཐེག་པའི་གཞུང་། །རྒྱུད་ལས་གསུངས་པ་བྲི་བར་བྱ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་ཞུགས་པས་འདི་ལྟར་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་ ཡང་ཆེན་པོ་འདི་འོག་མ་རྣམས་ལས་ཁྱད་པར་དུ་འཕགས་ཏེ། ཇི་ལྟར་ཞེ་ན། འདི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཐམས་ཅད་ཆོས་ཀྱི་སྐུར་རྟོགས་པས་ཀུན་དུ་བཟང་པོའི་རྒྱས་ཐེབས་པ་དང་འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པས་བཀུར་གནས་ བྱེད་པས་བྱིན་གྱིས་བརླབས་དང་ལྡན་པ་དང་། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པས་ཐུགས་ལ་དགོངས་ཤིང་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་དང་། བདེ་བར་གཤེགས་པ་རྣམས་དང་སྤྱོད་ཡུལ་གཅིག་པས་འཁོར་བ་དང་ངན་སོང་གི་འཇིགས་པ་དང་བྲལ་ཞིང་ དབུགས་ཕྱིན་པ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་སྐུ་དང་གསུང་དང་ཐུགས་མི་ཕྱེད་པས་བར་དུ་གཅོད་པ་གང་ཡང་མེད་པ་དང་། ཕྱི་ནང་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་ཡིད་ཆེས་པས་དམ་ཚིག་ཉམས་པར་མི་འགྱུར་བ་དང་། གལ་ཏེ་ཉམས་ན་ཡང་ རང་བཞིན་གྱིས་སྐོད་པར་འགྱུར་བའི་ཁྱད་པར་རོ་ཞེས་གསུངས་སོ། །ཡང་སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་བླ་མའི་ཁྱད་པར་དང་སྣོད་ཀྱི་ཁྱད་པར་དང་ཆོ་གའི་ཁྱད་པར་དང་ལས་ཀྱི་ཁྱད་པར་དང་དམ་ཚིག་གི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་སྤྱོད་པའི་ཁྱད་པར་ ཏེ་བདུན་གྱིས་འཕགས་སོ་ཞེས་གསུངས་སོ། །སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་སྔགས་ཀྱི་ཐེག་པ་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང་ལམ་དང་འབྲས་བུ་གསུམ་མོ་ཞེས་གསུངས་སོ། །སློབ་དཔོན་ཏྲི་པི་ཏ་ཀ་མ་ལའི་ ཞལ་སྔ་ནས་ནི། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །སློབ་དཔོན་ཌོཾ་བི་ཧེ་རུ་ཀའི་ཞལ་ནས་ཀྱང་འདི་ནི་སྣོད་ཀྱི་ཁྱད་པར་དང་ སྣོད་དུ་བྱེད་པའི་ཆོ་ག་དང་གཞུང་དང་། ལམ་གྱི་ཁྱད་པར་དང་འབྲས་བུའི་ཁྱད་པར་གྱིས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཞེས་གསུངས་པ་དང་། གཞན་ཡང་རྡོ་རྗེ་དྲིལ་བུ་པའི་ཞལ་ནས་ཀྱང་གསང་སྔགས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་ཏེ། འདི་ལྟར་ རྟེན་གྱི་གང་ཟག་གི་ཁྱད་པར་དང་། འཇུག་པ་ལམ་གྱི་ཁྱད་པར་དང་། མཐར་ཐུག་པ་འབྲས་བུའི་ཁྱད་པར་དང་། མངོན་པར་འབྱུང་བའི་ཁྱད་པར་རོ་ཞེས་གསུངས་སོ། །སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པའི་ཞལ་སྔ་ནས་འདིར། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་འདི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་གསུངས་སོ། །བདག་གི་བླ་མ་རྗེ་བཙུན་དམ་ཚིག་རྡོ་རྗེའི་ཞལ་ནས་ནི་ཕ་རོལ་ཕྱིན་པའི་ཐེག་པ་ལས་ཐེག་པ་འདི་གོང་དུ་གྱུར་པ་ཡིན་ཏེ་བླ་མ་དང་དབང་བསྐུར་བ་དང་དམ་ཚིག་ དང་མན་ངག་དང་བརྩོན་འགྲུས་ཀྱིས་ཁྱད་པར་དུ་འཕགས་སོ་ཞེས་གསུངས་སོ། །དེ་ལ་འདིར་དམ་ཚིག་འབའ་ཞིག་བརྗོད་པར་བྱ་སྟེ། དམ་ཚིག་ནི་སྔགས་པ་རྣམས་ཀྱི་གནས་སུ་གྱུར་པ་དང་ཐེག་པ་ཆེན་པོའི་ཆོས་ཀྱི་ལོ་ཏོག་སྐྱེ་བའི་ས་གཞིར་གྱུར་པ་ཡིན་པས་དེ་བྲི་བར་བྱའོ། །དམ་ཚིག་ རྣམས་ཀྱང་གང་ཞེ་ན། རྟེན་དང་རྒྱུ་དང་རྩ་བ་དང་ངོ་བོ་དང་ངེས་པའི་ཚིག་དང་དབྱེ་བ་དང་མིང་གི་རྣམ་གྲངས་དང་རྐང་གྲངས་དང་བརྡ་དང་བདུད་དང་དགྲ་དང་ཉམས་པའི་ཚད་དང་སྐོང་བ་དང་། མ་ཉམས་པའི་རྟགས་དང་བསྐང་བ་དང་བསྔོ་བགྲང་བྱ་བ་དང་བསྐངས་པ་དང་བསྡུས་པའི་དམ་ ཚིག་དང་ཉམས་པའི་ཉེས་དམིགས་དང་མ་ཉམས་པའི་ཕན་ཡོན་དང་འབྲས་བུ་རྣམས་སོ། །དེས་ན་རྟེན་ནི་ཐེག་པ་ཆེན་པོའི་རིགས་ཅན་སྐྱབས་སུ་འགྲོ་བ་གཉིས་སྔོན་དུ་སོང་བ་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ཐོབ་པའོ། །དེ་ལ་རྒྱུ་ ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེའོ། །ངོ་བོ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་། སྙིང་རྗེ་དང་ཤེས་རབ་མཚུངས་པར་ལྡན་པ་ཤེས་པའི་རྒྱུན་ནོ། །ངེས་ཚིག་ནི་རྟོགས་པའི་ཕྱིར་རམ། མཉམ་པ་ཉིད་དུ་འགྲོ་བའི་ཕྱིར་རམ། ཐོབ་ཅིང་མི་འདའ་བའི་ ཕྱིར་རོ། །དེ་ལ་དབྱེ་བ་ནི་རྩ་བ་དང་སྦོམ་པོ་དང་ཡན་ལག་གི་སྒོ་ནས་དབྱེ་བ་དང་བསྲུང་བ་དང་བསྒྲུབ་པའི་སྒོ་ནས་དབྱེ་བ་དང་སྤྱོད་པ་དང་ལྟ་བའི་སྒོ་ནས་དབྱེ་བ་དང་སྤྱི་དང་ཁྱད་པར་དང་ལྷག་པའི་སྒོ་ནས་དབྱེ་བ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོ་ནས་དབྱེ་བ་དང་། རགས་པ་དང་ཕྲ་ བའི་སྒོ་ནས་དབྱེ་བ་དང་། བསྲུང་བར་བྱ་བ་དང་ཉམས་སུ་བླང་བ་དང་སྤྱད་པར་བྱ་བ་དང་སྤྱོད་ལམ་དང་ཐུན་མོང་མ་ཡིན་པའི་སྒོ་ནས་དབྱེ་བའོ། །དེ་ལ་མིང་གི་རྣམ་གྲངས་ནི་དམ་ཚིག་དང་སྡོམ་པ་དང་བརྟུལ་ཞུགས་དང་སྤྱོད་ཡུལ་དང་དཀའ་སྤྱད་དང་སྤྱོད་པ་དང་ཤཱི་ལ་ལ་སོགས་པའོ། །དེ་ལ་ རྐང་གྲངས་ནི་ཐུན་མོང་གི་རྩ་བའི་ལྟུང་བ་བཞི་དང་ཕ་རོལ་ཏུ་ཕྱིན་པའི་རྩ་བའི་ལྟུང་བ་བཅུ་གཉིས་དང་ཀྲྀ་ཡའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་གསུམ་དང་། སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྩ་བའི་ ལྟུང་བ་བཅུ་བཞི་དང་། ཡང་ལྔ་དང་ཡང་བཞི་དང་། རྩ་བའི་ལྟུང་བ་བདུན་ཅུ་ཐམ་པའོ། །དེ་ལ་ཡན་ལག་གི་དམ་ཚིག་རྣམས་ནི་འདི་རྣམས་སོ་ཞེས་བགྲང་བར་མི་ནུས་ཏེ། མདོ་སྡེ་དང་མངོན་པ་དང་འདུལ་བ་དང་རྒྱུད་སྡེ་རྣམས་སུ་བལྟ་བར་བྱའོ། །དེ་ལ་དམ་ཚིག་གི་བརྡ་ནི་ཇི་སྐད་དུ། མི་ཤིགས་པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་པོ་ཡིན་པས་སོ། །ཟ་མ་ཏོག་ནི་རྒྱལ་མོའི་མཛོད། །དུག་སྤྱོད་པ་ནི་དེར་མི་རིགས། །རཏྣ་མྱུ་གུ་ལྕུག་ཕྲན་དག །བྲེགས་ཏེ་འབྱུང་རྒྱུན་གཅད་མི་བྱ། །གངས་ཀྱི་ཞུ་ཆུ་ཕལ་བ་ཡང་། །མཁས་པས་བཏུང་བར་མི་བྱའོ། །པདྨའི་ཟེའུ་ འབྲུ་ཁ་མ་བྱེ། །ཟླ་ཟེར་མ་ཡིན་དབྱེ་མི་བྱ། །མ་བརྟགས་བུག་རྡོལ་ཅན་སྣོད་དུ། །བདུད་རྩི་སྨན་བླུགས་ཟགས་པར་འགྱུར། །དོན་མེད་བཅོས་པའི་ཚུལ་རྟགས་ཅན། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །ཤེལ་དཀར་རཏྣ་སྒོ་ང་དང་། །འདམ་རྫབ་ཁུང་དུ་ནུབ་མི་བྱ། །སེང་ གེ་དཀར་མོའི་འོ་མ་དག །གསེར་སྣོད་མ་ཡིན་བླུགས་མི་བྱ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡོང་མ་ཡིན། །ཁྱུང་ཆེན་གཤོག་པ་གར་བརྐྱང་བ། །དེ་དག་བཅག་པར་བྱ་བ་མིན། །གནམ་ལྕགས་མེ་ཡི་དུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །རྡོ་རྗེ་ དྲག་ཆེན་གཏམས་པའི་གཞི། །གཞིག་པར་བྱ་བ་ག་ལ་ཡིན། །བུད་ཤིང་བསྲེགས་པའི་སྒྲོན་མེ་དེ། །འཐོར་རླུང་དྲག་པོས་བསྐྱོད་མི་བྱ། །རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀ་བཀག་པར་བྱ་བ་མིན། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱ་དག །ནམ་ཡང་བཤིག་པར་མི་བྱའོ། །གཙུག་ གི་ཡིད་བཞིན་ནོར་བུ་དེ། །རྒྱལ་མཚན་རྩེ་ལས་དབྲོག་མི་བྱ། །ཞེས་གསུངས་པས། ཟླ་བའི་དམ་ཚིག་ཀྱང་བརྡར་གསུངས་ཏེ། དཔལ་དགྱེས་པ་རྡོ་རྗེ་ལས་ཙའུ་ས་མ་ཡ། ཀསྤུར། སིཧླ། ཀབྤུ་ར། བཱ་ལ་ཞེས་པ་དང་། སྙོམས་འཇུག་གི་དམ་ཚིག་ཀྱང་བོ་ལ། ཀ་ཀྐོ་ལ། ཀུན་དུ་རུ་ཞེས་གསུངས་སོ། །རྩ་བའི་ལྟུང་བ་བཅུ་བཞི་ཡང་བརྡར་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། རི་བོང་ཅན་དང་མིག་དང་ཡོན་ཏན་རིག་བྱེད་དང་། །མདའ་དང་དབང་པོ་རི་དང་བཀྲ་ཤིས་གཟའ་དང་ཕྱོགས། །དྲག་པོ་ཉི་མ་ཡན་ལག་ས་རྣམས་ཡིན། །ཞེས་གསུངས་ པ་ལྟ་བུའོ། །དེ་ལ་དམ་ཚིག་གི་བདུད་ནི་རྣམ་རྟོག་འཁྲིག་པའི་བདུད་དང་། བཏང་སྙོམས་ལེ་ལོའི་བདུད་དང་། ལོངས་སྤྱོད་གཡེང་བའི་བདུད་དང་། ཚིག་རྩུབ་མཚོན་ཆའི་བདུད་དང་། ཁྲོ་གཏུམ་འཁྲུག་པའི་བདུད་དེ། །དེ་ལ་དམ་ཚིག་དགྲ་ནི་གསང་བ་འཕེལ་བས་བཅོས་དཀར་ སོང་བའི་དགྲ་དང་ཆོས་ལོག་པར་སྤྱད་པས་བར་ཆད་འོང་བའི་དགྲ་དང་རྩ་བ་བྱུང་བས་ཆད་པ་ཆེན་པོ་འབྱུང་བའི་དགྲ་དང་། སྒྲུབ་པ་མི་བརྩོན་པས་དགེ་བ་འཕྲོག་པའི་དགྲའོ། །དེ་ལ་དམ་ཚིག་གི་ཉམས་པའི་ཚད་ནི་ཉམས་པ་ཆེ་ཆུང་གི་ཚད་དང་དུས་ཀྱི་ཚད་དོ། །དེ་ལ་ཉམས་པ་ཆེ་ཆུང་ གི་ཚད་ནི་ཀུན་དུ་ཉམས་པ་ཆེན་པོ་དང་རྩ་བ་ཉམས་པ་དང་། ཡན་ལག་ཉམས་པ་དང་ཟླས་ཉམས་པ་དང་ཞར་ལ་ཉམས་པའོ། །དེ་ལ་དང་པོ་བླ་མའི་དམ་ཚིག་ནི་དེ་བསྐྲོངས་པ་དང་དེ་ལ་མཚོན་ལ་སོགས་པས་བརྒྱབ་པ་དང་སྐུ་ལ་སྨད་པ་དང་འཁུས་པ་དང་བརྙས་པ་དང་འཁོན་པ་དང་ བཀའ་བཅག་པ་དང་ངན་སེམས་དང་འཕྱ་བ་ལ་སོགས་པའོ། །རྡོ་རྗེ་སྤུན་ཕོ་མོའི་དམ་ཚིག་ནི་དེ་བསད་པ་དང་འཁུས་པ་དང་བརྡེགས་པ་དང་ནོར་རྫས་དང་ཆུང་མ་ལ་སོགས་པ་ཕྲོགས་པ་དང་། ལྐོག་ཁ་དང་ངོར་ཁ་དང་མན་དུར་དང་བརྙས་པ་དང་མཚང་འདྲུ་བ་ དང་ངན་སེམས་དང་འཁོན་པ་དང་བརྩེ་གདུང་མེད་པ་ལ་སོགས་པའོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་གཏན་སྤངས་པ་ནི་ཀུན་དུ་ཉེས་པ་ཆེན་པོའོ། །དེ་ལ་རྩ་བའི་ལྟུང་བ་བདུན་ཅུ་ལས་བླ་མ་དང་རྡོ་རྗེ་སྤུན་དང་བྱང་ཆུབ་ཀྱི་སེམས་མ་གཏོགས་པ་དྲུག་ཅུ་རྩ་གསུམ་ཉམས་པ་དང་། གཞན་ཡང་རང་གིས་དབང་མ་ཐོབ་པར་གཞན་ལ་བསྐུར་བ་དང་མི་ཤེས་པར་དཀྱིལ་འཁོར་འདྲི་བ་དང་། རབ་གནས་དང་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོར་ཞུགས་པ་དང་། གསང་སྔགས་རང་ཤེས་སུ་བླ་མ་མེད་པར་སྤྱོད་པ་དང་ཐུན་མཚམས་ཀྱི་རྣལ་འབྱོར་ཆགས་པ་དང་ལྷ་དང་བླ་མ་ལ་མཆོད་ པ་དུས་སུ་ཆགས་པ་དང་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་དང་ཉེ་བའི་མཚམས་མེད་པ་ལྔ་དང་། དམ་པའི་ཆོས་སྤོང་བ་དང་འཕགས་པ་ལ་སྐུར་པ་འདེབས་པ་དང་རང་གི་གསང་བ་བཞི་པོ་བག་མེད་པར་གཞན་ལ་སྨྲ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པས་སྡིག་པ་ཅི་ལ་ཡང་མི་འཛེམ་པ་ རྣམས་ནི་རྩ་བའི་ལྟུང་བ་ཞིག་རལ་དུ་འགྱུར་རོ། །དེ་ལ་རྩ་བའི་ཡན་ལག་ཏུ་གྱུར་པ་ཡན་ལག་གི་ལྟུང་བ་བདུན་དང་བཅོ་ལྔ་ལ་སོགས་པ་སྤྱིར་བཞི། བར་སྐབས་བཞི། གསང་བ་ཉེ་བར་གཏད་པ་བཞི། གསང་བར་འོས་པའོ། །སྔགས་ཀྱི་རྒྱུད་ལ་སོགས་པ་ནས་གསུངས་པ་ཇི་ སྙེད་པ་རྣམས་དང་། གཞན་ཡང་གཟུགས་སྐུ་དང་པོ་ཏི་དང་རྡོ་རྗེ་དྲིལ་བུ་དང་ཕུར་བུ་འཇོམས་པ་དང་འཚོང་བ་དང་འགོམ་པ་དང་མཆོག་ཏུ་ཡི་དམ་ལྷའི་སྐུ་དང་། གླེགས་བམ་དང་ཕྱག་རྒྱ་རྣམས་སྦྱིན་པ་དང་འཚོང་བ་ལ་སོགས་པ་རྣམས་ནི་ཡན་ལག་གི་ལྟུང་བ་ཞིག་རལ་དུ་འགྱུར་རོ། ། དེ་ལ་བྱང་ཆུབ་ཀྱི་སེམས་གཏན་སྤངས་ཏེ་རྩ་བ་མང་དུ་བྱུང་བ་ནི་ཀུན་དུ་ཉོན་མོངས་པ་ཆེན་པོའོ། །དེ་མ་ཤོར་ཡང་རྩ་བའི་ཉེས་པ་གཅིག་གམ་འགའ་བྱུང་བ་ནི་རྩ་བ་ཉམས་པའོ། །རྩ་བ་མ་ཤོར་བ་ཡང་ཉེས་པ་གཞན་བྱུང་བ་ནི་ཡན་ལག་ཉམས་པའོ། །བླ་མ་ངན་པ་དང་གྲོགས་ངན་ པས་ཉེས་པ་བྱུང་ན་ནི་ཟླས་ཉམས་པའོ། །མི་ཤེས་པ་དང་མ་གུས་པ་དང་བག་མེད་པ་དང་ཉོན་མོངས་པ་ཆེ་བས་ཉེས་པ་བྱུང་བ་ནི་ཞར་ལ་ཉམས་པའོ། །དེ་ལ་དུས་ཀྱིས་ཉམས་པ་ནི་བརྩོན་པ་རབ་ཀྱི་རབ་ཀྱིས་ནི་ཉེས་པ་བྱུང་བའི་རྗེས་ཉིད་ལ་མ་བསྐངས་ན་ཉམས་སོ། །རབ་ཀྱི་འབྲིང་ གིས་སྔ་དྲོ་ཉི་མ་ཕྱེད་དང་ཕྱེད་ཀྱི་ཕྱེད་དང་དགོངས་ཀ་དང་དེ་བཞིན་དུ་དུས་སུ་མ་བསྐངས་ན་ཉམས་སོ། །རབ་ཀྱི་ཐ་མས་ནི་ཉིན་པར་ཉེས་པ་མཚན་མོ་ལ། མཚན་མོའི་ཉེས་པ་ཉིན་པར་མ་བསྐངས་ན་ཉམས་སོ། །འབྲིང་གི་རབ་དང་འབྲིང་གི་འབྲིང་དང་འབྲིང་གི་ཐ་མ་ནི་ཞག་བདུན་དང་ དུས་ཁྱད་པར་ཅན་དང་ཞག་ཉི་ཤུ་རྩ་གཅིག་ཚུན་ཆད་དུ་མ་བསྐངས་ན་ཉམས་སོ། །ཐ་མའི་རབ་དང་ཐ་མའི་འབྲིང་དང་ཐ་མའི་ཐ་མས་ནི་ཟླ་བ་གཅིག་དང་ཟླ་བ་བདུན་དང་ཟླ་བ་བཅུ་གཉིས་ཚུན་ཆད་དུ་མ་བསྐངས་ན་ཉམས་སོ། །ཤིན་ཏུ་དམན་པས་ཀྱང་སྐྱེ་བ་འདི་ལ་ཉམས་པ་ལུས་ པ་ལས་འཆི་ཀར་སྐོང་ན་དེ་བསྐངས་པ་ལས་དེ་མ་བསྐངས་ན་ཉམས་སོ། །དེ་ལ་དམ་ཚིག་མ་ཉམས་པའི་རྟགས་ནི་གདུང་ཤ་རཱི་རམ་དང་ཁྲེལ་མ་ཁྲེལ་དང་རྨི་ལམ་དང་བར་ཆད་མང་ཉུང་ལས་བརྟག་པར་བྱའོ། །དེ་ལ་དམ་ཚིག་བསྐང་བ་ནི་སོ་སོ་དང་ཐུན་མོང་གིའོ། །དེ་ལ་སོ་སོར་ བསྐང་བ་ནི་སྤྱོད་པ་རླབས་པོ་ཆེ་ཚ་ཚ་དང་སྦྱིན་སྲེག་དང་གཏོར་མ་དང་ཡན་ལག་བདུན་པ་དང་ཆོས་སྤྱོད་བཅུ་དང་ཚོགས་ཀྱི་ཙཀྲ་དང་ཉེའུ་འདོན་པ་དང་དགེ་འདུན་ལ་ཆོས་སྟོན་ཡོན་དང་བཅས་པ་དང་། སྒྲུབ་པ་ཆེན་པོའི་གཞི་བཟུང་བ་དང་གཟུགས་ཁྱད་པར་ཅན་དང་རང་གི་ལྷའི་ སྙིང་པོ་བཟླས་བརྗོད་བྱ་བ་ནི་འབུམ་ཕྲག་ལྔ་དང་ཁྲི་ཕྲག་གསུམ་དང་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གསུམ་དང་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ་དང་བརྒྱ་ཕྲག་ལྔ་དང་བཅུ་ཕྲག་གསུམ་དང་བཅུ་ཕྲག་ལྔ་དང་ཉི་ཤུ་རྩ་གཅིག་སྟེ་ཉམས་པ་ཆེན་པོ་ལ་སོགས་པ་ལྔ་དང་རིམ་པ་བཞིན་དུ་སྦྱར་རོ། ། གཞན་ཡང་རྡོ་རྗེ་སློབ་དཔོན་གྱི་ཉམས་ན་སླར་ཡང་དཀྱིལ་འཁོར་དུ་འཇུག་པར་བྱ་བ་དང་། རྡོ་རྗེ་སྤུན་གྱི་དམ་ཚིག་ཉམས་པ་ན་ཚོགས་ཀྱི་ཙཀྲ་ལ་སོགས་པ་སྟེ་ཉེས་པ་སོ་སོར་བསྐང་བའི་ཐབས་སོ་སོར་ཇི་ལྟར་བཤད་པ་བཞིན་དུ་བསྐང་བར་བྱའོ། །དེ་ལ་ཐུན་མོང་གི་བསྐང་བ་ནི་བཤགས་ པ་དང་སྦྱང་བ་དང་སླར་བླང་བའོ། །གཞན་ཡང་གོང་དུ་བཤད་པའི་དགེ་བའི་ལས་ཀྱིས་བསྐང་བ་དང་རྫས་ཀྱིས་བསྐང་བ་དང་དོན་གྱིས་བསྐང་བ་དང་ཏིང་ངེ་འཛིན་གྱིས་བསྐང་བ་དང་གསང་བའི་ཐབས་ཀྱིས་བསྐང་བའོ། །དེ་ལ་དང་པོ་གོང་དུ་བཤད་དོ། །གཉིས་པ་ ནི་བླ་མ་སྤྱན་དྲངས་ནས་རིན་པོ་ཆེ་དང་རྫས་ཁྱད་པར་ཅན་ཕུལ་ནས་ཉེས་པ་བཤགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་རྫས་དེ་དག་སླར་སླུ་བའི་ཚུལ་དུ་བླ་མ་ལས་དམ་ཚིག་བསླང་བར་བྱའོ། །གསུམ་པ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་རྣམ་པར་དག་པས་བསྒོམ་པ་དང་ཆོས་ཟབ་མོ་ཉན་ པ་དང་བསམ་པ་དང་བཀླག་པ་དང་། ཁ་ཏོན་བྱ་བ་དེ་ལ་བརྟག་པ་དང་བྲི་བ་དང་གཞན་ལ་སྦྱིན་པར་བྱའོ། །དེ་ལ་བཞི་པ་ནི་སྡིག་པ་བཀྲུ་བ་དང་སྡིག་པ་སྲེག་པ་དང་སྡིག་པ་གཏོར་བ་དང་དམ་ཚིག་རྡོ་རྗེ་བསྒོམས་ནས་དེའི་ཏིང་ངེ་འཛིན་གྱིས་བསྐང་བའོ། །དེ་ལ་ལྔ་པ་ནི་བླ་མ་ལ་རྫས་དང་ རང་གི་ཆུང་མ་ཕུལ་ཏེ། གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བཞི་པའི་དབང་ཞུ་བར་བྱའོ། །གཞན་ཡང་ཡི་དམ་ལྷའི་ཏིང་ངེ་འཛིན་དང་བཟླས་པས་ཤིན་ཏུ་ཡང་བསྐང་ངོ་། །ཁྱད་པར་དུ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་བསྐང་དུ་མི་བཏུབ་པ་ཡང་བསྐང་སྟེ། མཛོད་ཀྱི་མདོ་ལ་སོགས་པ་ལ་བལྟ་བར་བྱའོ། །དེ་ལ་དམ་ཚིག་རྣམས་བསྔོ་བགྲང་བྱ་བ་ནི་མདོར་བསྡུ་ན་དྲན་པའི་ཚུལ་གྱིས་བསྔོ་བགྲང་བྱ་བ་དང་། ཁ་ཐོན་དུས་གསུམ་དུ་བསྔོ་བགྲང་བྱ་བ་དང་། དུས་དྲུག་ཏུ་ཡི་དམ་ནར་མའི་དུས་སུ་བསྐང་ཞིང་བསྔོ་བགྲང་བྱ་བ་དང་། གླེགས་ བམ་བལྟས་པས་བསྔོ་བགྲང་བྱ་བའོ། །དེ་ལ་དམ་ཚིག་བསྐངས་པ་དང་མ་ཉམས་པའི་རྟགས་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་དམ་ཚིག་ཉམས་པའི་ཉེས་དམིགས་ནི་ཇི་སྐད་དུ་དཔལ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། ། དབང་བསྐུར་དངོས་གྲུབ་འཐོབ་མི་འགྱུར། །ཞེས་གསུངས་པས་དང་པོ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ཐོབ་ནས་དམ་ཚིག་སྡོམ་པ་མནོས་ནས་ཕྱིས་མ་བསྲུངས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་འབྱུང་ལ། མི་འདོད་པ་སྣ་ཚོགས་པ་འབྱུང་ བར་འགྱུར་རོ། །ཡང་། དམ་ཚིག་མེད་པའི་མི་རྣམས་ལ། །སྔགས་དང་ཕྱག་རྒྱ་མི་སྦྱིན་ཞིང་། །དེ་དང་འགྲོགས་པར་མི་བྱ་སྟེ། །སྙིང་རྗེ་བསྐྱེད་ལ་སྤང་བར་བྱ། །ཞེས་པ་དང་། དང་པོར་བླ་མ་རྗེ་བཙུན་ལས། །དམ་ཚིག་ཐོབ་ནས་མི་བསྲུང་བ། །མཁའ་འགྲོ་སྲིན་པོས་བསད་ ནས་སུ། །ངུ་འབོད་ལ་སོགས་དམྱལ་བར་འགྲོ། །ཤེས་རབ་སྙིང་རྗེ་མི་ལྡན་པ། །གསང་སྔགས་ལ་ནི་འཇུག་མི་བྱ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །དེ་བས་དམ་ཉམས་སྡིག་ཅན་དེའི། །ཉམས་པས་གྲིབ་མ་འགོ་བས་ན། །ལྷན་ ཅིག་གནས་པར་མི་བྱ་ཞིང་། །དེ་ལ་སྙིང་རྗེ་བསྐྱེད་པར་བྱ། །ཞེས་གསུངས་པ་དང་། དཔལ་སངས་རྒྱས་ཐོད་པ་ལས་ཀྱང་། རེ་ཞིག་དམ་ཚིག་ཉམས་པ་ལས། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི། །མི་ཡི་སྐྱེ་བའང་རྙེད་པར་དཀའ། །གང་ཡང་བླ་མ་བརྒྱུད་པ་ཡི། །རིམས་འོངས་དེ་ཉིད་ མན་ངག་ནི། །དེ་ཡིས་ཇི་ལྟར་འགྲུབ་མཉམ་དགོངས། །ཞེས་གསུངས་པ་དང་། གཞན་ཡང་རྩ་བའི་དམ་ཚིག་ཉམས་ན་དཔེར་ན་ཤིང་ཆེན་པོ་རྩ་བ་ཚིག་པའམ་སྐམས་པའམ་བྲེགས་པ་དང་འདྲ་སྟེ། འཇིག་རྟེན་དང་དེ་ལས་འདས་པའི་དངོས་གྲུབ་ཐམས་ཅད་མེད་པར་འགྱུར་རོ། །སྦོམ་ པའི་ཉེས་པ་ནི་སྔར་བཤད་པ་བཞིན་དུ་ཤིང་ཆེན་པོའི་སྡོང་པོ་དང་འདྲ་སྟེ། འཇིག་རྟེན་གྱི་དངོས་གྲུབ་ཆེན་པོ་བརྒྱད་མི་འབྱུང་ངོ་། །ཡན་ལག་གི་ལྟུང་བ་ནི་ཤིང་གི་ཡལ་ག་དང་འདྲ་བར་ཕྲིན་ལས་བཞིའི་དངོས་གྲུབ་ཀྱི་བར་དུ་གཅོད་དོ། །གཞན་ཡང་འདི་ལ་གཡེལ་བ་དང་མཆོད་པ་ དང་གཏོར་མ་ཆགས་ན་བྱིན་རླབས་ཆུང་བ་དང་རྣལ་འབྱོར་སྔོ་སྐམས་སོ། །བླ་མའི་ཐུགས་མ་ཟིན་ཞིང་བཀའ་བཅག་ན་བགེགས་ལྡང་ངོ་། །སྤྱོད་པ་རྩིང་བ་དང་། བག་མེད་ན་འབྱོར་པ་བརླག་པར་འགྱུར་རོ། །གལ་ཏེ་དམ་ཚིག་མ་བསྲུངས་ཀྱང་བཀྲ་ཤིས་པ་འདྲ་ན་ཡང་འཕྲལ་དུ་ ཚེ་འདི་ལ་གནོད་པ་མེད་ཀྱང་དེ་ཉིད་ཆད་པ་ཆེན་པོ་འབྱུང་བའི་རྟགས་ཡིན་ཏེ། དཔེར་ན་རྒྱལ་པོའི་བཀའ་ཆད་བྱུང་ན་དེ་ལ་ཟན་དང་ཆང་མང་པོ་བླུད་ནས་བཟི་བར་བྱས་ན་ཕྱིས་གསོད་དོ། །དམ་ཚིག་ཁ་ཅིག་ལེགས་པར་བསྲུངས་པ་ལས་སྡུག་བསྔལ་དང་བར་ཆད་མང་བ་ལྟར་འདུག་ ཀྱང་དེ་ཚེ་རབས་སྔ་མའི་ལས་ཀྱི་ལྷག་མ་ལུས་པ་ཡིན་པས་དེས་ནི་མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཞན་ཡང་དམ་ཚིག་ཉམས་པ་ནི་ཚེ་འདིར་ཡང་བཀྲ་མི་ཤིས་པ་མང་པོ་འབྱུང་ལ། དུས་མ་ཡིན་པར་འཆི་བ་བརྒྱད་དང་། གཤིས་ ངན་དུ་འཆི་བ་བཅུ་གཉིས་ཀྱིས་འཆི་བར་འགྱུར་རོ། །དེ་ནས་ཤི་ནས་ཀྱང་རྡོ་རྗེ་དམྱལ་བར་སྐྱེས་ནས་དེ་ནས་ཐོན་པའི་དུས་མེད་དོ། །དེ་ལ་དམ་ཚིག་མ་ཉམས་པའི་ཕན་ཡོན་ནི། ཚེ་རིང་བ་དང་ལོངས་སྤྱོད་ཆེ་བ་དང་ཅི་བསམས་པ་འགྲུབ་པ་དང་། མཐུ་དང་བྱིན་རླབས་ཆེ་བ་དང་བཀྲ་ཤིས་ པར་འགྱུར་རོ། །བསྒོམ་པ་དང་བཟླས་པ་དང་མཆོད་པ་ལ་བརྩོན་པས་རྣལ་འབྱོར་པ་སྔོ་མ་སྐམས་པར་ལོངས་སྤྱོད་ཆེ་བ་དང་བླ་མའི་བཀའ་མ་བཅག་ཅིང་གུས་པས་བར་ཆད་མེད་པ་དང་རྡོ་རྗེ་སྤུན་ལ་བརྩེ་གདུང་བྱས་པས་མི་མ་ཡིན་རྣམས་ཀྱིས་བཀུར་སྟི་བྱེད་དོ། །གཡོ་སྒྱུ་མེད་པས་མི་ དང་མི་མ་ཡིན་པ་རྣམས་དགའ་བར་འགྱུར་རོ། །གསང་སྔགས་འཆོལ་བར་མ་སྤྱད་པས་འབྱོར་བ་བརྟན་པ་དང་བཀྲ་ཤིས་སོ། །འཆི་བའི་དུས་སུ་ཡང་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བསུ་ནས་རིག་འཛིན་གྱི་གནས་སུ་འཁྲིད་དོ། །གཞན་ཡང་དེས་སྐྱེ་བ་འདི་དང་ཕྱི་མ་དང་སྐྱེ་བ་བདུན་དང་སྐྱེ་བ་ བཅུ་དྲུག་ཚུན་ཆད་ཀྱིས་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །དེ་ལ་དམ་ཚིག་ཐམས་ཅད་བསྡུ་ན་གཉིས་ཏེ། སྙིང་རྗེ་རུས་པའི་གཏིང་ནས་སྐྱེ་བ་དང་ཤེས་རབ་ཚིག་ཙམ་མ་ཡིན་པ་གཏིང་ནས་གོ་བའོ། །འདི་གཉིས་རྒྱུད་ལ་བརྟེན་ན་དང་པོ་ཉིད་ནས་ཉེས་པ་མི་འབྱུང་ལ་གལ་ཏེ་བྱུང་ན་ཡང་མྱུར་དུ་ བསྐངས་པར་འགྱུར་རོ། །གཞན་ཡང་དམ་ཚིག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་སུ་འདུས་ཏེ་དེ་ཡང་རྣམ་པ་བཞིའོ། །བྱང་ཆུབ་ཀྱི་སེམས་དང་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་དང་ཀུན་དུ་བཟང་པོའི་སེམས་དང་རྡོ་རྗེ་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་ལས་དགེ་སྡིག་ གཙོར་སྟོན་ཏོ། །མདོ་སྡེའི་སྡོམ་པ་ནི་སྙིང་རྗེ་གཙོར་སྟོན་ཏོ། །གསང་སྔགས་ཀྱི་སྡོམ་པ་ནི་སྐུ་གསུང་ཐུགས་ཀྱི་མི་ཕྱེད་པ་གཙོར་སྟོན་ཏོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་ལས་སྐྱེའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལྷག་པའི་བསམ་ པ་བཟང་པོ་ལས་སྐྱེའོ། །གསང་སྔགས་ཀྱི་སྡོམ་པ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ལས་སྐྱེའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་སྤོང་པ་བདུན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་སྤོང་བ་བཅུའོ། །སྔགས་ཀྱི་སྡོམ་པ་ནི་སྤོང་བ་གཅིག་གོ། །སོ་སོར་ཐར་པའི་གཞུང་དུ་ནི་ཁ་ན་མ་ཐོ་བ་ གཉི་ག་བརྗོད་དོ། །བྱང་ཆུབ་སེམས་དཔའི་གཞུང་དུ་ནི་རང་བཞིན་འབའ་ཞིག་བརྗོད་དོ། །སྔགས་ཀྱི་གཞུང་དུ་ནི་དེ་གཉི་གའི་ཐ་སྙད་མ་བརྗོད་དོ། །ཡང་སོ་སོར་ཐར་པའི་སྡོམ་པ་ནི་རྫས་ཀྱི་བདག་ཉིད་དུ་ཡོད་པར་འདོད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་བརྟག་པ་ཙམ་དུ་ཡོད་ བར་འདོད་དོ། །སྔགས་སུ་ནི་དེ་གཉི་གའི་ཐ་སྙད་མ་བརྗོད་དོ། །ཡང་ཉན་ཐོས་ཀྱི་སྡོམ་པ་ལ་བར་ཆད་ཀྱི་ཆོས་མང་དུ་ཡོད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བར་ཆད་ཀྱི་ཆོས་ཉུང་ཟད་ཅིག་གོ། །སྔགས་ཀྱི་སྡོམ་པ་ལ་ནི་བར་ཆད་ཀྱི་ཆོས་བཤད་པ་མེད་དོ། །ཡང་སྡོམ་པ་དང་པོ་ ལ་ནི་ཕམ་བ་བྱུང་ན་ཕྱིས་བླང་བའི་སྐལ་བ་མེད་དོ། །བར་མ་ལ་ནི་ཕམ་པ་བྱུང་ན་ཕྱིས་བླང་བའི་སྐལ་བ་ཡོད་དོ། །ཐ་མ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ན་ཉམས་པ་མེད་དོ། །དེ་ལ་སྡོམ་པ་དང་པོ་ལ་ནི་མཁན་པོ་དང་སློབ་དཔོན་དགོས་སོ། །བར་མའི་སྡོམ་པ་ལ་ནི་བླ་མ་གཅིག་ པུའམ་ཡང་ན་མེད་པའོ། །ཐ་མ་དེ་ལ་ནི་བཞི་སྟེ། བླ་མའི་ཞལ་ནས་བྱུང་བའི་དབང་དང་། ཡེ་ཤེས་ལྷའི་བྱིན་གྱི་རླབས་ཀྱི་དབང་དང་། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང་། རང་ཉིད་ཀྱི་སེམས་ཀྱི་རྩལ་གྱིས་ཐོབ་པའི་དབང་དང་ངོ་། །ཡང་སྔ་མ་ནི་གཞན་ལ་ གནོད་པ་བྱེད་པ་ལས་ལྡོག་གོ། །བར་མ་ནི་དེའི་སྟེང་དུ་གཞན་ལ་ཕན་འདོགས་པའོ། །ཕྱི་མ་ནི་དེའི་སྟེང་དུ་སངས་རྒྱས་ཀྱི་མཛད་སྤྱོད་ཉམས་སུ་ལེན་པའོ། །ཡང་དང་པོའི་སྡོམ་པ་ནི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བར་མའི་སྡོམ་པ་ནི་སྔོན་གྱི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རྗེས་སུ་སློབ་པའོ། །སྔགས་ཀྱི་སྡོམ་པ་ནི་སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་པའོ། །ཡང་དང་པོའི་སྡོམ་པ་ནི་བདག་འབའ་ཞིག་གི་དོན་ཏོ། །བར་མའི་སྡོམ་པ་ནི་གཞན་འབའ་ཞིག་གི་དོན་ཏོ། །ཕྱི་མའི་སྡོམ་པ་ནི་གཉི་གའི་དོན་ཏོ། །ཡང་དང་པོའི་སྡོམ་པ་ནི་ཇི་སྲིད་ འཚོའི་བར་དུ་མནོས་སོ། །བར་མའི་སྡོམ་པ་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུའོ། །ཕྱི་མའི་སྡོམ་པ་ནི་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུའོ། །སྡོམ་པ་དང་པོའི་འབྲས་བུ་ནི་མྱ་ངན་ལས་འདས་པ་གཉིས་སོ། །བར་མའི་འབྲས་བུ་ནི་ས་བཅུའམ་ས་བཅུ་གཅིག་པའོ། ། ཐ་མའི་འབྲས་བུ་ནི་ས་བཅུ་གཉིས་པའོ། །གཞན་ཡང་སྒོམ་སྒྲུབ་དང་ཆོས་སྤྱོད་ཡི་དམ་གྱི་ལྷས་མ་ཁྲེལ་བ་དང་། དད་པ་དང་བསྙེན་བཀུར་བླ་མས་མ་ཁྲེལ་བ་དང་། དམ་ཚིག་དང་སྡོམ་པ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་མ་ཁྲེལ་བ་དང་། བརྩེ་གདུང་ཕན་གནོད་རྡོ་རྗེ་སྤུན་ཕོ་མོས་ མ་ཁྲེལ་བ་དང་། བཟླས་བརྗོད་དང་གཏོར་མ་དང་ཆོ་གའི་ནུས་པ་དང་བྱིན་རླབས་མཚན་མོ་རྒྱུ་བའི་འབྱུང་པོའི་ཚོགས་ཀྱིས་མ་ཁྲེལ་བ་དང་། རྡོ་རྗེ་བླ་མའི་མན་ངག་ཟབ་མི་ཟབ་རང་གི་སློབ་མས་མ་ཁྲེལ་བ་དང་། ལྟ་བ་ཟབ་མི་ཟབ་མཁས་པ་རྣམས་ཀྱིས་མ་ཁྲེལ་བ་དང་། ཇི་ལྟར་ དམ་བཅས་པའི་དོན་རང་གི་སེམས་ཀྱིས་མ་ཁྲེལ་བ་དང་། སྤྱོད་པ་བཟང་ངན་གྲོགས་པོས་མ་ཁྲེལ་བ་དང་། གཏོང་ཕོད་དང་། གསལ་གཤོག་དང་། རོ་ཚོང་དང་། ཞི་དེས་དང་། མཐུན་འཇུག་འཇིག་རྟེན་གྱི་མི་རྣམས་ཀྱིས་མ་ཁྲེལ་པའོ། །མཉམ་པར་གཞག་པའི་རྣལ་འབྱོར་ ནི། །བསྐྱེད་དང་རྫོགས་པའི་ཏིང་འཛིན་བསྒོམ། །སྤྱོད་ལམ་རྣལ་འབྱོར་དུས་སུ་ནི། །ཕྱི་ནང་ཐམས་ཅད་གཞན་མིན་ཏེ། །སེམས་ཉིད་ལྷ་ཉིད་སྒྱུ་མ་ཉིད། །འོད་གསལ་ཡིན་ཏེ་མཉམ་ཉིད་གཞི། །དག་པ་བཞི་ཡང་དེ་ཉིད་ཡིན། །ཉིན་དང་མཚན་མོ་རྟག་པར་ནི། །སེམས་ ཀྱི་སྐད་ཅིག་རེ་རེ་ལ། །དེ་ལྟར་མོས་པ་ཡང་ཡང་བྱ། །རྡོ་རྗེ་ཤུགས་དང་མི་ལྡན་ཡང་། །སྣང་བ་བྱིན་གྱིས་བརླབས་པ་ཡིན། །དེ་ལྟ་བུ་ཡི་སྔགས་པ་ནི། །དམ་ཚིག་ཉམས་པའི་དོགས་པ་མེད། །བྷཾ་ག་ལར་སྐྱེས་དགེ་སློང་ནི། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །གཞུང་ དང་བླ་མའི་མན་ངག་གིས། །དམ་ཚིག་ཐམས་ཅད་བསྡུས་ནས་བྲིས། །དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ་མཁས་པ་ཆེན་པོ་དཱིཾ་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྗེ་བཙུན་བླ་མ་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་ རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཀརྨ་པྲ་མ་ཐ་ས་མ་ཡ་སཱུ་ཏྲ་སཾ་གྲ་ཧ། བོད་སྐད་དུ། ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་རྣམ་པར་ཐར་པའི་ སྒོར་ཞུགས་པའི་ལས་དང་པོ་པ་རྣམས་ཀྱི་དམ་ཚིག་མདོར་བསྟན་པ། ཧཱུཾ་རྡོར་ལས་བྱུང་མཐིང་གའི་མདོག་འདྲ་བའི། །དཔལ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །སྔགས་འཆང་རྣམས་ཀྱིས་བསྲུང་བའི་དམ་ཚིག་ནི། །མདོར་བསྡུས་བརྩེ་བའི་ཡིད་ཀྱིས་བཤད་པར་བྱ། །སྡུག་ བསྔལ་ཚོགས་ཀྱིས་བསྲེགས་པའི་སེམས་ཅན་ལ། །སྙིང་རྗེར་ལྡན་པས་ཡོངས་ལ་ཁྱབ་པ་དང་། །གཡོ་དང་མི་གཡོའི་ཆོས་རྣམས་མ་སྐྱེས་པར། །རྟོག་པའི་ཤེས་རབ་སྙིང་རྗེའི་གཞིར་བྱའོ། །རྟག་ཏུ་དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་བཞིན་ཏིང་འཛིན་མཆོག་ལ་ གནས་པར་བྱ། །དང་པོར་སྔགས་པས་སྲོག་གཅོད་རྐུ་བ་དང་། །འཁྲིག་དང་བརྫུན་སྨྲ་ཆང་འཐུང་ལ་སོགས་པའི། །ཚུལ་ཁྲིམས་སྔགས་ཀྱི་རྩ་བར་སངས་རྒྱས་གསུངས། །དེ་བས་སྲོག་བཞིན་བསླབ་པ་བསྲུང་བར་བྱ། །ཞེས་སོ། །ཡུལ་གངས་རིའི་རྩ་ན་གནས་པའི་སློབ་དཔོན་ཛྙཱ་ ན་བོ་དྷིའི་མཛད་པའི་གསང་ཆེན་སྒྲོན་མའི་དམ་ཚིག་ལས། ཉན་ཐོས་ཚུལ་ཁྲིམས་ཐེག་ཆེན་སྡོམ་པ་དང་། །ས་བདག་ཁྲིམས་ལས་འདའ་བར་མི་བྱའོ། །ཞེའོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་དག་ལ་མི་མོས་དང་། །དཀོན་མཆོག་ གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབབ་པ་ཡིས། །གསོད་དང་རྐུ་དང་འཁྲིག་པ་དང་། །བརྫུན་དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་ནས་ནི། །རིག་སྔགས་རྒྱལ་པོ་བསྒྲུབ་པར་བྱ། །གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། ། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་འབྱུང་བས་སྡོམ་པ་དང་དམ་ཚིག་མཐའ་དག་ལ་གནས་པར་བྱའ