Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 79

Văn bản gốc(Tây Tạng)

Trang 7 / 15 (50.000 ký tự/trang)
ག་ཆེན་པོས་ཡང་གསོལ་པ། །བདག་ཅག་མཐའ་ཡས་སེམས་ཅན་རྣམས། །དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལ། །བྱང་
ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །མུན་པས་བསྒྲིབས་པས་དེ་མི་ཤེས། །བྱང་ཆུབ་སེམས་ཀྱི་ལམ་འདི་ནས། །སངས་རྒྱས་ས་ལ་འཇུག་པར་བགྱིས། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་ཅིག་ངེས་ན། །གསང་
བ་གསུམ་དུ་མཉམ་པ་ཉིད། །མི་ཕྱེད་རྡོ་རྗེ་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི། །གྲུབ་ན་འཇིགས་པའི་དུས་མེད་དོ། །ནག་པོ་ཆེན་པོས་ཡང་གསོལ་པ། །ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་
ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པའི། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོས་བདག་དབང་བསྐུར། །དཔའ་བོ་ཆེན་པོ་དེས་གནང་བས། །ཨོཾ་

བཛྲ་ཨ་མྲྀ་ཏ་ཨ་ཧི་ཧ་སརྦ་མཎྜལ་ཧཱུཾ། ཨ་བེ་ཤེ་ཀ་ཧྲི་ཏ། ནག་པོ་ཆེན་པོས་ཡང་གསོལ་པ། །བདག་ནི་སྐྱེས་བུ་ཁྱོད་ཀྱིས་དབང་བསྐུར་བས། །སངས་རྒྱས་ཀུན་གྱིས་དེ་ཉིད་བདག་དབང་བསྐུར། །བཅོམ་ལྡན་ཐམས་ཅད་མཆོག་ཉིད་བདག་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་དབང་རྣམས་བླང་བར་
བགྱི། །དེ་ཡི་རྗེས་སུ་འཁོར་རྣམས་ཀྱིས། །མོས་དང་སྙན་པའི་ཚིག་གསོལ་ཏེ། །སེང་གེར་སྤྲུལ་ཏེ་གདན་དུ་ཕུལ། །ལ་ལས་ལུས་ཀྱི་རྒྱན་དུ་ཕུལ། །ལ་ལས་ཤམ་ཐབས་དག་ཏུ་ཕུལ། །ལ་ལས་ཐིག་ལེར་ཕུལ་བྱས་ཤིང་། །ལ་ལས་བྱུག་པས་མཉེས་བྱས་ནས། །ལ་ལས་ཕྲེང་བར་མཛེས་པའི་
རྒྱན། །ལ་ལས་ཕྱག་མཚན་ཕུལ་ཏེ་གནས། །དེ་ནས་གིང་གི་རྒྱལ་པོ་ལ། །མངའ་གསོལ་མཆོད་པའི་ཚུལ་དུ་བསྟབས། །ཉེ་བར་སྤྱོད་པ་ལྔ་ཡང་བཞིན། །དམ་ཚིག་དམ་རྫས་བསྔོ་བ་ནི། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །རང་གི་རྒྱལ་སྲིད་ལ་གནས་ཏེ། །
ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །མ་དང་སྲིང་མོ་བུད་མེད་ལ། །དཔའ་བོ་ཁྱོད་ཀྱིས་རོལ་མཛོད་ཅིག །དམ་ཚིག་ཆེན་པོས་མ་བཏང་ཤིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །
སེམས་ཅན་ཀུན་གྱི་སྲོག་འཕྲོག་པ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །ཤ་དང་ཁྲག་ལ་ལོངས་སྤྱོད་གྱིས། །གནོད་སྦྱིན་ཆེན་པོ་མ་རུངས་རྣམས། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །གསེར་སོགས་ཡུལ་འཁོར་བླངས་ནས་ནི། །རང་གི་འདོད་པས་ལོངས་སྤྱོད་གྱིས། །རྟོག་པའི་རྒྱལ་པོ་རྣམས་
གསོན་ཅིག །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །མགོ་ཐོད་བཅད་ནས་རྟག་རྟེན་དང་། །དགེ་མཚན་རྣལ་འབྱོར་ངས་འདོད་ན། །ཡིད་བཞིན་ལྟ་བུའི་དངོས་གྲུབ་གསོལ། །རིགས་ངན་སྨེ་ཤ་ཅན་གྱི་ཚོགས། །བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་སོགས་བཞེས། །སྲིན་མོ་ཁྲག་འཕྲོག་མ་
ལུས་ལ། །བསད་པའི་ཁྲག་ནི་དྲོན་མོ་དག །བཞེས་ཤིག་དགྲ་བོའི་ཁྲག་ལ་རོལ། །སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་ཁྲག །ཆང་དང་ཨ་མྲྀ་ཏར་སྦྱར་ཡང་། །རྫུ་འཕྲུལ་སྒྲུབ་པའི་དམ་རྫས་བཞེས། །རིགས་ངན་ཆེན་པོ་མ་རུངས་པ། །ཤ་ཆེན་བཤང་གཅི་ཁུ་བ་

ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་བྱ་འདི་ལ་རིམས་ནད་ཐོང་། །སྲིད་པའི་བུད་མེད་མ་རུངས་ཁྱེད། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས་བྱ་འཇོ་ཚུལ་སྟབས་ཀྱིས་ཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་
རིགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་གིས། །སྔགས་སྒྲ་རང་གི་མཆོད་པ་བཞེས། །དམིགས་བྱའི་ཕུང་པོ་རྡུལ་དུ་རློག །ལོག་འདྲེན་ཅན་གྱི་གདོན་རྣམས་ཉོན། །ཡང་དག་ནང་དུ་ཀུན་རིག་ན། །ཆེ་ཆུང་ལས་ནི་གང་བྱས་ཀྱང་། །གཉིས་ཀྱི་དབང་དུ་མི་འགྱུར་གྱི། །རྣལ་འབྱོར་ང་ཡི་ལས་འདི་
སྒྲུབས། །གསང་ཚིག་བསྟེན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུའི་གོས། །བརྒྱའམ་སྟོང་དུ་གོན་ནས་ནི། །ལིང་ཀ་བཅད་ན་སངས་རྒྱས་འཇིགས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་གྱིས། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་
སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །རྣལ་འབྱོར་ཆེན་པོ་ངས་བསྟོད་ཅིང་། །ཁྱོད་ཀྱི་མཐུན་པའི་རྫས་ཕུལ་བས། །སྔོན་གྱི་བསྐལ་པ་བཟང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །
ད་ལྟ་རྣལ་འབྱོར་བདག་སྒྲུབ་ན། །བམ་རི་ཐོད་པ་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་ནག་པོ་ཆར་དུ་ཕབ། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམས། །དུར་ཁྲོད་མང་པོའི་རྒྱན་རྣམས་རྫོགས། །མཆེ་གཙིགས་རྔམ་པའི་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འཁྲིགས། །
སྲིན་པོ་སྲིན་མོ་རྐན་སྒྲ་རྡེབ། །གནོད་སྦྱིན་ཕོ་མོ་འབྲུག་ལྟར་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འགྱུ། །སོ་སོ་མོས་པ་ཐ་དད་པའི། །ཡིད་བཞིན་ནོར་བུ་དམ་ཚིག་ནི། །ཡོངས་སུ་རྫོགས་པས་བླང་བར་བྱོས། །དེ་ལྟར་མཆོད་བསྟོད་བྱས་རྗེས་ལ། །རང་རྒྱུད་དམ་ཚིག་གིས་གནས་ཏེ། །དེ་དག་རྣམས་
ལ་མཐུན་རྫས་བསྔོ། །དེ་ནས་གིང་ཆེན་འཁོར་བཅས་ཀྱིས། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཅིག །དེ་ནས་སླན་ཆད་བཀའ་བཞིན་དུ། །བཀའ་ལུང་བཞིན་དུ་རྗེས་སུ་བསྒྲུབ། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་ལས་འགལ་འགྱུར་

བས། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་སྐམས་ནས་ཚིག་པར་འགྱུར། །མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་དབུལ་ལོ་རྩིས་མ་ཆུང་། །དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་
ཞལ་ཆབ་བློན་ལ་གསོལ། །ཉེ་གནས་གདུང་མོ་མ་སྲིང་རྣམས། །དེང་ནས་རྒྱལ་བའི་འབངས་ཡིན་གྱི། །ཁྱེད་ཀྱི་ཅི་བགྱི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་རྟག་པར་མྱུར་དུ་བསྒྲུབ། །རུ་ལུ་རུ་ལུ་བྷྱོ་ཞེས་པས། །རང་གི་སྲོག་ལ་ཚད་དུ་བཞག །དཔའ་བོ་ཆེན་པོས་བཀའ་སྩལ་པ། །བརྩེ་བར་
བྱེད་ན་མར་བྱའོ། །གདུང་བར་བྱེད་ན་སྲིང་མོ་སྟེ། །བརྩོན་པར་བྱེད་ན་བྲན་དུ་བྱ། །བྱང་ཆུབ་དག་ནི་བུར་བྱའོ། །བདུད་བྲལ་མེད་ན་སློབ་མར་བྱའོ། །བསྐུལ་བ་མགྱོགས་ན་ཕོ་ཉ་བྱའོ། །བཀའ་བཞིན་བྱེད་ན་བཀའ་ལ་གདགས། །རྡོ་རྗེ་ལྗགས་ཀྱི་འོད་ཟེར་ལས། །རགྴ་ཤྲཱི་ཧེ་རུ་ཀ །རུ་ཏྲཱ་མ་ཏྲ་ཧ་ཧཾ་ཞེས་
བསྡུས་ཏེ་བཟླས་པ་བྱ། བསྙེན་པ་བཟླས་པ་འབུམ་བྱས་ལ། །དོན་ཆེན་སྩལ་བ་ཞེས་སུ་བཤད། །ཐུན་མཚམས་ཀུན་དུ་མཆོད་པ་ཡང་། །བདུད་ཆེན་ལ་སོགས་གཏང་བར་བྱ། །དོན་ཆེན་རྙེད་པར་གྱུར་ནས་ནི། །སྣ་ཡི་བུ་གའི་ཧཱུཾ་རིང་ལས། །ཁྲོ་བོ་གིང་གི་རྒྱལ་པོ་སྟེ། །ལས་ཀྱི་རྒྱལ་པོ་སྲོག་བདག་
ནི། །ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །སྤྲོས་དང་གཉིས་སུ་མེད་པར་བསྟིམ། །རྒྱུ་ཞགས་ཁར་ནག་སྐུད་པའམ། །མཐིང་ནག་དར་ཆེན་འབར་བ་ལ། །ཕྱེ་མའི་རི་ལུ་གསུམ་སྦྲུས་ཏེ། །རང་གི་ལག་པ་གཡོན་པར་གཟུང་། །གཟུངས་ཐག་བླངས་ཏེ་སྔགས་བཟླས་པ། །ཉེ་བའི་བསྙེན་པ་འབུམ་དུ་
བཟླས། །དོན་ཆེན་བསྙེན་པར་གྱུར་པ་ཡི། །དེ་ནས་དོན་ལ་འཇུག་པར་བྱ། །རང་གི་ལག་པ་གཡོན་པ་ཡིས། །ཐུམ་པོ་བར་པ་ཁ་ཕྱེ་ནས། །མཁར་གྱི་ནང་དུ་ཕོ་ཉ་བསྐུལ། །འབུམ་དུ་སྒྲུབ་པ་དག་ནི་བཟླས། །དེ་ནས་ཚོགས་ཀྱི་མཆོད་པ་ནི། །གསུམ་དུ་བྱས་ཏེ་དབུལ་བྱས་ནས། །གདེང་དུ་གྱུར་
པའི་གསང་སྔགས་མཆོད། །སྒྲུབ་པ་ཆེན་པོ་འབུམ་དུ་བཟླས། །ཕོ་ཉ་མངག་གཞུག་བདག་དཀྱིལ་འཁོར། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །རྣམ་དག་ལམ་གཤེགས་རྒྱལ་བ་རྣམས། །རྐོང་རྐང་ཐང་མར་རྒྱ་མཚོ་དེ། །འབྲུབ་ཁུང་དྲག་ཤུལ་ཅན་

གྱི་གནས། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །དུར་ཁྲོད་བདག་པོ་ཚོགས་དང་བཅས། །བདག་ནི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་ཀྱི་དུས་བྱུང་བས། །སངས་རྒྱས་ཀུན་གྱིས་གདུལ་དཀའ་བ། །དེ་དག་མ་ལུས་བདག་གིས་གདུལ། །བཀའ་ལས་དེ་དག་མདོར་
བཀོད་པའོ། །ལྷོ་ཕྱོགས་ལས་ཀྱི་མཎྜལ་སུམ་བརྩེགས་ལ། །དང་པོ་ཐོད་པའི་ཕྲེང་བས་བརྒྱན། །དེ་འོག་མཚོན་ཆའི་ཆར་གྱིས་སྤྲས། །དེ་འོག་མེ་རི་འབར་བས་སྤྲས། །ནང་དུ་རྒྱ་སོལ་ནག་པོས་བྱུགས། །དེ་ཡི་ནང་དུ་ལིངྒ་ནི། །ཇི་ལྟ་བ་ཡི་ཚུལ་གྱིས་གཞག །ཡན་ལག་ཕྱག་རྒྱ་བཞི་ཡིས་
བརྒྱངས། །ཁ་རན་དང་པོར་ཕྲ་མེན་མ། །བར་མ་ལ་ནི་མགོ་བརྙན་ཏེ། །ཐ་མ་ལ་ནི་སྲིན་མོའི་ཚོགས། །གདུག་པའི་ཚེར་མའི་ཕུར་བུ་ལ། །མཚོན་པར་བྱས་ཏེ་རྣམ་པར་བཀོད། །མགུལ་ནས་གདགས་ཤིང་རྟེན་ལ་འདུད། །དེར་ནི་ལས་ལ་སྦྱར་བ་ཡི། །གཏོར་མ་ལ་སོགས་མཆོད་པ་རྣམས། །མཉེས་
ཤིང་མགུ་བ་གཞུང་བཞིན་བྱ། །ཇི་སྲིད་མཚན་མ་རྙེད་ཀྱི་བར། །ལས་ལ་སྦྱོར་བ་དྲུག་པའི་སྔགས། །རྔམ་པའི་ང་རོས་གདོན་པར་བྱ། །མཉེས་ལ་སོགས་པ་གཟུ་དཔང་གསོལ། །དེ་ནས་ཕོ་ཉ་མངག་པར་བྱ། །འབར་བ་དྲག་པོ་མི་བཟད་པའི། །རྟོག་པ་མེད་པའི་རྒྱལ་པོ་ལས། །རྡོ་རྗེ་ལྗགས་ཀྱི་
འོད་ཟེར་གྱིས། །བཛྲ་ཀྲོ་ཏ་ས་མ་ཡ། །ཁྲོ་བོ་རྒྱལ་པོ་སྤྲིན་ཕུང་པོ། །མངག་གཞུག་ཕོ་ཉར་སྤྲོ་བར་བྱ། །རགྴ་ཛྭ་ལ་ས་མ་ཡ། སྔོན་པོ་མངག་པའི་དྲག་སྔགས་སོ། །གནོད་སྦྱིན་རྦད་པའི་དྲག་སྔགས་སོ། །ཙིཏྟ་ཛྭ་ལ་ས་མ་ཡ། །ཟ་བྱེད་བསྐུལ་བའི་ཕོ་ཉའོ། །སྔགས་དང་མིང་དུ་སྤེལ་ནས་ནི། །ཁྲོས་
པས་ཁྲིར་མ་འབུམ་དུ་བཟླས། །དུད་ཆེན་བཏང་ལ་བསྐུལ་བ་ནི། །སྔོན་ཚེ་དཔལ་ཆེན་ཉིད་ཀྱི་བཀའ། །དེ་ནས་རྣལ་འབྱོར་རིགས་རྒྱུད་བཀའ། །ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱིས། །ཁས་བླངས་དམ་བཅས་བརྗེད་དམ་ཅི། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་
བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་དུ་སྲིང་བྱམས་མིང་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་ལྟང་ལྟང་བརྩེ་བར་གྱིས། །མཛའ་བོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་ལ་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་བྱམས་དཔོན་ལ་སྙིང་བརྩེ་

བཞིན། །དམ་པ་རྣམས་ལ་མཉེས་པར་ཉེ་བར་གྱིས། །རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་ཚུལ་སྟོན། །ངག་གི་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན། །འཇིགས་བྱེད་ཆེན་པོ་འབར་བ་ལ། །སྔོ་ནག་འབར་བའི་རལ་པ་
ཅན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་པ། །རྡོ་རྗེ་གཤོག་པས་བར་སྣང་ཁེབས། །བ་སྤུ་ལྕགས་ཀྱུ་བསྲེགས་འདྲ་ཡིས། །སྡོམ་དང་སྡིག་དང་རྨིགས་པ་སྦྲུལ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁེབས། །ཐོད་སྐྱོགས་སྟི་ར་རྒྱུ་ཞགས་དང་། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །རྡོ་རྗེ་མདུང་རྩེ་གསུམ་པ་དང་། །
ཟ་མ་ཏོག་དང་རྡུལ་ཡབ་རྔ། །རི་རབ་ཕྱི་སྐོར་སྟོང་གསུམ་འཕེན། །ཀླུ་དབང་འབུམ་གྱི་རྒྱན་གྱིས་བཀླུབས། །དུས་མཐའ་བསྐལ་པའི་མེ་ལྟར་འབར། །ཁྲོ་གཉེར་སྡང་མིག་འབར་བ་ནི། །ཉི་ཤུ་རྩ་བདུན་སྤྱན་རས་གཟིགས། །ཞབས་ཀྱིས་འབར་བའི་ལྷ་བརྒྱད་གནོན། །རྡོ་རྗེ་སྲིན་པོ་ཁྲོ་བོར་གྱུར། །ལྷ་
དང་བདུན་ལས་རྣམ་པར་གྲགས། །ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ལས། །ལྷ་ཆེན་ནག་པོ་མི་བཟད་པ། །མཚོ་ནི་རྐོང་རྐང་ཐང་དམར་ན། །རི་བོ་བྱན་ལག་མཆོངས་ཀྱི་རྩེ། །མ་ལ་ཡ་ཡི་རྩེ་ལ་ལྷགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྤྲུལ་པའི་སྲས་མཆོག་རྡོ་རྗེ་འཛིན། །གཞོན་ནུ་བྱེ་བ་ས་ཡར་
མཛད། །བམ་རི་ཐོད་པ་མཁར་གྱི་རྩེར། །མགོན་པོ་ཐུགས་ཀྱི་སྤྲུལ་པ་ནི། །བདུད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ། །དྲག་ཏུ་མངག་ཅིང་བསྐུལ་བའི་ཚེ། །འཇིག་རྟེན་ཁམས་ཀུན་ཕུང་བར་བྱེད། །ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། །བམ་རི་ཐོད་པའི་རྩེ་
ལ་ལྷགས། །མཐུན་འཇུག་ཐབས་ཀྱི་ཆ་བྱད་དུ། །བམ་རི་ཐོད་པ་མཁར་གྱི་རྩར། །ཁྲག་དང་བཤང་གཅི་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པའི། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྤྲུལ་དང་སྡིག་པ་སྡོམ་ལ་སོགས། །
ཅེ་སྤྱང་སྟག་སེང་ལ་སོགས་པའི། །གདུག་པ་ཅན་གྱི་འཁོར་གྱིས་བསྐོར། །ལྷ་ཡི་སྡེ་དཔོན་ཀ་རུ་ནའི། །བུ་མོ་ཆུང་མ་མ་སྲིང་དང་། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱི། །མ་སྲིང་བུ་མོ་ཆུང་མ་རྣམས། །ཕྱོགས་ནས་དབང་དུ་བྱས་པ་རྣམས། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་

ལ་སོགས། །མ་མོ་ཕྲ་མེན་གནོད་སྦྱིན་མ། །སྲིན་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མ། །དམ་ཉམས་འདི་ཡི་བླ་ལ་ཡ། །བློན་པོ་སྡེ་དཔོན་སྡེ་དཔོན་མོ། །རུ་མཚོན་ནག་པོ་ཕྱར་ནས་ནི། །རུ་དཔོན་ཕོ་ཉ་མངག་པར་བཅས། །རང་རང་སྟན་དང་ལག་ཆར་ཆས། །ཅི་
བགྱི་བཀའ་ཉན་བཀའ་སྟོད་འཁོར། །རྦད་དང་རྔམ་པས་དགྲ་སྙིང་ཁོས། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སྟག་སེང་ཅེ་སྤྱང་བཞད་སོགས་དང་། །དུར་བྱ་བྱ་རོག་འུག་པའི་ཚོགས། །བསྟོད་ཅིང་རྔམ་པའི་ཚུལ་དུ་འཁོད། །ཉམས་པ་འདི་ཡི་སྙིང་དཀྱིལ་དུ། །ཆོ་འཕྲུལ་སྣ་ཚོགས་ཆོད་ལ་སྲེགས། །སྲིན་
མོའི་ཉེ་གནས་ཆེན་མོ་བརྒྱད། །གཽ་རཱི་ཙཽ་རཱི་པྲ་མོ་ཧཱ། །བེ་ཏཱ་ལཱི་དང་པུཀྐ་སཱི། །གྷསྨ་རི་དང་སྨ་ཤ་ནི། །ཙཎྜ་ལཱི་ལ་སོགས་པ་ཡིས། །སྲོག་ལ་ཧུར་ཐུམ་དུས་ལ་བབ། །དུར་ཁྲོད་ས་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་གར་ལོག་མ། །དེ་བཞིན་འཇུག་མོ་ཆེན་མོ་བཞི། །གསང་སྒོ་འཛིན་ཅིང་བཀའི་སྒོ་
སྲུང་། །རྣལ་འབྱོར་འཁོར་དང་བཅས་པ་ལ། །བར་ཆད་བསྲུང་བའི་དུས་ལ་བབ། །དམ་ཉམས་འདི་ཡི་ཡན་ལག་ཆིངས། །དུར་ཁྲོད་བདག་མོ་གྲུ་འདེབས་མ། །རྐམ་མ་ཤིན་ཏུ་རྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་མྱོས་པའི་མདངས་ཀྱིས་འཁོད། །དམ་ཉམས་འདི་ཡི་
དབུགས་ལོང་ལ། །སྨྱོ་འབོག་གཏོང་བའི་དུས་ལ་བབ། །ཉམས་སུ་མྱོང་བར་ཁྲོས་དུས་ནི། །སྔོན་དུ་བསྙེན་ཕུལ་མངའ་གསོལ་བའི། །མཚོན་ཆ་ནག་པོ་ཐོགས་ནས་ནི། །སྐབས་དེར་ཐུན་གཟེར་བརྡེག་པར་བྱ། །བདེ་གཤེགས་རྒྱལ་བ་མ་ལུས་ཀྱི། །མར་ཁུ་ལྟ་བུའི་སྙིང་པོའི་གསུང་། །དེ་འདྲའི་
བསྟན་པ་དམ་པ་ལ། །སྒྲོ་སྐུར་རྣལ་འབྱོར་ཡོངས་ལ་འཚེ། །ད་ལྟ་རྣལ་འབྱོར་ང་ཡི་དགྲ། །ཕོ་ཉ་མངག་གཞུག་མ་ལུས་ཀུན། །འདི་ལ་དམ་ཚིག་མི་གནས་ཀྱི། །དྲག་པོ་ལས་ཀྱི་ཐུན་ལ་བབ། །རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས། །མཐིང་ནག་ཁྲོ་གཉེར་རལ་པ་ཅན། །འབར་བ་ཆེན་པོ་གར་
དགུ་མཛད། །དུར་ཁྲོད་བདག་པོ་ཇི་བཞིན་དུ། །དབུ་དང་ཕྱག་ཞབས་དེར་མཛད་དེ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཟླ་རྩལ་ཉི་མའི་མདངས་ཅན་དང་། །རྡོ་རྗེ་སེང་གེ་ནམ་མཁའི་རྡོ་རྗེ་དང་། །རྡོ་རྗེ་སྤྱང་ཀི་རྡོ་རྗེ་དུས་མཚམས་དང་། །རྡོ་རྗེ་ཕྱོགས་འདུལ་རྡོ་རྗེ་དུར་ཁྲོད་བདག །རྡོ་རྗེ་རོ་

ལངས་རྡོ་རྗེ་མ་རུངས་པ། །ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསུང་གི་ང་རོ་དྲག་པོ་མི་བཟད་པ། །འུར་འུར་ཆེམ་ཆེམ་དྲག་པོའི་སྒྲ་དང་ལྡན། །རབ་ཏུ་གཙིགས་པའི་སྐུ་ནི་མི་བཟད་པ། །འགུལ་ལྡེག་རབ་གཡོས་དགྲ་ལ་ཐུན། །དཔའ་བོ་ཁྱེད་ཀྱི་ཤེས་རབ་མ། །བམ་རི་ཐོད་པ་བརྩེགས་པའི་
དབུས། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བརྟན་པར་བཏབ་པའི་ནད་བདག་མོ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཐོད་སྐྱོགས་ཁྲག་གིས་བཀང་བ་དང་། །འབྲུ་མར་རྫས་ལྔ་ཆང་སྦྱར་བ། །རྟག་པར་རང་གི་ལོངས་སྤྱོད་འཛིན། །ཆགས་པས་མྱོས་ཤིང་བརྐམ་པ་ནས། །ཆེད་འགའ་
དྲག་ཏུ་བསྐུལ་བའི་ཚེ། །སྔགས་སྒྲ་དྲག་པོ་མི་བཟད་པས། །རང་ལ་རང་ཡང་རྩིག་ཅིང་འདུམ། །སྲིན་པོ་སྲིན་མོའི་ཚོགས་རྣམས་ཀུན། །དྲག་པོ་རང་སྔགས་དྲག་བཟླས་ཤིང་། །གདུག་པའི་ལུས་ཅན་མཚོན་ཆར་བཅས། །གླད་པའི་དཀྱིལ་དུ་བརྒྱབ་པ་ཡིས། །རྐང་པའི་མཐིལ་དུ་ས་མ་ཡ། །
ཨ་བི་ར་ཙའི་གནག་པ་ཡིན། །མཐུན་འཇུག་ཁྲིད་པའི་སྦྱོར་ཐབས་ཀྱིས། །བདུད་རྩི་ལྔ་ཡི་མདངས་སྦྱོར་བས། །གདུང་བ་ལྔ་ནི་བདུད་རྩིར་བསྒྱུར། །བྱས་ལ་མི་བཙོག་ཕྲིན་ལས་དང་། །སྤྱོད་ལ་མ་ཆགས་ཡེ་ཤེས་ཀྱིས། །ཐམས་ཅད་སྟོང་ཞིང་རྡོ་རྗེར་སྦྱངས། །སྒྱུ་མའི་ཕུང་པོ་ལྷག་མ་ལ། །ཁྲོ་བོ་
ཁྲོ་མོས་རྟ་བྲོ་བརྡུང་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །མནན་ནོ་མནན་ནོ་འོག་ཏུ་མནན། །ཤ་ཁྲག་རུས་སྤུངས་ལྷག་མ་རྣམས། །ཟ་བྱེད་ཚོགས་ཀྱི་ཞལ་དུ་བསྟབས། །ལས་རྣམས་གཞན་ཡང་བསྟན་བྱའི་ཕྱིར། །དྲག་པོའི་ལས་རྣམས་སྒྲུབ་པ་ནི། །ནག་པོའི་ཕྱོགས་ལ་སྦྱོར་གོམས་
པས། །དྲག་པོ་ཡི་ནི་སྦྱིན་སྲེག་བརྒྱད། །རྣལ་འབྱོར་ཁྲོས་པའི་སེམས་ཀྱིས་བྱ། །ལིངྒ་བཅད་ཅིང་བསྲེགས་པ་ན། །སངས་རྒྱས་ཉིད་ཀྱང་འཇིགས་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་རོ། །གཏད་ཁྲམ་མནན་པའི་དཀྱིལ་འཁོར་ནི། །གདུག་
གདུལ་ཞིང་ཁམས་ཆེན་པོ་ནི། །སྟོན་པ་གསང་བདག་ཉིད་ཀྱིས་གསུངས། །དེ་ཡི་གདམས་ངག་བརྒྱུད་པ་ནི། །སློབ་དཔོན་ཧཱུཾ་ཀ་ར་ཡི་སྟེ། །དེ་ཡི་གདམས་ངག་མདོར་བཀོད་པའོ། །གང་དུ་ལས་ལ་སྦྱོར་བ་ན། །ས་སྣ་བདུན་གྱི་འདག་པ་ལས། །ཚད་ལྡན་པ་ཡི་མཁར་བྱས་ལ། །སྟེང་དུ་བྱ་ཁྱུང་

རྒྱལ་པོ་བྱ། །ནང་དུ་མགོན་པོ་ནག་པོ་སྟེ། །མཆེ་གཙིགས་ཞབས་ནི་བགྲད་པའི་འོག །སྦྱིན་སྲེག་བྱས་པའི་ཐལ་བ་དང་། །དྲི་མ་ལ་སོགས་རྗེས་རྣམས་ལ། །ལིངྒ་མིང་བྱང་བྲིས་ཏེ་གཞག །ཨ་ར་མ་རུ་ཤ་དང་ནི། །ཀྲ་སྣ་སྐུ་ར་བཞི་ཆད་ཡི། །ཐོད་པ་ཁ་སྦྱར་ཞགས་པ་གསུམ། །ཀ་
རུ་ན་ཡི་ཕྱག་རྒྱ་དང་། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བླངས་ཏེ་དུར་ཁྲོད་ནག་པོའི་ཚལ། །མི་མཐུན་འདུས་པའི་སར་སོང་ལ། །གཏོར་མ་ལ་སོགས་རྔན་པས་མཆོད། །གྲུ་གསུམ་ཁྲུ་དོ་བརྐོ་བྱས་ལ། །གོང་གི་མཁར་ཆེན་བཅུག་ནས་ནི། །གཡམ་པ་ནག་པོས་ཁ་བཅད་ནས། །རྡོ་རྗེ་རྒྱ་
གྲམ་གྱིས་མནན་བྱ། །ཆུ་མིག་ནག་པོ་མ་རུངས་དང་། །ལྷ་ཁང་མགོན་པོའི་ཞབས་འོག་ཏུ། །མནན་པ་བྱས་ཀྱང་འགྲུབ་པར་གསུངས། །གཏད་ཁྲམ་མནན་པའི་དཀྱིལ་འཁོར་རོ། །དེ་རྟིང་སྒྲུབ་པའི་གནས་ཕྱིན་ནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྤྱན་དྲངས་ལྷ་རྣམས་མ་ལུས་པ། །
མཆོད་བསྟོད་བཤགས་པ་བྱ་བ་དང་། །གཏང་རག་ལྷག་མའི་གཏོར་མ་གཏོང་། །དེ་ནས་དབྱིངས་སུ་ཅི་བདེར་གཤེགས། །བསྐྱེད་པའི་ལྷ་རྣམས་ལུས་ལ་བསྡུ། །མཚམས་དང་ཕྱག་རྒྱ་ལ་སོགས་ལ། །ངོ་བོ་ཉིད་ཀྱིས་དགྲོལ་བར་བྱ། །སྨོན་ལམ་གདབ་ཅིང་སྤྱོད་ལམ་ལ། །སྒྱུ་མའི་ཚུལ་གྱིས་ཅི་
བདེར་སྤྱད། །གྲུབ་དང་ལུང་བསྟན་མ་ཐོབ་ཀྱང་། །བདག་པས་བློ་དམན་ཆེད་དུ་ནི། །དཀྱིལ་འཁོར་བདུན་པའི་སྒྲུབ་ཐབས་ཕྱེ། །ཚད་མ་དང་ལྡན་མཁས་པ་རྣམས། །བདག་གི་བློ་ལ་མི་དཔྱ་ཞིང་། །མཁས་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་བརྩམས་འདི་ལ་མོས་པ་རྣམས། །རྡོ་རྗེ་སེམས་
དཔའ་ཉིད་ཐོབ་ཤོག །སློབ་དཔོན་ཆེན་པོ་སྟི་ར་མ་ཏིས་དགོངས་པ་ལས་རྡོ་རྗེ་བཀོད་པའི་རྒྱུད་བསྟན་པ་བསྲུང་བ་རྣལ་འབྱོར་ཡོངས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་སྒྲུབ་ཐབས་དཀྱིལ་འཁོར་བདུན་གྱི་རིམ་པ་རྣམ་པར་ཕྱེ་བ་སློབ་དཔོན་སྣང་མཛད་མྱུ་གུས་མཛད་པ་རྫོགས་སོ།། ༄། །པོ་ཏ་ལར་འགྲོ་བའི་ལམ་ཡིག་བཞུགས།
༄༅། །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་རྒྱུད་ལོང་བའི་ཡུལ་ན་དཔལ་འབྲས་ཀྱི་ཕུང་པོ་ཞེས་བྱ་བའི་ཕོ་བྲང་ཡོད་དོ། །དེ་ན་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་ཆེན་པོ་དཀྱིལ་འཁོར་མཆོད་རྟེན་གྱིས་ཡོངས་སུ་གཡོགས་པའི་རྗེ་བཙུན་བཞུགས་སོ། །དེར་ཕྱིན་ནས་རྗེ་བཙུན་

གྱི་མཆོད་རྟེན་ལ་ཕྱག་སྟོང་ཕྲག་ལྔ་བཙལ་བར་བྱའོ། །རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་གཟུངས་བཟླས་པར་བྱའོ། །དེ་ལ་བརྗོད་པར་བྱ་སྟེ། ན་མོ་བྷ་ག་ཝ་ཏི་ཨཱརྱ་བཛྲ་ཤྲིཾ་ཁ་ལཱ་ཡཻ། ཧ་ན་ཧ་ན། ཚིནྡ་ཚིནྡ། པི་བ་བྷ་ཥ། ཀ་པཱ་ལཾ་ཧཱུཾ་ཏ་ར་ཏ་ར། ཏ་རཾ་ག་བ་ཏྲི་ཥ་ཌཾ་གཉྩ་བཛྲ་ཨ་ཡ་ཏེ། བཛྲ་པྲ་ཀཱ་རེ། ཨོཾ་ན་མོ་བྷ་ག་ཝ་ཏྱཻ།
ཨཱརྱ་བཛྲ་ཤྲིཾ་ཁ་ལེ། པཱུརྦ་དི་ཤཾ་བནྡྷ། དཀྵི་ན་དི་ཤཾ་བནྡྷ། པཤྩི་མ་དི་ཤཾ་བནྡྷ། ཨུཏྟ་ར་དི་ཤཾ་བནྡྷ། ཨ་དྷོ་དི་ཤཾ་བནྡྷ། ད་ཤ་དི་ཤཾ་བནྡྷ། མ་སཱ་པཱ་དཾ་བནྡྷ། སཱ་དྷ་ནི་པཱ་དཾ་བནྡྷ། ཡཀྵ་རཀྵ་སཾ་བནྡྷ། བྷཱུ་ཏ་པྲེ་ཏཾ་པི་ཤཱ་ཙཾ་བནྡྷ། སིདྡྷ་ཡོ་གི་ཌཱ་ཀི་ནི་བནྡྷ། ཨེ་ཀ་པཱ་དཾ་བནྡྷ། དྭི་པ་དཾ་བནྡྷ། ཏྲི་པཱ་དཾ་བནྡྷ། ཙ་ཏུཿཔཱ་དཾ་
བནྡྷ། པཉྩ་པཱ་དཾ་བནྡྷ། ཥ་ཊ་པཱ་དཾ་བནྡྷ། ས་ཧ་ས་པཱ་དཾ་བནྡྷ། བྲྀཀྵ་པཱ་དཾ་བནྡྷ། མཱུ་ལཾ་པཱ་དཾ་བནྡྷ། དེ་བཾ་བནྡྷ། དེ་བཾ་ཀུ་ལཾ་བནྡྷ། ནཱ་གཾ་བནྡྷ། ནཱ་ག་ཀུ་ལཾ་བནྡྷ། པ་ར་ཀུ་ལཾ་བནྡྷ། གུ་ཧ་ནཾ་བནྡྷ། ཏྲི་ཀྲོ་ཎ་པྲི་ཐི་བཱི་ན་བནྡྷ་བནྡྷ་ཧཱུཾ། མཱ་ཙ་ལ་མཱ་ཙ་ལ། ཏིཥྛ་ཏིཥྛ། ས་བི་དཱ་བནྡྷ། བྲ་ཧྨ་བ་ཙ་ནཾ་བནྡྷ་བནྡྷ། ཨོཾ་ན་མོ་བྷ་ག་
བ་ཏྱཻ་ཨཱརྱ་བཛྲ་ཤྲིཾ་ཁ་ལེ་པཉྩ་ཀྲོ་ཤི་ཀཾ་མཎྜ་ལཾ་བནྡྷ། ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྡང་བ་ཐམས་ཅད་ཀྱི་སྙིང་རྣམ་པར་འཇོམས་མ་འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ཞེས་བྱ་བའི་གཟུངས་སོ། །དེས་གནོད་སྦྱིན་གྱི་བགེགས་འབྱུང་བར་མི་འགྱུར་རོ། །དེ་ནས་དེའི་རྗེས་སུ་མ་ལ་ཡའི་ཡུལ་དུ་འགྲོ་བར་བྱའོ། །དེར་
ཕྱིན་ནས་ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་གྱི་རྗེ་བཙུན་ལ་བསྐོར་བ་སྟོང་ཕྲག་གསུམ་བྱའོ། །བྱས་ནས་སྔགས་ཁྲི་ཕྲག་དྲུག་སྟོང་བཟླ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ཎི་བཛྲེ་ཧཱུཾ། གལ་ཏེ་གང་ཞིག་སྐྱེས་བུ་ཆེན་པོ་བརྩོན་འགྲུས་ཆེན་པོ་རྣམས་ཀྱིས་འགྲོ་བར་འགྱུར་བ་ཉིད་དུ་འདོད་པས་ཁྱིམ་གྱི་
བསམ་པ་དྲན་པར་མི་བྱའོ། །བྱས་ན་སྡུག་བསྔལ་དང་ཉོན་མོངས་པ་རྣམས་ཀྱིས་འཇོམས་པར་འགྱུར་རོ། །དཔལ་ལྡན་པོ་ཊ་ལ་ཀའི་རྗེ་བཙུན་གྱི་ཞལ་མཐོང་བ་དོན་དུ་གཉེར་བའི་སེམས་ཅན་དེ་རྣམས་ཀྱིས་ངེས་པར་བརྩོན་འགྲུས་བརྟན་པོ་ཉིད་ཀྱིས་བགྲོད་པར་བྱའོ། །དེའི་ཚེ་སྐྱེས་བུ་དེ་རྣམས་ཀྱིས་ངེས་པར་
རང་གི་ལུས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བདག་ཉིད་ཀྱི་ལུས་སྦྱིན་པར་གཏང་བར་བྱའོ། །ལུས་སྦྱིན་པར་བྱིན་ནས་ཕྱིས་དཔལ་པོ་ཊ་ལ་ཀར་བགྲོད་པར་བྱའོ། །བསམ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་འདོད་ཆགས་ལ་སོགས་པའི་བསམ་པ་དོར་ནས་བགྲོད་པར་བྱའོ། །སྤྲོ་བའི་སེམས་ཀྱིས་གླུ་དང་

གར་དང་དམ་པའི་ཆོས་ཀྱི་ཡི་དམ་དང་བཅས་པ་དང་སྔགས་ལ་སོགས་པ་དང་བསྒོམ་པར་བྱའོ། །གཡེང་བའི་སེམས་ཀྱིས་འགྲོ་བར་མི་བྱའོ། །ངེས་པ་ཉིད་དུ་རྗེ་བཙུན་གྱི་ཞལ་མཐོང་བར་འགྱུར་བར་བྱའོ་ཞེས་སྨྲས་ནས་སྤྲོ་བའི་སེམས་ཀྱིས་བགྲོད་པར་བྱའོ། །སེམས་དེ་ཉིད་ཀྱིས་བགྲོད་པ་ན་
གལ་ཏེ་རྗེ་བཙུན་གྱི་ཞབས་མཐོང་བར་མ་གྱུར་ན། དེའི་ཚེ་བདག་ཉིད་འཇམ་པའི་མགོན་པོ་མཚམས་མེད་པ་ལྔའི་ལས་བྱེད་པར་འགྱུར་རོ། །དེ་ལྟར་བྱས་ནས་མ་ལ་ཡའི་རི་ལ་བགྲོད་པར་བྱས་པས་རིའི་དབུས་སུ་ཨུ་དུམྺཱ་རའི་ནགས་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་འབྲས་བུ་རྣམས་བཟའ་བར་བྱའོ། །
བཟའ་བ་བྱས་ནས་ཀྱང་འབྲས་བུ་རབ་ཏུ་མང་པོ་རྣམས་གཟུང་བར་བྱའོ། །བཟུང་ནས་ཀྱང་འགྲོ་བ་ན་སུམ་བརྩེགས་ཞེས་བྱ་བའི་གནས་ཀྱི་འདུག་ས་མཐོང་བར་འགྱུར་རོ། །དེའི་ཚོང་འདུས་ཀྱི་དབུས་སུ་འཇུག་པར་བྱའོ། །ཞུགས་ནས་སྔགས་སྟོང་ཕྲག་གསུམ་བཟླ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་
ཎི་པདྨེ་ཧཱུཾ། ཚོང་འདུས་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་ན་རིགས་ལྡན་མ་ཞེས་བྱ་བའི་དྲི་མ་མེད་པའི་ཆུ་རྒྱུན་མཐོང་བར་འགྱུར་རོ། །དེ་རྣམས་ལས་བརྒལ་ཏེ་མཐོང་བར་འགྱུར་བ་ནི་ཤིང་ཏཱ་ལ་དང་ཤིང་སཱ་ལ་དང་། པི་པ་ལའི་ཤིང་དང་། སྤྱི་བཤུལ་དང་། ཨམྦུ་དང་། འཛམ་བུ་དང་། ཤཱ་ཀོཥྚ་ཀ་དང་། བ་རུ་ར་
ལ་སོགས་པའི་འབྲས་བུ་དང་ལྡན་པའི་ལྗོན་ཤིང་དུ་མ་མཐོང་ནས་འབྲས་བུ་ཡང་གཟུང་བར་མི་བྱའོ། །བཟའ་བར་ཡང་མི་བྱའོ། །དེ་རྣམས་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །དྲི་མེད་ལྡན་པ་ཞེས་བྱའི་ཆུ་རྒྱུན་མཐོང་བར་འགྱུར་རོ། །རྡོ་བའི་རང་བཞིན་འབའ་ཞིག་སྟེ་དེ་མཐོང་བས་འཇིགས་པར་མི་
བྱའོ། །རྡོ་དང་བྲག་དེ་ལས་འདས་ཏེ་ཕ་རོལ་ཏུ་ཕྱིན་ནས་ཀུ་ཤ་བཏོགས་ཏེ་སྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་སྔགས་འདིའི་སྤྱི་གཙུག་བཅིང་བར་བྱའོ། །ཨོཾ་མུ་ནེ་རཀྵ་སྭཱ་ཧཱ། བྱས་ནས་ཀྱང་ཡི་གེ་དྲུག་པའི་རིག་པ་ཆེན་མོའི་སྔགས་ཁྲི་ཕྲག་གཅིག་བཟླ་བར་བྱའོ། །བཟླས་པ་བྱས་ནས་ཡང་དགེ་བའི་རྩ་བ་སྤྱད་ནས་
རོ་བཏུང་བར་བྱའོ། །དེས་མི་སྨྲ་བར་འགྱུར་བར་བྱའོ། །མི་སྨྲ་བར་གྱུར་པས་གླུ་བླང་བ་དང་། དགོད་པ་དང་། གར་དང་། ཆོས་ཀློག་པ་དང་འདོན་པས་བགྲོད་པར་བྱའོ། །སེམས་གཡེང་བར་མི་བྱའོ། །ལྷའི་རྣལ་འབྱོར་གྱིས་འགྲོ་བར་བྱའོ། །དཔལ་ལྡན་རྗེ་བཙུན་གྱི་ཞབས་མཐོང་བར་བྱའོ་ཞེས་

སྨྲས་ནས་འགྲོ་ཞིང་སོང་བ་ལས་སྐྱུ་རུ་རའི་ནགས་མཐོང་བར་འགྱུར་ཏེ་སྐྱུ་རུ་རའི་འབྲས་བུ་རྣམས་བཟུང་ནས་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་རབ་ཏུ་མང་པོ་རྣམས་གཟུང་བར་བྱའོ། །བཟུང་ནས་འགྲོ་བ་ན་ཉི་མ་བཞིན་རིག་པ་འཛིན་པའི་མཚེའུ་མཐོང་བར་འགྱུར་རོ། །ཨུཏྤ་ལ་ལ་སོགས་
པའི་སྣ་ཚོགས་པའི་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་བརྒྱན་པ་སྟེ། འགྲམ་བཞི་ན་ལྷོའི་འགྲམ་ནི་རིག་པ་འཛིན་པ་རྣམས་ཀྱིའོ། །ནུབ་ཀྱི་འགྲམ་ནི་ལྷ་རྣམས་ཀྱིའོ། །བྱང་གི་འགྲམ་ནི་གནོད་སྦྱིན་ལ་སོགས་པའི་ཚོགས་ཀྱིའོ། །ཤར་གྱི་འགྲམ་ནི་ནགས་ཀྱི་ལྷ་མོ་རྣམས་ཀྱི་སྟེ་མཚེའུ་དེར་བགྲོད་པར་
མི་བྱ་ཞིང་ཆུ་བཏུང་བར་མི་བྱའི། ཇི་སྲིད་ཞག་ཕྱེད་དང་གཉིས་སུ་ཕྱིན་ཏེ་མཚོ་དེ་ལ་བལྟས་ལ་སྔགས་འདི་བརྗོད་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཛ་ཛ་ཛ་པྲ་ཡཙྪ་པྲ་ཡཙྪ་ཕཊ་ཕཊ་ཀཾ་ཀ་ན་ལེ་མ་ཧཱ་བ་ལ་སེ་ནེ་མོ་ཊ་ཡ་མོ་ཊ་ཡ་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། མཚོ་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་
བྱའོ། །སྨིན་དྲུག་གི་བུ་ཉོན་ཅིག་སེམས་ཅན་གང་ལ་ལ་བདག་གི་དྲུང་དུ་འོང་བར་བརྩོན་པ་དད་པ་དང་ལྡན་པ་བདེན་པར་སྨྲ་བ་དོན་དུ་གཉེར་བ་ལྟོས་པ་མེད་པ་རྣམས་འོང་བ་ན་དེ་རྣམས་ཀྱིས་གལ་ཏེ་གྲུབ་པར་མ་གྱུར་ཅིང་ང་དང་ལྷན་ཅིག་མཐོང་བར་མ་གྱུར་ན་དེའི་ཚེ་བདག་ཉིད་མཚམས་མེད་པ་ལྔའི་ལས་བྱེད་པ་པོར་
འགྱུར་རོ། །དཔལ་ལྡན་པོ་ཊ་ལ་ཀའི་རྗེ་བཙུན་གྱིས་དམ་བཅས་པ་བརྟན་པའོ། །ཉི་མ་ལྔའི་བར་དུ་དཀའ་བ་ཆེན་པོས་འགྲོ་བར་བྱའོ། །ཕྱི་ནས་ཡང་རྒྱ་ཤུག་གི་བསྟི་གནས་མཐོང་བར་འགྱུར་ཏེ་དེ་ལ་སྣ་ཚོགས་པའི་ཤིང་ལ་སོགས་པས་བརྒྱན་པ་ཨམྦུ་དང་ཛམྦུ་དང་། ན་རངྒ་དང་། ཀཎྜཱ་ཧ་ལ་དང་།
བིལ་བ་དང་། སྐྱུ་རུ་ར་དང་། རྒུན་འབྲུམ་དང་། ཀ་བིདྠ་དང་། ཛི་བི་ར་ལ་སོགས་པའི་འབྲས་བུ་དང་ལྡན་པ་ལ་སོགས་པའི་སྣ་ཚོགས་པའི་ཤིང་རྣམས་གནས་སོ། །ཤིང་ལ་ལ་ནི་འབྲས་བུ་སྐྱེས་བཞིན་པ། ལ་ལ་ནི་མེ་ཏོག་འབྱིན། ལ་ལ་ནི་འབྲས་བུ་སྐྱེ་བར་འགྱུར། ཁ་ཅིག་ནི་འབྲས་བུ་དང་ལྡན་
པའི་ཤིང་རྣམས་གནས་ཏེ་དེ་ལས་འབྲས་བུ་རྣམས་བཟུང་ནས་བཟའ་བར་བྱའོ། །ཟོས་ནས་ཀྱང་ས་བོན་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གཟུགས་པར་བྱ་ཞིང་གཞག་པར་བྱའོ། །ཉི་མ་བཞིའི་བར་དུ་བསྟི་གནས་དེར་འབྲས་བུ་སྣ་ཚོགས་བཟུང་སྟེ་ཕུད་ཀྱང་གཏོར་ཞིང་བཟའ་བར་བྱའོ། །ཟོས་

ནས་ཀྱང་ལུས་ཚོན་པོར་བྱའོ། །བྱས་ནས་ཀྱང་སླར་ཡང་གལ་ཏེ་སྡོད་པར་འདོད་ན་དེའི་བསྟི་གནས་དེ་ལ་བསྐོར་བ་བྱ་ཞིང་ཉི་མ་བརྒྱད་ཚུན་ཆད་སྣ་ཚོགས་པའི་འབྲས་བུ་རྣམས་ཟོས་ཏེ་གཟུང་བར་བྱས་ལ། དེའི་ཚེ་བསྟི་གནས་ལ་གཡོན་ནས་བསྐོར་ཏེ་ཉི་མ་བདུན་ཚུན་ཆད་འགྲོ་བར་བྱའོ། །
དེར་ཕྱིན་པས་སྤ་ཚེར་མ་ཅན་གྱི་ནགས་མཐོང་བར་འགྱུར་ཏེ། ཞག་ཕྱེད་དང་གཉིས་ཀྱི་བར་དེ་ལས་སྤ་ཚེར་མ་ཅན་སོར་བརྒྱད་པའི་ཚད་རྣམས་མཐོང་ནས་འཇིགས་པར་མི་བྱའོ། །ཚེར་མའི་སྟེང་དུ་རྐང་པའི་ཟུར་གྱིས་འགྲོད་པར་བྱའོ། །ཚེར་མ་རྣམས་ཅི་ནས་ཀྱང་རྐང་པ་ལ་མངོན་པར་མ་ཟུག་པར་བྱའོ། །སྦའི་
ནགས་ལས་བརྒལ་བ་ན་ཡི་གེ་དྲུག་པའི་སྔགས་བཟླ་བར་བྱའོ། །དེར་ཕྱིན་ནས་ཉི་མ་བཞིའི་བར་དུ་བིལ་བའི་ནགས་ཀྱི་བསྟི་གནས་མཐོང་བར་འགྱུར་ཏེ་བིལ་བའི་འབྲས་བུ་རྣམས་བཟའ་བར་བྱའོ། །ཉི་མ་བདུན་གྱི་བར་དུ་བསྡད་དོ། །བསྡད་ནས་ཡང་འགྲོ་བར་བྱའོ། །ཉི་མ་བཞི་ཕྱིན་པ་ན་བདག་པོ་མེད་
པ་ཞེས་བྱ་བའི་མཚོ་མཐོང་བར་འགྱུར་རོ། །དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །དེ་མཐོང་མ་ཐག་ཏུ་བརྗོད་པ་ནི་དེ་ལ་ཨོཾ་མ་ཎི་པདྨེ་ཧཱུཾ་སྔགས་ཀྱི་ཡི་གེ་འདིའི་གྲངས་ནི་འབུམ་བཟླས་པས་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཐོབ་པ་དང་སྡིག་པ་དང་བྲལ་བར་འགྱུར་རོ། །སླར་ཡང་ཉི་མ་གསུམ་ན་འཛམ་
བུའི་ནགས་མཐོང་བར་འགྱུར་ཏེ། དེར་ཉི་མ་བཞི་བསྡད་ནས་འཛམ་བུའི་འབྲས་བུ་རྣམས་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་མང་པོ་རྣམས་བཟུང་ནས་ཉི་མ་བདུན་གྱི་བར་དུ་ཕྱིན་པ་ན་རྐངྒུ་ནའི་ནགས་ཀྱི་ཤིང་མཐོང་བར་འགྱུར་ཏེ། དེ་རྣམས་ཀྱི་གསེབ་ནས་མྱུར་བ་མྱུར་བར་འགྲོ་བར་བྱའོ། །དེ་ནས་
འབྲས་བུ་གཅིག་ཀྱང་བླང་བར་མི་བྱ་ཞིང་བལྟ་བར་ཡང་མི་བྱའོ། །བསྡད་པར་ཡང་མི་བྱའོ། །དེ་ལ་འགྲོ་བ་ན་སྲེ་མོ་ཆེན་མོའི་ཚོགས་མཐོང་བར་འགྱུར་ཏེ་དེ་མཐོང་བ་ན་སྔགས་བརྗོད་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་རཱི་རཱི་དྷི་ནི་དྷི་མླེ་མླེ་སརྦ་བུདྡྷ་མ་མ་རཀྵནྟུ་ཧཱ་ཧཱ་ཧྲཱིཿདྲེ་མྲེ་ཧཱུཾ་ཧཱ་སྭཱ་ཧཱ། དེ་ནས་སོང་བས་རྒྱ་
ཤུག་གི་ནགས་མཐོང་བར་འགྱུར་ཞིང་། ཉི་མ་གསུམ་གྱི་བར་དུ་བསྡད་པར་བྱ་ཞིང་འབྲས་བུ་བཟའ་བར་བྱའོ། །ཟོས་ནས་ཀྱང་འགྲོ་བར་བྱ་སྟེ། ཉི་མ་སུམ་ཅུ་རྩ་གཉིས་ན་སྤྲེའུ་གླང་པོ་ཆེའི་ཚད་ཅན་གྱི་ཚོགས་མཐོང་བར་འགྱུར་ཏེ། སྤྲེའུ་དེ་རྣམས་མཐོང་བ་ན་འཇིགས་པར་མི་བྱ་ཞིང་སྐྲག་པར་མི་བྱའོ། །བློ་

བརྟན་པར་གྱུར་པས་སྔོན་དུ་བཤད་པའི་སྔགས་བརྗོད་པར་བྱའོ། །སྤྲེའུ་རྣམས་བྲོས་པར་འགྱུར་རོ། །ཕྱི་ནས་འགྲོ་བར་བྱ་སྟེ་སོང་བས་ཡང་ཉི་མ་གསུམ་ན་སྦ་ཀོ་ཊ་ཀའི་ནགས་མཐོང་བར་འགྱུར་ཏེ། དེར་ཉི་མ་དྲུག་བསྡད་ཅིང་ཅི་ཙམ་སྡོད་པ་དེ་སྲིད་དུ་འབྲས་བུ་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་རྣམས་
བཀྱེར་བར་བྱའོ། །སོང་བས་ཕག་གི་ཚོགས་ཤིན་ཏུ་འཇིགས་པར་བྱེད་པ་འདམ་ཀྱིས་རྣམ་པར་གོས་པ་མཐོང་བར་འགྱུར་ཏེ། དེ་མཐོང་ན་འཇིགས་པར་མི་བྱའོ། །ཡང་ཉི་མ་གཉིས་པ་ན་སྟག་གི་ཚོགས་མཐོང་བར་འགྱུར་ཏེ། དེ་མཐོང་བས་འཇིགས་པར་མི་བྱ་ཞིང་སླར་ཡང་སྔོན་དུ་བརྗོད་པའི་སྔགས་
བཟླས་པར་བྱའོ། །སྟག་གི་ཚོགས་དེ་དག་བྲོས་པར་འགྱུར་རོ། །ཕྱི་ནས་སོང་བས་སེ་འབྲུའི་ནགས་མཐོང་བར་འགྱུར་ཏེ་ཉི་མ་དགུའི་བར་དུ་བསྡད་ལ་འབྲས་བུ་རྣམས་བཟའ་བར་བྱའོ། །ཟོས་ནས་འབྲས་བུ་རབ་ཏུ་མང་པོ་རྣམས་བཀྱེར་བར་བྱའོ། །ཉི་མ་གསུམ་ན་སེང་གེའི་ཚོགས་ཤིན་ཏུ་འཇིགས་པར་
བྱེད་པ་ཁྲོ་བོའི་གཟུགས་མཐོང་བར་འགྱུར་ཏེ། དེ་རྣམས་མཐོང་བས་སྐྲག་པ་ཅུང་ཟད་ཀྱང་མི་བྱའོ། །བདག་ཉིད་སེང་གེའི་གཟུགས་སུ་བལྟས་ཏེ་ཚོགས་རྣམས་ཀྱི་མདུན་དུ་གྱུར་པས་སྔོན་དུ་བརྗོད་པའི་སྔགས་སྨྲས་པས་འདུག་པར་མི་འགྱུར་རོ། །དེ་ཐམས་ཅད་ལས་གྲོལ་ཞིང་སོང་བས་ཕྱི་ནས་འགྲོ་བར་བྱའོ། །དེ་
ནས་ཕྱིན་པ་ན་ཉི་མ་བཞི་ན་གོ་ཡུའི་ཤིང་དང་མཉམ་པའི་བུ་རམ་གྱི་ཤིང་གི་ནགས་རྒྱང་གྲགས་གཅིག་འཁོར་བ་གནས་པ་མཐོང་བར་འགྱུར་ཏེ། བུ་རམ་ཤིང་དེ་རྣམས་ཀྱི་མངར་བའི་དབུས་ན་བྱེ་མ་དཀར་པོ་དང་འདྲ་བའི་ཀ་ར་ཡོད་པ་མཐོང་བར་འགྱུར་ཏེ། དེ་རྣམས་ཀྱང་ཇི་ལྟར་བདེ་བར་བཟའ་བར་བྱའོ། །ཆག་ཚང་
ཀུ་བའི་འབྲས་བུ་སོར་མོ་གཅིག་གི་ཕྱེད་པ་ཆུ་ཡིས་བཀང་བ་བཀྱེར་བར་བྱའོ། །ཀ་ར་རབ་ཏུ་མང་པོ་བཀྱེར་བར་བྱའོ། །ཆུ་དེ་ཟད་པར་མ་གྱུར་པ་ན་ལྕི་བར་མི་འགྱུར་རོ། །ཉི་མ་དྲུག་ཕྱིན་པས་ཀླ་ཀློའི་གྲོང་ཁྱེར་དེ་ན་ཀླ་ཀློ་རྣམས་གནས་སོ། །དེ་རྣམས་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །ཉི་མ་གཉིས་པ་ན་
རིག་པ་འཛིན་པའི་སྐྱེད་མོས་ཚལ་ཤིང་པུན་ན་ག་དང་། ཀླུ་ཤིང་དང་། ཤིང་བ་ཀུ་ལ་དང་། ཤིང་སྐྱ་སྣར་དང་། ཤིང་ཙམ་པ་ཀ་པ་དང་། ཤིང་མྱ་ངན་མེད་ལ་སོགས་པ་སྣ་ཚོགས་པའི་ལྗོན་ཤིང་རྣམས་ཀྱིས་ཉེ་བར་བརྒྱན་པ་མཐོང་བར་འགྱུར་ཏེ། སྐྱེད་མོས་ཚལ་མྱུར་བ་མྱུར་བར་དོར་བར་བྱའོ། །ཉི་མ་གཉིས་

པ་ན་ཁྱི་རི་ཁའི་ནགས་དང་། ཁ་ར་ཚུ་རི་ཁའི་ནགས་མཐོང་བར་འགྱུར་ཏེ། དེ་དག་ཉི་མ་བདུན་གྱི་བར་དུ་ཇི་ལྟར་བདེ་བར་བཟའ་བར་བྱའོ། །འབྲས་བུ་རབ་ཏུ་མང་པོ་རྣམས་གཟུང་སྟེ་ཉི་མ་དྲུག་གི་བར་དུ་འགྲོ་བར་བྱའོ། །སོང་བས་ཕྱིན་ནས་ཤིན་ཏུ་འཇིགས་པའི་འདམ་རྫབ་མཐོང་བར་འགྱུར་
ཏེ་དེ་རྣམས་མཐོང་བ་ན་འཇིགས་པར་མི་བྱ་ཞིང་སེམས་སྐྱོ་བར་འགྱུར་བར་མི་བྱའོ། །ཡི་གེ་དྲུག་པའི་སྔགས་ཟློས་ཤིང་འགྲོ་བར་བྱའོ། །དེར་འདམ་རྫབ་ལས་བརྒལ་ཏེ་ཛ་ལ་པཱ་ཡི་ཀའི་ནགས་ཡོད་དོ། །འབྲས་བུ་རྣམས་ཞག་ལྔའི་བར་དུ་ཇི་ལྟར་བདེ་བར་བཟའ་བར་བྱའོ། །ཟོས་ནས་ཀྱང་འབྲས་བུ་མང་པོ་ཁྱེར་
ཏེ་འགྲོ་བ་ན་ཉི་མ་གསུམ་ན་སཱ་ལའི་ནགས་མཐོང་བར་འགྱུར་རོ། །དེ་འདས་ནས་སླར་ཡང་ཀེ་ཏ་ཀའི་ནགས་པུཥྤ་སྣ་ཚོགས་འཁྲིགས་པ་མེ་ཏོག་སྣ་ཚོགས་དྲི་དང་ལྡན་པ་མཐོང་བར་འགྱུར་ཏེ། ཀེ་ཏ་ཀེ་ལ་སེམས་ཀྱིས་འདོད་པར་མི་བྱའོ། །དེ་རྣམས་ལ་གཡོན་གྱིས་བསྐོར་ཏེ་འགྲོ་བ་ན་ཉི་མ་གསུམ་ན་དངུལ་ཆུས་
ཡོངས་སུ་གང་བའི་རྫིང་བུ་མཐོང་བར་འགྱུར་ཏེ། དེའི་དབུས་ན་དངུལ་ཆུས་ཡོངས་སུ་བྱུགས་པའི་སྐྱེས་བུ་ཡོད་དོ། །གལ་ཏེ་དངུལ་ཆུའི་སྐྱེས་བུ་བལྟ་བར་འདོད་ན་དངུལ་ཆུའི་རྫིང་གི་ཤར་ལོགས་ནས་སེ་ཀ་ལི་ཀ་ལ་སོགས་པ་སྣ་ཚོགས་པའི་མེ་ཏོག་གི་ནགས་གནས་ཏེ། སྒྲུབ་པ་པོས་མེ་ཏོག་དེ་དག་གཟུང་
སྟེ། སྐུད་པ་ཕྲ་མོས་ཕྲེང་བ་བརྒྱུད་པར་བྱས་ནས་ཕྱིས་རྫིང་བུའི་ཕྱོགས་སུ་དོར་བར་བྱའོ། །མེ་ཏོག་དོར་མ་ཐག་ཏུ་དབུས་ཀྱི་གནས་སུ་སོང་ནས་མེ་ཏོག་གི་ཕྲེང་བ་རབ་ཏུ་འཇུག་གོ། །ཞུགས་པས་དངུལ་ཆུའི་སྐྱེས་བུའི་མགོ་ལ་འཕོག་པར་འགྱུར་རོ། །སླར་ཡང་སྒྲུབ་པ་པོས་ཉི་མ་གཞན་ལ་སྣ་ཚོགས་པའི་མེ་
ཏོག་གི་ཕྲེང་བར་བརྒྱུས་ཏེ་རྫིང་གི་དབུས་སུ་དོར་བར་བྱའོ། །ཉི་མ་སྔ་མ་ལ་དོར་བའི་མེ་ཏོག་གི་ཕྲེང་བ་འཐོན་ནས་རྫིང་གི་འགྲམ་དུ་འཆགས་པར་འགྱུར་རོ། །བསྐྱུར་བའི་མེ་ཏོག་དངུལ་ཆུའི་སྐྱེས་བུའི་མགོ་ལ་འབབ་པར་འགྱུར་རོ། །དེ་མཐོང་ནས་གལ་ཏེ་དངོས་གྲུབ་ཆུང་ངུ་འདོད་ན་དེའི་ཚེ་སྒྲུབ་པ་པོས་མེ་
ཏོག་གི་ཕྲེང་བ་བཟུང་ནས་རྫིང་བུའི་འགྲམ་དུ་འཇུག་པར་བྱའོ། །དེར་ཕྱིན་ནས་གཞུ་འདོམ་བརྒྱ་ཕྱིན་པས་ཀ་བ་བཞིས་ཉེ་བར་བརྒྱན་པའི་བསིལ་ཁང་མཐོང་བར་འགྱུར་ཏེ། དེའི་དབུས་ན་ལོ་བཅུ་དྲུག་ལོན་པའི་རྣམ་པའི་དངུལ་ཆུའི་སྐྱེས་བུ་གནས་ཏེ་དགོད་བཞིན་དུ་འདྲི་བར་འགྱུར་ཏེ། ཀྱེ་སྐྱེས་བུ་བརྩོན་

འགྲུས་དང་ལྡན་པ་གང་ནས་འོངས། ཅི་འཛིན་པར་བྱེད། མིག་སྨན་དང་། མཆིལ་ལྷམ་དང་། རྐང་བོལ་བྱུག་པ་དང་། རི་ལུ་དང་རལ་གྲི་ལ་སོགས་པའི་སྣ་ཚོགས་པའི་དངོས་གྲུབ་གང་དག་འཛིན་པར་བྱེད། གལ་ཏེ་བཟུང་བར་བྱས་པ་དེའི་ཚེ་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་
མེད་དོ། །གལ་ཏེ་མི་འདོད་པ་དེའི་ཚེ་བརྒལ་ཏེ་གཡོན་ནས་བསྐོར་ཏེ་འགྲོ་བ་ན། ཀིན་ཏུའི་ཤིང་ལ་སོགས་པའི་ནགས་མཐོང་བར་འགྱུར་ཏེ། ཉི་མ་ལྔའི་བར་དུ་དེའི་འབྲས་བུ་རྣམས་བཟའ་བར་བྱའོ། །འབྲས་བུ་བཟུང་ནས་འགྲོ་བར་བྱ་སྟེ་དེ་རྣམས་ལ་གཡོན་དུ་བསྐོར་ནས་འགྲོ་བར་བྱའོ། །དེ་དག་
འདས་ནས་ཉི་མ་གསུམ་ན་ལོ་བཅུ་དྲུག་ལོན་པའི་རྣམ་པ་མིའི་གཙོ་མོ་ཞེས་བྱ་བའི་རིག་པ་འཛིན་པའི་བུད་མེད་ལྷའི་གཟུགས་ཅན་རྣམས་ར་སྐྱོང་ཞིང་གནས་ཏེ་སྒྲུབ་པ་པོས་དེའི་དྲུང་དུ་ཕྱིན་ནས་རེག་པ་དང་རྩེ་བར་ཡང་བྱའོ། །སྒྲུབ་པ་པོའི་སྐྱེས་བུས་བལྟས་པས་དེས་སྐྲག་པ་ཆེན་པོ་སྐྱེད་པར་བྱེད་དེ་བགེགས་རྩོམ་པར་
ཡང་འགྱུར་རོ། །མིའི་གཙོ་མོ་ལ་བལྟས་ནས་སྒྲུབ་པ་པོའི་སྐྱེས་བུ་བརྩོན་འགྲུས་ཆེན་པོ་སྤ་འགོང་བའི་སེམས་དང་ཡིད་ལ་མངོན་པར་འདོད་པར་མི་བྱའོ། །ཡུད་ཙམ་འདུག་ནས་ཀྱང་དགའ་བར་འགྱུར་ཏེ། ར་རྣམས་ཡོངས་སུ་བསྡུས་ནས་འགྲོ་བར་འགྱུར་རོ། །དེའི་ཕྱི་བཞིན་དུ་རྗེས་སུ་འཇུག་པར་བྱའོ། །ཉི་མ་
དྲུག་རྣམས་ཀྱིས་འབྲས་སཱ་ལུའི་དྲི་ཞིམ་པོའི་ཞིང་རྣམས་མཐོང་བར་འགྱུར་ཏེ་དེ་ལ་སྙེ་མ་ལྔ་བཟུང་ནས་འགྲོ་བར་བྱའོ། །ཉི་མ་གསུམ་ཕྱིན་པ་ན་གསེར་ལྡན་ཞེས་བྱ་བའི་པདྨའི་མཚོ་མཐོང་བར་འགྱུར་རོ། །མཚོ་དེ་ལས་ཁྲུས་བྱ་ཞིང་ཆུ་བཏུང་བར་བྱའོ། །པདྨའི་རྩ་བ་བཟའ་བར་བྱའོ། །ཟོས་ནས་ཀྱང་རྩ་བ་ལ་
སོགས་པ་མང་པོ་གཟུང་བར་བྱའོ། །བཟུང་ནས་ཡང་འགྲོ་བར་བྱ་ཞིང་སོང་བ་ན་ཤིང་སྐྱ་སྣར་གྱི་ནགས་མཐོང་བར་འགྱུར་ཏེ་དེ་ལ་གཡོན་ནས་བསྐོར་ཏེ་འགྲོ་བར་བྱའོ། །དེ་ལ་ཤིན་ཏུ་འདས་ནས་ག་པུར་ཤིང་རྣམས་མཐོང་བར་འགྱུར་ཏེ་བླང་བར་བྱས་ནས་ཇི་ལྟར་བདེ་བར་བཟའ་བར་བྱའོ། གཟུང་བར་བྱ་སྟེ་ཇི་ལྟར་
ནུས་པ་བཀྱེར་བར་བྱའོ། །དེ་འདས་ནས་ཉི་མ་གཅིག་ན་ཤིང་ཨ་ཤྭཏྠའི་ནགས་མཐོང་བར་འགྱུར་ཏེ། དེ་ལ་གཡོན་སྐོར་གྱིས་ཕྱིན་པ་ན་རིག་པ་འཛིན་པ་ལ་སོགས་པ་རྣམས་ཀྱི་སྐྱེད་མོས་ཚལ་དང་ལྷ་མ་ཡིན་གྱི་སྐྱེད་མོས་ཚལ་སྣ་ཚོགས་པའི་ཤིང་ལ་སོགས་པ་བ་ཀུ་ལ་དང་ཨ་མྲ་ལ་སོགས་པའི་འབྲས་བུ་

རྣམས་དང་། མེ་ཏོག་ཛཱ་ཏི་དང་། ཀུནྡ་དང་། མ་ལི་ཀ་དང་། ཙམ་པ་ཀ་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་ཡང་དག་པས་ཁྱབ་པར་མཐོང་བར་འགྱུར་ཏེ་དེ་ལ་ཅུང་ཟད་ཀྱང་བླང་བར་མི་བྱའོ། །དེ་ལས་འདས་ནས་ཆུའི་རྒྱུན་དྲི་མ་མེད་པ་མཐོང་བར་འགྱུར་ཏེ། དེ་ལ་གཡོན་ནས་
བསྐོར་ནས་འགྲོ་བ་ན་ཉི་མ་གསུམ་ན་དྲི་མ་མེད་པར་ལྡན་པ་ཞེས་བྱ་བའི་རྫིང་བུ་མཐོང་བར་འགྱུར་ཏེ་རྫིང་བུ་དེ་ལ་ཁྲུས་བྱའོ། །རྩ་བ་རྣམས་བཟའ་བར་བྱ་ཞིང་ཉི་མ་གསུམ་བསྡད་ནས་འགྲོ་བར་བྱའོ། །ཉི་མ་གསུམ་ན་འདོད་པའི་རྒྱལ་མོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་མོ་ནུ་མ་ཕྱེད་གཡོགས་པ་ཁང་པ་དང་
ལྡན་པ་གོ་ལ་ཟ་བཞིན་དུ་གནས་པ་དེ་མཐོང་བར་འགྱུར་ཏེ་དེའི་དྲུང་དུ་འགྲོ་བར་བྱའོ། །རིག་པ་འཛིན་པའི་རྒྱལ་མོ་ཞེས་བྱ་བའི་བུད་མེད་དེས་དྲིས་པ་གང་དུ་འགྲོ་བར་འགྱུར་བར་བྱེད། སྒྲུབ་པ་པོས་ཀྱང་ལན་སྨྲ་བར་བྱ་སྟེ། དཔལ་ལྡན་པོ་ཊ་ལ་ཀའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་བཞུགས་སར་འགྲོ་བར་བྱེད་དོ། །དེ་ཐོས་ནས་སྨྲས་པ། བདག་གི་ཁྱིམ་དུ་ཟོ་ལ་འགྲོ་བར་བྱོས་ཞེས་སོ། །དེ་ནས་ཡང་དེ་རང་གི་སྐྱེད་མོས་ཚལ་གྱི་དབུས་ན་ཟངས་དང་དངུལ་དང་གསེར་གྱིས་རབ་ཏུ་བསྐོར་བའི་ར་བ་ཅན་རིན་པོ་ཆེ་དུ་མས་ཉེ་བར་བརྒྱན་པའི་ཁང་པ་བརྩེགས་པ་ཁང་པ་ཡང་སྣ་ཚོགས་
པའི་རིན་པོ་ཆེ་བཀོད་པའི་ཀ་བས་ཉེ་བར་བརྒྱན་པར་འགྲོ་བར་འགྱུར་ཏེ་རང་གི་ཁྱིམ་དུ་ཕྱིན་ན་འཁོར་བོས་ཏེ་སྨྲས་པ། མྱུར་དུ་ཚོས་ཤིག་བསྒོ་བས་དེ་སྐད་སྨྲས་མ་ཐག་ཏུ་བུད་མེད་ཀྱིས་ཡོངས་སུ་བསྐོར་བའི་བུད་མེད་དེ་རྣམས་ཀྱིས་ཚོས་པ་རྣམ་པ་སྣ་ཚོགས་པ་ཁྱེར་ནས་འོངས་ཏེ། བུད་མེད་རྣམས་རིམ་པ་ཇི་ལྟ་བར་
སྣ་ཚོགས་པའི་རིན་པོ་ཆེའི་རང་བཞིན་གྱིས་སྤྲས་པའི་སྟན་རྣམས་བཏིང་སྟེ། སྟན་རྣམས་ལ་རིམ་པ་ཇི་ལྟ་བར་ཟས་བཟའོ། །ཁ་བཤལ་བ་བྱས་ནས་ག་བུར་དང་བཅས་པའི་གོ་ལ་སྟེར་རོ། །བྱིན་ནས་ཡང་སྨྲས་པ། ཅུང་ཞིག་བཞེས་ཤིག །ཕྱི་ནས་རང་ཉིད་ཀྱིས་འབྲས་བུ་དང་རྩ་བ་མང་པོ་གཟུང་བར་བྱ་སྟེ།
བདག་གིས་བཞག་ན་འདི་ཉིད་དུ་སྡོད་པར་བྱེད་དམ། གལ་ཏེ་ཁྱོད་ཉིད་ཚངས་པར་སྤྱོད་པ་ཡིན་ན་དེའི་ཚེ་སླར་བྱང་གི་སྒོ་ནས་གོ་ལ་སྣོམས་ལ་བཞུད་པར་བྱོས་ཤིག །འདི་ལ་ཡིད་ཀྱིས་མངོན་པར་འདོད་པར་མི་བྱའོ། །དེར་གལ་ཏེ་སྒྲུབ་པོ་ཞེན་པ་མེད་པ་ངོ་ཚ་དང་བཅས་པའི་ཚངས་པར་སྤྱོད་པ་འགྲོ་བར་

འགྱུར་རོ། །དེའི་ཚེ་བུད་མེད་དེས་འགྲོ་བའི་དུས་སུ་བྱང་གི་སྒོར་གཞུག་པར་འགྱུར་ཏེ། བྱང་གི་སྒོར་ཞུགས་ནས་སྨྲས་པ། དེ་ནས་བསེ་ཤིང་འབྲས་བུའི་ནགས་མཐོང་བར་འགྱུར་ཏེ། མྱུར་བ་མྱུར་བར་བསེ་ཤིང་གི་འབྲས་བུའི་དབུས་སུ་སྔགས་ཟློས་ཤིང་འགྲོ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་
དྷཱི་དྷཱི་དྷཱིཿཧཱ་ཨོཾ་ཧཱུཾ་ཁཾ་ཨ་པ་བཱད་ཨ་པ་བཱད། དེར་ཕྱིན་ནས་ཉི་མ་བཞི་ནས་དགའ་བའི་ཚལ་ཚན་ཆེན་པོ་མཐོང་བར་འགྱུར་ཏེ་སླར་ཡང་ཤར་ཕྱོགས་ནས་ཞུགས་ནས་བལྟས་པས། ཤིང་སཱ་ལ་དང་། ཤིང་ཏ་ལ་དང་། པི་ཡཱ་ལ་དང་། ཨ་མྲ་དང་། འབྲས་བུ་ཚེར་མ་ཅན་དང་། ཆུ་ཤིང་གི་འབྲས་བུ་དང་། བིལ་
བ་དང་། ན་རངྒ་དང་། ཀ་པིཏྠ་དང་། ཛཾ་བི་ར་ལ་སོགས་པའི་འབྲས་བུ་རྣམས་དང་། མེ་ཏོག་མནྡཱ་ར་བ་ཆེན་པོ་དང་། ཤིང་ཡོངས་འདུ་དང་། ཙམ་པ་ཀ་དང་། མྱ་ངན་མེད་དང་། ཀླུ་ཤིང་དང་། བ་ཀུ་ལ་ལ་སོགས་པ་དང་། ཛཱ་ཏི་དང་། ཀུནྡ་དང་། སེ་ཕ་ལི་ཀ་དང་། ཨ་མཱ་ལཱ་དང་། ཧ་ས་ར་ཀེནྡུ་
ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མེ་ཏོག་རྣམས་དང་། རྣམ་པ་སྣ་ཚོགས་པའི་རྫིང་བུ་རྣམས་ནི་པདྨ་དང་ཨུཏྤ་ལ་ལ་སོགས་པའི་མེ་ཏོག་མཐོང་བར་འགྱུར་རོ། །སྣ་ཚོགས་པའི་འབྲས་བུ་བཟའ་བར་བྱ་བ་རྣམས་སླར་ཡང་ནགས་ཀྱི་དབུས་སུ་ཞུགས་ཏེ་འབྲས་བུ་སྣ་ཚོགས་བཟའ་བར་བྱའོ། །དེ་ལས་འདས་ནས་
ལྷ་མ་ཡིན་གྱི་གནས་གཞི་ཆེན་པོ་མཐོང་བར་འགྱུར་རོ། །གནས་གཞི་དེར་འཇུག་པར་བྱ་སྟེ་དེ་ལ་གཡོན་ནས་བསྐོར་ནས་འགྲོ་བ་ན། སཱ་ལའི་ཤིང་ཆེན་པོ་ཡོད་དོ། །དེ་ལ་ཡང་གཡོན་ནས་བསྐོར་ནས་འགྲོ་བར་བྱའོ། །ཉི་མ་གསུམ་ཚངས་པའི་གནས་བདུན་བརྩེགས་པ་མཐོང་བར་འགྱུར་ཏེ། སྣ་ཚོགས་
པའི་འབྲས་བུ་མང་པོ་རྣམས་བཟུང་ནས་འཇུག་པར་བྱ་སྟེ། ཁང་པ་དང་པོ་ན་རྗེ་བཙུན་སེང་གེ་སྒྲ་བཞུགས་པར་མཐོང་བར་འགྱུར་ཏེ་དེ་མཐོང་ནས་ལུས་ས་ལ་ཕབ་པའི་ཕྱག་བྱའོ། །སྒོ་ནས་ཞུགས་པ་ན་རྗེ་བཙུན་དཔལ་ནག་པོ་ཆེན་པོ་འཇིགས་པ་ཆེན་པོ་མཛད་པ་བོང་སྟོད་ཆེ་བ་དེ་མཐོང་ནས་འཇིགས་པར་མི་
བྱའོ། །གཡས་ནས་བསྐོར་ནས་བྲང་ཁང་སོ་སོར་འཇུག་པར་བྱ་སྟེ། རྗེ་བཙུན་ཕྱག་བྱ་བར་འོས་པ་ལ་མཆོད་པ་དང་བསྙེན་བཀུར་ལ་སོགས་པ་བྱའོ། །མི་མཐོང་བར་མི་འགྱུར་ཏེ་རྒོད་པའི་ཚིག་ཐོས་པར་འགྱུར་བས་དེ་ལ་འཇིགས་པར་མི་བྱ་སྟེ། གལ་ཏེ་བདུན་བརྩེགས་ཀྱི་གནས་ཐམས་ཅད་ཀྱི་བར་

དུ་འཇུག་པར་བྱའོ། །དེའི་ཚེ་ཐམས་ཅད་ཀྱི་སྟེང་ན་རྗེ་བཙུན་སངས་རྒྱས་མཐོང་བར་འགྱུར་ཏ་མཆོག་ཏུ་དད་པས་ལུས་ས་ལ་ཕབ་པའི་ཕྱག་བྱའོ། །ཕྱག་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བཀླག་པར་བྱ་སྟེ། སངས་རྒྱས་བླ་མར་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་
ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །རྣམ་གསུམ་ལ་ཡང་བདག་ཕྱག་འཚལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་
ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་དང་གཞན་དོན་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་སུ་འདི་རྣམས་བྱའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་
རྒྱས་འགྲུབ་པར་ཤོག །སྡིག་པ་ཐམས་ཅད་བཤགས་པར་བྱ། །བསོད་ནམས་ལ་ཡང་རྗེས་ཡི་རང་། །འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད། །སྨྱུང་བར་གནས་པས་སྤྱད་པར་བགྱི། །དེ་ནས་ཁྱབ་འཇུག་གི་གནས་མཐོང་བར་འགྱུར་ཏེ། དེར་ཞུགས་པ་ན་བྲིས་སྐུ་དང་པོ་ཏི་དང་ལུགས་མ་ལ་
སོགས་པའི་རྗེ་བཙུན་རྣམས་མཐོང་བར་འགྱུར་ཏེ། ཕྱག་བྱས་ལ་བསྐོར་བ་བྱས་ཏེ་དབང་པོར་བྱས་ནས་འགྲོ་བར་བྱའོ། །ཁྱབ་འཇུག་གི་གནས་དགུ་བརྩེགས་པའི་གནས་དེ་ལ་གཡོན་ནས་བསྐོར་ནས་འགྲོ་བ་ན་ཉི་མ་གཅིག་ན་རྣམ་པ་ཐམས་ཅད་ཤེལ་ལ་སོགས་པའི་ལྷ་ཁང་མཐོང་བར་འགྱུར་ཏེ་དེར་འཇུག་
པར་མི་བྱ་སྟེ་ལྷ་ཁང་དེ་ལ་གཡས་ནས་བསྐོར་བར་བྱའོ། །ཤེལ་གྱི་རྣམ་པའི་རྫིང་བུ་མཐོང་བར་འགྱུར་ཏེ། དེར་འཇུག་པར་མི་བྱའོ། །དེ་འདས་ནས་ཨ་མྲ་པའི་སྐྱེད་མོས་ཚལ་མཐོང་བར་འགྱུར་ཏེ་དེ་ཡང་ཅི་ལྟར་བདེ་བར་བཟའ་བར་བྱའོ། །ཟོས་ནས་ཀྱང་བཀྱེར་བར་བྱའོ། །སླར་ཡང་དབང་ཕྱུག་ཆེན་
པོའི་གནས་བཅུ་དྲུག་ཏུ་བརྩེགས་པ་ཆེན་པོ་རིན་པོ་ཆེ་དུ་མས་ཉེ་བར་བརྒྱན་པ་མཐོང་བར་འགྱུར་ཏེ། དེ་ན་བཟའ་ཤིང་ར་བ་ལས་འབྲས་བུ་རྣམས་ཇི་ལྟར་བདེ་བར་བཟའ་སྟེ་ངལ་བསོ་བར་བྱའོ། །ཉི་མ་གཉིས་ཀྱི་བར་དུ་འགྲོ་བར་བྱའོ། །ཕྱིན་པས་ཡང་ཉི་མ་གསུམ་པ་ན་རྫིང་བུ་ཤིན་ཏུ་རིང་བ་རབ་ཏུ་ཟབ་

པ་ངོས་བཞི་རྣམས་ན་སྣ་ཚོགས་པའི་ལྗོན་ཤིང་རྣམས་ཡོད་དེ། ཨཱ་བཱ་ལ་སོགས་པའི་འབྲས་བུ་རྣམས་ཀྱིས་ཡོངས་སུ་གང་བ་ཁུ་བྱུག་ལ་སོགས་པའི་བྱ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། ངུར་པ་ལ་སོགས་པས་ཆུ་ལ་སོགས་པ་ཡོངས་སུ་གང་བ་སྟེ། རྫིང་བུ་དེར་འཇུག་པར་མི་བྱ་ཞིང་འགྲོ་བར་མི་བྱའོ། །དེ་
རྣམས་ལ་གཡོན་ནས་བསྐོར་བས་འགྲོ་བར་བྱའོ། །ཇི་སྲིད་ཉི་མ་གསུམ་ན་རྡོའི་རང་བཞིན་སྣ་ཚོགས་པའི་ནོར་བུའི་འོད་དང་མཉམ་པའི་ལྷ་ཁང་ལྔ་ཡོད་པ་མཐོང་བར་འགྱུར་ཏེ། དེ་ན་རྗེ་བཙུན་ལིངྒ་ས་ཡ་བརྒྱད་སྟོང་དུ་མ་ཡོད་དེ། དེའི་དབུས་ན་རེག་པས་གྲུབ་པའི་རྗེ་བཙུན་ལིངྒ་བཞུགས་ཏེ། དེར་ཞུགས་ནས་
གལ་ཏེ་དངོས་གྲུབ་ཆུང་ངུ་འཛིན་པར་བྱེད་ན། ལིངྒ་དེ་ལ་རེག་པ་ཙམ་གྱིས་མཁས་སྤྱོད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དེ་ནས་སྒྲུབ་པ་པོའི་སྐྱེས་བུ་རྣམས་ཀྱིས་ལྷའི་ཁང་པར་ཞུགས་ནས་ལིངྒ་རེ་རེ་ལ་རེག་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཧཱུཾ་གལ་ཏེ་ཡང་དངོས་གྲུབ་ཆུང་ངུ་འཛིན་པར་མི་བྱེད་པ་དེའི་ཚེ་
སླར་ཡང་འགྲོ་བར་བྱའོ། །ལྷའི་ཁང་པ་ལ་གཡོན་ནས་བསྐོར་ནས་འགྲོ་བ་ན། ཉི་མ་གཉིས་སོང་བ་ན་སྦྲང་རྩིའི་ཤིང་མཐོང་བར་འགྱུར་ཏེ་འབྲས་བུ་དེ་ལ་ཇི་ལྟར་བདེ་བར་བཟའ་བར་བྱའོ། །ཉི་མ་བཞི་བསྡད་པར་བྱ་ཞིང་བསྡད་ནས་ཀྱང་འབྲས་བུ་རྣམས་ཁྱེར་ནས་གཡོན་སྐོར་གྱིས་སོང་སོང་བ་ལ་ནི་བྲིང་བའི་ནགས་མཐོང་
བར་འགྱུར་ཏེ། དེ་ནས་གཡོན་ནས་བསྐོར་ནས་འགྲོ་བ་ན་སྣ་ཚོགས་པའི་མེ་ཏོག་ལ་སོགས་པས་བརྒྱན་པའི་རྫིང་མཐོང་བར་འགྱུར་ཏེ། དེ་ནས་རིག་པ་འཛིན་པའི་བུད་མེད་རྣམས་དཔལ་ལྡན་འཇིག་རྟེན་མགོན་པོ་རྗེ་བཙུན་གྱི་བཀས་སྨྲ་བར་འགྱུར་ཏེ། ཀྱེ་སྒྲུབ་པ་པོའི་སྐྱེས་བུ་དག་སླར་འཛམ་བུའི་གླིང་དུ་ཕྱིར་
ལོག་ལ་རང་གི་ཁྱིམ་དུ་སོང་ཤིག་དང་། ཁོ་མོ་མཐོང་བས་ཇི་ལྟ་བ་བཞིན་འགྱུར་བར་བྱེད་དེ། ཇི་ལྟར་ས་ཉིད་ལ་དཔལ་འབྲས་ཀྱི་ཕུང་པོར་བསྐོར་བ་གྱིས་ཤིག །སྒྲུབ་པ་པོ་རྣམས་ཀྱིས་ཀྱང་། ལྟོས་པ་མེད་པར་གྱུར་པས་སྔགས་བཟླས་པར་བྱའོ། །རྗེ་བཙུན་མའི་ཞལ་ལྟོས་པ་མེད་པར་བལྟས་པས་རྟ་
མགྲིན་འཇོག་པར་འགྱུར་ཏེ། ཀྱེ་ཧྱ་གྲཱི་བ་ཕ་རོལ་དུ་སོང་ལ་འཛམ་བུའི་གླིང་པའི་མི་ཤིན་ཏུ་དད་པའི་ཤུགས་ཀྱིས་འོངས་པ་དེ་རྣམས་ཁྲིད་ལ་ཤོག་ཤིག །རྗེ་བཙུན་དེ་ནི་བོང་ཚོད་ཆེ་བ། མདོག་གནག་པ་ཁྲག་གིས་བརླན་པ་ངར་ངར་སྒྲོགས་པ་སྤྱན་དམར་བས་བཀའ་གསོལ་བར་འགྱུར་ཏེ། ཀྱེ་སྒྲུབ་པ་

པོའི་སྐྱེས་བུ་དག་གང་འདོད་པ་ཟུང་ཤིག་དང་བཟུང་ནས་འཛམ་བུའི་གླིང་དུ་སོང་སྟེ་སེམས་ཅན་གྱི་དོན་བྱོས་ཤིག་གོ་ཞེས་སོ། །དེ་ནས་གལ་ཏེ་མི་འགྲོ་བ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས་པ་ལ་འདོད་པར་བྱོས་ཤིག །སྒྲུབ་པ་པོ་རྣམས་ཀྱིས་སྨྲ་བར་བྱ་སྟེ། བཅོམ་ལྡན་འདས་བདག་
ནི་རྗེ་བཙུན་ཉིད་བལྟར་འགྲོའོ། །དེ་ནས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མས་བཀའ་སྩལ་པ། ལམ་འདི་ཉིད་ནས་སོང་ཤིག་ཅེས་སོ། །དེ་ནས་སོང་བས་འགྲོ་བའི་དུས་སུ་དད་པས་བསྐོར་བ་ལན་གསུམ་བྱ་སྟེ། འགྲོ་བ་ན་གསེར་གྱི་རང་བཞིན་གྱི་སྐས་ལ་ལོགས་གཉིས་སྣ་ཚོགས་པའི་རཏྣ་རྣམས་
ཀྱིས་སྤྲས་པའོ། །སྣ་ཚོགས་པའི་སྐྱེད་མོས་ཚལ་ཡོད་དེ་སྐྱེད་མོས་ཚལ་རེ་རེ་ན་རྣམ་པ་སྣ་ཚོགས་པའི་ལྗོན་ཤིང་གིས་བརྒྱན་པ། ཁུ་བྱུག་དང་རྨ་བྱ་དང་ཀ་ལ་པིང་ཀ་དང་། ནེ་ཚོ་དང་། ས་རི་ཀ་ངུར་པ་རྣམས་ཀྱིས་སྒྲ་ངེས་པར་སྒྲོགས་པ། རྫིང་བུ་ཆེན་པོ་ན་པདྨ་དང་ཨུཏྤལ་ལ་སོགས་པས་བརྒྱན་པ་མཐོང་བར་འགྱུར་ཏེ།
དེས་སྐས་ལ་འཛེགས་པ་ན་མཐའ་ཡས་པའི་རཏྣ་དུ་མས་ཉེ་བར་སྤྲས་པའི་རྣམ་པ་སྣ་ཚོགས་དཔེ་མེད་པ་རྣམ་པར་ཕྱེ་བ་ཉམས་དགའ་བའི་བྲག་རིའི་རྩེ་མོ་ན་དཔལ་ལྡན་པོ་ཊ་ལ་ཀའི་རིའི་རྒྱལ་པོ་གྲུབ་པ་དང་། རིག་པ་འཛིན་པ་དང་། ལྷ་དང་མི་འམ་ཅི་དུ་མ་རྣམས་ཀྱིས་གསོལ་བ་འདེབས་པ་སྟེ། དེར་ཆུ་དྲི་
ཞིམ་པོ་བསིལ་བའི་འོབས་མཐོང་བར་འགྱུར་ཏེ། དེ་དག་མཐོང་བས་སྐོམ་པར་འགྱུར་ཏེ་དེ་ལ་བཏུང་བར་མི་བྱ་ཞིང་བརྒལ་བར་བྱའོ། །གལ་ཏེ་བརྒལ་བ་དེའི་ཚེ་དཔལ་གྱི་རི་ལ་ཨ་མྲའི་རྩ་བ་ཞེས་བྱ་བའི་ལྷ་ཁང་དེར་འགྲོ་བར་འགྱུར་ཏེ། འོབས་དེ་དག་ལས་འདས་ནས་བསིལ་ཁང་མཐོང་བར་འགྱུར་ཏེ།
དེ་ན་བཅོམ་ལྡན་འདས་འཇམ་དཔལ་ལྷ་ལ་སོགས་པའི་ཚོགས་ཀྱིས་བསྐོར་བ་ལ་ཆོས་སྟོན་པར་གྱུར་པ་བཞུགས་ཏེ། འདི་ལྟར་སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞུགས་པ་མཐོང་བར་
འགྱུར་རོ། །དཔལ་ལྡན་པོ་ཊ་ལ་ཀའི་རིའི་རྩེ་མོ་ན་དཔེ་མེད་པའི་རིན་པོ་ཆེ་དུ་མའི་གཞལ་ཡས་ཁང་ན་བཞུགས་པའི་སྤྱན་རས་གཟིགས་ཀྱི་དབང་པོ་ཞལ་མངོན་སུམ་དུ་བཞུགས་པ་མཐོང་བར་འགྱུར་ཏེ། དེའི་ཚེ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པའི་ཕྱག་བྱ་སྟེ། གཡས་ཕྱོགས་ནས་ལན་བརྒྱ་སྟོང་དུ་

མས་བསྐོར་བ་བྱ་སྟེ་མདུན་དུ་འདུག་པར་བྱའོ། །དེ་ནས་རྗེ་བཙུན་གྱིས་བཀའ་སྩལ་པ། ཀྱེ་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཡིད་ལ་བསམས་པའི་མཆོག་ཐོབ་སྟེ་སླར་ཕྱིར་བོས་ནས་འཛམ་བུ་གླིང་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འདོད་པའམ། ཡང་ན་ཆོས་ཀྱི་དབྱིངས་ཀྱི་སའི་གཟུངས་
ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་ཐོབ་པར་འདོད་པའམ། ཡང་ན་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལ་སོགས་པ་འདོད་ཅེས་བཅོམ་ལྡན་འདས་ཀྱིས་མཆོག་གི་དོན་དུ་གསུངས་སོ། །དེས་གང་ཡིད་ལ་བསམས་པའི་མཆོག་དེ་རྣམས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་པོས་ཐོབ་པར་མཛད་
དོ། །དེ་ཉིད་དུ་སྡོད་པར་འདོད་ན་དེ་ཚེ་བཅོམ་ལྡན་འདས་འཁོར་བ་ཇི་སྲིད་བར་བཞུགས་པ་དེ་སྲིད་དུ་གནས་པར་འགྱུར་རོ། །སྔོན་དུ་བཤད་པའི་ཡོན་ཏན་རྣམས་ཀྱང་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱང་
མཐོང་བར་འགྱུར་རོ། །དེ་བཞིན་དུ་བདག་ཉིད་ཀྱིས་བྱ་ཞིང་ང་དང་འདྲ་བའི་བྱང་ཆུབ་སེམས་དཔའ་བར་བྱོས་ཤིག །ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ངའི་ཁ་ལ་མཉན་པར་གྱིས་ཤིག །དེ་ནས་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ང་དང་འདྲ་བར་འགྱུར་རོ་ཞེས་དཔལ་
ལྡན་པོ་ཏ་ལ་ཀའི་རྗེ་བཙུན་གྱི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། །།ཕོ་བྲང་སྐྱིད་ཀྱི་བྱང་མཁར་དུ་ལྷ་བླ་མ་ཞི་བའི་བློ་གྲོས་ཀྱི་ལུང་གིས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་བྷི་ཡུཀྟ་དེ་བ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་དྷརྨ་ཡོན་ཏན་གྱིས་ཇི་ལྟར་རྙེད་པར་བསྒྱུར་བའོ། །འདི་ནི་གཞུ་མིན་རི་
དགས་མ་ཡིན་ཕག་གི་ཕྲུག་གུ་མིན། །ཡོངས་སུ་རྫོགས་པའི་ཟླ་བའི་གདོང་ཅན་མཛེས་མ་མ་ཡིན་ཏེ། །སྤྲུལ་པ་འདི་དག་ཐམས་ཅད་དོན་གཉེར་སྐྱེ་བོའི་འཇིག་རྟེན་དུ། །རི་ཁྲོད་ལྷག་པའི་རྒྱལ་པོ་རི་བོ་དཔེ་ཡི་མཆོག་ལ་ཡང་དག་བཞུགས།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བོ་དྷི་ཨུདྡེ་
ཤ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཆེན་པོ་མདོར་བསྟན་པ་ཞེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བྱང་ཆུབ་ཆེན་པོ་འཕགས་པའི་གནས་རྣམས་གཏམ་དུ་བྱ་བ་ནི། །བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ཉིན་ཞག་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཀྱི་དྲུང་

དུའོ། །གཉིས་པ་ལ་བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམས་པར་གཟིགས་སོ། །གསུམ་པ་ལ་ཞབས་འཆག་གོ། །བཞི་པ་ལ་བྱང་ཆུབ་ཀྱི་དྲུང་དུའོ། །ཁ་ཅིག་ནི་རིན་པོ་ཆེའི་ཁང་པར་ཟེར་རོ། །ལྔ་པ་ལ་རྒྱལ་པོའི་འབྱུང་གནས་སུའོ། །དྲུག་པ་ལ་ཀླུ་བཏང་བཟུང་གི་གནས་
སུའོ། །བདུན་པ་ལ་ར་སྐྱོང་གི་ནྱ་གྲོ་དྷའི་གནས་སུའོ། །བྱང་ཆུབ་ཆེན་པོའི་དྲི་གཙང་ཁང་དང་ཉེ་བར་རྡོའི་ལྕགས་རི་ར་བ་བདུན་གྱི་ཁོར་ཡུག་གིས་བསྐོར་བ། བྱང་ཆུབ་ཀྱི་ཤིང་བསྲུང་བའི་དོན་དུ་འབྲོག་དགོན་པའི་གླང་པོ་ཆེའི་ཚོགས་ཀྱི་གནོད་པའི་འཇིགས་པ་ལས་བསྲུང་བའི་ཕྱིར་སྟོབས་ཀྱི་
འཁོར་ལོས་སྒྱུར་བ་དཔལ་ལྡན་ཆོས་ཀྱི་མྱ་ངན་མེད་ཀྱིས་བྱས་སོ། །དཔལ་ལྡན་བྱང་ཆུབ་ཆེན་པོའི་དྲི་གཙང་ཁང་དག་པའི་གནས་སུ་ལྷའི་བུ་བཅུ་དགུ་འཇིག་རྟེན་དབང་ཕྱུག་གི་གཟུགས་བརྙན་ལ་བལྟབ་པར་སྣང་ལ་གནས་སོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་གཏམ་དུ་བྱེད་ཅིང་བཞུགས་
སོ། །འདིར་དེ་བཞིན་གཤེགས་པ་དུས་རིང་མོ་ནས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱའོ། །ས་ག་ཟླ་བའི་ཉ་གང་བ་ལ་རྒྱུ་སྐར་ས་ག་དང་གཟའ་མིག་དམར་གྱི་དུས་སུ་སངས་རྒྱས་པ་ཉིད་ཀྱི་ཉིན་ཞག་ལ་ཚངས་པ་དང་། དབང་པོ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ལྷ་དང་། ཀླུ་དང་།
གནོད་སྦྱིན་ལ་སོགས་པ་དང་བཅས་པའི་འཇིག་རྟེན་པ་རྣམས་ཀྱིས་མཆོད་པ་བྱས་པ་ལས་དངོས་གྲུབ་ཏུ་འགྱུར་རོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་འཕགས་པའི་གནས་ཀྱི་ལྕགས་རིའི་ལྷོ་སྒོར་ཕྱིན་པ་ན་ཤར་དང་ནུབ་ཏུ་མཆོད་རྟེན་གཉིས་སོ། །དེ་དག་ལས་ནུབ་ཀྱི་མཆོད་རྟེན་ནི་ཆོས་ཀྱི་མྱ་ངན་མེད་
པའི་བཙུན་མོའི་ཚོགས་ཀྱི་སྦྱིན་པའི་གནས་སུའོ། །མཆོད་རྟེན་གཉིས་པ་ནི་ལྷ་སྐྱོང་གི་ནང་གི་གྲོང་གི་སྦྱིན་པའི་གནས་སུའོ། །དཔལ་ལྡན་ཆོས་ཀྱི་མྱ་ངན་མེད་ཀྱི་བར་མ་ཆད་དུ་བྲམ་ཟེ་མཐོ་བཙུན་གྲུབ་རྗེས་བྱང་ཆུབ་ཆེན་པོའི་དྲི་གཙང་ཁང་ཆེན་པོ་བྱང་ཆུབ་ཆེན་པོའི་སྐུ་དང་བཅས་པ་བཞེངས་སོ། །རྗེ་
བཙུན་ཞབས་དང་བི་ཤྭ་ཀརྨས་ཙནྡན་གོ་ཤཱིཪྵ་ལས་བསྒྲུབས་སོ་ཞེས་ཐོས་སོ། །ཤར་གྱི་མཆོད་རྟེན་གྱི་རྟ་བབས་ལས་འདོད་པའི་ལྷའི་གདུགས་ལྷུང་ངོ་ཞེས་གཏམ་དུ་བྱེད་དོ། །བྱང་ཆུབ་ཀྱི་ལྷོར་དགེ་བའི་འབྱུང་གནས་ཀྱི་མཆོད་རྟེན་ཆེན་པོའོ། །ལྷོ་སྒོའི་ཤར་ངོས་སུ་ཆོས་ཀྱི་མྱ་ངན་མེད་ཀྱི་རྡོའི་རང་

བཞིན་གྱི་དགྲ་བཅོམ་པའི་དྲི་གཙང་ཁང་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་ལམ་ཉི་མ་དང་ཟླ་བའི་མཆོད་རྟེན་གཉིས་སོ། །ར་སྐྱོང་གི་ནྱ་གྲོ་དྷའི་དྲུང་དུ་ཚངས་པ་འོངས་ཤིང་བདུད་ཀྱི་བུ་མོ་རྣམས་ཀྱང་འོངས་ཏེ་བདུད་རྣམས་བཅོམ་མོ། །དེའི་འདུན་སར་རྡོའི་མཆོད་སྡོང་གི་མཆོད་རྟེན་ནོ། །དེར་བཅོམ་ལྡན་
འདས་བཞུགས་པ་ལ་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་བོ། །རྡོ་རྗེའི་ས་གཞིའི་དབུས་སུ་རྡོ་རྗེ་ཕུར་བུའི་མཆོད་རྟེན་བཞིའོ། །བྱང་ཆུབ་ཀྱི་ནུབ་ཏུ་བྱང་ཆུབ་སེམས་དཔའ་བཞུགས་ཏེ་བྱང་ཆུབ་ཀྱི་ཤིང་ལ་རྣམ་པར་གཟིགས་པའི་མཆོད་རྟེན་ནོ། །ཨངྒཱ་ར་བོ་དྷིའི་གནས་སུ་ཨ་
ཤྭཏྠའི་ཤིང་ངོ་། །དེའི་ནུབ་ཏུ་བཅོམ་ལྡན་འདས་ཤར་ཕྱོགས་སུ་ཞལ་གཟིགས་ཏེ་འོད་ཟེར་བཀྱེ་བའི་དྲི་གཙང་ཁང་དུ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་སྐུ་ཚད་དང་མཉམ་པའོ། །དེའི་བྱང་དུ་སྒྲོལ་མ་ཀུ་རུ་ཀུལླེའི་མཆོད་རྟེན་ནོ། །དེ་ནས་ནུབ་བྱང་དུ་བདུད་ཀྱི་བུ་ལྔ་བརྒྱ་པོ་རྣམས་སངས་རྒྱས་ལ་རབ་
ཏུ་དད་པའི་མཆོད་རྟེན་ལྔ་བརྒྱ་རྣམས་སོ། །སངས་རྒྱས་ལ་མ་དད་ཅིང་བློ་ངན་པ་ལྔ་བརྒྱའི་ཚོགས་ནི་ཤར་ཕྱོགས་ཀྱི་སྒོར་འདུག་པ་རྣམས་འཁོར་ཡུག་ཆེན་པོའི་ནུབ་བྱང་གི་མཚམས་ནས་འདོད་པའི་ལྷ་བྱེར་བར་གྱུར་ཏོ། །དེ་ནས་ཤར་དུ་ཧུ་ལུ་ཧུ་ལུའི་སྒྲོལ་མའོ། །དེའི་ཤར་དུ་འཇིག་རྟེན་དབང་ཕྱུག་གི་
དྲི་གཙང་ཁང་གི་དབུས་སུ་མཆོད་རྟེན་ཟླུམ་པོའོ། །སྤྱན་མི་འཛུམས་པར་གཟིགས་པའི་ནུབ་ཏུ་སྐྱེ་བ་དྲན་པའི་མཆོད་རྟེན་ནོ། །རེའུ་མིག་གི་སྒོའི་ལྷོ་ཕྱོགས་སུ་གཞོན་ནུ་ཟླ་བའི་དྲི་གཙང་ཁང་ངོ་། །ཁོར་ཡུག་ཆེན་པོའི་བྱང་ཤར་གྱི་མཚམས་སུ་མཆོག་སྲེད་ཀྱི་མཆོད་རྟེན་གཉིས་སོ། །ཤར་ཕྱོགས་སུ་
མཆོད་རྟེན་གཅིག་གོ། །ཤར་སྒོ་དང་ཉེ་བར་སངས་རྒྱས་འོད་སྲུངས་ཞབས་འཆགས་པའི་རྡོའི་མཆོད་རྟེན་གཉིས་པའོ། །སེང་གེའི་སྒོའི་ཤར་གྱི་ངོས་སུ་སེང་གེའི་ལག་པའི་ཆུ་སྦྱིན་པའི་མཆོད་རྟེན་ནོ། །དེ་ནས་ནུབ་ཏུ་གཟིམས་པ་ལ་འཇུག་པའི་མཆོད་རྟེན་ནོ། །གཟིམས་པ་ལ་འཇུག་པའི་ལྷོར་དྲི་ཟ་
གཙུག་ཕུད་ལྔ་པའི་མཆོད་རྟེན་ནོ། །དེའི་ནུབ་ཏུ་ཚངས་པ་དང་དབང་པོའི་མཆོད་རྟེན་གཉིས་སོ། །ཀླུའི་རྒྱལ་པོ་དུས་ཅན་གྱི་གནས་ཀྱི་ལྷོ་ཕྱོགས་ཨ་མྲའི་ཚལ་དུ་དང་པོ་ནས་ཏིང་ངེ་འཛིན་སྐྱེ་བའི་མཆོད་རྟེན་རྣམས་སོ། །དེ་ནས་ཤར་གྱི་ཕྱོགས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་བྱང་ཆུབ་སེམས་དཔའ་

གནས་དང་གནས་རྣམས་སུ་ཞབས་འཆགས་པ་དང་། རལ་པ་ཅན་གྱི་གནས་དང་གནས་རྣམས་སུ་གཤེགས་པའི་མཆོད་རྟེན་གཉིས་པའོ། །ཆུ་ཀླུང་གི་ཤར་ཕྱོགས་ལ་སོགས་པའི་དབྱེ་བ་ནི་ཆུ་ཀླུང་གི་ཁྱབ་པ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེ་ནས་ནུབ་ཏུ་སྐྱེད་
མོས་ཚལ་གྱི་དབུས་སུ་དགའ་མ་དང་དགའ་སྟོབས་མས་བསོད་སྙོམས་ཕུལ་བའི་མཆོད་རྟེན་ནོ། །དེ་ནས་ལྷོར་མེ་ཏོག་ཕྲེང་བའི་ཤར་གྱི་ངོས་ཆུ་ཀླུང་ནཻ་རཉྫ་ནར་བཅོམ་ལྡན་འདས་ཁྲུས་མཛད་པའི་མཆོད་རྟེན་ནོ། །དེ་ནས་ནུབ་ཏུ་ཟག་པ་འདོར་བ་རྡོའི་མཆོད་སྡོང་གི་མཆོད་རྟེན་ནོ། །དེའི་ལྷོར་ཙནྡན་
སུ་བཱི་ར་འཇུག་པའི་མཆོད་རྟེན་ནོ། །དེ་ནས་ཤར་ལྷོར་དཀའ་བ་སྤྱོད་པའི་མཆོད་རྟེན་ནོ། །དེའི་བྱང་ངོས་སུ་འདུན་པ་བྱང་ཆུབ་སེམས་དཔའ་ལ་བལྟ་བའི་མཆོད་རྟེན་ནོ། །དཀའ་བ་སྤྱོད་པའི་བྱང་ངོས་སུ་ཙནྡན་སུ་བཱི་ར་དག་གིས་རྣམ་པར་རྒྱལ་བ་བྲིས་པའི་མཆོད་རྟེན་གཉིས་སོ། །དཀའ་བ་སྤྱོད་
པའི་ཤར་ལྷོར་ཆུ་ཀླུང་གི་འགྲམ་དུ་སངས་རྒྱས་འཁོར་དང་ཐབས་ཅིག་ཏུ་རལ་པ་ཅན་རྣམས་ཀྱི་གནས་སུ་བཞུགས་པའི་མཆོད་རྟེན་རྣམས་སོ། །དེ་ཉིད་དུ་ཙནྡན་སུ་བཱི་ར་དག་དང་ཐབས་ཅིག་པའི་མཆོད་རྟེན་གཉིས་སོ། །དེ་ནས་ལྷོར་ལྷ་དབྱངས་སྒྲོགས་པའི་མཆོད་རྟེན་ནོ། །དེ་ནས་ལྷོར་ག་
གོན་དང་བཟང་པོའི་དོན་དུ་མཆོད་རྟེན་རྣམས་སོ། །དེ་དག་གི་སྟེང་གི་ནམ་མཁར་བརྒྱ་བྱིན་གནས་སོ་ཞེས་ཐོས་སོ། །དེ་ནས་ལྷོར་ཨ་མྲའི་ཤིང་གི་ངོས་རྒྱལ་པོའི་འབྱུང་གནས་ཀྱི་དྲུང་དུ་ཉི་མ་བདུན་པའི་མཆོད་རྟེན་ལྔའོ། །རྒྱལ་པོའི་འབྱུང་གནས་ཀྱི་གནས་སུ་འོ་མ་ཅན་གྱི་ཤིང་ཡོད་དོ། །དེར་
འཇིག་རྟེན་སྐྱོང་བ་བཞིས་བཅོམ་ལྡན་འདས་ལ་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་མཛད་དེ་ལོངས་སྤྱོད་དོ། །དེ་ཉིད་དུ་ག་གོན་དང་བཟང་པོ་དག་གིས་ཟས་ཕུལ་ལོ། །དེ་ནས་ཤར་ཕྱོགས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཟས་ཕུལ་བའི་མཆོད་རྟེན་
ནོ། །སངས་རྒྱས་ནས་ཟས་གསོལ་བའི་དང་པོའོ། །ནཻ་རཉྫ་ནའི་ཤར་ཕྱོགས་གླང་པོ་ཆེའི་གཤངས་སུ་ཕྱོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་དང་དབང་པོ་འོངས་ཏེ་མཆོད་རྟེན་ལྔ་བཞེངས་སོ། །འཇིག་རྟེན་སྐྱོང་བ་བཞི་འོངས་ཏེ་ཕྱོགས་བཞིར་མཆོད་རྟེན་བཞེངས་སོ། །ཤར་ཕྱོགས་སུ་དབང་པོ་

འོངས་ཏེ་མཆོད་རྟེན་བཞེངས་སོ། །དེ་ནས་ཤར་གྱི་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ཡུམ་གྱིས་གསོ་བ་ཡུམ་གྱི་མངལ་གྱི་མཆོད་རྟེན་ནོ། །དེ་ལ་བྲམ་ཟེ་མཐོ་བཙུན་གྲུབ་རྗེས་དཔལ་ལྡན་བྱང་ཆུབ་ཆེན་པོ་བཞེངས་པར་འདོད་པ་ལ། ལྷས་ལུང་བསྟན་པ་ནཻ་རཉྫ་ནའི་འགྲམ་ན་ཙནྡན་གོ་ཤིཪྵ་ཡོད་པ་
ལས་སྒྲུབས་ཤིག་ཅེས་ཐོས་ནས། སོ་གའི་དུས་སུ་མ་ཧེ་མང་པོ་བྱེ་མའི་སྟེང་དུ་ཉི་མ་རེ་རེ་ཞིང་འདུག་པ་མཐོང་ནས་དེ་བསིལ་བའི་གནས་སུ་འདུག་པ་ལ་དཔགས་ཏེ་བཙལ་བས་རྙེད་དེ་དེ་གནས་དེ་ནས་ཕྱུང་སྟེ་ཙནྡན་གོ་ཤིཪྵ་དེ་ཉིད་ལས་རྗེ་བཙུན་གྱི་སྐུ་བཞེངས་སོ། །ཀླུ་བཏང་བཟུང་གི་གནས་སུ་ཉི་
མ་བདུན་པའི་དྲི་གཙང་ཁང་དུ་ཀླུ་བཏང་བཟུང་གིས་བཅོམ་ལྡན་འདས་ལ་ཕྱག་བཙལ་བའི་མཆོད་རྟེན་ནོ། །ཀླུ་བཏང་བཟུང་གི་ལྷོ་ངོས་སུ་ར་སྐྱོང་གི་ལྷའི་བུ་མཐོ་རིས་ནས་བབས་པའི་མཆོད་རྟེན་ནོ། །བཏང་བཟུང་གི་གནས་བྱང་ངོས་སུ་ར་སྐྱོང་གི་ལྷའི་བུ་ནྱ་གྲོ་དྷ་འདུལ་བའི་མཆོད་རྟེན་གསུམ་མོ། །
བརྒྱ་བྱིན་མཚོའི་ལྷོ་ཕྱོགས་སུ་ཤཱུ་ཙིའི་མཆོད་རྟེན་ནོ། །འདིར་དུས་འགའ་ཞིག་གི་ཚེ་དགེ་བསྙེན་མ་ཞིག་ལ་བུ་བཅུ་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བྱུང་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །ཇི་ཙམ་ན་དེ་རྣམས་ལ་མ་རྒན་མོས་ཤ་ནའི་གོས་དག་ཅིག་བྱིན་པ་དང་དེ་རྣམས་
ཀྱིས་སྨྲས་པ། བདག་ཅག་ལ་དགོས་པ་མེད་ཀྱི་རྒྱལ་པོ་ཟས་གཙང་གི་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་རྒ་བ་དང་ན་བ་དང་འཆི་བ་མཐོང་ནས་སྐྱོ་བའི་ཡིད་ཀྱིས་ནགས་སུ་སོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པར་འགྱུར་གྱི་དེ་དག་ལ་ཕུལ་ཅིག་ཅེས་ལུང་བསྟན་
ནས། རང་སངས་རྒྱས་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་སོ། །རྒན་མོ་དེས་ཀྱང་འཆི་ཁར་གོས་དེ་དག་བུ་མོ་ལ་གཏད་ནས་ཇི་ལྟར་གྱུར་པ་རྣམས་སྨྲས་སོ། །དེའི་བུ་མོ་ཡང་འཆི་བའི་དུས་སུ་གོས་དེ་དག་ཤིང་དྲུང་ཞིག་ཏུ་བཞག་ནས་དེ་ལ་གནས་པའི་ལྷ་ལ་ཁྱོད་ཀྱིས་གོས་འདི་དག་ཟས་གཙང་
གི་སྲས་ལ་ཕུལ་ཅིག་ཅེས་གསོལ་བ་བཏབ་བོ། །དེ་ནས་ལྷ་དེས་སངས་རྒྱས་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་ཉིད་ཀྱིས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གོས་སུ་མཛད་དོ། །བཅོམ་ལྡན་འདས་ཀྱི་འཁོར་མང་པོའི་སྔོན་དུ་འགྲོ་བ་འོད་སྲུངས་ཆེན་

པོའི་མཆོད་རྟེན་ནི་སྣམ་སྦྱར་གྱིས་ཡོངས་སུ་དཀྲིས་ཏེ་བཞུགས་སོ། །འོད་སྲུངས་ཆེན་པོ་ཡང་རི་བྱ་རྐང་ཅན་དུ་སྣམ་སྦྱར་གྱིས་དཀྲིས་ཏེ་ད་ལྟར་ཡང་བཞུགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཕམ་པ་སངས་རྒྱས་ནས་རི་བྱ་རྐང་ཅན་དུ་འཁོར་བྱེ་བ་ཕྲག་དགུ་བཅུ་
རྩ་དྲུག་ལ་སྟོན་པར་མཛད་དོ། །དེའི་ཚེ་རི་བོ་ཡང་རང་ཉིད་ཀྱིས་ཁ་བྱེ་བར་འགྱུར་རོ། །བཅོམ་ལྡན་འདས་བྱམས་པ་ཡང་གནས་བརྟན་འོད་སྲུངས་ཆེན་པོ་རང་གི་ལག་པས་བླངས་ནས་ཐམས་ཅད་ལ་སྟོན་པར་མཛད་དོ། །ཤཱཀྱ་ཐུབ་པའི་ཉན་ཐོས་འོད་སྲུངས་ཆེན་པོ་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཆོ་
འཕྲུལ་ཅན་མཐོང་ནས་དེ་ཐམས་ཅད་ཀྱིས་གྲངས་ཇི་ལྟ་བར་འབྲས་བུ་ཐོབ་པར་འགྱུར་རོ། །དེ་དག་ནི་མ་ཕམ་པའི་འདུས་པ་དང་པོ་ལ་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་གཏམ་མོ། །བརྒྱ་བྱིན་གྱི་མཚོའི་ལྷོར་རྫིང་ལག་པས་བརྐོས་པའི་གནས་སུ་ཨརྫུ་ནའི་ཤིང་ཡོད་དོ། །བཅོམ་ལྡན་
འདས་ཁྲུས་མཛད་ནས་ཏ་མ་ལའི་སྟེང་དུ་བཞེངས་སོ། །སངས་རྒྱས་ཀྱི་རྫིང་གི་ལྷོ་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་ཆང་བུའོ། །ཀླུ་དུས་ཅན་གྱི་གནས་པ་ཊའི་ཤིང་དྲུང་དུ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་གནས་སོ། །དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་འོད་སྲུངས་འཁོར་ལྔ་བརྒྱ་དང་བཅས་པ་
མྱ་ངན་ལས་འདས་པ་ལ་བཀོད་དོ། །དེའི་བྱང་དུ་མཚན་མོ་མེའི་ཁང་པ་འདུལ་བར་མཛད་དོ། །དགེ་སྦྱོང་ཞེས་པ་ནི་ཡང་དང་ཡང་དུ་འཁོར་བ་སྟེ་འོད་སྲུངས་ཀྱི་ཚོགས་རྣམས་སོ། །དེར་མཆོད་རྟེན་རྣམས་ཀྱི་ཕྲེང་བའོ། །དེའི་བྱང་དུ་ཚོགས་པ་ཅན་གྱི་སྟེང་དུ་བཅོམ་ལྡན་འདས་དང་འོད་སྲུངས་
ཀྱིས་དང་པོར་མཐོང་བའི་མཆོད་རྟེན་གཉིས་སོ། །དེའི་བྱང་དུ་བཅོམ་ལྡན་འདས་ཀྱིས་ཀླུ་གདུག་པ་ལྷུང་བཟེད་དུ་བཅུག་ནས་འོད་སྲུངས་ལ་བསྟན་ཏོ། །དེའི་ལྷོ་བྱང་དུ་མཆོད་རྟེན་གཉིས་སོ། །གཟིམས་པའི་མཆོད་རྟེན་གྱི་ནུབ་ཏུ་ད་ལྟར་ཡང་གསེར་གྱི་སྟེགས་ཡོད་དོ། །དེ་ལ་ཕུར་བུའི་ས་
གཞི་ལ་སངས་རྒྱས་སྟོང་པོ་གསེར་གྱི་པདྨའི་སྟེང་དུ་འབྱུང་བར་འགྱུར་རོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལ་སོགས་པ་བཞི་བྱུང་བར་གྱུར་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །མ་ཕམ་པ་ནི་ལྔ་པའོ་ཞེས་བྱའོ། །དེའི་ཡང་ནུབ་ཏུ་མེའི་ཁང་པ་འདུལ་བའི་

མཆོད་རྟེན་ནོ། །དེའི་ནུབ་ཏུ་སཽ་ཝརྟྟའི་མཆོད་རྟེན་ནོ། །དེའི་ནུབ་ཏུ་རྨ་བྱའི་མཆོད་རྟེན་ནོ། །དེའི་བྱང་དུ་བུམ་པའི་མཆོད་རྟེན་ནོ། །མ་ཊིའི་གཙུག་ལག་ཁང་གི་ནུབ་སྡེ་ཅན་གྱི་གནས་ཀྱི་ཤར་དུ་སངས་རྒྱས་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་བསྟི་གནས་སུ་གཤེགས་པའི་མཆོད་རྟེན་ནོ། །དེ་ཉིད་
དུ་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུངས་ཀྱི་དོན་དུ་འགྲོ་བ་དང་འོང་བའི་མཆོད་རྟེན་གཉིས་སོ། །མ་ཊིའི་གཙུག་ལག་ཁང་དང་ཉེ་བར་འོད་སྲུངས་ཀྱི་སློབ་མ་དང་ལྷན་ཅིག་ཏུ་བལྟ་བའི་གནས་སོ། །འོད་སྲུངས་ཀྱི་སློབ་མ་རྣམས་ཀྱི་མཆོད་རྟེན་ནི་ཟླུམ་པོ་སྟེ་ཆུང་ངུའོ། །གཙུག་ལག་ཁང་གི་བྱང་ཤར་དུ་
འོད་སྲུངས་ལ་སོགས་པ་རལ་པ་ཅན་རྣམས་ཀྱི་མཆོད་རྟེན་རྣམས་སོ། །འོད་སྲུངས་ལ་སོགས་པ་རལ་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་ལ་དབྱུ་གུ་དང་སྲེག་བླུགས་ལ་སོགས་པ་ཕུལ་ལོ། །གཙུག་ལག་ཁང་གི་བྱང་དུ་མཆོད་རྟེན་ཟླུམ་པོའོ། །དེར་འོད་སྲུངས་རབ་ཏུ་བྱུང་ངོ་ཞེས་གཏམ་དུ་
བྱེད་དོ། །དབུས་སུ་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ནོ། །དེའི་བྱང་དུ་བྷ་གོའི་གཙུག་ལག་ཁང་གི་ལྷོ་ངོས་སུ་དགའ་མ་དང་དགའ་སྟོབས་མས་འོ་ཐུག་སྦྲང་རྩི་ལྟ་བུ་ཕུལ་བའི་མཆོད་རྟེན་རྣམས་སོ། །པདྨའི་གཙུག་ལག་ཁང་གི་མདུན་དུ་མཆོད་རྟེན་ཟླུམ་པོ་སྟེ་དགའ་མ་དང་དགའ་སྟོབས་མའི་ཁང་
པའོ། །དེ་ནས་ཤར་དུ་འོ་ཐུག་སྦྲང་རྩི་ལྟ་བུ་བསྒྲུབས་པའི་མཆོད་རྟེན་གྱི་ཕྲེང་བའོ། །དེ་ནས་བྱང་དུ་བྱང་ཆུབ་སེམས་དཔའ་དང་པོར་ཞུགས་པའི་སངས་རྒྱས་ཀྱི་ལམ་མོ། །སེང་གེའི་སྒོའི་བྱང་ནས་ནཻ་རཉྫ་ནའི་ནུབ་ཀྱི་འགྲམ་དུ་ཁ་ཊ་ཁ་ཊི་ཀཱ་བདྡྷ་ལྷ་དང་ལྷ་མ་ཡིན་གྱི་གཞི་ཡོད་དོ། །དེར་བཅོམ་
ལྡན་འདས་བཞུགས་ཏེ་འོ་ཐུག་སྦྲང་རྩི་ལྟ་བུ་གསོལ་ནས་གསེར་གྱི་སྣོད་དུ་བྱིན་གྱིས་བརླབས་པར་མཛད་དེ་ལྷོ་ཕྱོགས་ནས་དོར་རོ། །མཆོད་སྡོང་གི་མཆོད་རྟེན་ནི་སངས་རྒྱས་འོད་སྲུངས་ཀྱི་ཞབས་འཆགས་པའི་གནས་སུའོ་ཞེས་གཏམ་དུ་བྱེད་དོ། །དེའི་ནུབ་བྱང་དུ་མཆོད་རྟེན་ཟླུམ་པོའོ། །དེ་བས་
ན་བཅོམ་ལྡན་འདས་ནི་འོད་སྲུངས་ལ་སོགས་པའི་འཁོར་སྟོང་གིས་བསྐོར་ཏེ་གླང་པོ་ཆེའི་དབུས་སུ་མཆོད་སྦྱིན་གྱི་ཚལ་དུ་གཤེགས་སོ། །དེའི་ནུབ་བྱང་དུ་སྡེ་དཔོན་གྱི་གྲོང་ངོ་། །དེའི་བྱང་དུ་བཅོམ་ལྡན་འདས་ཀྱི་སྐུ་སྣང་བའི་མཆོད་རྟེན་གཉིས་སོ། །དེའི་བྱང་དུ་ཤཱུ་ཙི་ར་གནོད་སྦྱིན་གྱི་གནས་ན་

མཆོད་རྟེན་ནོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་གནས་བསྟན་པའོ། །བྱང་ཆུབ་ཆེན་པོ་མདོར་བསྟན་པ་རྫོགས་སོ།། །།རྣམ་པ་ཐམས་ཅད་པའི་སྤྱན་གྱིས་སེམས་ཅན་མ་ལུས་པའི་ཁམས་ལ་གཟིགས་ཏེ། ཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་སྤྲུལ་པའི་འོད་ཟེར་སྣ་
ཚོགས་ཀྱིས་རྣམ་པར་མཛེས་པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་དང་། རྨད་དུ་བྱུང་བའི་བསོད་ནམས་དང་ཡེ་ཤེས་ཆེན་པོའི་དཔུང་གིས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མིའི་དབང་པོ་ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེའི་བཀའ་སྩལ་སྤྱི་བོར་བཟུང་སྟེ།
ཀཱིརྟྱ་ནནྟ་ཞེས་མིང་དུ་ཆགས་པས་ཕོ་བྲང་ཆེན་པོ་སྣེའུ་གདོང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་དཔེ་ལས་བོད་ཀྱི་སྐད་དུ་བསྒྱུར་བའོ། །འདིར་འབད་དགེ་དང་ཡོད་པའི་དགེས། །བྱང་ཆུབ་ཆེན་པོའི་གནས་ཐོབ་འགྱུར། །མ་བསྒྱུར་ལོག་པར་བསྒྱུར་མཆིས་ན། །འཇིག་རྟེན་མིག་གྱུར་རྣམས་ལ་
བཤགས། །ལྷ་དང་ཚངས་པས་མཆོད་གྱུར་ཅིང་། །སེམས་ཅན་ཀུན་ལ་མཆོག་བརྩེ་བ། །ཆོས་ཀྱི་རྒྱལ་པོ་མཆོག་དམ་པ། །བྱང་ཆུབ་ཆེན་པོ་དེར་ཕྱག་འཚལ། །རྒྱར་ནི་ཉི་ཤུའི་ཁྲུ་དང་ནི། །ཡལ་ག་སྟོང་ཕྲག་ལྔ་པ་སྟེ། །རྩ་བ་ནས་ནི་རྩེ་མོའི་བར། །མཛེས་པའི་འོད་རབ་འཕྲོ་བ་ཅན། །
རིན་ཆེན་མྱུ་གུ་སྔོན་པོ་དང་། །འདབ་མ་ས་ལ་རབ་གནས་པ། །ཀུན་ནས་འོད་འབར་མཚན་མོ་གང་། །བདུད་སྟོབས་བཅོམ་ནས་རྒྱལ་གྱུར་པ། །ཀུན་མཁྱེན་ཡེ་ཤེས་ཅོད་པན་ཅན། །བྱང་ཆུབ་མཆོག་དེར་ཕྱག་བགྱིའོ། །ཚིགས་བཅད་འདི་ཐམས་ཅད་ཤི་ཧ་ལའི་དགེ་སློང་ནཱ་ཀ་ཏཾ་གྱིས་སོ། །འདི་
ཡང་ཞ་ལུ་ལོ་ཙཱ་བས་བསྒྱུར་བའོ།། ༄། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་བཞུགས་སོ། །༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །
གསོལ་བ་འདེབས་སོ། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་དངོས་གྲུབ་བརྙེས། །པདྨ་ལས་འཁྲུངས་ལུས་མཆོག་འཛིན། །

ཨཱརྱ་དེ་བ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཡིག་མཁན་རིགས་ལ་སྐལ་བར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །ལཱུ་ཡི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཁྱིམ་པའི་ལུས་ལ་ཐར་བུའི་རིགས། །ཤིང་ཐོག་ཟ་ཞིང་ལམ་མཆོག་བརྙེས། །པདྨ་བཛྲ་ཞེས་བྱ་བའི། །
བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་ལ་གར་མཁན་ལུས། །དཔལ་གྱི་རི་ལ་དངོས་གྲུབ་བརྙེས། །ས་ར་ཧ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཟླ་བའི་རིགས་ལ་དངོས་གྲུབ་བརྙེས། །པདྨ་ནི་དང་ལྷན་ཅིག་བཞུགས། །མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་
ལོ། །གདིང་བ་བཏིང་ནས་གངྒཱ་བརྒལ། །སྟག་ལ་ཞོན་ནས་དངོས་གྲུབ་བརྙེས། །ཌོཾ་བི་ཧེ་རུ་ཀ་ཞེས་བྱའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཆུ་བོ་ཆེན་པོ་གྱེན་ལ་བཟློག །འཆང་ལ་ཉི་མ་གཏེལ་བར་བཙུད། །བི་རཱུ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ན་ལེནྡྲ་རུ་ཐུགས་དམ་
གཟིགས། །བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །བུ་སུ་ཀུ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བུ་སྨད་བཅས་ཤིང་དངོས་གྲུབ་བརྙེས། །བྷཾ་ག་ལ་རུ་ལུང་བསྟན་ཐོབ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་མཛད་ཅིང་དངོས་གྲུབ་
བརྙེས། །རལ་གྲི་ཁྱེར་ནས་མཁའ་ལ་གཤེགས། །ན་ལེནྡྲ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་སློང་ལུས་ལ་གདོལ་པའི་རིགས། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། །ཀུ་ཀུ་རི་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དགེ་སློང་ལུས་ལ་ཡེ་ཤེས་སྤྱན། །ཤིང་
ཀུན་གནས་སུ་གསང་འདུས་གཟིགས། །སངས་རྒྱས་ཡེ་ཤེས་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་དོར་ནས་སྤྱོད་པ་མཛད། །ལྟ་སྟངས་མཛད་ཅིང་དངོས་གྲུབ་བརྙེས། །ནག་པོ་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྒྱལ་རིགས་ཨུ་རྒྱན་གནས་ན་
བཞུགས། །ལྕམ་དང་ལྷན་ཅིག་དངོས་གྲུབ་བརྙེས། །ཨིནྡྲ་བྷཱུ་ཏི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བྲམ་ཟེ་རང་གི་བུ་མོ་བསྟེན། །རྡོ་རྗེ་བསྣུན་ཞིང་ས་འོག་བགྲོད། །ནཱ་རོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཐ་རུའི་