Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 79
Văn bản gốc(Tây Tạng)
Trang 4 / 15 (50.000 ký tự/trang)
ོ། །དེ་ལྟ་བས་ན་རྣལ་འབྱོར་པས་ཐོག་མར་རིག་སྔགས་གཟུང་བའི་དམ་ཚིག་ལ་གནས་པར་བྱའོ། །ཇི་ལྟར་དུས་གསུམ་མགོན་པོ་ རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་སྡོམ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་ གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །སློབ་དཔོན་ཉིད་ཀྱང་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལས། །ཕྱི་ནང་གསང་བའི་ ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལས། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་པར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་ བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་རྒལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་ནི་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །མྱ་ངན་འདས་ལ་སེམས་ཅན་དགོད། །དུས་འདི་ནས་ནི་བཟུང་ནས་ སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ནི་རབ་ཏུ་གནས་པར་བགྱི། །ལུས་དང་ངག་དང་ཡིད་དག་གིས། །མི་དགེ་བ་ནི་རྣམ་བཅུ་དང་། །བག་མེད་པ་ཡི་གནས་བྱུང་བ། །འབྲུ་ཆང་བཅོས་པའི་ཆང་དག་དང་། །ཐེག་པ་དམན་ལ་འདོད་པ་དང་། །དེ་བཞིན་ལྷ་དང་ལྷ་མིན་ དང་། །གསང་བ་པ་རྣམས་བརྙས་པ་དང་། །ཕྱག་རྒྱ་མཚན་མ་བཞོན་པ་དང་། །མཚོན་ཆ་ལ་སོགས་འགོམ་པ་རྣམས། །དུས་འདི་ཉིད་ནས་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ནི་རབ་ཏུ་ལྡོག་པར་བགྱིའོ། །ཞེའོ། །གལ་ཏེ་རིག་སྔགས་གཟུང་བ་ཉིད་ དུ་ངེས་པས་ནི། སྡོམ་པ་དང་དམ་ཚིག་ཚུལ་བཞིན་མ་བསྲུངས་ན། འཕགས་པ་རྣམས་བསླུས་པ། བདག་ཉིད་ལ་འཁུ་བར་བྱེད་པ། དངོས་གྲུབ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ། དེ་ནི་གཡོན་ཅན་ཤིང་རུལ་བ་ལྟ་བུ་ཡིན་ནོ། །དམ་ཚིག་ལ་མི་གནས་པར་གསང་སྔགས་ཚིག་ ཙམ་གྱིས་བདག་དང་གཞན་གྱི་དོན་དུ་ལས་སྣ་ཚོགས་བྱེད་པའོ། །དཔེར་ན་མཛེ་ཅན་ནང་ན་འབུས་རྙིངས་པ་ལ་ཕྱི་རོལ་གྱི་གོས་དང་རྒྱན་གྱིས་བཀབ་པ་ལྟ་བུ་ཡིན་ནོ། །དེས་ནི་བདག་གི་དོན་ཡང་བྱ་བར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨོད་ ཅིང་བཤུང་བ་ཡིན་ནོ། །གསང་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་དང་། གཞན་གྱི་དོན་དུ་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པ་ནི། དུས་ཡུན་རིང་པོར་བདག་གི་སེམས་ཀྱི་རྒྱུད་སྦྱངས་པ་དང་། སྡོམ་པ་དང་དམ་ཚིག་ལ་སྔགས་སྤྱོད་པའི་ཡོན་ཏན་དང་ལྡན་པས། དབེན་པར་ཚུལ་བཞིན་ དུ་ལས་བྱས་ནས་དངོས་གྲུབ་ཏུ་ཡང་འགྱུར་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་འགྲུབ་བོ། །དམ་ཚིག་སྤངས་ཏེ་གཟུ་ལུམས་སུ་གསང་སྔགས་དགོངས་པས་བཤད་པའི་དོན། སྒྲ་ཇི་བཞིན་དུ་བཟུང་ནས་སྣོད་མིན་པའི་སློབ་མ་དང་། གྲོང་ལ་སོགས་པར་ལོག་པར་སྤྱད་ན་ནི། དེ་ བཞིན་གཤེགས་པའི་བཀའ་རྒྱུད་ཁྱད་དུ་བསད་པས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། ཨིནྡྲ་བྷཱུ་ཏི་ལ་སོགས་པའི་ཞལ་སྔ་ནས་ཀྱི་ཚིག་གི་བདུད་རྩི་སྤངས་པ་ཡིན་པས་བདག་བདེ་ལེགས་སུ་འདོད་པའི་མཁས་པ་རྣམས་ཀྱིས་ཟས་དུག་དང་བཅས་པ་བཞིན་དུ་སྤང་བར་བྱའོ། །དེ་བས་ན་དངོས་ གྲུབ་ཀྱི་སྣོད་དུ་རུང་བའི་སྒྲུབ་པ་པོས། དང་པོར་དམ་ཚིག་མནོས་པ་ཉིད་ནས་བཟུང་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་མི་ཉམས་པར་བྱའོ། །ཕྱིར་མི་ལྡོག་པའི་དབང་ཐོབ་པས་ནི་དམ་ཚིག་གཉིས་བསྲུང་སྟེ། བཟའ་བའི་དམ་ཚིག་དང་། བསྲུང་བའི་དམ་ཚིག་གོ། །དེ་ལ་བཟའ་བའི་དམ་ ཚིག །ག་ཕུར་མཚལ་དང་པི་པི་ལིང་། །ཙནྡན་དམར་དང་གུར་གུམ་སོགས། །མན་ངག་བཞིན་དུ་སྒྲུབ་པ་པོས། །རྟག་ཏུ་བསྟེན་ཅིང་བཟའ་བར་བགྱི། །བསྲུང་བ་དག་གི་དམ་ཚིག་ནི། །རང་ལུས་ཕྱག་རྒྱ་ཉིད་བསྒོམས་ལ། །མ་ལུས་འགྲོ་བའི་ཚོགས་བསམ་བྱ། །རྡོ་རྗེ་སློབ་ དཔོན་རྡོ་རྗེ་རྣམས། །རྡོ་རྗེ་དེ་ནི་སྤུན་རྣམས་ལ། །གཙོ་དང་སེམས་དཔའ་བསྐྱེད་པར་བྱ། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །ཚུལ་ཁྲིམས་བསྲུང་ལ་བརྩོན་པར་བྱ། །སྲེད་འབྱུང་ངག་གི་སྐྱོན་སྤངས་ཏེ། །རིག་སྔགས་ལྷ་ཡི་སྙིང་པོ་དང་། །རྡོ་རྗེ་ཕྲ་སོགས་རྩེ་གཅིག་ པས། །རྒྱུན་མི་འཆད་པར་བཟླས་པར་བྱ། །དེ་ནི་གསུང་གི་དམ་ཚིག་སྟེ། །རྟག་ཏུ་འདི་ལས་འདའ་མི་བྱ། །རྒྱུན་དུ་ཏིང་འཛིན་གཉིས་པོ་དང་། །སྤྱོད་བཞིན་དྲན་པས་ཟིན་པར་བྱ། །ཐུན་མོང་མ་ཡིན་གསང་ཆེན་དང་། །མན་ངག་གཞན་དུ་མི་སྤེལ་ལོ། །ལྟ་དང་སྤྱོད་དང་ལྷ་ དག་དང་། །སློབ་དཔོན་མཆོག་གཉིས་གསང་བ་སྟེ། །འདི་དག་གསང་ཆེན་གཞན་དུ་མིན། །འདི་དག་ཐུགས་ཀྱི་དམ་ཚིག་གོ། །སྐུ་གསུང་ཐུགས་ཀྱི་གསང་བ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་ལ་གནས་པར་ བྱ། །ཇི་བཞིན་དོན་ལྡན་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བསྒྲགས། །སྤང་ཞིང་འདོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །སློབ་དཔོན་ལ་ནི་བརྙས་པ་དང་། །བདེ་གཤེགས་བཀའ་ལས་འདས་པ་དང་། །སྡང་བས་སྤུན་གྱི་སྔགས་མིན་སྨྲ། །བྱམས་པ་ཆེན་པོ་ རྣམ་སྤོང་དང་། །བྱང་ཆུབ་སེམས་ནི་འདོར་བ་དང་། །ཐེག་པ་གསུམ་ལ་སྨོད་པ་དང་། །སྐལ་མིན་གསང་བ་སྒྲོགས་པ་དང་། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །དམ་པའི་ཆོས་ལ་ཡིད་གཉིས་ཟ། །གདུག་ལ་བྱམས་དང་ཆགས་བྲལ་དང་། །ཆོས་ལ་གཉིས་སུ་འབྱེད་པ་ དང་། །དད་པའི་སེམས་ལ་རབ་ཏུ་སྨོད། །དམ་ཚིག་བསྟེན་པ་ཇི་སྙེད་པ། །བརྟགས་པའི་རིག་མ་སྨོད་པ་སྟེ། །རྩ་བའི་ལྟུང་བར་འགྱུར་བ་དེས། །སྔགས་པའི་དམ་ཚིག་ཟད་པར་འགྱུར། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་ རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཉན་ཐོས་ དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་འདུག་པ་དང་། །སྦྱོར་བ་ངེས་པར་མ་བྱས་པའི། །སྣོད་མིན་གསང་བ་སྟོན་པ་རྣམས། །ཁ་ན་མ་ཐོ་བཅས་འགྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང་། །བདུད་དང་སྡུག་བསྔལ་རབ་ཏུ་འཕེལ། ། ཞེའོ། །ཕྱིར་མི་ལྡོག་པའི་དབང་ཐོབ་པས་ཀྱང་དམ་ཚིག་རྣམས། དང་པོ་ཐོབ་པ་ཉིད་ནས་བྱང་ཆུབ་ཆེན་པོའི་བར་དུ་ཡང་དག་པར་གཟུང་ངོ་། །གལ་ཏེ་ཉམས་པར་བྱས་ན་དོན་དམ་པར་བསྲུང་དུ་མེད་པ་དང་། དགོངས་པའི་དོན་གྱི་ཚིག་གི་གཟུགས་བརྙན་ལ་བརྟེན་ནས་དམ་ཚིག་ མི་བསྲུང་བར་གཟུ་ལུམས་སུ་དཀྱིལ་འཁོར་ལ་སོགས་པ་བྱེད་པ་ནི་འཕགས་པ་དང་འགྲོ་བ་ཀུན་བསླུས་པ་སྟེ། ཡོན་ཏན་དེ་གསང་སྔགས་སེང་གེའི་འོ་མ་ལྟ་བུ་སྐྱེ་བོ་སྣོད་དང་མི་ལྡན་པའི་མི་ལ་བསྟན་པ་དང་། དཀྱིལ་འཁོར་ལ་སོགས་པའི་ལས་བྱས་པས་སེམས་ཅན་དམྱལ་བ་ལ་ སོགས་པའི་འགྲོ་བའི་སྐྱེ་བ་དང་། བདག་དང་གཞན་རླག་པར་བྱེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱབ་ཀྱིས་ཕྱོགས་པ་དེ་ནམ་དུ་ཡང་དངོས་གྲུབ་ཀྱི་སྣོད་དུ་མི་འགྱུར་བ་ཡིན་ནོ། །དེ་ལྟ་བས་ན་དམ་ཚིག་རྣམས་ལུས་དང་སྲོག་ལ་ལྟོས་པ་མེད་པར་བསྲུང་བར་བྱའོ། །དམ་ ཚིག་ཉམས་པ་གསོ་བ་ནི་གནང་སྟེ། ཐུན་མཚམས་སྦྱོར་བ་ལས་གྱུར་ན། །བདེ་གཤེགས་ལས་རིགས་བསམ་གཏན་གྱིས། །དེ་ཡི་ཉེས་པ་བསལ་བར་བྱ། །གསེར་སྦྱངས་དྲི་མེད་ལྟ་བུར་འགྱུར། །སྦྱོར་བའི་ཡན་ལག་སྦོམ་ཉམས་ན། །མཆོད་པ་ལ་སོགས་ཚུལ་བཞིན་བྱ། ། འཕགས་ལ་བཟོད་གསོལ་དམ་བཅས་ན། །ཕྱིན་ཆད་བསྡམས་ཏེ་གུས་པར་བླང་། །རྩ་བའི་དམ་ཚིག་ཉམས་གྱུར་ན། །རྡོ་རྗེ་སློབ་དཔོན་བདག་ཉིད་ལས། །དང་པོར་རིགས་བདག་དཀྱིལ་འཁོར་དུ། །ཚུལ་བཞིན་ཡང་དག་བླང་བར་བྱ། །དེ་ལྟར་མ་བཤགས་པར་བླངས་བས་ཉམས་ པ་ཁྱད་དུ་གསོད་ཅིང་དེའི་ཉེས་པ་འཕེལ་བ་དང་བཅས་པར་གྱུར་ན་སྐྱོན་ཆེ་སྟེ། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སངས་རྒྱས་རྡོ་རྗེ་སེམས་དཔའ་དང་། །དེ་བཞིན་ཆོས་ཀྱི་སེམས་དཔའ་དང་། །རྨོངས་པ་འགལ་བར་བྱས་ནས་ནི། །ཚལ་པར་འགས་པར་ གདོན་མི་ཟ། །ཞེའོ། །དེ་ལྟ་བས་ན་སངས་རྒྱས་དབུ་འགས་ན་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དམ་ཚིག་ཉམས་པས་ནི་བདག་ཉིད་དང་། གཞན་ཕྱོགས་སུ་ཡང་ཉེས་པ་སྣ་ཚོགས་སུ་འབྱུང་ལ། །ཕྱི་མར་ཡང་བསྐལ་པ་གསུམ་ལ་སོགས་པར་ངན་འགྲོར་འགྲོའོ། ། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུད་ཆེན་པོ་ལས། དམ་ཚིག་མེད་ཅིང་ངན་སྤྱོད་པ། །བསླུས་འགྱུར་ངན་པའི་མཚན་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་ནས་ཀྱང་། །དེ་ལས་ང་ནི་སྐྱོབ་མི་བྱེད། །གསང་བ་པ་ཡི་ནང་ནས་ནི། །སྒྲུབ་པ་པོ་དེ་ཕྱུགས་དང་འདྲ། །ཞེའོ། །བླ་ མ་ལྔ་བཅུ་པ་ལས་ཀྱང་། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་དུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱེད་འགྱུར་ན། །དམྱལ་བར་ངེས་པར་འཚེད་པར་ངེས། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟེན་པ་གང་ ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་དག །དེར་ནི་གནས་པར་ཡང་དག་བཤད། །ཟླ་གསང་ཐིག་ལེའི་རྒྱུད་ལས་ཀྱང་། །དམ་ཚིག་སྡོམ་པ་ཉམས་པ་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བྱིན་གྱིས་བརླབས་པར་མི་མཛད་དེ། །སྤོས་དང་མེ་ཏོག་ལ་སོགས་པ། །ཕུལ་ ཡང་བཞེས་པར་མི་འགྱུར་ཏེ། །ནད་དང་དུག་དང་དགྲ་རྣམས་ཀྱིས། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ཞེའོ། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་ཀྱང་། དམ་ཚིག་འདི་ལས་འདས་གྱུར་ན། །ཇི་སྙེད་སངས་རྒྱས་ཐམས་ ཅད་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང་། །སྒྲུབ་པ་པོ་དང་རྣལ་འབྱོར་བཅས། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ནས་ཁྲག་ཆེན་དྲངས་ནས་འཐུང་། །ཞེའོ། །ཡང་དེ་ཉིད་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དམ་ཚིག་རྣམ་ པར་སྤངས་པ་དང་། །གསང་བ་ཡང་དག་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པོ། །ཞེའོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། དམ་ཚིག་འདི་ལས་སུ་འདའ་དང་། །སྡང་སེམས་ལྡན་པ་དེ་དག་ནི། །མགོ་ནི་དཔལ་ལྡན་རྡོ་རྗེ་འཆང་། །རྡོ་རྗེ་རྣམས་ ཀྱིས་རྟག་ཏུ་འགེམས། །ཞེའོ། །ཡང་མཚམས་མེད་ལྔ་བྱས་པའི་སྡིག་པ་ནི་བླའི། གསང་སྔགས་ལོག་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །གཞན་ལས་ནི། དམ་ཚིག་འདི་ལས་སུ་འདའ་བ། །བསྐལ་པ་གྲངས་མེད་གསུམ་དུ་ནི། །མནར་མེད་ཤིན་ཏུ་མི་བཟད་སོགས། །བཅུ་དྲུག་ དམྱལ་བར་སྐྱེ་བར་འགྱུར། །ཞེའོ། །ཡེ་ཤེས་གྲུབ་པ་ལས། དམ་ཚིག་ཉམས་པ་སྡུག་བསྔལ་ཞིང་། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་ཡོན་ཏན་ཉམས་འགྱུར་ཞིང་། །མྱུར་བ་ཉིད་དུ་འཆི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ། །མྱོང་ ནས་གནས་ལས་འཕོ་འགྱུར་བས། །གདོལ་བའམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པར་སྐྱེའམ་ཡང་ན་འོན་པར་སྐྱེ། །ཞེའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །ཅེའོ། །དཔལ་མཆོག་དང་པོའི་རྒྱུད་ ལས་ཀྱང་། དྲག་པོའི་དམ་ཚིག་མདུང་རྩེ་དང་། །མ་མོ་རྣམས་ཀྱིས་རྒྱས་འདེབས་པས། །གལ་ཏེ་འདས་ན་ཁྱོད་ཀྱི་སྙིང་། །རྟག་ཏུ་འཇིགས་པར་བྱེད་པར་འགྱུར། །ཞེའོ། །གལ་ཏེ་དམ་ཚིག་འདི་ལས་འདས་གྱུར་ན། །ཕ་གསོད་འགྲོ་བ་ཡིན་པ་དང་། །མ་གསོད་པ་ཡི་འགྲོ་བ་ གང་། །འགྲོ་བ་དེར་ནི་འགྲོ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པས། དམ་ཚིག་ཉམས་ན་སྐྱོན་ཆེ་བས་ན་ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་བར་བསྲུང་བར་བྱའོ། །སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་ཡང་དོན་ཆེ་སྟེ། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་ བའི་རྒྱུད་ལས་ཀྱང་། འགྲོ་བའི་དོན་དང་དེ་དོན་དུ། །དམ་ཚིག་སྡོམ་པ་བསྲུང་བྱས་ནས། །བསོད་ནམས་གཙང་སྦྲ་ལས་བྱུང་གང་། །བསྒྲུབ་པའི་ཡོན་ཏན་རྒྱ་ཆེན་པོ། །སྟོང་ཕྲག་བརྒྱ་ཡི་ཁ་མིན་པར། །ཁ་ཅིག་གིས་ཀྱང་བརྗོད་མི་ནུས། །ཞེའོ། །གཞན་ལས་ནི། དམ་ཚིག་ སྡོམ་པ་འདི་རྣམས་ཀུན། །ཚུལ་བཞིན་བསྲུང་དང་སྒྲུབ་པ་ཡིས། །རྒྱལ་བ་ཐམས་ཅད་མཉེས་གྱུར་ནས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེའོ། །དམ་ཚིག་རྣམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེའོ། །ཕྱག་ན་རྡོ་རྗེ་ དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཀྱང་། རྫོགས་པའི་སངས་རྒྱས་བཅས་པ་ཡི། །བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང་། །སྤྱོད་པ་བཟླས་པའི་གཞི་རྣམས་ལ། །གལ་ཏེ་གནས་ན་དེ་ཡི་ཚེ། །སྔགས་པས་འདི་ལྟར་སྔགས་བསྒྲུབ་པོ། །ཞེའོ། །སློབ་དཔོན་རྡོ་རྗེ་བཞད་པའི་ སྒྲུབ་ཐབས་ལས། སྔགས་པས་རྣམ་པ་འདི་དག་གིས། །དམ་ཚིག་སྡོམ་པ་བསྲུང་བྱས་ན། །ཚེ་འདི་ཉིད་ལ་དངོས་གྲུབ་ཀྱིས། །རྡོ་རྗེ་གསུང་ཉིད་ཐོབ་པར་འགྱུར། །ཞེའོ། །གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། གངྒཱའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་ཏེ། གསང་བ་འདུས་པ་ལ་དགའ་ཞིང་དེའི་དམ་ཚིག་ལ་གནས་ཤིང་བསྒྲུབས་ན་ཚེ་འདི་ཉིད་ལ་མངོན་པར་འཚང་རྒྱའོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱོར་ཏེ། །ལུས་དང་ངག་དང་སེམས་བསྡུས་ནས། །ང་ཡི་སྙམ་པའི་གཟི་བསྐྱེད་གཟུགས། །རྣམ་པ་ཀུན་གྱིས་རྣམ་བརྒྱན་ན། །རྣལ་འབྱོར་ལྡན་པ་དེ་ཚེ་ལ། །ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར། །ཞེའོ། །གཞུང་གཞན་ལས་ཐབས་ཀྱི་དམ་ཚིག་ཐམས་ཅད་ལ་ སྤྱོད་ཅིང་མི་ཉམས་པར་བསྲུངས་ལ། ཤེས་རབ་ཀྱིས་བསྲུང་དུ་མེད་པར་ཤེས་པ་ནི་རྣལ་འབྱོར་པ་མཆོག་ཅེས་བྱའོ། །གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྣམ་པར་མི་རྟོག་ལས་བྱུང་བའི། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཐེག་པ་མཆོག་འདི་བླ་ མེད་པ། །མཆོག་ཏུ་བླར་གྱུར་སྒྲུབ་པར་བྱེད། །རིགས་ངན་སྨེ་ཤ་ཅན་ལ་སོགས། །གསོད་པ་དོན་དུ་གཉེར་བ་རྣམས། །ཐེག་པ་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །མཚམས་མེད་པ་ལ་སོགས་པ་ཡི། །སེམས་ཅན་དག་གིས་བསྒྲུབས་ན་འགྲུབ། །སྲོག་ གཅོད་པ་ཡི་སེམས་ཅན་རྣམས། །བརྫུན་དུ་སྨྲ་བར་དད་པ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། །རྟག་ཏུ་འདོད་ལ་སྤྱོད་པ་དག །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། །ཞེའོ། །ཡེ་ཤེས་གྲུབ་པ་ལས། དེ་ལྟར་གནས་པའི་རྣལ་འབྱོར་པ། །ཡར་ངོའི་ཟླ་བ་ཇི་བཞིན་དུ། ། རིམ་གྱིས་ཡང་དག་འཕེལ་འགྱུར་གྱི། །ནམ་ཡང་འགྲིབ་པར་མི་འགྱུར་རོ། །བརྩོན་འགྲུས་དམན་པ་ལ་ལ་ཞིག །སངས་རྒྱས་ཐོབ་པར་མ་གྱུར་ཀྱང་། །འཁོར་ལོས་སྒྱུར་རྒྱལ་བདེ་བ་ནི། །སྐྱེ་བ་ཀུན་དུ་ཐོབ་པར་འགྱུར། །སངས་རྒྱས་ཀུན་གྱི་བསོད་ནམས་ནི། །ཕྱོགས་བཅུ་དུས་ གསུམ་ཡོད་པ་རྣམས། །དེ་ཡི་བ་སྤུའི་ཁུང་བུ་ཞེས། །རྒྱལ་བ་མཆོག་གིས་རབ་ཏུ་གསུངས། །ཞེའོ། །ལེའུ་བརྒྱད་པ་ལས། སེམས་ཅན་ཀུན་གྱི་གཉེན་གཅིག་པས། །རྣམ་པ་སླུ་བ་མེད་པའི་སེམས། །དེ་བས་བརྟན་པ་བསྐྱེད་པར་བྱ། །འདི་བྱས་པ་ཡིས་རྫོགས་སངས་རྒྱས། ། དགྱེས་པའི་བདག་ཉིད་ཅན་ཀུན་མཉེས། །བདུད་དང་བགེགས་ལ་སོགས་པ་ཡང་། །གླགས་སྐབས་ཚོལ་བར་མི་བྱེད་ཅིང་། །ཕྱག་ན་རྡོ་རྗེ་ལ་སོགས་པ། །དགྱེས་པས་རྟག་ཏུ་བསྲུང་བ་མཛད། །ཅེའོ། །གཞན་ལས་ནི། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ གྱིས་བཀང་སྟེ་འཕགས་པ་རྣམས་ལ་ཕུལ་བ་བས། གང་གིས་དམ་ཚིག་ལ་ཡང་དག་པར་གནས་ཏེ་འདུ་འཛི་སྤངས་ཏེ་དགོན་པ་ལ་གནས་ནས་སྐད་ཅིག་ཙམ་ཏིང་ངེ་འཛིན་གཉིས་ཀྱིས་མཉམ་པར་གཞག་ན་དེ་གཉིས་ལས་མཉམ་པར་གཞག་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་ པར་འགྱུར་བ་དང་། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཚན་གྱིས་བརྒྱན་པ་ནི་གླིང་བཞི་ལ་དབང་བའི་མཐུ་ཡོད་ཅིང་ཆོས་ཀྱི་འཁོར་ལོ་སྒྱུར་ཏོ། །དེ་བཞིན་དུ་རྒྱལ་བའི་སྲས་དམ་ཚིག་དང་སྡོམ་པ་ལ་ཡང་དག་པར་གནས་པའི་མཚན་གྱིས་བརྒྱན་པ་ནི་རིང་པོར་མི་ཐོགས་པར་སྐྱེ་བ་བདུན་ ལ་སོགས་པས་འཚང་རྒྱ་ཞིང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་ནོ། །ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ནི་སུའི་སྤྱི་གཙུག་ན་ཡོད་པ་ལ་འགྲོ་བ་གང་གིས་ཀྱང་བར་མི་ཆོད་དོ། །དེ་བཞིན་དུ་སྔགས་པ་གང་ཞིག་སྡོམ་པ་དང་དམ་ཚིག་གི་ནོར་བུས་སྒོ་གསུམ་ བརྒྱན་པ་ལ་བདུད་ལ་སོགས་པ་གང་གིས་ཀྱང་བར་དུ་མི་ཆོད་དོ། །ཡང་སྐྱེས་བུ་མིག་དང་རྐང་པར་ལྡན་པ་ནི་གང་འགྲོ་བའི་གནས་སུ་ཕྱིན་ཅིང་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་དོ། །མཉམ་པའི་དམ་ཚིག་མིག་དང་འདྲ་བ་དང་སྤྱོད་པའི་དམ་ཚིག་རྐང་པ་དང་འདྲ་བ་ལ་ བརྟེན་ཏེ་ཡེ་ཤེས་ཀྱི་ལམ་དྲང་དུ་ཞུགས་པས་ཐམས་ཅད་མཁྱེན་པའི་ནོར་བུ་བླངས་ཏེ། བདག་དང་གཞན་གྱི་དོན་ལྷུན་གྱིས་གྲུབ་པར་བྱེད་པར་འགྱུར་རོ། །ཡང་དཔེར་ན་རིའི་རྒྱལ་པོ་གངས་ལ་སྨན་འབྲལ་བར་དཀའ་བ་ཞེས་བྱ་བ་ཡོད་དེ། དེ་གང་གིས་རྙེད་པ་དེ་ནི་དུག་དང་ནད་ལ་སོགས་ པ་རྩ་བ་ནས་འབྱིན་ཅིང་ཚེ་རིང་བ་ཡང་འགྲུབ་བོ། །དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ནོར་བུ་རིན་པོ་ཆེའི་ནོར་བུ་བླངས་ཏེ། ལས་དང་སྐལ་བ་དང་ལྡན་པ་གང་ཞིག་དམ་ཚིག་རྣམས་ཀྱི་སྨན་ཐོབ་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་དང་ཉོན་མོངས་པའི་ནད་ ཐམས་ཅད་ཞི་ཞིང་བྱང་ལ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འཆི་བའི་ཚེ་ཡང་འཐོབ་བོ། །དཔེར་ན་དེད་དཔོན་བསོད་ནམས་ཀྱིས་གཟི་བརྗིད་དང་ཐབས་དང་ལྡན་པས་རྒྱ་མཚོ་ཆེན་པོར་ཞུགས་ཏེ། རིན་པོ་ཆེའི་གླིང་དུ་ཕྱིན་ཏེ་ནོར་བུ་རིན་པོ་ཆེ་བླངས་ནས་བདག་དང་གཞན་ལ་ཕན་འདོགས་ སོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་འགྲོ་བ་འཁོར་བ་ལས་འདོན་པའི་དེད་དཔོན་ལ་བརྟེན་ཏེ། ཚུལ་ཁྲིམས་དང་དམ་ཚིག་ཏུ་སྦྱར་ནས་ཐབས་ལ་མཁས་པ་དང་། བརྩོན་འགྲུས་ཀྱི་སྐྱ་བ་བསྐྱོད་ནས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། དངོས་གྲུབ་རྣམ་པ་གསུམ་གྱི་ནོར་བུ་ བླངས་ཏེ། བདག་དང་གཞན་ལ་ཕན་འདོགས་སོ། །དེ་ལྟ་བས་ན་རྣལ་འབྱོར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པར་འདོད་པ་དག་གིས་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་བསྲུངས་ལ། རྒྱུད་དང་སྒྲུབ་ཐབས་དང་མཐུན་པར་དགོངས་པའི་གནས་སུ་ནམ་ལྷུན་གྱིས་གྲུབ་ པའི་བར་དུ། རྡོ་ཤིང་ངམ་རི་དགས་ཤི་བའི་རོ་བཞིན་དུ་གནས་ཏེ་བསྒྲུབ་པར་བྱའོ། །བདག་ཉིད་དྲན་གསོ་རྣལ་འབྱོར་པ་ལ་ཕན་གདགས་ཕྱིར། །རྒྱུད་དང་སྒྲུབ་ཐབས་དག་ལས་དམ་ཚིག་མདོར་བསྡུས་པས། །འཕགས་དང་མཁའ་འགྲོའི་ཚོགས་ལ་གནོང་སྟེ་བཟོད་པར་གསོལ། ། དེས་ནི་འཇིག་རྟེན་གསུམ་བཅས་རྡོ་རྗེ་འཛིན་ཐོབ་ཤོག །དབང་པོས་མཚན་པའི་ཡུལ་གྱི་རྩ་ན་གནས་པའི་སློབ་དཔོན་ཛྙཱ་ན་བོ་དྷིས་མཛད་པ། ལས་དང་པོ་པའི་དམ་ཚིག་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ལོ་ཙཱ་བ་བསོད་ནམས་རྒྱལ་བས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཏྲི་སམྦ་ར་པྲ་བྷཱ་མཱ་ལཱ་ནཱ་མ། བོད་སྐད་དུ། སྡོམ་གསུམ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་དག་ཟབ་ཡངས་ཤེས་བྱའི་རྒྱ་མཚོ་ལས། །བསྟན་པའི་གྲུ་དང་བདག་བློའི་དེད་དཔོན་གྱིས། །མཁྱེན་པའི་དར་ འཕྱར་བརྩེ་བའི་རླུང་བསྐྱོད་ནས། །སྡོམ་གསུམ་ཡིད་བཞིན་ནོར་བུ་ཁོ་བོས་བླང་། །དིང་སང་བསྟན་པའི་གཤམ་འདི་རུ། །སྡོམ་པ་གསུམ་གྱི་རྣམ་གཞག་ལ། །མཁས་པའི་རྒྱུ་སྐར་འབའ་ཞིག་གིས། །ཕྱོགས་རེའི་ཆ་ཙམ་རྟོགས་འགྱུར་མོད། །སོ་སོར་ཐར་དང་བྱང་ཆུབ་སེམས། ། རིག་འཛིན་སྔགས་ཀྱི་སྡོམ་པ་ལ། །འཐོབ་ཚུལ་གནས་ཚུལ་གཏོང་བའི་ཚུལ། །གཉིས་ལྡན་གསུམ་ལྡན་འཐད་པའི་གཞུང་། །ཉེས་པ་ཕན་ཡོན་རིམ་པ་དག །བདག་བློ་ཉི་མའི་འོད་ཟེར་གྱིས། །ཕྱོགས་ལས་རྒྱལ་བར་བྱས་ཏེ་དགོད། །གླིང་གསུམ་སྐྱེས་པ་བུད་མེད་ཀྱིས། །རང་ ཉིད་འཁོར་བ་བསྒྲལ་དོན་དུ། །མཁན་སློབ་ཆོ་ག་ཚད་ལྡན་ལས། །ཇི་སྲིད་འཚོ་ཡི་བར་དག་ཏུ། །གནོད་པ་བཞི་དང་བཅས་པ་ལས། །གཙོ་ཆེར་ལུས་ངག་སྡོམ་པ་དེ། །ཉན་ཐོས་བྱེ་བྲག་སྨྲ་བའི་སྡོམ། །གང་ཟག་གླང་བུ་འདྲ་བ་ལ། །སྡོམ་པ་ཁལ་དང་འདྲ་བ་ཞིག །ཐོབ་པའི་ ཐག་པས་སྦྲེལ་བས་ན། །སོ་སོར་ཐར་པའི་གནས་ཚུལ་ཡིན། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏང་། །གསུངས་སོ་ཕམ་པ་སྤྱད་པས་ཀྱང་། །སོ་སོར་ཐར་པའི་ཚུལ་ཡིན་ནོ། །ལྷ་ མི་ལ་སོགས་གང་རུང་གིས། །འགྲོ་བ་མ་ལུས་བསྐྱབ་པའི་ཕྱིར། །སློབ་དཔོན་ཆོ་ག་ཚད་ལྡན་ལས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སྨོན་དང་འཇུག་པའི་བདག་ཉིད་ཅན། །ལུས་ངག་ཡིད་གསུམ་རང་དོན་དང་། །གཞན་དོན་ཐབས་མ་ཡིན་ལས་སྡོམ། །ཀུན་རྫོབ་བྱང་ཆུབ་སེམས་ ཀྱིའོ། །དེ་ཉིད་སྣང་ལ་རང་བཞིན་མེད། །འཇིགས་སོགས་བཞིན་དུ་གོམས་པ་ལས། །ཡུལ་དང་ཡུལ་ཅན་གཉིས་ལས་གྲོལ། །དོན་དམ་བྱང་ཆུབ་སེམས་ཡིན་ནོ། །སེམས་དང་སེམས་བྱུང་སེམས་བསྐྱེད་གཉིས། །རང་དོན་གཟའ་དང་བྲལ་བས་ན། །ཉི་མ་ དང་ནི་འོད་ཟེར་བཞིན། །དེ་དག་གནས་པའི་ཚུལ་ཡིན་ནོ། །རང་དོན་བླངས་དང་ནག་པོ་ཡི། །ཆོས་བཞི་ལ་སོགས་ཞུགས་པ་དང་། །འབྲས་བུ་དག་ནི་ཐོབ་པ་ན། །ཚ་གྲང་གྲུབ་བཞིན་སེམས་བསྐྱེད་གཏོང་། །རིགས་བཞི་ལ་སོགས་བསོད་ནམས་ལྡན། །རང་གཞན་དགོས་འདོད་ ཕུན་ཚོགས་དོན། །བླ་མ་ཆོ་ག་ཚད་ལྡན་ལས། །ནམ་མཁའ་ཇི་སྲིད་གནས་བར་དུ། །ལྷན་སྐྱེས་ཡེ་ཤེས་བརྡ་དོན་སྤྲོད། །རྣམ་རྟོག་དྲི་མ་ཀུན་ལས་སྡོམ། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །སྐུ་གསུང་ཐུགས་ཀྱི་རྒྱལ་མཚན་ལ། །རིམ་གཉིས་ཡིད་བཞིན་ནོར་གྱིས་སྤྲས། །འདོད་ཡོན་ ལྔ་ཡིས་ཀུན་ནས་མཆོད། །དགོས་འདོད་ཀུན་གྱི་འབྱུང་གནས་ས། །རིག་འཛིན་སྡོམ་པའི་གནས་ཚུལ་ཡིན། །དགོས་འདོད་མེད་དོ་སྐྱོན་རྣམས་འབྱུང་། །དཔག་བསམ་ཤིང་བུ་འགྱེལ་བ་ལྟར། །རྩ་བའི་ལྟུང་བ་བྱུང་བ་ན། །རིག་པ་འཛིན་པའི་སྡོམ་པ་གཏོང་། །རྒྱུད་ནི་སུམ་བརྒྱ་པ་ ལས་ནི། །འཁོར་བཞི་པོ་ལ་རྗེས་སུ་གནང་། །རང་གི་བསླབ་པ་དང་ཡང་ལྡན། །དགེ་སློང་རྡོ་རྗེ་འཛིན་པ་བྱ། །གསུངས་སོ་དུས་ཀྱི་འཁོར་ལོ་ལས། །རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །གཞན་ཡང་རྡོ་རྗེ་རྩེ་མོ་ལས། ། གལ་ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་དང་ཡང་དག་ལྡན། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །གཞུང་འབུམ་པ་ལས་འདི་སྐད་དུ། །རྡོ་ཡི་རིགས་ཀྱི་བྱེ་བྲག་བཞུ། །ལྕགས་དང་ཟངས་དང་དངུལ་དུ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ ཡིས། །ཀུན་ཀྱང་གསེར་དུ་འགྱུར་བ་བཞིན། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །གསུངས་པའི་དོན་ལ་འགའ་ཞིག་ནི། །སྡོམ་གསུམ་གནས་གྱུར་ངོ་བོ་གཅིག །གོང་ མའི་རྩ་ལྟུང་བྱུང་བ་ན། །འོག་མ་གཏོང་ཞེས་སྒྲོགས་པ་ཡོད། །དེ་ལ་ཅུང་ཞིག་བརྟག་པར་བྱ། །གསུམ་ལྡན་གསུངས་པའི་དགོངས་པའི་དོན། །གཅིག་ལྡན་སྤོང་བའི་དགོངས་པ་མིན། །རིགས་པས་ཀྱང་ནི་ཤིན་ཏུ་གནོད། །བུད་མེད་ལ་སྨོད་ལྟུང་བ་ཡིས། །རེག་སྲུང་སྡོམ་པ་ གཏོང་ངམ་ཅི། །གལ་ཏེ་གཏོང་ན་ཧ་ཅང་ཐལ། །མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། །ས་ཡི་ལོ་ཏོག་སྐམ་ཞེས་བསྒྲེ། །གཞན་ཡང་སྡོམ་པ་གཏོང་ཐོབ་རྒྱུ། །སངས་རྒྱས་གསུང་ལས་གཞན་པ་ཡི། །ཆོ་ག་མཁན་དུ་བྱེད་རིགས་སམ། །གཞན་ཡང་འགལ་བ་ལྟག་སྤྲོད་ལ། །གནས་ གྱུར་བརྩི་བའི་རིགས་མ་ཡིན། །རིགས་ན་ཉི་མའི་དཀྱིལ་འཁོར་འདི། །གངྒཱའི་ཆུ་ལས་གྱུར་ཞེས་བསྒྲེ། །དེས་ན་རང་གིས་བརྟགས་ལ་བླང་། །སྡོམ་གསུམ་ལྡན་ཞེས་གསུངས་པ་དེ། །ཤེས་རྒྱུད་གཅིག་ལ་བརྩི་ན་ནི། །གཅིག་ཏུ་འདོད་ཀྱང་གསུམ་དུ་འགྱུར། །ལྡན་ཆོས་རྫས་ གཞན་ཐ་དད་ཕྱིར། །འོན་ཏེ་སྔ་ཕྱི་ལ་བརྩི་ན། །གསུམ་ལྡན་ཞེས་པའི་སྒྲ་དོན་མེད། །འོན་ཏེ་སྡོམ་གསུམ་རྫས་གཅིག་ཏུ། །ཤེས་རྒྱུད་གཅིག་ལ་ལྡན་ཞེ་ན། །གཏོང་ཐོབ་ཆོ་ག་གཅིག་ཏུ་འགྱུར། །དེས་ན་སོ་སོར་ཐར་ལྡན་པས། །བྱང་ཆུབ་མཆོག་གི་སེམས་བླངས་ན། །དང་པོ་དེ་ནི་ཀུན་ གཞི་ལ། །བག་ལ་ཉལ་བའི་ཚུལ་དུ་གནས། །རིག་འཛིན་སྡོམ་པ་ཐོབ་པ་ན། །འོག་མ་གཉིས་ཀ་བག་ལ་ཉལ། །དཔེར་ན་མཁའ་ལ་སྐར་མ་ཤར། །ཅུང་ཟད་སྣང་བར་བྱས་གྱུར་མོད། །ཟླ་བའི་དཀྱིལ་འཁོར་ཤར་བའི་ཚེ། །སྐར་འོད་ཉམས་མོད་འཇིག་རྟེན་གསལ། །རྟ་བདུན་ཚ་ཟེར་ བྱུང་བ་ན། །ཟླ་བའི་འོད་ཉམས་འཇིག་རྟེན་གསལ། །གལ་ཏེ་རིག་པ་འཛིན་པ་ཡིས། །གདུལ་བྱ་གང་ལ་གང་དོན་དུ། །འོག་མའི་སྡོམ་པ་བླངས་པ་ན། །གོང་མ་ཟིལ་གྱིས་མི་ནོན་མོད། །སྡོམ་པ་ཆོ་གས་འཐོབ་པ་ཡིན། །མཁའ་ལ་ཉི་མ་གནས་གྱུར་མོད། །ཟླ་སྐར་འཆར་བ་བཀག་པ་མེད། ། དེས་ཐོབ་ཚུལ་དང་གཏོང་བའི་ཚུལ། །རང་རང་ཆོ་ག་བཞིན་དུ་གནས། །ཀུན་གཞི་བག་ཆགས་མང་པོ་ཅན། །ཡིན་ཡང་ཤེས་རྒྱུད་ཐ་དད་མེད། །འོག་མའི་ལྟུང་བ་བྱུང་གྱུར་མོད། །གོང་མ་ཇི་སྲིད་གནས་ཀྱི་བར། །རྣམ་པར་སྨིན་པས་གོས་པ་མེད། །དཔེར་ན་ཟླ་སྐར་ནུབ་གྱུར་མོད། །ཉི་མ་ མཁའ་ལ་གནས་ཀྱི་བར། །ཅུང་ཟད་འགྲིབ་པར་བྱས་པ་མེད། །གོང་མའི་ལྟུང་བ་བྱུང་བ་ན། །འོག་མ་ཇི་ལྟར་གནས་གྱུར་ཀྱང་། །ཅུང་ཟད་ཕན་གྱི་སྐྱོབ་མི་ནུས། །རྟ་བདུན་ཚ་ཟེར་ནུབ་པ་ན། །ཟླ་སྐར་གནས་ཀྱང་མུན་པའི་བག །གསེར་འགྱུར་རྩི་ཞེས་གསུངས་ པའི་དོན། །ཟིལ་གནོན་ཡོན་ཏན་མཆོག་ལ་དགོངས། །ཟླ་སྐར་གཉིས་ཀྱི་འོད་ཟེར་ཡང་། །ཉི་མའི་དཀྱིལ་འཁོར་གནས་ཀྱི་བར། །ཉི་མའི་འོད་ཅེས་ཀུན་གྱིས་སྒྲོགས། །གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །ས་ཆུ་གྲུ་འདྲ་གཞི་རྟེན་དུ། །འདོད་ཅེས་སྒྲོགས་པ་འཁྲུལ་པ་ཡིན། །དེ་ཡི་ འཁྲུལ་གཞི་ཁོ་བོས་བསྟན། །མཁས་པ་ཆེན་པོ་རྟ་དབྱངས་དང་། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །སྡོམ་གསུམ་དེ་ཉིད་རིག་པ་ཡིས། །དོན་དེ་ལྡོག་པ་དུ་མས་ཕྱེ། །ཁྱབ་བྱ་ཁྱབ་བྱེད་གསུངས་པ་ལ། །རྟེན་དང་བརྟེན་པར་བྱེད་ན་འཁྲུལ། །བྱང་སེམས་སྡོམ་པའི་དོན་གཅིག་ལ། ། ཕན་སྒྲུབ་སྒྲུབ་པའི་ལྡོག་པ་དང་། །གནོད་སྤོང་དགག་པ་གཉིས་འདུག་མོད། །ཕན་སྒྲུབ་ངོ་བོ་གང་ཡིན་ལ། །གནོད་པ་སྤོང་བ་ཁྱབ་པས་ན། །ཁྱབ་བྱ་ཁྱབ་བྱེད་རྫས་གཅིག་ཏུ། །བ་ལང་རྫིས་ཀྱང་མི་གོའམ། །དེས་ན་རིག་འཛིན་གཅིག་པུ་ལ། །གསུམ་ལྡན་སྦྱོར་བ་འཐད་མ་ཡིན། ། གལ་ཏེ་འཐད་ན་འོག་མ་གཉིས། །ཆོ་ག་མི་དགོས་སྐྱེ་བར་འགྱུར། །སྡོམ་གསུམ་ཆོ་ག་ཐུན་མོང་དུ། །ཐུབ་པ་ཆེན་པོས་གསུངས་པ་མེད། །ཕྲག་དོག་ནོར་འདོད་གཏི་མུག་ཅན། །རང་བཟོ་བྱེད་པ་སུ་ཡིས་ཁེགས། །མདོ་རྒྱུད་སྤུངས་ཀྱང་ཕྱོགས་སུ་འཕེན། །སྒྲ་ཚད་བྱུང་ན་གཏམ་གཞན་ སྒྱུར། །བསྟན་པའི་བྱི་དོར་ཇི་ལྟར་བྱ། །རིག་འཛིན་སྡོམ་པ་ཁོ་ན་བས། །གསུམ་ལྡན་སྔགས་པའི་དགོངས་པ་ནི། །འབྲས་བུའི་སྒོ་ནས་མ་ཡིན་ཏེ། །ཡིན་ན་ཀུན་མཁྱེན་མཆོག་དམན་འགྱུར། །དེས་ན་ལམ་དུས་གདུལ་བྱའི་དོན། །གཅིག་དང་གསུམ་གྱི་ཁྱད་པར་དང་། །སྡོམ་པ་རྫས་ཆོས་ གཞན་ཉམས་མོད། །གཞན་ཡོད་པ་ཡི་ཁྱད་པར་ཡིན། །སྡོམ་གསུམ་གང་ཡང་མི་ལྡན་ན། །ལྷ་མིའི་ལུས་ཀྱང་རྙེད་པར་དཀའ། །ཉམས་ན་མཐོང་ཆོས་རྣམ་སྨིན་གྱི། །རིམ་པ་གཉིས་ཀྱིས་བསྟན་པར་བྱ། །དེ་ལས་སོ་ཐར་ཉམས་གྱུར་ན། །རང་གིས་རང་བསླུས་གནོད་པ་ཉུང་། །རྒྱལ་ དང་དེ་སྲས་ཐམས་ཅད་ཀྱིས། །ཅུང་ཟད་ཁྲེལ་གྱི་ཤིན་ཏུ་མིན། །ཕམ་པ་ལྕི་ཡང་བྱེ་བྲག་གིས། །ལོ་གྲངས་ངན་སོང་གསུམ་དུ་གནས། །བྱང་སེམས་ཉམས་ན་འགྲོ་བ་ཀུན། །བསླུས་པས་གནོད་པ་ཤིན་ཏུ་མང་། །རྒྱལ་དང་དེ་སྲས་ཐམས་ཅད་དང་། །འགྲོ་བ་ཀུན་གྱིས་ཤིན་ཏུ་ཁྲེལ། །ཕམ་ པ་ལྕི་ཡང་བྱེ་བྲག་གིས། །བསྐལ་པའི་གྲངས་ཀྱིས་དམྱལ་བར་གནས། །རིག་འཛིན་སྡོམ་པ་ཉམས་པས་ནི། །ཡིད་དུ་མི་འོང་སྣ་ཚོགས་ཅན། །རྒྱལ་དང་དེ་སྲས་ཀུན་བརྙས་པས། །མི་འཇིག་མནར་མེད་གནས་དག་ཏུ། །སྡུག་བསྔལ་ཆེན་པོ་དེ་ཡིས་མྱོང་། །རྩ་བ་ཀུན་ཉམས་ཕྱལ་ བ་དག །གསོ་ལ་ཉེ་བར་མི་བརྩོན་ན། །རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པ་བས། །དེ་ཡི་འབུམ་གྱི་ཆར་མི་ཕོད། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །སེ་གོལ་གཅིག་གིས་ཕྱིན་པར་བྱེད། །སངས་རྒྱས་སྟོང་གི་འོད་ ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་ཐོན་པར་མ་གསུངས་སོ། །སོ་སོར་ཐར་པའི་ཕན་ཡོན་ནི། །གནས་སྐབས་ལྷ་མི་མཐར་ཐུག་གི །དགྲ་བཅོམ་འབྲས་བུ་ངེས་པར་འཐོབ། །བྱང་ཆུབ་ སེམས་ཀྱི་ཕན་ཡོན་ནི། །གནས་སྐབས་བདེ་མང་རིང་མོ་ན། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །རྒྱས་པར་མདོ་སྡེ་བལྟ་བར་བྱོས། །རིག་འཛིན་སྡོམ་པའི་ཕན་ཡོན་ནི། །གནས་སྐབས་ཀུན་མཁྱེན་བདེ་ལོངས་སྤྱོད། །གལ་ཏེ་བསྒོམ་པ་དང་བཅས་ན། །ཚེ་འདི་ཉིད་ལ་སངས་ རྒྱས་འགྱུར། །མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་ཉིད་ནའོ། །མཁྱེན་བརྩེ་དུང་ཕྱུར་ལྡན་པ་ཡི། །ཕན་ཆེན་བློ་ཡི་རྒྱ་མཚོ་ལས། །སྡོམ་གསུམ་ནོར་བུའི་ཕྲེང་བ་བླངས། །བདག་གཞན་འགྲོ་བ་མ་ལུས་ཀྱི། །བློ་གྲོས་གཙུག་ལ་ལེགས་གནས་ཏེ། །ཀུན་མཁྱེན་ དགོས་འདོད་སྤྱོད་པར་ཤོག །རྒྱ་གར་ཤར་ཕྱོགས་ཛཱ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་མཛད་དེ་རང་འགྱུར་དུ་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལཱ་པཏྟི་ཀརྨ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི། །རྣལ་འབྱོར་པ་ཡིས་དཔྱད་བྱ་བ། །ལས་ཀྱི་ཆོ་ག་འདི་ལྟར་མཛོད། །སྤྱི་བོ་ཉི་ཟླ་པད་སྟེང་དུ། །བླ་མ་སངས་རྒྱས་བསམས་བྱས་ཏེ། །རྟག་ཏུ་དྲན་དང་གསོལ་གདབ་བྱ། ། སྲོག་གཅོད་བརྫུན་དང་མ་བྱིན་ལེན། །འདོད་པས་ལོག་པར་གཡེམ་པ་ནི། །ཅི་ལ་བབ་ཀྱང་བསྲུང་བར་བྱ། །བྱམས་དང་སྙིང་རྗེ་དགའ་བ་ནི། །ལུས་གྲིབ་བཞིན་དུ་འབྲལ་མི་བྱ། །བུམ་པའི་དབང་ཐོབ་གྱུར་ནས་ནི། །ལྷ་དང་བཟླས་པ་རྣལ་འབྱོར་དང་། །ཕྱག་འཚལ་མཆོད་དང་སྡིག་ བཤགས་དང་། །རྗེས་སུ་ཡི་རང་བསྐོར་དང་གསོལ། །དགེ་བསྔོ་སྡོམ་པ་བྱུལ་བ་དང་། །སྦྱིན་པ་བླ་མ་དྲན་དང་ཆོས། །དམ་ཚིག་རྣམ་པ་བཅོ་ལྔ་འདི། །ཉིན་རེ་ཐེབས་རེ་མ་བྱས་ན། །ཞག་གསུམ་འདས་ན་བུམ་དབང་གི། །དམ་ཚིག་ཉམས་པས་བཤགས་པར་བྱ། །དེ་ཡང་ བརྒྱ་པ་བརྒྱ་རྩ་བརྒྱད། །བཟླས་ཏེ་ཕྱིས་ནི་མི་ཉམས་བྱ། །གསང་བའི་དབང་ཐོབ་རྣལ་འབྱོར་པས། །མི་འཆི་ལྔ་དང་སྒྲོན་མ་ལྔ། །རླུང་དང་ལྟ་སྟངས་འཁྲུལ་འཁོར་དང་། །ཚོགས་དང་གཏོར་མ་བརྟུལ་ཞུགས་དང་། །གླུ་དང་གར་དང་ནི་རཾ་ཤུ། །དམ་ཚིག་རྣམ་པ་བཅུ་གཅིག་པོ། ། ཟླ་བ་ཕྱེད་དུ་བྲལ་གྱུར་ན། །གསང་བའི་དམ་ཚིག་ཉམས་པར་གསུངས། །ཉམས་ན་ཚོགས་འཁོར་སྦྱིན་སྲེག་བྱ། །གསུམ་པའི་དབང་ཐོབ་རྣལ་འབྱོར་བས། །བདེ་བ་ཐིག་ལེ་རྩ་གནས་དང་། །མི་འཛག་བདེ་བ་སྐད་ཅིག་དང་། །ཕྱག་རྒྱ་མ་དང་སྦྱོར་བ་དང་། །ཟླ་བ་གཅིག་བྲལ་ ཉམས་པར་གསུངས། །དབང་དང་སྦྱིན་སྲེག་བཤགས་པ་བྱ། །བཞི་པའི་དབང་ཐོབ་རྣལ་འབྱོར་པ། །སྤང་བླང་རྩོལ་དང་དངོས་དང་ཞེན། །སྐད་ཅིག་སྐྱེས་ཀྱང་ཉམས་པས་ན། །མི་དམིགས་བདེ་ཆེན་སྤྲོས་བྲལ་གཞག །དབང་བཞི་སྤྱི་ཡི་དམ་ཚིག་ནི། །རྒྱ་མཚོའི་དཀྱིལ་དུ་ གཟིངས་མི་བཤིག །བཙན་དུག་གར་མ་བཟའ་མི་བྱ། །འཐབ་ཁང་རྩེ་ནས་དབབ་མི་བྱ། །ཟ་མ་ཏོག་ཏུ་སྦྲུལ་མི་གཞུག །པདྨ་སད་ཀྱིས་བསད་མི་བྱ། །གཡོས་ལེགས་གཞན་ལ་དྲང་མི་བྱ། །དེ་དྲུག་རྡོ་རྗེ་དམྱལ་བའི་རྒྱུ། །རྒྱལ་ཁྲིམས་བཤིག་པར་མི་བྱ་ཞིང་། །ཆུང་མ་ཉམས་པར་ མི་བྱའོ། །ཕ་མ་བཙོངས་ནས་རིན་མི་བཟའ། །མེ་མདག་འགམ་པར་མི་བྱའོ། །འདི་བཞི་ངན་སོང་གསུམ་གྱི་རྒྱུ། །སྤུ་གྲིའི་སྦྲང་རྩི་བལྡག་མི་བྱ། །གཡོས་འགྱེད་བཟའ་རུ་ཕྱོག་མི་བྱ། །སྨན་ཟོས་མི་གསེབ་སྐྱུག་མི་བྱ། །རི་རབ་རྩེ་ནས་བརྙིལ་མི་བྱ། །གཉེན་ལ་སྙིང་རིང་མི་བྱའོ། །དེ་ལྟ་ སེམས་ཅན་དམྱལ་བའི་རྒྱུ། །མ་བུ་འབྲལ་བའི་ལས་མི་བྱ། །གདུང་སེམས་ཐག་པ་རྒྱུན་མི་གཅད། །ཆུ་ཟླ་བདེན་པར་གཟུང་མི་བྱ། །སྦྲང་རྩིའི་རོ་ལ་ཆགས་མི་བྱ། །འདི་བཞི་ཁམས་གསུམ་འཁོར་བའི་རྒྱུ། །དུག་ཆུ་ཁོལ་མར་ལུས་མི་བཀྲུ། །རྩི་དུག་སྦྱར་བའི་དུག་མི་བལྡག །རྫ་སྣོད་ སེང་གེའི་ཞོ་མི་བཞོ། །ཆང་རྫའི་ཐེམ་བུ་གཏང་མི་བྱ། །དེ་བཞི་བྱོལ་སོང་ཕག་གི་རྒྱུ། །འདིར་ཡང་ཚེ་ཐུང་དངོས་གྲུབ་འགྱང་། །མཐོན་པོའི་ཁ་ནས་ལྡང་མི་བྱ། །ཆགས་མི་གསེབ་བཅག་མི་བྱའོ། །ག་ཞ་གཞན་ལ་བརྗོད་མི་བྱ། །ལམ་དུ་ཚེར་མ་དགྲམ་མི་བྱ། །འདི་ནི་རང་ངན་སྒྲུབ་པའི་ རྒྱུ། །ལྕེ་ཐོག་ཟས་ཞིམ་བསྐྱུར་མི་བྱ། །མཛོད་ཕུགས་དགྲ་ལ་བསྟན་མི་བྱ། །རྐུན་ནོར་གཞན་ལ་བསྟན་མི་བྱ། །སེར་རའི་རོ་ཚོགས་མི་བྱ་ཞིང་། །མི་ལ་ང་བ་མི་ཤེས་མིན། །ཁྱི་རྒོད་པང་དུ་བླང་མི་བྱ། །འདི་དྲུག་དངོས་གྲུབ་ཡལ་བའི་རྒྱུ། །ལྷ་ཁང་དུད་པས་མི་བདུག་ཅིང་། །མཆོད་རྟེན་ བཤིག་པར་མི་བྱའོ། །འདི་གཉིས་དམན་པའི་བྱང་ཆུབ་རྒྱུ། །མེ་ལོང་གཡའ་ཡིས་མི་བསྒོ་ཞིང་། །ཁབ་རྩེ་གཉིས་པས་བཅོམ་མི་བྱ། །འདི་གཉིས་བདུད་ཀྱིས་འཁྱེར་བའི་རྒྱུ། །དུག་གི་ཕྱག་ཚང་མི་བྱ་ཞིང་། །སྟག་ལ་ཞུམ་བུ་མི་བྱའོ། །འདི་གཉིས་མཁའ་འགྲོས་ཟ་བའི་རྒྱུ། །ནམ་ མཁའ་ཚོས་ཀྱིས་བསྒྱུར་མི་བྱ། །རི་བོང་རྭས་ཕུག་འཇིགས་མི་བྱ། །འདི་གཉིས་འཁོར་བར་སྡོད་པའི་རྒྱུ། །མྱུ་གུ་ཐན་པར་བསྐུར་མི་བྱ། །ལྕུག་ཕྲན་རྩྭ་གུག་བྲེག་མི་བྱ། །འགྲོ་བའི་ལམ་སྣ་དགག་མི་བྱ། །འདི་གསུམ་ངན་སོང་བསྐྱུར་བའི་རྒྱུ། །མཆོག་ལ་དམན་པར་གཟུང་མི་བྱ། ། བྱམས་ཚིག་ཁྱད་དུ་གསད་མི་བྱ། །དགོས་པ་ཡལ་བར་དོར་མི་བྱ། །འདི་གསུམ་གཏན་གྱི་བར་ཆོད་ཡིན། །བདེ་ལ་སྐུར་པ་གདབ་མི་བྱ། །མ་ལ་ངན་ཚིག་སྨྲ་མི་བྱ། །བུ་མོ་སྲིང་མོ་སྐྱི་མི་བྱ། །འདི་གསུམ་མཁའ་འགྲོ་འཁྲུག་པའི་རྒྱུ། །ལས་ཀྱི་ཆོ་ག་འདི་རྣམས་ལས། །འགལ་ན་རྩ་ བའི་ལྟུང་བར་འགྱུར། །ལྟུང་བ་ཆེན་པོ་བྱུང་གྱུར་ན། །དབང་རྫོགས་བདུན་དང་སྦྱིན་སྲེག་ཁྲི། །ཚོགས་འཁོར་བརྒྱ་རྩ་བརྒྱད་དང་ནི། །འཁོར་གསུམ་ཡོངས་སུ་དག་པས་བཤགས། །ལྟུང་བ་བཞི་པོ་བྱུང་གྱུར་ན། །དབང་བསྐུར་གཅིག་དང་སྦྱིན་སྲེག་བརྒྱ། །ཚོགས་ འཁོར་བདུན་དང་མཆོད་སྦྱིན་གཅིག །སྨྲེ་སྔགས་དྲག་པོས་བཤགས་པར་བྱ། །ལྟུང་བ་ཆུང་ངུ་བྱུང་གྱུར་ན། །ལུས་ལ་ཚབ་མ་སྨྲེ་བཤགས་བྱ། །མཎྜལ་གཅིག་དབུལ་བཟོད་གསོལ་བྱ། །བརྒྱ་པ་བདུན་ནམ་ཉི་ཤུ་གཅིག །བཟླས་པས་དེ་ལས་ལྡང་བ་ཡིན། །ངག་ལ་རྒྱལ་དང་སྨྲེ་བཤགས་ བྱ། །མཎྜལ་དབུལ་ཞིང་བཟོད་གསོལ་བྱ། །བརྒྱ་པ་བརྒྱ་རྩ་བརྒྱད་དང་ནི། །ལྔ་བཅུ་ཉེར་གཅིག་བདུན་དག་དང་། །ལན་ཅིག་བརྗོད་པས་འདག་པར་གསུངས། །ཡིད་ལ་འགྱོད་དང་མཎྜལ་དང་། །བརྒྱ་པ་གོང་བཞིན་བཟླས་པས་འདག །ཀུན་གྱི་ཁ་སྐོང་གཏོར་མ་དང་། །མཎྜལ་བདུན་ པོ་རྣམ་དག་ཤིས། །བརྒྱ་པ་རྟག་ཏུ་བཟླས་པར་བྱ། །ཡན་ལག་དམ་ཚིག་ཅེས་བྱ་བ། །སྔགས་མེད་བཙན་དུག་བཟའ་མི་བྱ། །རྩི་མེད་རི་མོ་བཀྲུ་མི་བྱ། །སྟོབས་མེད་རལ་ཁ་སྤྲད་མི་བྱ། །ཚོད་མེད་ཞལ་ཆེ་བཅད་མི་བྱ། །དཔུང་མེད་སྐྱེལ་མ་མི་བྱ་སྟེ། །རྒྱུས་མེད་ས་མཁན་མི་བྱའོ། །ཡང་ རྩལ་མེད་པར་མཆོང་མི་བྱ། །དགའ་བའི་ས་རུ་ཤགས་འགྱེད་མིན། །བྱེ་མའི་རི་ལ་མཁར་མི་བརྩིག །རྒྱ་མཚོའི་གླིང་དུ་ཡུལ་མི་གཟུང་། །ཙནྡན་ནགས་ལ་མེ་མི་གཞུག །མེ་ཏོག་ལྡུམ་སར་སད་མི་བསད། །རྒྱལ་པོས་འབངས་ཀྱི་གཡོག་མི་བྱ། །རང་གི་ལས་ལ་གཡོ་མི་བྱ། །རྒྱལ་པོ་བཙུན་ མོ་བརྡེག་མི་བྱ། །འདོད་ལ་མི་སྟེར་སྤང་བར་བྱ། །མི་འདོད་སྟེར་བ་སྤང་བར་བྱ། །ལྕགས་སྒྲོག་བཅིང་བར་མི་བྱའོ། །བྱིས་པ་རྣམས་དང་འདྲིས་མི་བྱ། །མགྱོགས་པོ་འགྲན་བང་མི་བྱའོ། །གཡང་ལུག་རྟག་ཏུ་འགོ་མི་བྱ། །སྟན་ལ་འདུག་པ་སྤང་བར་བྱ། །མཚོན་ཆའི་སྣོད་ཁ་དམ་ པར་བྱ། །རྟག་ཏུ་མདའ་ནི་བསྲང་བྱ་ཞིང་། །རྟག་ཏུ་གཞུ་ནི་བདུང་བར་བྱ། །རྟག་ཏུ་ཕུབ་གཟུགས་བྱ་ར་བྱ། །མཁར་དཔེ་སྟོད་ཀྱིན་འོབས་བཙང་བྱ། །ཤི་བའི་རོ་ལ་ཡང་ཡང་བརྟག །རང་གི་སྲོག་ཟོན་དུས་དྲུག་བྱ། །མདོར་ན་དེ་ལ་སོགས་པ་ཡི། །དམ་ཚིག་དཔག་ཏུ་མེད་མོད་ ཀྱང་། །རང་སེམས་དྲང་པོར་བསྲང་བྱས་ཏེ། །རྟག་ཏུ་བླ་མ་དྲན་བྱེད་ཅིང་། །སྒོ་གསུམ་ཐ་མལ་མ་ལུས་ན། །དམ་ཚིག་སྡོམ་པ་ཐམས་ཅད་ནི། །གདོན་མི་ཟ་བར་བསྲུང་བར་ངེས། །བག་ཡངས་ཆེན་པོ་ཅི་བདེར་སྤྱོད། །དམ་ཚིག་དང་སྡོམ་པའི་རྣམ་པར་བཤད་པ་རྡོ་རྗེ་ཐེག་པའི་ རྩ་བའི་ལས་ཀྱི་ཆོ་ག རྣལ་འབྱོར་གྱི་སྲོག་ཅེས་བྱ་བ་བླ་མ་རྡོ་རྗེ་གདན་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་བྷྱ་ཀ་ར་གུཔྟ་དང་བོད་ཀྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་པས་གླེན་སྐད་དུ་བསྒྱུར་བའོ།། ༄། །ཞེན་ལོག་སྒྲོན་མ་བཞུགས།། ༄༅༅། །མཆོད་ གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་ལ་འཇུག་ཐབས་དོན་འདི་བརྟན་པར་བྱ། །གང་ཞིག་བདག་གཞན་སྡུག་བསྔལ་སྤང་འདོད་ཅིང་། །བདེ་བ་འདོད་པས་དམ་ཆོས་སྤྱད་པར་བྱ། །མི་རྟག་ཆོས་ལ་བྱེ་བྲག་བསམ་ལས་འདས། །ཅི་ཕྱིར་འཇིག་རྟེན་འདི་ དག་མི་རྟག་སྟེ། །སྣོད་ཀྱི་འཇིག་རྟེན་རི་རབ་ལྷུན་པོ་དང་། །གསེར་གྱི་རི་བདུན་རོལ་མཚོ་ཆེན་པོ་བདུན། །གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་ཡང་། །འཇིག་པའི་དུས་ན་བསྐལ་པའི་མེ་བྱུང་བས། །ཐལ་བའི་ལྷག་མ་ཙམ་ཡང་མི་ལུས་ཏེ། །ཐ་མར་ཆུ་དང་རླུང་གིས་འཇིག་པས་ ན། །བརྟན་ཞིང་ངེས་པ་འདྲ་སྟེ་བརྟག་མི་བཟོད། །ལོ་ཟླ་ཚེས་གྲངས་ཤོལ་ནི་མི་ཐེབས་པས། །ལོ་ཟླ་འདས་ཞིང་འཇིག་པའི་དུས་དང་ཉེ། །དུས་བཞི་འཁོར་བ་སྡོད་པ་མེད་པས་ནི། །དབྱར་དྲོ་སྐྱེ་ལ་དགུན་གྲང་སྐམ་པ་དང་། །ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད། །རྩི་ཐོག་ལྗོན་ ཤིང་ལོ་འདབ་རྒྱས་པ་འདྲ། །དུས་ཀྱི་དྲོད་བྲལ་རླུང་གིས་མི་རྟག་གོ། །རྟག་པ་ལགས་ན་ཅི་ཕྱིར་འགྱུར་ཞིང་འགྲོ། །དེ་ལ་སོགས་པ་མི་རྟག་དགོངས་ནས་གདའ། །བཅུད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་སྟེ། །ཉིན་ཞག་འདས་ཤིང་ཤི་དང་ཕར་ཕར་ཉེ། །འཁོར་བའི་སྡུག་བསྔལ་གསུམ་ གྱིས་རྟག་ཏུ་འཁོར། །སྐྱེ་རྒ་ན་འཆི་རང་ཐག་རི་མོ་འདྲ། །འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན། །འཆི་བདག་བདུད་ཀྱི་ལག་ཏུ་མི་འགྲོ་མེད། །སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ཞིང་བུ་དང་ནོར་བསགས་ཀྱང་། །རང་ནི་ དགེ་སྡིག་གཉིས་དང་འགྲོགས་ཏེ་འགྲོ། །བུ་ནོར་ཕྱིར་ལུས་བདག་ལ་ཕན་མེད་པས། །དེ་ཕྱིར་བུ་ནོར་ཟས་ལ་ཆགས་མི་བྱ། །ཡོད་པས་དགེ་བའི་ལས་ལ་མི་འབད་ན། །དེ་ནི་འཇིག་རྟེན་འདི་ཡི་གཏེར་བསྲུང་ཡིན། །ཤེས་པས་དམ་པའི་ཆོས་ལ་མི་སྤྱོད་ན། ། རྟག་པས་གཅམ་བུ་དོན་མེད་གླེན་པ་ཡིན། །དེ་བས་ནོར་མེད་དབུལ་ལོ་བསྙེན་དགའ་དང་། །བྲམ་ཟེ་ལྡན་པ་ཕུལ་བ་དག་ལ་སྤྱོད། །འཇིག་རྟེན་འདི་ཡི་ཕ་མ་བུ་ཚ་དང་། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་རྣམས་ཀུན། །སྡུག་བསྔལ་སྐལ་ལེན་འགའ་ཡི་མི་འོང་སྟེ། །འཆི་བའི་ ཕྱིར་ནི་གཅིག་ཀྱང་མི་འོང་ངོ་། །དོན་དེ་མ་རིག་སེམས་ཅན་མང་པོ་ཀུན། །ཚེ་འདིའི་འཁོར་བའི་ཉེ་བཤེས་ཆེད་དག་ཏུ། །སྡིག་པའི་བྱེ་བྲག་རྣམ་པ་མང་པོ་སྤྱོད། །ཕན་མེད་རང་ནི་ངན་སོང་གསུམ་དུ་ལྟུང་། །དེ་ཚེ་འགྱོད་ཀྱང་ཕན་མེད་ཉོན་མོངས་སྣོན། །ཚེ་འདིར་ཕྲད་པའི་ལས་མཐུན་ཉེ་ བཞི་རྣམས། །འགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ། །སྡིག་དང་བསྡོས་ནས་ཟས་དང་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་གིས་ཁུར། །བསགས་པའི་ནོར་ནི་ཕྱིར་ལུས་བུ་ཚས་ཁྱེར། །སྦྲང་བུས་འབད་དེ་སྦྲང་རྩི་བསགས་པ་འདྲ། །དེ་བས་ལོངས་སྤྱོད་མེད་ ཅིང་དབུལ་བ་ཡང་། །རྒྱུ་འབྲས་མི་སླུ་ཆོས་ལ་ཡིད་ཆེས་པ། །མོས་པས་དགེ་བ་དད་པའི་ཡོན་ཕུལ་ནས། །དགེ་སློང་གསེར་འབྱིག་ལྟ་བུར་གྱུར་པ་ཡོད། །དེ་ཕྱིར་འཕགས་པའི་ནོར་བདུན་དང་དུ་བླང་། །དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང་། །ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ ཤེས་རབ་ནི། །འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས། །དཔེར་ན་ནོར་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་དུ་ཆོག་ཤེས་མཛད་ཅིང་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པར་འགྱུར། །བདག་ལ་ཤིན་ ཏུ་ཕངས་པའི་ལུས་འདི་ཡང་། །གོས་རྙིང་ལམ་དུ་བོར་བ་བཞིན་དུ་འགྲོ། །ད་ལྟ་ས་སྟེངས་འདི་ན་གནས་པ་ཀུན། །ལོ་བརྒྱ་ཚུན་ཆད་གཅིག་ཀྱང་མི་ལུས་སོ། །བརྒྱ་ཐུབ་འབུམ་ལ་གཅིག་ཀྱང་མི་འབྱུང་ན། །བརྒྱ་ལ་སྲིད་ཀྱང་ཕལ་ཆེར་ཡེངས་འགྱུར་ཏེ། །མཚན་མོ་ཉལ་བས་བརྒྱ་ཕྱེད་ གཉིད་དབང་དུ། །སོང་སྟེ་དེ་ལ་དྲན་མེད་ཤི་དང་འདྲ། །ལྷག་མ་ལྔ་བཅུ་ཡོད་དུ་ཟད་ཀྱང་ནི། །ར་རོ་ཉལ་དང་འདུ་བྱེད་རྣམས་ཀྱི་རྐྱེན། །ལྔ་བཅུ་ཕྱེད་ནི་དེར་ཡང་ཟད་པས་ནི། །ལེགས་པར་དྲན་པ་ཉི་ཤུ་རྩ་ལྔ་ཡོད། །དེ་ཡང་རང་ལ་དབང་བྱར་མ་མཆིས་ཏེ། །དེ་རིང་དོ་ནུབ་འཆི་འམ་ གཏོལ་མེད་ཀྱི། །ད་ལྟ་ཉིད་དུ་བརྟུན་ཏེ་འབད་ལ་བྱའོ། །ཚེ་འདི་ཟིལ་པ་འདྲ་སྟེ་མེད་ལ་ཁད། །དབུགས་ནི་ན་བུན་འདྲ་སྟེ་ཡལ་ལ་ཁད། །ལུས་ནི་སྒྱུ་མ་འདྲ་སྟེ་སྣང་ལ་མེད། །སེམས་ནི་གློག་དང་འདྲ་སྟེ་སྐད་ཅིག་མ། །ཕུང་པོ་མི་རྟག་འཆི་ཞིང་འགྱུར་བ་སྟེ། །དར་བའི་མདོག་ནི་ཉོན་ མོངས་ནད་ཀྱིས་འཕྲོག །འཆི་བའི་སྲོག་ནི་འཆི་བདག་བདུད་ཀྱིས་འཕྲོག །དཔེར་ན་ཆུ་འགྲམ་གཡང་སའི་སྡོང་པོ་འདྲ། །རིང་པོར་མི་ཐོགས་བྱ་ཁྱི་ངུར་པ་དང་། །སྲིན་བྱ་འུག་པ་བྱ་རྒོད་ཁྭ་སྟེག་དང་། །ཁྱི་ལྟོགས་ཝ་དང་འབུ་སྦྲང་གཟན་དུ་འགྱུར། །དེ་བཞིན་སྒྱུ་མ་མི་རྟག་མི་རྟོགས་ པར། །ཕུང་པོ་འདི་ཡི་ཆེད་དུ་སྡིག་སྤྱོད་པ། །མ་རིག་གླེན་པ་ཉོན་མོངས་སྙིང་རེ་རྗེ། །ཟས་ནོར་འབྲེལ་པའི་ལོངས་སྤྱོད་འཇའ་ཚོན་འདྲ། །རྨི་ལམ་ལོངས་སྤྱོད་རྙེད་དང་མཚུངས་པ་སྟེ། །དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པས། །དམ་པའི་ཆོས་ལ་མྱུར་དུ་འབད་པར་བྱའོ། །དེ་བས་འཕགས་ པའི་གཟུགས་བརྙན་མཆོད་གནས་ལ། །མོས་པའི་དད་པས་དགེ་ལ་བརྩོན་པ་ནི། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་དཔེ། །རྒྱལ་པོ་གསལ་ཐུབ་ལྟ་བུར་གྱུར་པའོ། །དེ་ཕྱིར་མཆོད་པའི་ལས་ལ་བརྩོན་པར་བྱ། །ཅིས་ཏེ་མི་ལུས་ཐོབ་པ་ཤིན་ཏུ་དཀའ། །ཁོམ་ལྡན་མི་ལུས་ཐོབ་པར་གྱུར་པ་ ན། །ཕྱི་མའི་ཕན་པ་འདི་ལ་མ་བསྒྲུབས་ན། །ཕྱིས་ནི་མཐོ་རིས་ཐོབ་པར་ག་ལ་འགྱུར། །ངན་སོང་སྐྱེས་ནས་སྡུག་བསྔལ་འབྱུང་བའི་ཚེ། །ཚེ་འདིའི་བཙན་ཕྱུག་བདེ་སྐྱིད་ཅི་ལ་ཕན། །སྔ་མར་ཅི་སྤྱད་དྲན་པས་ཤིན་ཏུ་སྡུག །དེ་ཕྱིར་འཁོར་བའི་ཆོས་ལ་མ་ཡེངས་པར། །ཞེ་སྡང་ཆེན་པོ་མེ་ལྟར་ འབར་བ་ལ། །སྙིང་རྗེ་ཆེན་པོའི་ཆུ་ཡིས་མྱུར་དུ་སོད། །འདོད་ཆགས་སེར་སྣའི་མདུད་པ་དམ་པོ་དེ། །ཆགས་མེད་སྦྱིན་པ་ཆེན་པོའི་སེམས་ཀྱིས་ཁྲོལ། །གཏི་མུག་མུན་པ་ཆེན་པོ་འཐིབས་པ་དེ། །ཤེས་རབ་གསལ་བའི་སྒྲོན་མེ་ཆེན་པོ་ཐེག །ཉོན་མོངས་ཀུན་ལ་གཉེན་པོ་བཅུག་ནས་ནི། ། འཁོར་བའི་ཆུ་བོ་ཆེན་པོ་བཞི་རྣམས་ལ། །བརྩོན་འགྲུས་གྲུ་བཅུགས་ནས་ནི་རྒལ་བར་བྱ། །དོ་ཅིག་ཡོད་པས་སང་ཕོད་ཡོད་པ་བཞིན། །ཚེ་འདི་ཡོད་པས་ཕྱི་མ་ཡོད་པར་ངེས། །སང་ཕོད་ལོ་དང་སྐུ་ཚེ་སླད་མ་ནི། །གང་སྔར་འོང་བ་སུ་ལའང་གཏོལ་མེད་པས། །སང་ཕོད་དོན་ དུ་སོ་ནམ་འབད་པ་བཞིན། །ཕྱི་མའི་དོན་དུ་དམ་ཆོས་སྤྱད་པར་རིགས། །དེ་རིང་དོ་ནུབ་ཁོ་ན་མི་འཆི་ཞེས། །བག་མེད་བདེ་བར་འདུག་པ་རིགས་མ་ཡིན། །ཚེ་འདི་མི་སྡོད་རི་གཟར་ཆུ་དང་འདྲ། །རིང་པོར་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ཡང་ན་སྐྱེ་ཤི་ཆུ་ཡི་ཆུ་བུར་འདྲ། །འཁོར་བར་སྐྱེ་བ་ ཤིང་རྟའི་འཁོར་ལོ་འདྲ། །དེ་བས་རང་གི་ལུས་ལ་མ་ཆགས་པར། །སྐྱབས་ཀྱི་སྦྱིན་པས་འགྲོ་ལ་ཕན་བཏགས་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར་བའི་དཔེ། །རྒྱལ་པོ་ཤི་བྱིན་ལྟ་བུར་གྱུར་པའང་ཡོད། །མི་ཡི་ཆོས་ལུགས་ལེགས་པར་སྤྱད་པས་ན། །མཐོ་རིས་ལྷ་ཡུལ་བགྲོད་པ་ཐག་ མི་རིང་། །མཐོ་རིས་ཐར་པའི་གོ་འཕང་གང་ཡིན་པ། །འཛེག་ན་ཐར་པ་གམ་ན་འདུག་པས་ན། །དེ་བས་མི་དགེ་བཅུ་སྤང་དགེ་བཅུ་སྤྱོད། །གྲགས་པ་ཉམས་པར་འགྱུར་བའི་ཆོས་དྲུག་སྤོང་། །དགེ་ལ་མི་སྐུར་སྡིག་ལ་མི་བསྟོད་དེ། །འབྲས་བུ་གང་སྤྱད་དེ་དང་མཉམ་པར་གསུངས། །ངན་ སོང་སྡུག་བསྔལ་ཤེས་ཀྱང་མི་འཇིགས་པར། །མི་རྟག་ལུས་ལ་ཆགས་ནས་སྡིག་སྤྱོད་པ། །ཨེ་མའོ་རང་གིས་རང་རླག་སྙིང་རེ་རྗེ། །ཡི་དགས་བྱོལ་སོང་སྡུག་བསྔལ་སྐྱི་རེ་བུང་། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཡ་རེ་ཆ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྒྱུན་རེ་རིང་། །ཕུང་པོ་སྒྱུ་མ་ཟས་ ནོར་བསྙེན་མ་ཡིན། །འཁྲུལ་པའི་གཉེན་བཤེས་འཁོར་བའི་བཤལ་ཐག་པས། །དེ་རིང་རང་དབང་ཡོད་པའི་མི་རྣམས་ཀྱིས། །རང་དང་འབྲེལ་པའི་ཟས་ནོར་གཉེན་བཤེས་ལ། །སེར་སྣས་མི་བཅིང་ཆགས་སེམས་མི་སྐྱེད་དོ། །སེམས་ཅན་རྩལ་ཤུགས་མེད་ལ་སྐུར་མི་བྱ། །ཆང་ནི་ཧ་ལའི་དུག་ བཞིན་རབ་ཏུ་བསྲུང་། །གཞན་གྱི་བུད་མེད་དག་ལ་ཆགས་མི་བྱ། །རྣམ་སྨིན་མེད་པའི་སོ་ནམ་མི་བོར་ཞིང་། །གཞན་གྱི་ནོར་ལ་བརྩི་བདག་ཆོམ་རྐུན་སྤང་། །དོན་དུ་ལུས་ངག་ཡིད་གསུམ་སྤྱོད་པ་གཟབ། །མདོར་ན་མཚམས་མེད་ལྔ་དང་ཉེ་བ་ལྔ། །ལྕི་བཞི་ལོག་བརྒྱད་ཁ་ན་མ་ཐོ་གསུམ། །འདི་ སྤྱོད་ངན་སོང་གསུམ་དུ་གདོན་མི་ཟ། །མི་རིགས་སྡིག་པ་སྔོན་དུ་སྤྱོད་པ་ལས། །འགྱོད་པ་དྲག་པོ་སེམས་ནི་བསྐྱེད་ནས་སུ། །སྡིག་པ་འཕྲོ་བཅད་དགེ་བ་སྤྱོད་པ་ནི། །འབྲས་བུ་མཐོ་རིས་ཐོབ་པར་གདོན་མི་ཟ། །དེ་ཡང་ཅིས་མངོན་སྟོན་པའི་བཀའ་ལས་ནི། །དང་པོ་རྒྱལ་པོ་མ་སྐྱེས་ དགྲ་ཡིས་སུ། །མཚམས་མེད་པ་ཡི་སྡིག་པ་བྱས་པ་ལས། །ནགས་ཀྱི་དྲང་སྲོང་དག་ལས་སེམས་བསྐྱེད་ནས། །འགྱོད་པའི་སེམས་ཀྱིས་འབྲས་བུ་ཐོབ་པ་འདྲའོ། །དེ་ཕྱིར་ངེས་པ་འཕྲལ་བཤགས་དགེ་ལ་སྦྱོར། །གཞན་ཡང་དང་པོ་ཁ་ན་མ་ཐོ་བའི། །ཚིག་གིས་སྐུར་བ་བཏབ་སྟེ་སྨད་པ་ལས། ། མོད་ལ་འགྱོད་དེ་བཤགས་པ་ཕུལ་ན་ནི། །བུ་མོ་རྡོ་རྗེ་ལྟ་བུར་སྐྱེས་པའོ། །མདོར་ན་གཞན་དོན་སྤྱོད་པར་གསུངས་པ་སྟེ། །བདག་ཕྱིར་གཞན་ལ་གནོད་བྱས་བདེ་བར་འགྱུར། །མ་རིག་སྐྱེ་བོ་རང་གི་དོན་བྱེད་དང་། །སྟོན་པ་སངས་རྒྱས་གཞན་གྱི་དོན་བྱེད་གཉིས། །འབྲས་བུ་ཆེ་ཆུང་ཁྱད་པར་དེ་འདྲ་ བས། །སེམས་ཅན་བཀྲེས་པས་ཉེན་པར་གྱུར་པ་ལ། །ཟས་ནོར་ལུས་ཀྱི་སྒོ་ནས་ཕན་འདོགས་པ། །རྒྱལ་པོ་ཤུད་ལོ་གར་ནེ་ལྟ་བུ་དེ། །གཞན་དོན་སྤྱད་ན་འབྲས་བུ་ཐོབ་པར་འགྱུར། །འདི་དག་ཤེས་ནས་དགེ་མེད་སྡིག་སྤྱོད་པ། །མི་ཤེས་སྡིག་སྤྱོད་སྡིག་པ་བརྒྱ་འགྱུར་ཆེ། །དེ་བས་དོན་མེད་ ལས་ལ་མ་བརྩོན་པར། །དགེ་བའི་ལས་ལ་རྟག་ཏུ་སྤྱད་པར་བྱ། །རྒྱུ་འབྲས་ཤེས་རྐྱེན་དགེ་བའི་བཤེས་གཉེན་པས། །དེ་ཕྱིར་དགེ་བཤེས་དམ་པ་བཙལ་བར་བྱ། །དེ་ནི་ལེགས་པ་ཀུན་སྟོན་ཉེས་པ་སྐྱོབ། །ཡང་དག་ལམ་སྟོན་འབྲས་བུ་སྐྱེད་བྱེད་པས། །ཕ་མ་ས་མཁན་དུས་ཀྱི་དབྱར་དང་འདྲའོ། ། དེ་ཕྱིར་དགེ་བཤེས་དམ་པ་རྟག་ཏུ་བསྟེན། །ཆོས་ཀྱང་ཤེས་པས་མི་ཆོག་སྤྱད་པ་གཅེས། །ཅི་ཡི་ཕྱིར་ན་མི་ཆོས་སོ་ནམ་འདྲ། །ཆོས་ཀྱིས་བདག་བཤད་བདག་གིས་ཆོས་མ་བཤད། །དོན་རྟོགས་བྱ་ཕྱིར་དང་པོ་མཉན་ཡང་དགོས། །ངེས་པ་རྙེད་ནས་ཚིག་མང་བསླབ་མི་དགོས། །ཚིག་མི་ཟད་ ཕྱིར་ཉན་པས་མཐར་ཐུག་མེད། །ཉན་ཅིང་འཆད་པ་སྤྱད་ཐབས་བཙལ་ཕྱིར་ཡིན། །མི་སྤྱོད་ཉན་འཆད་དོན་ཆུང་ཚི་རེ་ཆད། །གཞན་ལ་འཆད་པ་ཚིག་གི་ཐན་པ་ཡིན། །གཞན་གྱི་ཐན་འབྱལ་རང་ལ་མི་ཕན་ཏེ། །བྲོ་མཁན་སྒྲུང་མཁན་བྲོ་སྒྲུང་འཆད་པ་འདྲ། །དེ་ནི་མི་ནག་ཆོས་ཀྱི་ལོ་རྒྱུས་ མཁན། །ཐོས་པས་བརྒྱགས་ནས་རང་སེམས་མ་ཐུལ་ན། །མཁས་ཀྱང་ཕན་མེད་སླར་ལ་འཁོར་བའི་རྒྱུ། །ཐོས་མང་ཚིག་ལ་མཁས་པ་ནེ་ཙོ་འདྲ། །འགྲོ་བ་གང་ཞིག་རང་ལ་མེད་པ་ཡི། །ནོར་བུ་རིན་པོ་ཆེ་ཡི་ཡོན་ཏན་དག །ཇི་སྙེད་བརྗོད་ཀྱང་རང་ལ་ཕན་མེད་འགྱུར། །དེ་བཞིན་ ཆོས་ཤེས་ཆོས་དང་མི་ལྡན་པས། །སྤྱད་ཐབས་ཆེ་བའི་ཡོན་ཏན་ཇི་སྙེད་ཅིག །བརྗོད་ཀྱང་རང་གི་དོན་ལ་ཕན་མེད་འགྱུར། །གཞན་ཡང་ཤེས་ནས་དམ་ཆོས་མ་སྤྱད་ན། །རྒྱ་མཚོའི་ནང་དུ་སྐོམ་ནས་ཤི་བ་འདྲ། །གཞན་ཡང་ཁེ་ཕྱིར་གཞན་ལ་ཆོས་འཆད་པ། །རིན་ཆེན་རྙེད་ཀྱང་སྤྲང་པོ་འདྲ་ཞེས་ གསུངས། །དཔེར་ན་སྨན་མཁན་ནད་ལ་མི་གཏོང་དང་། །དབུལ་མོས་ཕྱུག་པོའི་ནོར་བགྲངས་པ་དང་འདྲ། །ལམ་རྒྱུས་ཤེས་ཀྱང་མ་ཕྱིན་འདྲ་ཞེས་གསུངས། །དེ་བས་འགྲོ་བ་ཀུན་ཀྱང་ཆོས་ལ་གཟུད། །ཕ་མ་བུ་ཚ་གཉེན་འདུན་ཐམས་ཅད་དང་། །འཁོར་གཡོག་ལས་ཀྱིས་འབྲེལ་པ་ ཐམས་ཅད་ཀུན། །གྲོས་བཏབ་གལ་གྱིས་གཅུ་དེ་དགེ་ལ་གཟུད། །ཆོས་ལ་ཆུད་ན་བྱང་ཆུབ་སྤྱོད་པ་ཡིན། །དགེ་བ་ཉམ་ཆུང་སྡིག་པ་སྟོབས་ཆེན་དང་། །བླ་མེད་བྱང་ཆུབ་སེམས་ནི་མ་བསྐྱེད་པར། །དགེ་བ་གཞན་གྱི་ཟིལ་གྱིས་མི་ནོན་པས། །འཁོར་བའི་བཙོན་ར་བསྡམས་ཤིང་ཉམ་ ཐག་པའི། །བདག་གཞན་མི་བདེ་བསལ་བར་འདོད་པ་དེས། །བྱང་ཆུབ་སེམས་གཉིས་རྟག་ཏུ་གཏང་མི་བྱ། །སྡིག་མེད་དགེ་བའི་སེམས་དང་ལྡན་དེ་ལ། །བདེ་གཤེགས་རྣམས་ཀྱི་སྲས་སུ་དགོངས་པ་དང་། །ལྷ་མིར་འགོད་པ་ཀུན་གྱིས་ཕྱག་བྱའི་འོས། །མདོར་ན་བྱང་ཆུབ་རྣམ་པ་གསུམ་དགོས་ ཏེ། །དང་པོར་སྨོན་དགོས་བར་དུ་འཇུག་ཀྱང་དགོས། །ཐ་མར་དོན་དེ་ཉིད་ལ་གནས་པར་བྱ། །སྨོན་ཀྱང་མ་ཞུགས་དོན་ལ་མ་གནས་ན། །ཡིད་སྨོན་བྱས་པས་འབྲས་བུ་མི་ཐོབ་པས། །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱད་པར་བྱ། །རྒྱུ་ནི་དཀའ་བ་དང་དུ་མ་བླངས་པར། །འབྲས་བུ་བྱང་ཆུབ་ཐོབ་ པར་མི་འགྱུར་ཏེ། །གང་ལ་སྦྱིན་པ་མཆོག་ཏུ་གཏང་དཀའ་བ། །ཡན་ལག་ཀུན་གྱི་དང་པོ་མགོ་བོ་ཡིན། །སྦྱིན་པར་བཏང་བ་རྒྱལ་པོ་ཟླ་འོད་ཡིན། །དེ་བཞིན་སྤྱད་ན་བྱང་ཆུབ་ཐོབ་པར་འགྱུར། །དེ་ཕྱིར་འཁོར་བའི་ཆོས་འདི་གཏན་དུ་སྤང་། །མྱ་ངན་འདས་པའི་ལམ་ལ་འཇུག་པར་བྱ། །སྦྱིན་ པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །ས་ནི་དང་པོ་རབ་ཏུ་དགའ་བ་ཐོབ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །གཉིས་པ་དྲི་མ་མེད་པའི་ས་ཡང་ཐོབ། །བཟོད་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །གསུམ་པ་འོད་བྱེད་པ་ཡི་ས་ཡང་ཐོབ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡོངས་ རྫོགས་ན། །བཞི་པ་འོད་འཕྲོ་བ་ཡི་ས་ཡང་ཐོབ། །བསམ་གཏན་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །ལྔ་པ་ཤིན་ཏུ་སྦྱང་དཀའི་ས་ཡང་ཐོབ། །ཤེས་རབ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །དྲུག་པ་མངོན་དུ་གྱུར་པའི་ས་ཡང་ཐོབ། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །བདུན་པ་ རིང་དུ་སོང་བའི་ས་ཡང་ཐོབ། །སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །བརྒྱད་པ་མི་གཡོ་བ་ཡི་ས་ཡང་ཐོབ། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །དགུ་པ་ལེགས་པའི་བློ་གྲོས་ས་ཡང་ཐོབ། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ན། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཡང་ཐོབ། ། འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར། །ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་སུ། །བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ། །རིམ་པར་གནས་ནས་འབྲས་བུ་ཐོབ་པ་ལྟར། །དེ་བཞིན་བདག་དང་གཞན་ལ་ཕན་དོན་དུ། ། སེམས་བསྐྱེད་ནས་ནི་དགེ་བ་གཞུང་དུ་སྤྱོད། །དེ་ལྟར་དམ་ཆོས་གཞུང་དུ་སྤྱད་པ་ན། །ཉོན་མོངས་འཆི་བདག་བདུད་ནི་འཇོམས་པ་ཡི། །བདུད་རྩི་མཆོག་ཉིད་ཀྱང་ནི་དེ་ཡིན་ནོ། །དེ་ཕྱིར་དམ་ཆོས་གཞུང་བཞིན་སྤྱད་པར་བྱ། །ཆོས་གཞུང་མི་སྤྱོད་ཆོས་པའི་མིང་ཅི་ཡོད། །ཚུལ་ཁྲིམས་མི་ སྲུང་དགེ་སློང་ཅི་ལ་ཟེར། །དམ་ཚིག་མེད་ན་སྔགས་པ་གང་ལ་ཟེར། །སྡིག་ནི་ཆུང་ཡང་མི་བརྙས་སྤང་བར་བྱ། །དགེ་བ་ཆུང་ཡང་དང་དུ་བླང་བར་བྱ། །མདོར་ན་ཚད་མེད་བཞི་དང་བསྡུ་བ་བཞི། །གཞན་དོན་སྤྱད་ན་བདག་དོན་ཆུད་མི་ཟ། །དེ་ཕྱིར་སྒྲིབ་གཉིས་སྤོངས་ལ་ཚོགས་གཉིས་ བསྒྲུབ། །སྟོན་པའི་བཀའ་དང་དོན་དུ་མཐུན་བྱེད་ཅིང་། །ཆགས་མེད་དགེ་བར་གཏོང་བའི་གང་ཟག་ནི། །བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་པས་ན། །དེ་ལ་ཕྲག་དོག་དབང་གིས་སྒྲོ་སྐུར་ཞིང་། །ཐབས་ཀྱིས་སྨོད་བྱེད་འཁོར་བའི་གཡང་སར་ལྟུང་། །དགེ་བའི་སྔོན་ལ་ཞུགས་པའི་གང་ ཟག་གིས། །ཉོན་མོངས་འདུ་འཛི་མེད་པའི་དགེ་གནས་ན། །མཚན་མོ་སྟོད་སྨད་དགེ་ལ་གནས་ནས་ནི། །གུང་ལ་ཉལ་ཚེ་དགེ་དྲན་འཕྲོ་ལ་ཉལ། །དེ་ཡིས་བག་ཆགས་དགེ་ལ་གནས་པར་འགྱུར། །བག་ཆགས་རྟག་པར་གནས་ན་དང་པོའི་དྲོད། །ཡིན་པས་དགེ་བ་ ཉམས་འོག་ཆུད་དེ་བྱ། །ཟས་ཀྱང་ཆགས་ཕྱིར་མ་ཡིན་བརྒྱགས་ཕྱིར་མིན། །དགེ་རྟག་བྱ་ཕྱིར་ཚོད་ནི་ཟིན་པར་བཟའ། །རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ ལགས་པས་རིག་པར་མཛོད། །སྟོན་པའི་བཀའ་ལ་བརྫུན་པ་མི་མངའ་བས། །ཐེ་ཚོམ་ནེམ་ནུར་ཡིད་གཉིས་མི་བྱའོ། །དོན་ལ་སྤྱད་ཅིང་ཚིག་ཕྱིར་མི་འབྲངས་ཏེ། །དོན་ནི་གསེར་འདྲ་ཚིག་ནི་སྒྲོན་མ་བཞིན། །གསེར་རྙེད་ནས་ནི་སྒྲོན་མ་གདེག་མི་དགོས། །དོན་ལ་སྤྱད་ཅིང་བསྒོམས་ན་རང་ རིག་སྐྱེ། །ཚིག་ཕྱིར་ཉན་ཅིང་འཆད་པ་མང་བྱས་ཀྱང་། །རང་རིག་མི་སྐྱེ་ཉོན་མོངས་འཕེལ་བའི་རྒྱུ། །མདོར་ན་ཐེག་པ་ཀུན་ལ་བློ་སྦྱངས་ཏེ། །ངེས་པ་གཅིག་ལ་ཞུགས་ཏེ་མི་སྒྲུབ་པར། །ཡེ་རྔམ་ཟོས་ནས་བྱང་ཆུབ་འཁྲུལ་པ་སྟེ། །དེས་ནི་འབྲས་བུ་ཐོབ་པར་མི་འགྱུར་རོ། །ཆོས་ཀྱང་ རང་གི་ཉམས་དང་དཔྱད་ཅིང་སྤྱད། །འབྲས་བུ་གོང་མ་ཆེ་ལ་གཏང་བྱས་ན། །ཉམས་ཀྱིས་མི་ལྕོགས་བཞིན་དུ་ཁས་ལེན་པ། །ཐང་སྟོང་སྡིག་པ་རང་གིས་བླངས་པ་ཡིན། །ཐེག་པའི་གྲངས་ནི་གཅིག་ཏུ་མ་ངེས་ལ། །ཐེག་པའི་ཁྱད་པར་ཤེས་རབ་ཆེ་ཆུང་སྟེ། །ཉམས་འོག་ཆུད་པར་སྤྱད་ན་ ཆུད་མི་ཟ། །དམ་ཆོས་གཞུང་དུ་སྤྱོད་པའི་མི་དེ་ལ། །དམ་ཅན་ཀུན་ཡང་མ་བསྐུལ་རང་བཞིན་འགོ། །མཁས་པ་ཆེན་པོའི་མཐུ་ནི་ཉི་ཤར་འདྲ། །འགྲོ་བ་ཀུན་ཀྱང་དད་ཅིང་འདུན་པས་ན། །འདུས་བྱས་འདུས་མ་བྱས་ཀྱི་དགེ་བ་ལ། །ཐུན་མོང་དག་ཏུ་སྤང་ལེན་མེད་པར་བྱ། །སྤང་ལེན་ བྱས་ན་སྟོན་པའི་བཀའ་དང་འགལ། །ཐེག་ཆེན་སྒོར་ཞུགས་གང་ཟག་རྣམས་ཀྱིས་ཀྱང་། །ཤེས་རབ་སྙིང་རྗེ་གཉིས་ཀྱིས་གཞི་བཟུང་སྟེ། །ཐམས་ཅད་དབྱེར་མེད་རྟོགས་པ་ཤེས་རབ་ཡིན། །ཀུན་ལ་བུ་བཞིན་བྱམས་པ་སྙིང་རྗེ་ཡིན། །དེ་གཉིས་མི་ལྡན་ཐེག་ཆེན་ཁས་འཆེ་བ། །ལོང་ སྤྲང་རྒྱལ་པོ་ཡིན་ཞེས་ཟེར་ཏེ་བརྫུན། །ད་ལྟའི་གང་ཟག་སྔགས་ཀྱི་སྒོར་ཞུགས་པས། །གསང་སྔགས་ཟབ་མོ་ནོར་རྫས་བརྙན་མར་བཙོངས། །འཁོར་བའི་བུ་ཚ་ཕོ་མོ་ཁྱིམ་ཐབ་བྱེད། །གསང་སྔགས་ཤེས་པས་བདག་ཕུང་སྙིང་རེ་རྗེ། །དེས་ནི་ཙནྡན་སོལ་བར་འཚོང་བ་དང་། །གསེར་ ཕྱེ་སྦང་ཕྱེར་འཚོང་དང་འདྲ་བར་གསུངས། །གཞན་ཡང་དད་པ་ཅན་གྱི་ནོར་བླངས་ནས། །དགེ་བར་མ་སྤྱད་མི་ཆོས་ནོར་དུ་སྤྱད། །འབྲས་བུ་དག་ནི་རྔ་མོའི་ལུས་སུ་སྐྱེ། །དེ་ཡི་ནོར་ལ་ནོར་བདག་ལོངས་སྤྱོད་བྱ། །སྤྱོད་རེས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །ལྕགས་རྡོ་དངུལ་ རྡོ་བཞུ་རུ་བཏུབ་པས་ན། །དད་པ་ཅན་གྱི་ནོར་ནི་བཞུར་མི་བཏུབ། །ཚིག་ཙམ་མ་ཡིན་སེམས་ཀྱིས་མཉམ་པ་ཉིད། །རྟོགས་ནས་ཀློང་དུ་གྱུར་ཅིང་དྲོད་ལྡན་དང་། །ཆགས་མེད་དགེ་བར་སྤྱོད་པའི་གང་ཟག་གིས། །མ་བྱིན་བླངས་ནས་སྤྱད་ཀྱང་མི་སྒྲིབ་བོ། །མདོར་ན་སྔགས་ཀྱི་རྩ་བ་ དམ་ཚིག་བསྲུང་། །བྱ་བའི་རྒྱུད་ཀྱི་དམ་ཚིག་བསྟན་པ་ནི། །ཐུན་མོང་བསླབ་པ་བཞི་པོ་ཉམས་མི་བྱ། །བླ་མེད་རྣམ་གསུམ་མཆོད་ཅིང་བླ་མ་བཀུར། །གྲོགས་ལ་གདུང་ཞིང་མི་མཐུན་ཁ་ཟས་སྤང་། །མཚན་མར་བྱས་ཤིང་ལྷ་ལ་ཕུལ་བ་ཡི། །ཁྲུས་ལ་བརྩོན་པ་བསྐྱེད་ཅིང་ལུས་སྤྱོད་བཟང་། ། མ་ཉམས་བསྲུངས་ན་རིགས་གསུམ་དངོས་གྲུབ་ཐོབ། །རྣལ་འབྱོར་ཕྱི་པའི་དམ་ཚིག་བསྟན་པ་ནི། །སྤྱི་ཡི་དམ་ཚིག་གསུམ་པོ་ཉམས་མི་བྱ། །རྩ་བའི་དམ་ཚིག་དྲུག་ནི་གཞུང་དུ་བསྲུང་། །ཡན་ལག་དམ་ཚིག་གསུམ་དང་ལྡན་པར་བྱ། །མ་ཉམས་བསྲུངས་ན་འབྲས་བུ་ཐོབ་པར་འགྱུར། ། རྣལ་འབྱོར་ནང་པའི་དམ་ཚིག་བསྟན་པ་ནི། །དམ་ཚིག་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་། །མདོ་རུ་བསྡུ་ན་རྩ་བ་གསུམ་དུ་འདུས། །ལུས་སྲོག་བསྐྱེད་པའི་དུས་གསུམ་ཕ་མ་དང་། །མ་རིག་སྒོ་འབྱེད་འདྲེན་སྟོན་སློབ་དཔོན་དང་། །དམ་པས་འབྲེལ་པའི་གྲོགས་མཆེད་རྣམས་ལ་ནི། །ལུས་ ངག་ཡིད་གསུམ་དོན་དང་མཐུན་པར་བསྲུང་། །ཡི་དམ་ལྷ་ཡི་ཏིང་འཛིན་གཡང་མི་བྱ། །དེ་ཡི་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །དམ་ཚིག་ཉམས་དང་མ་འདྲེས་སྣོད་མེད་ལ། །གསང་བའི་མན་ངག་སྤེལ་བར་མི་བྱའོ། །ད་ལྟ་གང་ཟག་སྔགས་པར་ཁས་འཆེས་ནས། །སྐུ་ཡི་དམ་ཚིག་ གཞུང་དུ་མི་སྲུང་བར། །ཕ་མ་སྤོང་བརྡུང་བླ་མ་སྨོད་མི་ཁུར། །ཕྲག་དོག་དབང་གིས་གྲོགས་ལ་བརྩེ་གདུང་བཅད། །ངན་སོང་གནས་སུ་ཐེ་ཚོམ་མེད་པར་འགྲོ། །གསུང་གི་དམ་ཚིག་གཞུང་དུ་མི་སྲུང་བར། །ཏིང་འཛིན་འདོད་སྒྲུབ་འཛབ་ཏུ་མནའ་འཆའ་ཞིང་། །ཕྱག་རྒྱ་ མ་བྱིན་ཟས་ནོར་ལེན་བྱེད་པའི། །སྔགས་པར་ཁས་འཆེས་འཁོར་བའི་གཡང་སར་ལྟུང་། །གསང་སྔགས་ཟབ་མོ་དགོན་པར་མ་སྤྱོད་པར། །སྣོད་དང་མི་ལྡན་ཉན་མི་རྙེད་ཐད་ལ། །བེག་ཅོ་བཅས་ནས་མན་ངག་ལྷུག་པར་བཤད། །ཐུགས་ཀྱི་དམ་ཚིག་ཉམས་པས་དམྱལ་བར་སྐྱེ། ། གསང་སྔགས་གབ་པའི་དོན་རྣམས་མ་རྟོགས་པར། །དམ་མེད་མི་ནག་ཁྲལ་ཐེག་ཀུན་བསྡུས་ནས། །སྦས་པའི་གསང་བ་མངོན་སུམ་འཆོལ་བར་སྤྱོད། །བཀའ་དང་འགལ་བས་འཁོར་བའི་གཡང་སར་ལྟུང་། །དང་པོར་དམ་ཚིག་གཞུང་དུ་མི་སྲུང་དང་། །བར་དུ་དབང་རྣམས་རིམ་པར་ མི་ནོད་དང་། །ཐ་མར་བཀའ་གཞུང་བཞིན་དུ་མི་སྒྲུབ་པར། །སྔགས་པར་ཁས་འཆེ་གང་ཟག་སྙིང་རེ་རྗེ། །བཟའ་ཤིང་ར་བར་དུག་གི་སྡོང་སྐྱེས་ནས། །དུག་དེས་བཟའ་ཤིང་བྱིན་ཡང་མེད་བྱེད་པས། །བདག་པོས་དུག་དེ་ངོ་ནི་ཤེས་མ་ཐག །རྩ་ནས་ཕྱུང་སྟེ་མྱུར་དུ་མེད་བྱེད་ལྟར། །གང་ ཞིག་རྩ་བ་ཉམས་པའི་ཕྱལ་བ་དང་། །འདྲེས་ཉམས་འགྱུར་བ་ཉེས་པ་འཕེལ་འགྱུར་བས། །དོན་རིག་ནས་ནི་མྱུར་དུ་སྤང་བར་བྱ། །དཔེར་ན་འོ་མ་ཉུང་ངུའི་ཐིགས་པ་གཅིག །རུལ་བས་འོ་མ་ཀུན་ཀྱང་རུལ་བ་བཞིན། །དམ་ཉམས་སྣོད་ངན་དེ་དང་འདྲེས་པ་ན། །ཉམས་པ་དེ་དང་དེ་ནི་ འདྲ་བར་གསུངས། །དེ་བས་ལུང་གཅིག་ཆུ་ལའང་མི་བཏུང་ངོ་། །དམ་ཚིག་ས་གཞི་འདྲ་སྟེ་ཀུན་གྱི་རྟེན། །དམ་ཚིག་ནོར་བུ་འདྲ་སྟེ་འདོད་པ་འབྱུང་། །དམ་ཚིག་མཁར་དང་འདྲ་སྟེ་འཇིགས་པ་སྐྱོབས། །དམ་ཚིག་གྲུ་དང་འདྲ་སྟེ་ཆུ་བོ་སྒྲོལ། །མདོར་ན་ཆོས་ཀྱི་རྩ་བ་དམ་ཚིག་བསྲུང་། །ཕྱི་ རབས་རྣལ་འབྱོར་རྣམས་ཀྱི་སེམས་ལ་འཇོག །རྣམ་སྨིན་གཞན་ནི་ཁད་དང་རིམ་གྱིས་སྨིན། །གསང་སྔགས་ཐུན་མོང་མ་ཡིན་རྣམ་སྨིན་དྲག །སྒྱུ་མར་སྦྲུལ་ཞུགས་བཞིན་དུ་འགྲོ་བའོ་ཞེས། །གསང་བའི་རྒྱུད་རྣམས་ཀུན་ལས་གསལ་བར་འབྱུང་། །གང་ཟག་སྔགས་པར་ཁས་ལེན་རྣམས་ ཀྱིས་ནི། །རང་གཞན་ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་གསུམ། །དམ་ཚིག་དབང་དང་མཆོད་པའི་སྒོར་ཞུགས་ནས། །རང་ཉིད་ཟབ་མོའི་དོན་དང་ལྡན་པར་བྱ། །ཐེག་པ་འོག་མའི་སྒོར་ཞུགས་བསྲུང་སྡོམ་དང་། །ཆོས་སྤྱོད་བྱེད་པ་མི་དགག་མི་སྨོད་དོ། །ཅི་ཕྱིར་ཆོས་ལ་སྤང་ལེན་ ཕྱོགས་རིས་དང་། །བཟང་ངན་གཉིས་སུ་སྟན་པས་མ་གསུངས་བས། །འདི་ལྟར་སྣང་བའི་ཆོས་འདི་ཐམས་ཅད་ལ། །གཉིས་མེད་མཉམ་པ་ཆེན་པོར་རྟོགས་པ་ནི། །འབད་རྩོལ་ཅི་བྱས་དགེ་བར་གྱུར་པས་ན། །དགེ་བའི་རྩ་བ་ཕྱོགས་རིས་མེད་པར་བྱའོ། །ད་ལྟའི་གང་ཟག་ཐེག་པ་འོག་ མ་པའི། །རྒྱུ་འབྲས་དོན་ལ་ཞེན་པ་ཁ་ཅིག་ནི། །གསང་སྔགས་ཟབ་མོའི་དོན་རྣམས་མ་རྟོགས་པར། །སྔགས་ཀྱི་ཏན་གན་ཆོས་སྤྱོད་འཕྲིགས་མཐོང་ནས། །བན་དེ་ལོག་ཆོས་སྤྱོད་ཅིང་རྩིང་ཆོས་བྱེད། །གསང་སྔགས་ཆོས་མིན་སྟོན་པས་མ་གསུངས་ཟེར། །མན་ངག་ཟབ་མོའི་དོན་ལ་སྐུར་ བཏབ་པས། །འབྲས་བུ་མནར་མེད་དམྱལ་བའི་ཡང་སྟེང་དུ། །སྐྱེ་བར་གྱུར་པས་རྨོངས་པ་སྙིང་རེ་རྗེ། །སྟོན་པའི་ཞལ་ནས་ངེས་པར་གསུངས་པ་ཡི། །མན་ངག་དོན་དམ་གསང་སྔགས་ཟབ་མོ་ལ། །བཀའ་བསླད་གཞུང་བཞིན་དང་དུ་མི་ལེན་པར། །མཚན་ཉིད་ཆོས་སྤྱོད་དག་ལ་བློ་ཞེན་པས། ། བསྐལ་པ་གསུམ་དུ་སངས་རྒྱས་ཞལ་མི་མཐོང་། །སྐལ་བ་ཆུང་ཞིང་ཤེས་རབ་ཞེན་པ་དང་། །བློ་ངན་དོན་ལ་རྨོངས་པའི་གང་ཟག་གིས། །ཟབ་མོའི་དོན་ལ་མ་ཞུགས་སྐུར་པ་བཏབ། །རྣམ་སྨིན་དཔག་གིས་མི་ལང་བརྗོད་ལས་འདས། །གསང་སྔགས་ཟབ་མོའི་དོན་ལ་ཡིད་ཆེས་ནས། ། ལྟ་སྤྱོད་དམ་ཚིག་གཞུང་དུ་ལྡན་པ་དང་། །སྒྲུབ་ལ་ཤིན་ཏུ་བརྩོན་པའི་གང་ཟག་ནི། །སངས་རྒྱས་ས་ལ་ཐེ་ཚོམ་མེད་པར་འགྲོ། །སྐྱེ་བོ་མ་རིག་ཆོས་ལ་གཟུད་པ་དང་། །ཆོས་པ་ཆོས་དང་མི་ལྡན་པ་རྣམས་ཀྱི། །དོན་དུ་བདག་གིས་ཡི་གེ་འདི་བརྩམས་པས། །ཀུན་ཀྱང་དད་ཅིང་དོན་ལ་ འཇུག་པར་སྨོན། །ཞེན་ལོག་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་བཻ་ཤྲ་བ་ཎ་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ ལོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །གནོད་སྦྱིན་ཀུན་གྱི་ནོར་འཆང་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ཏེ། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །སྦོམ་ཞིང་སེང་གེའི་གདན་ལ་བཞུགས། ། ཕྱག་གཉིས་བེ་ཅོན་ནེའུ་ལེ་བསྣམས། །དེ་སྒྲུབ་ཆོ་ག་བཤད་པར་བྱ། །ག་བུར་ལ་སོགས་ལྕི་བ་ཡིས། །སྔགས་བརྗོད་ས་གཞི་ལེགས་པར་བྱུག །ཚོམ་བུ་དགུར་ནི་མེ་ཏོག་དགོད། །དམ་ཚིག་བདུན་དང་ལྡན་པ་ཡིས། །རྒྱལ་པོའི་རྟེན་གསུམ་གཟུགས་པར་བྱ། །བདག་ཉིད་ཆོ་ག་ རྫོགས་བྱས་ལ། །སྔགས་བརྒྱ་བཅུ་པ་གསུམ་བཟླས་པས། །ཕྱོགས་མཚམས་ཀུན་དུ་བསང་གཏོར་བྱ། །སྙིང་གར་ས་བོན་བསམས་པ་ལས། །བྱང་ཕྱོགས་འོད་ཟེར་རབ་སྤྲོས་ཏེ། །གནོད་སྦྱིན་བྱེ་བ་འབུམ་གྱི་གཙོ། །རྒྱལ་པོ་རྣམ་ཐོས་སྤྱན་དྲངས་ཏེ། །མདུན་དུ་ལེགས་པར་བཞུགས་ པར་བསམ། །དེ་ལ་བསང་གཏོར་ནས་བརྩམས་ཏེ། །རྒྱལ་པོ་འཁོར་བཅས་ལེགས་པར་མཆོད། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ལ་མཆོད་པའི་ཡི་གེ་ལ། །ཡི་གེ་གསུམ་དང་ལྡན་པ་ཡིས། །སོ་སོར་ལེགས་པར་སྦྱར་ཏེ་དབུལ། །སྤྱི་གཙུག་ལྐོག་མ་སྙིང་ག་ཡི། །ཨོཾ་ཨཱཿཧཱུཾ་ གི་འོད་ཟེར་གྱིས། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །འོད་ཞུ་སྟོང་པའི་རང་བཞིན་བྱ། །དེ་ནས་མདུན་དུ་བྷྲཱུྃ་ལས་ནི། །རིན་ཆེན་ཁང་པ་བརྩེགས་མར་བསྒོམ། །ཟུར་བཞི་རིམ་གསུམ་ཁང་བརྩེགས་པ། །དབུས་མའི་ཕོ་བྲང་སུམ་བརྩེགས་ཏེ། །རྩེ་མོ་རིན་ཆེན་ནོར་བུས་བརྒྱན། །དྲ་བ་དྲ་བ་ ཕྱེད་པས་བསྐོར། །ཤར་ཕྱོགས་ཤེལ་དང་བཻ་ཌཱུརྱ། །པདྨ་རཱ་ག་གསེར་གྱི་ནི། །ཀ་བ་སྟོང་ཕྲག་བཅུ་ཡིས་བརྒྱན། །དེ་ཡི་ཕྱི་རོལ་ཕྱོགས་མཚམས་སུ། །བུམ་པ་བཟང་པོ་དཔག་བསམ་ཤིང་། །རིན་ཆེན་རྫིང་བུ་འདོད་འཇོ་བ། །བརྒྱད་བརྒྱད་ལྔ་ཡིས་རབ་ཏུ་མཛེས། །རིན་ཆེན་འབར་བས་ ཡོངས་སུ་བསྐོར། །དབུས་སུ་ས་བོན་ཡི་གེ་ལས། །འོད་ཟེར་སྣ་ཚོགས་རབ་འཕྲོས་ནས། །དོན་བྱས་སླར་འདུས་བཻ་ལ་ཐིམ། །དེ་ལས་རྒྱལ་ཆེན་འཁོར་བཅས་རྫོགས། །རིན་ཆེན་ཕོ་བྲང་དམ་པ་དང་། །མི་འཇིགས་སེང་གེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་ དགེ་བ་སྟོབས་པོ་ཆེ། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ནི་གསེར་གྱི་འོད་པས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །ཕྲག་གོང་གཡས་ གཡོན་ཉི་ཟླས་བརྒྱན། །ཉི་མ་འབུམ་གྱི་གཟི་མདངས་ཅན། །དབུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །གནོད་སྦྱིན་བྱེ་བའི་འཁོར་རྣམས་དང་། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་བསམ། །ནམ་མཁའ་མཛོད་ལ་མངའ་བརྙེས་པ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ནས་རྒྱལ་ པོ་སྤྱན་དྲངས་ཏེ། །མགོན་པོ་ཀུན་གཤེགས་དམ་ཚིག་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །ཐམས་ཅད་ཉོན་མོངས་འདམ་བྱིང་སར། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་ བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་བསྲུང་བ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཕྱག་ན་རྡོ་རྗེ་ཐུགས་གནས་པའི། །ཧཱུྃ་ལས་སྤྲོས་པའི་འོད་རྣམས་ཀྱིས། །རང་བཞིན་རྒྱལ་པོ་ རྣམ་ཐོས་སྲས། །གནོད་སྦྱིན་འབུམ་བཅས་བཀུག་ནས་ནི། །ནོར་བུའི་གྲོང་ཁྱེར་དེ་དབུས་སུ། །མདུན་གནས་རྒྱལ་པོ་དེ་ལ་བཞུགས། །རིན་ཆེན་དབང་བསྐུར་བྱིན་བརླབས་ནས། །དེ་ནས་བསང་གཏོར་ནས་བརྩམས་ཏེ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །འདོད་པའི་ ཡོན་ཏན་ལྔ་ཡིས་མཆོད། །གུ་གུལ་དུད་པ་དབུལ་ཞིང་བསྟོད། །དེ་ནས་ཐུགས་ཀའི་ཟླ་བ་ལ། །ས་བོན་སྔགས་ཀྱིས་ཡོངས་བསྐོར་ཏེ། །ལྕེ་ལ་རྡོ་རྗེ་སྦུ་གུར་བསམ། །སྔགས་ཀྱི་བཟླས་པ་སྤྲོ་བསྡུ་ནི། །སོ་སོའི་ཐུགས་ཀར་དམིགས་ལ་བཟླས། །ཏདྱ་ཐཱ། ཨོཾ་ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ་ཨ་བ་ཏ་ར་ཏིཥྛ་ཨ་བ་ཏ་ར་ཏིཥྛ་མེ་ཙ་ཡ། ཏདྱ་ཐཱ། བུདྡྷ་ ནི་སུ་ཏེ་ནེེ། སུ་ར་མེ་ནེེ། སུ་པ་དེ་རེ། སུ་སུ་ཤྱེ། ཧི་ལི་མི་ལི་སྭཱ་ཧཱ། ཧཱུྃ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། འདི་བརྗོད་བསྙེན་པ་འབུམ་ཕྲག་བཅུ། །ཟླ་བ་ཡར་ངོའི་བཅོ་ལྔ་ལ། །ཙནྡན་དཀར་པོའི་དཀྱིལ་འཁོར་བྱས། །དེར་ནི་རྒྱལ་པོ་ལ་དམིགས་ནས། །ཨ་ཀ་རུ་བསྲེགས་སྔགས་ བཟླས་བྱ། །འདིར་ནི་བརྒྱ་དང་རྩ་བརྒྱད་བཟླས། །ཉིན་དང་མཚན་མོ་ལན་དྲུག་ཏུ། །རྒྱལ་པོ་ལ་དམིགས་སྔགས་བཟླས་ན། །རྟག་ཏུ་རྗེས་སུ་འབྲང་བར་བགྱིད། །དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །གནོད་སྦྱིན་རྣམས་ཀྱིས་སྲུང་བར་བྱེད། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །ཁ་ན་ མ་ཐོ་མེད་པ་ཡི། །ཟས་དང་སྐོམ་དང་བཅའ་བ་དང་། །ནོར་བུ་དབྱིག་དང་གསེར་སྩལ་བགྱིད། །རིན་པོ་ཆེ་ཡི་གཏེར་ལ་སོགས། །བསོད་ནམས་ཚད་མེད་འགྲུབ་པར་འགྱུར། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །དེ་ལ་སོགས་པ་མ་ལུས་འགྲུབ། །ངལ་བར་གྱུར་ན་གཤེགས་སུ་ གསོལ། །མཆོད་བསྟོད་བཟོད་པར་གསོལ་བ་དང་། །དཀར་གཏོར་བཏང་ལ་ཕྲིན་ལས་བཅོལ། །བྷྲཱུྃ་ལ་སོགས་པའི་སྣོད་བསྐྱེད་ལ། །ཁཾ་ལས་ཞལ་ཟས་བསྐྱེད་པར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ། སངས་རྒྱས་སྤྱན་གྱིས་སྤེལ་བྱས་ལ། །སྔགས་རྒྱལ་ བཅུ་གསུམ་པ་བཟླས་བྱ། །ཧཱུྃ་བཻ་ཤྲ་བ་ཎ་ཡེ་ཨི་དཾ་བ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སི་དྷིམྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སཱ་དྷུ་ཨ་མོ་གྷ་སྭཱ་ཧཱ། སོ་སོའི་སྔགས་ལ་བཏགས་ལ་དབུལ། །ཧཱུྃ་བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང་། ། བདག་ཅག་འཁོར་དང་བཅས་པ་ལ། །བུ་སྡུག་བཞིན་དུ་བསྐྱང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་ཀུན། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །བཻ་ཡིག་སུམ་ཅུ་རྩ་གཉིས་བསྲིང་། །སྙིང་གའི་ ལྕགས་ཀྱུ་བཀྲོལ་ལ་གཤེགས། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །བྱང་ཕྱོགས་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །དམ་ཚིག་སེམས་དཔའ་འོད་ཞུ་བྱ། །རྒྱལ་པོའི་གཟུགས་བརྙན་བྱས་པ་ ལ། །རང་བཞིན་རྒྱལ་པོ་བཀུག་ལ་བསྟིམ། །ཞབས་ཀྱིས་མནན་ལ་དབང་དུ་བསྡུ། །ཧཱུྃ་བཻ་ཤྲ་བ་ཎཱ་ཡ་ཨ་ནུ་ར་ཙ་ཀུ་རུ་ཧཱུྃ། དེ་ལྟར་རྫོགས་པར་བྱས་གྱུར་ན། །རྒྱལ་པོ་རྣམ་ཐོས་སྲས་བཅས་ཀྱིས། །འདོད་པ་ཐམས་ཅད་སྐོང་བར་བྱེད། །ནམ་མཁའ་མཛོད་ལ་མངའ་བརྙེས་འགྱུར། ། སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོས་མཛད་པའི་རྣམ་ཐོས་སྲས་ཀྱི་བདེ་བྱེད་ཀྱི་བརྟག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཏེ་ཛ་དེ་བ་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་བི་རཱུ་པ་ཀཱ་ཡ་ཀརྨ་ ཀལྤ་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ལས་བརྟག་པའི་སྒྲུབ་པའི་ཐབས། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐུགས་གཙོ་ཕྱག་ན་རྡོ་རྗེ་ཡིས། །དངོས་སུ་ལུང་བསྟན་བྱིན་བརླབས་པའི། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་ནི། །གྲགས་འཛིན་ལ་སོགས་ཕ་རོལ་ཏེ། །ཆོ་ གས་བསད་སོགས་ལས་རྣམས་ནི། །བླ་མ་བརྒྱུད་པ་ལས་བྱུང་བའི། །གནོད་སྦྱིན་རྒྱལ་པོ་གཙོར་གྱུར་པའི། །སྟོང་ཕྲག་བརྒྱད་དང་གཉིས་ལྷག་པའི། །དེ་སྒྲུབ་ཆོ་ག་བཤད་པར་བྱ། །དཔལ་ལྡན་ཁྲོ་རྒྱལ་རྡོ་རྗེ་ཅན། །སྔོན་འགྲོ་རྫོགས་པའི་རྣལ་འབྱོར་པས། །ལྷ་ཚོགས་གདུག་པ་གཞོམ་ པའི་ཕྱིར། །དང་པོར་ཆོ་ག་ལ་འཇུག་བྱ། །སྐེ་ཚེ་ཉུངས་ཀར་དུག་སྣ་ཚོགས། །བོང་བུའི་ཆུ་དང་སྦངས་སོགས་དང་། །ཚ་དང་གདུག་པའི་ཚེར་སྦངས་ཆུས། །ཧཱུྃ་བརྗོད་ས་གཞི་ལེགས་པར་བྱུག །ཁོ་ར་ཚེར་མ་ཅན་གྱི་ཤིང་། །ནམ་ཕྱེད་བྱང་བལྟས་མེ་