Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 79

Văn bản gốc(Tây Tạng)

Trang 10 / 15 (50.000 ký tự/trang)
་ཨཱཿཧཱུཾ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་
རྣམས་དང་ནམ་མཁའ་ལ་སོགས་པའི་ཁམས་རྣམས་སོ། །ཨ་ཨཱ། ཨི་ཨཱི། ཨེ་ཨཻ། ཨར་ཨཱ་ར། ཨོ་ཨཽ། ཨལ་ཨཱལ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་དབང་པོ་དྲུག་གོ། །ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཧ་ཧཱ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྐུ་ཅན་གྱི་ཁྲོ་བོ་བཅུ་དང་། ལས་ཀྱི་དབང་པོ་དང་ཞེ་སྡང་རྡོ་རྗེ་ལ་

སོགས་པའི་བདག་ཉིད་ཅན་དག་གོ། །ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ང་ངཱ་། ཙ་ཙཱ་ཚ་ཚཱ་ཛ་ཛཱ་ཛྷ་ཛྷཱ་ཉ་ཉཱ། ཊ་ཊཱ་ཋ་ཋཱ་ཌ་ཌཱ་ཌྷ་ཌྷཱ་ཎ་ཎཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། ཤ་ཤཱ་ཥ་ཥཱ་ས་སཱ་ཧ་ཧཱ་ཚྱ་ཚྱཱ་ཧ་ཧཱ། ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཀྵ་ཀྵཱ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རིགས་སུམ་ཅུ་
རྩ་དྲུག་ཚིམ་པར་བྱ་བའི་ཆོ་གའི་སྔགས་སོ། །དེ་ལྟར་བརྗོད་ནས་དཀྱིལ་འཁོར་གྱི་འཁོར་ལོའི་མཁའ་འགྲོ་མ་ཚིམ་པར་བྱ་བའི་ཕྱིར་སྲིན་ལག་དང་མཐེ་བོང་དག་གིས་ཐིག་ལེ་ཕུལ་ཏེ། དཀྱིལ་འཁོར་རང་གི་ཡན་ལག་ལ་བསྡུ་བར་བྱས་ནས། རང་གི་ཁ་མཚན་མ་གཅིག་པར་བདུད་རྩི་ལྔའི་ཐིག་
ལེ་མཁའ་འགྲོ་མའི་གྲངས་དང་མཉམ་པ་སྔགས་འདིས་གཏོར་བར་བྱའོ། །ཨོཾ་སརྦ་ཀྲོ་དྷ་ཌཱ་ཀ་ནྱ་ཨི་མཾ་བ་ལིཾ་པྲ་ཏཱི་ཙྪནྟུ་ས་མ་ཡ་མ་ནུ་སྨ་ར་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཡོངས་སུ་མཉེས་པར་བྱ་བའི་དོན་དུ་ཡང་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་དི་བྱཱན་ནེ་ས་མཱ་དྷི་དྷྱ་ན་པྲྀཎ་ནེ་སྭཱ་ཧཱ། དེའི་རྗེས་ལ་མཁའ་
འགྲོ་མའི་འཁོར་ལོ་མ་ལུས་པ་ཡོངས་སུ་མཉེས་པར་གྱུར་ནས་ཁམས་གསུམ་པ་ཡང་དེ་ཁོ་ན་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ལངས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་བ། དམ་ཚིག་གི་འཁོར་ལོ་ནང་དུ་བཅུག་སྟེ། སྨོན་ལམ་བཏབ་ལ་བསོད་ནམས་ཡོངས་སུ་བསྔོས་ཏེ། རང་གི་ལྷའི་ང་
རྒྱལ་དུ་དམིགས་ལ་སྣང་བ་ཙམ་གྱིས་རང་གི་ངོ་བོའི་སྤྱོད་ལམ་རྣམས་ཀྱིས་གནས་པར་བྱའོ། །དེ་ནི་དུས་ཀྱི་འཁོར་ལོའི་མན་ངག་གི་རིམ་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གཏོར་མའི་ཆོ་གའོ།། །།གང་གི་ལུས་ནི་རབ་རྒྱས་ཤིང་། །བདེ་བ་ཆེན་པོ་ཐོབ་འགྱུར་བ། །ཡི་དགས་ཚིམ་བྱེད་གཏོར་མ་ནི། །དེ་
ནས་གཞན་ཡང་རབ་བཤད་བྱ། །དང་པོ་ཆུ་ནི་དྲག་བྲུག་པའི། །ཆུ་བོ་ནུབ་བལྟས་སོང་ནས་ནི། །ལག་པ་ལ་སོགས་བཀྲུས་ནས་ནི། །གུས་པ་ཡིས་ནི་བཟླས་པར་བྱ། །པདྨའི་ཕྲེང་བ་བླངས་ནས་ནི། །མཁས་པས་བརྒྱ་དང་རྩ་བརྒྱད་བཟླས། །སྔགས་ནི་ཡི་གེ་དྲུག་པ་སྟེ། །དངོས་སུ་འཕགས་
པ་སྤྱན་རས་གཟིགས། །ཨོཾ་དང་མ་ཎི་པདྨེ་དང་། །ཧཱུཾ་གི་མཐའ་ཅན་སྔགས་རྒྱལ་པོ། །ཡི་དགས་རྣམས་ཀྱི་བཀྲེས་སྐོམ་སོགས། །ཉོན་མོངས་གདུང་བ་འཇོམས་བྱེད་པ། །འོ་མའི་མཚོ་ལྟར་དཀར་བའི་འོད། །ཞི་བ་འཕགས་པ་སྤྱན་རས་གཟིགས། །རལ་པའི་ཐོར་

ཚུགས་ཀྱིས་བརྒྱན་པ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །མཆོག་སྦྱིན་ཆུ་སྐྱེས་དག་གིས་མཚན། ཐུགས་རྗེའི་རང་གི་ཤུགས་ཀྱིས་ནི། །གདུང་བར་འགྱུར་བའི་ཡིད་མངའ་བ། །མཚོ་སྐྱེས་ཆེན་པོའི་གེ་སར་གྱི། །ལྟེ་བའི་དབུས་ན་ཡང་དག་བཞུགས། །
སྐྱིལ་ཀྲུང་ཕྱེད་པར་བཞུགས་གྱུར་པ། །འོད་དཔག་མེད་པས་དབུ་རྒྱན་བྱས། །ཟླ་བའི་འོད་ཀྱིས་བརྒྱན་གྱུར་ཅིང་། །འོད་ཀྱི་འཁོར་ལོས་རྣམ་པར་བརྒྱན། །སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར། །མ་ལུས་འགྲོ་བ་སྐྱོབ་བརྩོན་པ། །རྣལ་འབྱོར་པས་ནི་བདག་ཉིད་བསམ། །
སྐྲག་འགྱུར་རི་དགས་གཞོན་ནུ་མའི། །གཡོ་བའི་མིག་ནི་ཟིལ་གནོན་མཛད། །ཡིད་འོང་ལྷ་མོ་སྒྲོལ་མ་ནི། །གཡས་ལོགས་སུ་ནི་བསྒོམ་བར་བྱ། །གཡོན་དུ་དེ་བཞིན་སེར་པོར་སྣང་། །ཕྱག་བྱེད་པ་ལ་ཡང་དག་བརྩོན། །ཟླ་བ་ཕྱེད་པ་དང་མཚུངས་པའི། །དཔྲལ་བ་དང་ལྡན་ཁྲོ་གཉེར་ཅན། །དེ་
ནས་སྙིང་གིའི་པད་དབུས་སུ། །ཡི་གེ་ཧྲཱིཿནི་ཡང་དག་བསམ། །དེ་ཡི་འོད་ཀྱིས་འགྲོ་བ་ཀུན། །གསལ་བར་བྱས་ནས་རབ་ཏུ་དགང་། །འོད་ཟེར་མང་པོ་དེ་ཉིད་ཀྱིས། །ཤིན་ཏུ་སྐེམ་པའི་ཡི་དགས་ལྟར། །རང་གི་སྐྲ་དང་བ་སྤུས་གཡོགས། །གསུས་པ་རི་བོ་དག་དང་མཚུངས། །མགྲིན་པའི་ལྦ་
ལས་བྱུང་བ་ཡི། །རྣག་ནི་འཐུང་བར་ཀུན་དུ་འདོད། །རུས་པ་སྣབས་ལུད་བཀྲེས་ཟས་ཉེན། །རང་གི་མཆུ་དང་ལྐོག་མ་རྣམས། །དེ་རྣམས་བལྟས་ནས་བསོད་ལྡན་པས། །སྙིང་རྗེ་ཆེན་པོ་བསྐྱེད་བྱས་ནས། །དེ་རྣམས་སྟེང་དུ་ལུས་བྱུང་བའི། །འོད་ཟེར་འཁོར་ལོ་དབབ་པར་བྱ། །དེ་ནས་སྙིང་རྗེའི་
ཤུགས་ཀྱིས་ནི། །ལག་པ་དག་ལས་ཤིན་ཏུ་བྱུང་། །འོ་མའི་རྒྱུན་གྱི་དེ་དག་ནི། །སྙིམ་བ་ཁ་དང་འབྲེལ་བ་དགང་། །དེ་ནས་ལོ་མ་འབྲས་ཆན་དང་། །འོ་མ་དང་ནི་མངར་གསུམ་གྱིས། །སྣོད་ནི་ཤིན་ཏུ་གང་བྱས་ནས། །དེ་རྣམས་འདི་ལྟར་བོད་པར་བྱ། །ཨོཾ་ཨཱ་ཡནྟུ་ཨཱ་ཡནྟུ་མ་ཧཱ་པྲེ་ཏ་སངྒྷ་ཤུཥྐ་མ་ཀནྠོཥཱ་པཱུ་ཏ། ཀྵདྤི་པཱ་
སཱ་ཝ་ཤྲཱི་ཀྲི་ཏ་དྷི་ནི་ཙིཏྟ། ཨི་མཾ་བ་ལིཾ་གྲྀ་ཧྞ་ཏཛི་གྷ་ཐ་བི་བ་ཐ་བྷཱུཉྫ་ཐ་སུ་ཁཝ་ཏྱཾ་ར་མ་ཐ། པུན་ར་ཀུ་ཤལ་དྷི་མ་ར་ཐ་སྭཱ་ཧཱ། སྔགས་འདི་ཡིས་ནི་ཡི་དགས་ཀྱི། །རིགས་ཆེན་པོ་ལ་དེ་ནས་ནི། །གཏོར་མ་སྦྱིན་ཕྱིར་སྔགས་འདི་ནི། །རྣལ་འབྱོར་པ་ནི་གསལ་བར་བརྗོད། །ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ཡ་བྷི་རུ་ཀ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨཪྷ་ཏེ་སམྱཀྶཾ་

བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ཧཱུཾ་ཛྫ་སརྦ་པྲེ་ཏ་ཀ་ལ་ནི་སནྟཪྤ་ནི་སྭཱ་ཧཱ། དེ་ཉིད་ཀྱི་ཕྱག་རྒྱ་འབྱུང་སྟེ་ལག་པ་གཉིས་ཀྱིས་ཐལ་མོ་ཁ་ཅུང་ཟད་ཕྱེ་བ་བྱས་ལ་མཛུབ་མོ་དག་རྣ་ཆའི་རྣམ་པར་བྱས་པའི་ཕྱག་རྒྱ་བྱས་ཏེ། ཡི་དགས་ཀྱི་གཏོར་མའི་སྔགས་དང་ཕྱག་རྒྱའོ། དེ་ནས་
ཆུ་བོ་དེ་ཉིད་འོ་མར་འབྲུབ་པར་བསམས་ལ་དེ་ཉིད་དུ་གཏོར་མ་དེ་དོར་བར་བྱའོ། །ཡི་དགས་དེ་རྣམས་ཀྱང་ལུས་ཡོངས་སུ་རྒྱས་པ་འོད་ཟེར་གྱི་ཚོགས་དེ་ཉིད་ཀྱི་སྟེང་དུ་བཏེག་ལ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་འཇིག་རྟེན་དབང་ཕྱུག་བཞིན་དུ་པདྨའི་སྟན་ལ་ཉེ་བར་གནས་པ་བསམ་གཏན་
ལ་དགའ་བའི་ཡིད་ཅན་དུ་བསྒོམ་པར་བྱའོ། །དེ་ནི་ཡི་དགས་ཀྱི་གཏོར་མའོ།། །།བདག་ཉིད་སྐལ་བཟང་སྒྲུབ་པ་དང་། །རྒྱལ་པོ་ལ་སོགས་དབང་བྱའི་ཕྱིར། །དྲི་ཟའི་གཏོར་མ་བསྒྲུབ་པ་ནི། །དེ་ནས་གཏོར་མ་རབ་བཤད་བྱ། །དཀྱིལ་འཁོར་གྲུ་བཞི་བྱ་སྟེ། གླ་རྩི་དང་།
ག་པུར་དང་། བཞི་མཉམ་དང་། གུར་ཀུམ་དང་། ཙནྡན་དང་། སི་ལ་ར་ས་དང་། བ་ལ་ལ་སོགས་པ་རྣམས་ཀྱིས་ཉེ་བར་བྱུགས་ལ་དབུས་ཀྱི་གནས་སུ་ཨ་ཀ་རུའི་སྤོས་དུད་སྣ་ཚོགས་ཀྱི་དྲི་བསྲུང་ཡིད་དུ་འོང་བ། ནོར་བུ་མཐིང་ཤུན་རང་བཞིན་ཅན་ཤིན་ཏུ་མཐོ་བ། དངུལ་དང་བྱི་
རུ་དང་གསེར་ལས་བྱས་པའི་རྩེ་མོ་གསུམ་གྱིས་ཉེ་བར་མཛེས་པའི་གཟུགས་ཅན་དྲི་ཟིའི་རྒྱལ་པོ་རྣམས་རྐེད་པའི་ཆ་སྣ་ཚོགས་ལ་སྣ་ཚོགས་རྒྱན་ལྡན་དང་། སྣ་ཚོགས་མཐུ་ལྡན་ལ་སོགས་པ་དྲི་ཟའི་རྒྱལ་པོས་རྣམ་པར་བརྒྱན་པའི་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་རྣམ་པར་བསྒོམས་ལ་དེའི་སྟེང་དུ་སྔར་བཤད་པའི་དྲི་ཟའི་
བདག་པོ་ལུས་རྫས་དྲི་ཞིམ་པོ་དག་གིས་ཉེ་བར་བྱུགས་པ་དྲ་ཞིམ་པོའི་ཚོགས་ཀྱིས་ཕྱོགས་བཅུར་གཏོགས་པའི་ཁོང་གང་བར་བྱས་ལ། ལུས་ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་རྣམ་པར་བརྒྱན་པ། དྲི་ཟའི་བུ་མོ་ནུ་མའི་ལྗིད་ཀྱིས་དབྱིབས་དགུ་བ་ལ་འཁྱུད་པ་ལས་བྱུང་བའི་དགའ་བ་དང་ལྡན་པ། ས་འཛིན་པ་ལ་སོགས་པ་ཀླུའི་
བྱེ་བྲག་གླུ་ཡོངས་སུ་ལེན་པའི་སྒྲ་སྙན་པས་ལྐོག་མ་ཁྱབ་པ་དག་རྣམ་པར་བསྒོམས་ཏེ་དཀྱིལ་འཁོར་གྱི་འགྲམ་དུ་གཏོར་མའི་སྣོད་ཆུ་དྲི་ཞིམ་པོ་དང་། ཞོ་དང་། འབྲས་ཡོས་དང་། སྨན་ཐམས་ཅད་དང་། ཉུངས་ཀར་དང་། ཙནྡན་དཀར་པོ་དང་། ཙནྡན་དམར་པོ་དང་། གླ་རྩི་དང་། གུར་ཀུམ་དང་། སྤང་སྤོས་དང་། དྭ་ཚྭ་དང་།

ཨ་ཀ་རུ་ལ་སོགས་པའི་དྲི་ཞིམ་པོ་རྣམས་ཀྱིས་ཡོངས་སུ་བཀང་ལ། སྣོད་གཞན་ཡང་ཞོ་དང་། སྦྲང་རྩི་དང་། མར་སར་དང་། ཤ་ཁ་ར་དང་། ཁ་དྷ་དང་། བུ་རམ་དང་། འབྲས་ཆན་དག་གིས་གང་བར་བྱ་སྟེ། དེ་རྣམས་བོད་པའི་དོན་དུ་སྔགས་འདི་གསུམ་བརྗོད་པར་བྱའོ། །ཨོཾ་གནྡྷ་རྦ་
སརྦ་ཨ་དྷི་པ་ཏ་ཡེ། བི་ཙི་ཏྲ་ཨངྒ་དྷ་དྷ་ཡེ། མ་མ་ཀ་ཏྱ་སིདྡྷ་ཡེ། ཨི་ཧཱ་ཨ་ཡནྟུ། ས་ས་མ་ཡཾ་པ་ལ་ཡནྟུ། བྷ་ག་བཱན་བཛྲ་དྷ་ར་ཤཱ་ས་ནེ་ཏིཥྛནྟུ། ཨ་ཏྲ་སནྣི་ཧི་ཏ་བྷ་བནྟུ་སྭཱ་ཧཱ། དྲི་རྡོ་རྗེ་མའི་ཕྱག་རྒྱས་གཏོར་མའི་སྣོད་ཡོངས་སུ་རྒྱས་བཏབ་སྟེ་སྔགས་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྷཿསརྦ་དྷརྨཱཿསྭ་བྷཱ་བ་
ཤུདྡྷོ྅ཧཾ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུདྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་གཏོར་མའི་སྣོད་རིའི་རྩ་རུ་དོར་བར་བྱའོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པས་བཏང་སྟེ་རྣལ་འབྱོར་པས་གནས་པར་བྱའོ། །དེ་ནས་རྒྱལ་པོ་ལ་སོགས་པ་རྣམས་འདིས་དབང་དུ་འགྱུར་རོ། །དེ་ནི་དྲི་ཟའི་གཏོར་མའོ།། །།
ཞིང་ནི་སྲུང་བར་བྱེད་པ་དག །ཐམས་ཅད་ཀྱིས་ནི་རབ་མཉེས་འགྱུར། །ཞིང་སྲུང་གཏོར་མའི་བྱ་བ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞིང་། །ཐོད་པའི་དུམ་བུ་ལ་སོགས་དང་། །དངོས་གྲུབ་དོན་དུ་གང་དུ་གནས། །ཉི་ཤུ་རྩ་བཞི་གསུངས་པར་གྱུར། །
དེ་ལ་འདི་རྣམས་ནི་ཞིང་རྣམས་ཀྱི་བརྡའི་མིང་ཡིན་ཏེ། པུ་ཛ་ཨོ་ཨ་གོ་ར་དེ་མ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲ་གྲྀ་སོ་སུ་ནཱ་སི་མ་ཀུ། པུལླི་མ་ར་ཡ་དང་། ཛཱ་ལནྡྷ་ར་དང་། ཨོ་ཌི་ཡ་ན་དང་། ཨརྦུ་ཏ་རྣམས་ནི་གནས་དག་ཡིན་ནོ། །གོ་དཱ་ཝ་རཱི་དང་། རཱ་མེ་ཤྭ་ར་དང་། དེ་བཱི་ཀོ་ཊཱི་དང་། མཱ་ལཱ་བ་རྣམས་ནི་ཉེ་བའི་
གནས་སོ། །ཀཱ་མ་རཱུ་པ་དང་། ཨོ་ཊེ་དག་ནི་ཞིང་ངོ་། །ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལ་དག་ནི་ཉེ་བའི་ཞིང་ངོ་། །ཀ་ལིཾ་ཀ་དང་། ལམྦ་ཀ་དག་ནི་ཙྪནྡོ་ཧའོ། །ཀཱཉྩི་དང་། ཧི་མ་ལ་ཡ་དག་ནི་ཉེ་བའི་ཙྪནྡོ་ཧའོ། །པྲེ་ཏ་པུ་རི་དང་། གྲྀ་ཧ་དེ་བ་ཏ་དག་ནི་འདུས་པའོ། །སཽ་རཱ་ཥྚ་དང་། སུ་ཝ་རྞྞ་དྭཱི་པ་དག་ནི་ཉེ་བའི་འདུས་
པའོ། །ན་ག་ར་དང་། སིནྡྷུ་ཤ་དག་ནི་དུར་ཁྲོད་དོ། །མ་རུ་དང་། ཀུ་ལུ་ཏཱ་དག་ནི་ཉེ་བའི་དུར་ཁྲོད་དོ། །ཞིང་དེ་རྣམས་ཀྱི་བདག་པོ་དག་གི་མིང་རྣམས་བརྗོད་པར་བྱ་སྟེ། རྒས་པ་མེད་དང་ཆུར་འགྱུར་དང་། །དེ་བཞིན་ཨི་དང་རྐུན་པོ་དང་། །ཟླ་བའི་གཟུགས་ཅན་འུག་གདོང་དང་། །དྲོད་ཟ་དང་ནི་དྲག་པོ་འཇོམས། །ལུས་མེད་བྱུག་པའི་ལུས་

ཅན་དང་། །རོལ་པས་འདོན་བྱེད་མཆེ་བ་ཅན། །ས་སྲུང་དང་ནི་རླབས་ཅན་དང་། །དེ་བཞིན་དུ་ནི་སྨན་འཇོམས་དང་། །མཐའ་ཡས་དང་ནི་ཉོན་མོངས་སེམས། །ཨ་སྨྲ་ལེན་དང་མི་བཟད་གདོང་། །བ་ལང་གདོང་ཅན་དྲིལ་བུའི་འོད། །ཟ་བྱེད་གཏུམ་པོ་དང་ལྡན་དང་། །རལ་པས་འགྱིང་བ་ཞིང་སྲུང་རྣམས། །གོ་རིམས་
བཞིན་དུ་ཤེས་པར་བྱ། །སྤྱན་སེར་དབུ་སྐྲ་གྱེན་དུ་བརྫེས། །མཆེ་གཙིགས་པ་ཡི་ཞལ་མངའ་དང་། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །ཕྱག་ན་ཐོད་པ་ཁ་ཊྭཱཾ་ག །ནག་དང་འཕྲོག་དང་གྲོང་སོ་སོ། །རི་དང་ཚང་ཚིང་ཆུ་འགྲམ་དང་། །ཆུ་བོ་རྫིང་འགྲམ་དག་དང་ནི། །ཁང་སྟོང་དང་ནི་བཞི་མདོ་དང་། །
དབེན་པ་ཚོང་འདུས་ཡུལ་འཁོར་དང་། །གྲོང་ཁྱེར་ཤིང་དྲུང་དག་དང་ནི། །དུར་ཁྲོད་དང་ནི་ཚང་ཚིང་ཁྱིམ། །སྨད་འཚོང་ཁྱིམ་དང་མུན་ཁུང་དང་། །གནས་གཞན་དག་ཏུ་དེ་དག་ནི། །གནས་བཅས་ནས་ནི་རྟག་ཏུ་གནས། །ཧཱུཾ་གི་ས་བོན་ལས་བྱུང་བ། །ནང་གི་ཡིག་གསུམ་བྱིན་གྱིས་བརླབས།
རྣལ་འབྱོར་པས་ནི་མདུན་གནས་པར། །འབད་པ་ཡིས་ནི་བསྒོམ་པར་བྱ། །ཆང་དང་ཤ་དང་འབྲུ་ཡི་ཆང་། །འབྲས་ཀྱི་རྒྱལ་པོའི་ཆན་གྱིས་དགང་། །སྣོད་ནི་ཉི་ཤུ་རྩ་བཞི་དག །བླངས་ནས་གཏོར་མ་དབུལ་བར་བྱ། །དྲིལ་བུའི་སྒྲ་བཅས་སྤོས་ཕུལ་ནས། །རྣལ་འབྱོར་རིག་པས་སྤྱན་དྲང་བྱ། །དེ་ནས་
སྤྱན་དྲང་དོན་དུ་ན། །དེ་ཡི་སྔགས་འདི་བརྗོད་པར་བྱ། །ཨོཾ་ཨ་ཡཱནྟུ། ཨོཾ་ཨ་ཡནྟུ། ཀྵེ་ཏྲ་ཨ་དྷི་པ་ཏ་ཡེ། མཱ་མ་ཤཱནྟི་པུཥྚི་ཝ་ཤྱེ་དི་དྷི་སཱ་དྷ་ན་ཡ། ན་མོ་གྷ་ནཾ་ནཤྩ་ཌྷ་ན་པ་ཏེ་ས་པ་རི་ཝཱ་ར་ས་རཀྵཱརྠཱཾ་སནྣི་ཧི་ཏ་ཨི་ཧ་བྷ་བནྟུ་སྭཱ་ཧཱ། དེ་ནས་བོས་ཏེ་དྲི་ཡི་ཆུས། །ཞལ་བསིལ་མཆོད་ཡོན་དག་ཕུལ་ནས། །
སྔགས་འདི་གསང་སྔགས་རིག་པ་ཡིས། །དེ་རྣམས་ལ་ནི་གཏོར་མ་དབུལ། །ཨོཾ་ཧྲཱིཿཧཱུཾ་ཨ་མུ་ཀ་ཨ་བ་ཏ་རཀྵེ་ཏྲ་པཱ་ལ། མ་ཧཱ་བ་ལ་ཀ་པི་ལ་ཛ་ཊ་ལ་མ་ཧཱ་བ་ལ་བྷ་སུ་ར་ཏྲི་ནེ་ཏྲེ་ཛྭ་ལ་མུ་ཁ། གནྡྷ་དྷཱུ་པ་བ་ལིཾ་པཱུ་ཛ་གྲྀཧྣ་གྲྀཧྣ། བྷཻ་ར་བ་རཱུ་བེ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མུ་
རུ་མུ་རུ། ཁ་ཁ་ཁཱ་ཁཱ། ལ་ལ་ལ། ཧེ་ཧེ་ཧ་ཧ། མ་ཧཱ་དྷ་མ་ར་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ཞེས་བྱ་བ་བརྗོད་ལ། དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལས་བཤད་བའི་མཁའ་འགྲོ་མའི་ཕྱག་རྒྱས་བཏབ་སྟེ། ཤིང་གཅིག་གི་དྲུང་དུ་གཏོར་མ་དོར་བར་བྱའོ། །དེ་ལྟར་བྱས་ན་རྣལ་འབྱོར་པ། །

གང་གིས་སེམས་ཅན་དག་གི་དོན། །རྒྱུན་མི་ཆད་པར་བྱེད་པའི་ལས། །ཞི་བ་ལ་སོགས་དེ་འགྲུབ་འགྱུར། །གལ་ཏེ་ཐུན་ནི་གསུམ་མམ་བཞིར། །རྣལ་འབྱོར་པས་ནི་གཏོར་མ་སྦྱིན། །དེས་ན་དེ་ལ་ཞིང་སྲུང་རྣམས། །རྟག་ཏུ་སྲུང་བར་བྱེད་པར་འགྱུར། །དགྲ་བོ་དང་ནི་རྒྱལ་པོ་དང་།
སེང་གེ་སྟག་ལ་སོགས་པ་དང་། །གཞན་ཡང་གསོད་བྱེད་རིགས་ཅན་དང་། །རྐུན་མའང་དེ་ལ་གནོད་མི་བྱེད། །ལངས་པའམ་ནི་འདུག་པ་འམ། །ཉལ་ལམ་འགྲོ་བར་གྱུར་ཀྱང་རུང་། །སྤྱོད་ལམ་ཐམས་ཅད་དང་ལྡན་པ། །དེ་ལ་དེ་རྣམས་སྲུང་བར་བྱེད། །བདག་ཉིད་དང་ནི་གཞན་དག་ལ། །
གང་ཞིག་མྱུར་དུ་སྐྱོབ་འདོད་པ། །དེ་ཡིས་ཞིང་སྲུང་གཏོར་མ་ནི། །གུས་པ་ཡིས་ནི་རྟག་ཏུ་བྱ། །དེ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་མན་ངག་གི་སྒོ་ནས་དཔལ་བདེ་མཆོག་གི་ཞིང་གི་བདག་པོའི་གཏོར་མའི་ཆོ་གའོ།། །།གང་གིས་རིམས་སོགས་རྣལ་འབྱོར་པས། །སྐད་ཅིག་གིས་ནི་རབ་ཞི་བྱེད། །
ཤ་ཟའི་གཏོར་མའི་སྒྲུབ་པ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དང་པོར་ཏིང་འཛིན་ལས་ལངས་ཏེ། །འཇིགས་རུང་དུར་ཁྲོད་སོང་ནས་ནི། །དོགས་པ་མེད་པའི་ཡིད་ཀྱིས་ནི། །དེ་རུ་དཀྱིལ་འཁོར་བྲི་བར་བྱ། །དུར་ཁྲོད་ཀྱི་ནི་སོ་ཕག་ཚོགས། །ལག་པས་བརྡུངས་ཏེ་ཕྱེར་བྱས་ནས། །ཚོན་
རྩི་ཁ་དོག་ལྔ་པ་དག །དེ་ནི་རྣལ་འབྱོར་རིག་པས་བྱ། །དེ་ནི་བདེ་མཆོག་དཀྱིལ་འཁོར་ནི། །གོ་རིམས་བཞིན་དུ་ལེགས་བྲིས་ནས། །མེ་ཏོག་ཀ་ར་བཱི་ར་སོགས། །གོ་ཀུ་ད་ཧ་ན་རྣམས་དང་། །བདུད་རྩི་ཡི་ནི་རྫས་དག་དང་། །བཟའ་བཏུང་དེ་བཞིན་ཤེས་རབ་དང་། སྙོམས་འཇུག་མཆོད་པས་སྒྲུབ་པ་
པོས། །གཙོ་བོ་ཧེ་རུ་ཀ་མཆོད་བྱ། །ཇི་སྲིད་དཀྱིལ་འཁོར་ལས་འོད་ཟེར། །ཁ་དོག་སྔོན་པོ་རྣམ་བྱུང་བ། །དེ་སྲིད་རྐང་པ་བརྒྱད་པའི་སྔགས། །མཉམ་གཞག་རྣལ་འབྱོར་པ་ཡིས་བཟླ། །དེ་མཐོང་ཡིད་ཆེས་ཤེས་བྱས་ནས། །ཤ་ཟའི་གཏོར་མ་བརྩམ་པར་བྱ། །ཆང་གི་བཏུང་བ་དང་ལྡན་ཁྲག །ཉ་ཤ་
རློན་པ་དག་དང་ནི། །བསྲེགས་དང་བཙོས་པའི་བྱེ་བྲག་དང་། །དྲི་ཞིམ་མེ་ཏོག་དམར་པོ་དང་། །ཁབ་དང་རས་ནི་སྔོན་པོ་དང་། །ཟངས་དང་འཁར་བ་ལས་བྱས་དང་། །ལྕགས་ཀྱི་ཕྱེ་མ་དག་དང་ནི། །འབྲུ་སྣའི་ཆན་གྱིས་ཡོངས་གང་བ། །བྱས་ནས་སྤོས་དང་མེ་ཏོག་སོགས། །བྱིན་ཏེ་

བོད་པ་ཡང་དག་བརྩམ། །ཁྲོ་བོའི་སེམས་ལྡན་ཐུབ་དཀའ་བ། །དོགས་མེད་ཡིད་ཀྱིས་སྔགས་པ་ཡིས། །དུར་ཁྲོད་གནས་པའི་ཤིང་གཅིག་ལ། །འཛེགས་ནས་རྩེ་མོ་ལ་གནས་པ། །གཅེར་བུ་སྐྲ་བཤིག་གྱུར་པ་ཡིས། །དཔའ་བོ་དྲུག་གི་གོ་ཆ་དགོད། །ཊ་དང་མ་ལས་ཡང་དག་བྱུང་། །ཟླ་བ་དང་ནི་ཉི་
མ་དག །མིག་ལ་བསམས་ནས་གནོད་མཛེས་ནི། །རྒྱལ་པོས་ཕྱོགས་དག་བཅིང་བར་བྱ། །ཨོཾ་ཨ་ར་ལླི་ཧོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། །དེ་ནས་ཤ་ཟ་བློ་ལྡན་གྱིས། །འདི་ཡིས་བོད་པ་བྱས་ནས་སུ། །བརྩེ་བའི་བདག་ཉིད་ཁྲོ་ཚིག་གིས། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ཤ་
ཟ་འམ་དེའི་ཡིད་འོང་བ། །འདིར་ནི་མི་བཟད་སུ་ཞིག་གནས། །མིང་ནི་འདི་ཞེས་བྱ་བ་ངས། །ཀྱེ་ལུས་གཏོར་མ་སྦྱིན་པར་བྱ། །ང་ཡི་ལུས་ལས་ཤ་ཁྲག་སོགས། །བཟའ་བ་དང་ནི་བཏུང་བར་གྱིས། །ཚིགས་དང་རྐང་དང་ཀླད་པ་དང་། །དེ་བཞིན་ཁམས་ནི་བདུན་པོ་དག །འོངས་ཏེ་ང་ལས་བླངས་ནས་
ནི། །ཅི་བདེ་བར་ནི་གནས་པར་གྱིས། །རྣལ་འབྱོར་པ་ནི་དེ་ཡི་ཚིག །དེ་སྐད་མཚན་ཕྱེད་ནས་ཐོས་ནས། །རབ་ཏུ་དགའ་བའི་ཡིད་ལྡན་པ། །ཤ་ཟ་ཀུན་ཀྱང་མཐོང་བར་འགྱུར། །གུས་པས་ཤ་ནི་བཟའ་བའི་ཕྱིར། །བྱིན་ཅིག་ཅེས་ནི་ངེས་པར་སྨྲ། །དེ་ནས་དེ་ཡི་ཚིག་ཐོས་ཏེ། །འདི་ནི་ཁྱེར་ཅིག་
ཅེས་བརྗོད་བྱ། །གལ་ཏེ་ནུས་ཡོད་པའི་ལུས་ལས། །ཁྲག་ལ་སོགས་པ་དག་ཁྱེར་ཅིག །དེ་ནས་ཧེ་རུ་ཀའི་གཟུགས་སུ། །མཐོང་ནས་དེ་དག་འཇིགས་པར་འགྱུར། །རྣལ་འབྱོར་པ་ཡི་རང་ལག་ནས། །གཏོར་མ་བླངས་ཏེ་འགྲོ་བར་བྱེད། །དེ་ལ་གཏོར་མའི་སྔགས་ནི་འདི་ཡིན་ཏེ། །ཨོཾ་
པི་ཙི་པི་ཙི་པི་སྨ་ཤཱ་ན་ཝ་སི་བྷྱོ། །མ་ཧཱ་པི་ཤཱ་ཙི་བྷྱོ། །ཨི་མཾ་བ་ལིཾ་གྲྀ་ཧྞ་ཏུ། བྷུཉྫ་ཐ། པི་བ་ཐ། ཡ་ཐཻཥྚ་ད་མ་མེ་པྲ་ཡ་ཙྪན་ཏུ་སྭཱ་ཧཱ། དེ་ནས་རབ་ཏུ་གསང་བར་བྱ། །ཚིག་བརྒྱད་པ་ཡི་སྔགས་བརྗོད་ཅིང་། །དེ་ནི་ཤིང་རྩེ་ནས་བབས་ཏེ། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །རིམས་
ལ་སོགས་པའི་ནད་ཞི་བ། །དེ་ནས་དེ་ཡི་རབ་འགྲུབ་འགྱུར། །རྣལ་འབྱོར་པ་ནི་ཇི་ལྟར་འདོད། །ལས་བྱེད་འགྱུར་འདིར་ཐེ་ཚོམ་མེད། །དེ་ནས་རང་གི་གནས་ཕྱིན་ཏེ། །ཆུ་ཡི་གཏོར་མ་གཏང་བར་བྱ། །དེ་ཡིས་སྔར་བཤད་རིམ་པ་བཞིན། །སྙིམ་པ་གསུམ་ནི་སྦྱིན་པར་བྱ། །དེ་ནི་རྡོ་རྗེ་

འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་མན་ངག་གི་ཤ་ཟའི་གཏོར་མའི་ཆོ་གའོ།། །།རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །བཏུས་ནས་དུག་ནི་ཞི་བྱའི་ཕྱིར། །མཁའ་ལྡིང་གཏོར་མ་བྱ་བ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །ཕ་རོལ་ཚུ་རོལ་མེད་པའི་མཆོག །འོ་མའི་རྒྱ་མཚོ་ཟབ་མོ་ནི། །ཆུ་སྲིན་
འཛིན་ཁྲིས་ཀུན་དུ་ཁྱབ། །གཡོ་ཞིང་ནམ་མཁའི་གཏོས་རེག་པ། །རླབས་ཀྱིས་ཆུ་ནི་ཀུན་དུ་འཁྲུགས། །འོ་མ་མུ་ཏིག་ཀུན་ད་མཚུངས། །ཆུ་ནི་དཀར་པོ་མཁའ་གསལ་བ། །ཡི་གེ་སཾ་ལས་བྱུང་བར་བསམ། །དེ་ཡི་དབུས་གནས་ཡི་གེ་ཏཱཾ། །ཤིན་ཏུ་དཀར་པོ་བསམ་པར་བྱ། །དེ་ལས་ཡོངས་སུ་གྲུབ་པའི་
གྲུ། །གསེར་གྱི་རྒྱན་ནི་སྣ་ཚོགས་པས། །ཕྱོགས་བཞི་ནས་ནི་རྣམ་སྤྲས་བའི། །ཀ་པ་དག་གིས་བརྒྱན་པ་བསམ། །དེའི་སྟེང་པཾ་ལས་བྱུང་བ་ཡི། །པདྨ་དཀར་པོ་འདབ་བརྒྱད་པ། །ལྟེ་བ་གེ་སར་དང་བཅས་ཤིང་། །འོད་ཀྱི་ཚོགས་ཀྱིས་རབ་འབར་བསམ། །ཡཾ་སོགས་ས་བོན་ལས་བྱུང་བ། །རླུང་ལ་
སོགས་པའི་དཀྱིལ་འཁོར་བཞི། །དེ་ཡི་སྟེང་དུ་ཕྱོགས་སུ་ནི། །གོ་རིམས་བཞིན་དུ་བསམ་པར་བྱ། །སྔར་བཞིན་བདུད་རྩི་ཞེས་བྱ་བ། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །མཁའ་ལྡིང་བདག་པོ་སྐྱེད་བྱེད་པ། །ས་བོན་དེ་ཡི་སྟེང་དུ་དགོད། །དེ་ནས་དེ་ནི་གྱུར་པ་ལས། །མཁའ་ལྡིང་བདག་པོ་བསམ་པར་བྱ། །
གདོང་གཅིག་ལག་པ་བཞི་པ་སྟེ། །ཁ་དོག་དཀར་པོ་འོད་ཆེན་ལྡན། །གསེར་གྱི་གཤོག་པའི་དབུ་རྒྱན་ཅན། །ནོར་བུ་བཻ་ཌཱུརྱ་ཡི་མཆུ། །རྐང་སྡེར་བྱུ་རུ་ལས་བྱུང་བ། །ཤེལ་ལྟར་དཀར་བའི་གདོང་དང་ལྡན། །རྐེད་ལྟེ་བར་དུ་བདུད་རྩིས་གང་། །བུམ་པ་ལག་པ་གཉིས་ཀྱིས་ནི། །སྙིང་གར་འཛིན་
བྱེད་གཞན་དག་ནི། །ཕྱག་བྱེད་པ་ལ་རབ་ཏུ་བརྩོན། །མིག་སོགས་ལ་ནི་གཏི་མུག་སོགས། །རྡོ་རྗེ་གསུམ་ལ་ཚིགས་གསུམ་དགོད། །བསྐྱེད་ནས་དེ་ཡི་ཡན་ལག་གི །ཚིགས་རྣམས་ལ་ནི་ཧཱུཾ་དགོད་བྱ། །རིག་བྱེད་ཡི་གེ་དང་པོ་ནི། །དེ་ཡི་སྤྱི་བོར་བསམ་པར་བྱ། །སྙིང་གའི་ཡི་གེ་ཧཱུཾ་བྱུང་བའི། །འོད་
ཟེར་མང་པོའི་ཚོགས་ཀྱིས་ནི། །མཁའ་ལྡིང་དབང་ཕྱུག་འཁོར་རྣམས་ནི། །རང་གི་རྣམ་པ་ཅན་ཉིད་སྤྲོ། །དེ་ནས་མཁའ་ལྡིང་དབང་ཕྱུག་གི །དཀྱིལ་འཁོར་རྫོགས་པར་བལྟས་ནས་ནི། །དྲི་ཞིམ་ཆུ་ཡིས་དེ་ཉིད་ལ། །མཆོད་ཡོན་བྱིན་ནས་དེ་བཞིན་བོད། །དུག་འཇོམས་པ་ལ་བརྩོན་ལྡན་པའི། །

ཕྱག་རྒྱ་འབར་བ་བཅིང་བར་བྱ། །ཨོཾ་པ་ཀྵི་སྭཱ་ཧཱ། སྙིང་གའོ། །ཨོཾ་ཀྵི་པ་སྭཱ་ཧཱ། མགོ་བོའོ། །ཨོཾ་སྭཱ་ཀྵི་པ་སྭཱ་ཧཱ། གཙུག་ཕུད་དོ། །ཨོཾ་ཧཱ་ཀྵི་པ་སྭཱ་ཧཱ། ཆོ་གའོ། །ཧཱ་སྭཱ་ཀྵི་པ་ཨོཾ་མཚོན་ཆའོ། །ཡང་ཨོཾ་པ་ཀྵི་སྭཱ་ཧཱ། ལྟེ་བའོ། །དེ་ནི་ཡན་ལག་དྲུག་ལ་གོ་ཆ་དགོད་པའོ། །དེ་བཞིན་དུ་བོད་པའི་ཕྱག་རྒྱ་འབྱུང་སྟེ།
ལག་པ་གཡོན་པའི་གུང་མོ་བསྒྲེང་སྟེ་མཛུབ་མོ་དང་སྲིན་ལག་ཅུང་ཟད་བཀུག་ནས་མཐེའུ་ཆུང་དང་མཐེ་བོང་དག་དགུག་པར་བྱའོ། །དེ་ནི་ནམ་མཁའ་ལྡིང་བོད་པའི་ཕྱག་རྒྱའོ། །ཨོཾ་ཧྲིཿཔཀྵི་རཱ་ཛཱ་ཡ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་སརྦ་དུཥྚ་པྲ་དུཥྚཱ་ནཱཾ་མུ་ཁཾ་བནྡྷ་ཀུ་རུ་མ་ཧཱ་ཀཱ་ལ་ཀཱུ་ཊ་བི་ཥཱ་པ་ཧ་རི་ནི་ཤཱི་གྷྲཾ་ས་མ་ཡ་ཥྚ་སྦྲུཾ་སྦྲུཾ་སྦྲུཾ། ས་ས་ས་ཧཱུཾ་ཧཱུཾ་
ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ནམ་མཁའ་ལྡིང་བོད་པའི་སྔགས་སོ། །དེ་ནས་མདུན་དུ་བ་ལང་དང་མ་ཧེ་ལ་སོགས་པའི་ཁ་ན་མ་ཐོ་བ་མེད་པའི་སྲོག་ཆགས་ཀྱི་རིགས་རྣམས་ཀྱི་འོ་མས་སྣོད་ཡོངས་སུ་བཀང་སྟེ། གངྒཱའི་ཆུ་དང་ཡང་བསྲེས་ནས་དེ་བཞིན་དུ་སྣོད་གཉིས་པ་འོ་ཐུག་གིས་ཡོངས་སུ་གང་བར་བྱས་ལ་
སྔགས་འདིས་བྱིན་རླབས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མི་བཻ་རྱ་ས་མ་ཡ་མུ་ཏྲ་སྤ་ར་ཎ་ཤྲི་ཡེ་ཧཱུཾ། དེ་ནས་སྤོས་དང་མེ་ཏོག་དང་མར་མེ་དང་། དྲི་དང་། ལྷ་བཤོས་རྣམས་ཛཱ་ཏི་ཕ་ལ་དང་། གླ་གོར་ཞོ་ཤ་ལ་སོགས་པ་རྣམས་ཀྱིས་གཏོར་མ་ལ་མཆོད་དེ་རྩེ་གསུམ་པའི་ནམ་མཁའ་ལྡིང་གི་ཕྱག་རྒྱས་མངོན་པར་
བཏབ་ལ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ཏེ་གཏོར་མའི་སྔགས་བརྗོད་པར་བྱའོ། །ཨོཾ་ན་མོ་བྷ་ག་བ་ཏྱཻ་ཨཱརྱ་པ་ར་མ་ཨ་ཤྱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུ་དྡྷཱ་ཡ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་གྲྀཧྞ་གྲྀཧྞ་པུཥྤ་དྷཱུ་པ་བ་ལིཾ་ཨི་མཾ་སརྦ་ཨུ་པ་ཙ་ར་སཾ་བནྣཾ། ཁ་གྷཱ་དྷི་པ་ཏེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ས་མ་ཡ་མ་ནུ་སྨ་ར་
ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ། སྙིང་གར་པདྨ་བསྐོར་བ་ལ་ལན་ལྔ་བྱས་ཏེ། རྡོ་རྗེ་དང་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བ་ཅན་གྱི་སྙིང་པོ་འཇུག་པའི་ཕྱག་རྒྱ་བཅིངས་ལ། རྟའི་རྒྱལ་པོའི་ང་རྒྱལ་དང་ལྡན་པས་གཏོར་མ་དོར་བ་བྱ་སྟེ། པདྨའི་མཚོ་འགྲམ་མམ། རྫིང་ཆེན་པོའི་འགྲམ་དུ་གཏོར་མ་
དོར་བར་བྱའོ། །དེ་ནས་ལངས་ཏེ། ཨོཾ་བྷཀྵ་སྭཱ་ཧཱ། ཞེས་བྱ་བའི་ཡི་གེ་ལྔའི་སྔགས་ཀྱིས་ལག་པ་གཡོན་པའི་སོར་མོ་རྣམས་བྱིན་གྱིས་བརླབས་ལ། ལག་པའི་དབུས་སུ་དབྱངས་དྲུག་པ་རྣམ་པར་བཀོད་དེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། དེའི་སྟེང་དུ་བའི་འོ་མ་ལྟར་

མདོག་དཀར་པོ་དང་ལྡན་པའི་ཡི་གེ་ཧཾ་རྣམ་པར་བཀོད་དེ། ལག་པ་དེས་ཆུ་ལ་མངོན་པར་བསྔགས་ལ། ཀུ་རུ་ཀུལླེའི་སྔགས་ཀྱིས་གང་གི་ཁ་རུ་ཆུ་བླུགས་པ་དེ་སྐད་ཅིག་དེ་ཉིད་ལ་དུག་སྐྱུག་པར་འགྱུར་རོ། །བརྟན་པ་འམ་ནི་གཡོ་བ་འམ། །བཅོས་པ་ཡི་ནི་དུག་ཀྱང་རུང་། །མཆེ་བའི་དུག་གམ་དྲན་
པའི་<ངག་,དུག །>རེག་དང་མཐོང་བའི་དུག་ལ་སོགས། །སྦྲུལ་དག་གིས་ནི་ཟོས་པ་ཡི། །དུག་ནི་སྐད་ཅིག་དེ་ལ་འཇོམས། །ཐ་ན་དྲག་པོའི་མགྲིན་གནས་པའང་། །མ་ལུས་པར་ནི་འཇོམས་བྱེད་ན། །ཀཱ་ལ་ཀུ་ཊའང་འཇོམས་པ་ནི། །འགྱུར་བ་རུ་ནི་ཐེ་ཚོམ་མེད། །དེ་བས་མཁའ་ལྡིང་མཆོད་པའི་ཕྱིར། །རྣལ་
འབྱོར་པས་ནི་གཏོར་མའི་ལས། །གཞན་ལ་ཕན་པའི་སེམས་ཀྱིས་ནི། །བརྩོན་པ་ཡིས་ནི་ཀུན་དུ་བྱ། །བཟའ་བཏུང་ཁྱད་པར་ཅན་སོགས་དང་། །གོས་དང་རྒྱན་དང་བྱུག་པ་ཡིས། །སེམས་ཅན་ཁམས་ནི་མ་ལུས་པ། །རབ་གསོལ་ལས་བྱུང་བསོད་ནམས་གང་། །བསོད་ནམས་དེ་ནི་སེམས་ཅན་གཅིག །
སྲོག་ནི་ཡོངས་སུ་བསྲུངས་ལས་བྱུང་། །དེ་བས་དུག་ནི་གཞོམ་པའི་ཕྱིར། །མཁའ་ལྡིང་བདག་པོའི་གཏོར་མར་འདོད། །དེ་ནི་རིག་པ་འཛིན་པའི་སྡེ་སྣོད་ལས། །བདག་གིས་གཏོར་མའི་ཆོ་ག་གསལ་བར་བཏུས། །མཁས་པས་སེམས་ཅན་ལ་ནི་ཕན་གདགས་ཕྱིར། །འབད་པ་ཡིས་ནི་རྟག་པ་ཉིད་
དུ་བྱ། །དཔལ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་ནང་ནས་བཏུས་པའི་མཁའ་ལྡིང་གི་གཏོར་མའི་ཆོ་གའོ།། །།རོ་ལངས་གཏོར་མ་བསྒྲུབ་པ་ནི། །རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས། །ཆོ་ག་ཡིས་ནི་རིམ་བཞིན་དུ། །གསལ་བར་དེ་ནས་ཡང་དག་བཤད། །གཏོར་མའི་ལས་ནི་ཐམས་ཅད་ལ། །བསྒོམས་
པའི་སྟོབས་ཀྱིས་འབྱུང་པོ་རྣམས། །བསྐྱེད་ནས་མགུ་བར་བྱ་ཞེས་གྲགས། །རྣལ་འབྱོར་པས་འདིར་དེ་བཞིན་མིན། །དང་པོར་རོ་ལངས་དག་གི་ཚོགས། །སྔགས་ཀྱི་མཐུ་ཡིས་བསླངས་ནས་ནི། །དེ་ནས་འདས་སོགས་ཀུན་དྲིས་ནས། །སྙིང་རྗེ་ཆེན་པོས་གཏོར་མ་སྦྱིན། །རེ་ཞིག་དང་པོར་ཤིན་ཏུ་
འཇིགས། །དུར་ཁྲོད་རོ་ཡིས་འཇིགས་བྱེད་པར། །སོང་ནས་དོགས་མེད་སེམས་ཀྱིས་ནི། །མཚན་མོ་རོ་ནི་བཙལ་བར་བྱ། །རྒྱལ་པོས་ཉེས་པ་ལ་བརྟེན་ནས། །སྒེགས་པར་གྱུར་པ་གང་ཡིན་དང་། །བསལ་ཤིང་ལ་བསྐྱོན་ཡན་ལག་ནི། །མ་ཉམས་རོ་ཆེན་བཙལ་བར་བྱ། །འཁྱུད་པ་དང་

ནི་འོ་བྱས་ཏེ། །དེ་བཞིན་དཔྱང་ཐག་བྱ་བ་ཡིས། །དགྱེས་གང་བཅོམ་ལྡན་འདས་ཀྱིས་ནི། །འདི་གསུངས་མཱ་མ་ཀཱི་ལ་གསུངས། །རོ་ལངས་ཆེན་པོ་བསྒྲུབ་པ་ནི། །དེ་ནས་ཡང་དག་རབ་བཤད་བྱ། །མར་ངོའི་བརྒྱད་དམ་བཅུ་བཞི་ལ། །མཚན་མ་གཅིག་གམ་བཞི་མདོ་འམ། །ཤིང་གཅིག་གམ་ནི་དུར་
ཁྲོད་དམ། །ཆུ་ཡི་འགྲམ་དང་རི་བོ་རུ། །བྱ་བ་དག་ནི་ཐམས་ཅད་བསྒྲུབ། །དེ་བཞིན་རོ་ལངས་བསླང་བ་ན། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །འགེགས་ནས་ཤི་བ་གང་ཡིན་པ། །གདོལ་པ་འམ་ནི་གཡུང་མོ་འང་རུང་། །སྡུག་ཅིང་མཛེས་ལ་རྨ་མེད་པ། །སུམ་ཅུ་རྩ་གཉིས་སོ་
དང་ལྡན། །ལོ་ནི་ཉི་ཤུ་རྩ་ལྔ་ལོན། །ཡང་ན་བཙའ་བའི་དུས་སུ་ནི། །ཤི་བའི་བུད་མེད་བསླང་བར་བྱ། །སྔགས་དང་སྨན་དང་ལྡན་པ་ཡི། །ཆུ་མདོག་དག་གིས་ཁྲུས་བྱ་ཞིང་། །ཙནྡན་དཀར་པོ་གླ་རྩི་ཡིས། །དེ་ལ་རྣམ་པར་བྱུག་པར་བྱ། །སྤོས་དང་མེ་ཏོག་དག་གིས་མཆོད། །གཏོར་མ་
སྣ་ཚོགས་སྦྱིན་པར་བྱ། །ཏིལ་མར་ཆེན་པོས་བྱུགས་ནས་ན། །ཉུངས་ཀར་གྱིས་ནི་གདོང་ལ་རྡེག །སྒྲུབ་པ་པོས་ནི་ཧེ་རུ་ཀ །ཞེས་བྱའི་དཀྱིལ་འཁོར་དེ་བྲི་བྱ། །ཟླ་བ་ཕྱེད་པ་ཐོད་མཚུངས་པ། །གཞུ་བདུངས་པ་ཡི་རྣམ་པ་ཅན། །རིག་མ་བརྒྱད་དང་ཡང་དག་ལྡན། །ཐོད་པ་རྣམས་ཀྱིས་ཉེ་བར་མཛེས། །
གཞི་ནི་ཐོད་པ་དག་ཡིན་ཏེ། །ཐམས་ཅད་ཁ་ཊྭཱཾ་ག་བསྣམས་པ། །སྤྱན་གསུམ་དྲག་པོའི་གཟུགས་ཅན་ཏེ། །སྤྱན་དྲུག་རལ་གྲི་ཕྱག་བསྣམས་པ། །དཀྱིལ་འཁོར་འདི་ཡི་ཕྱི་རོལ་དུ། །སྒོ་སྲུང་དག་ནི་རབ་ཏུ་བརྟག །བ་ལང་སྣ་དང་གླང་པོའི་སྣ། །བཞིན་བཟངས་དེ་བཞིན་བཞིན་ངན་པ། །དྲག་པོའི་ཞགས་
པ་ལྕགས་ཀྱུ་ཐོགས། །མི་སྡུག་རྣམ་གཙིགས་འཇིགས་རུང་བ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྤོས་དང་མེ་ཏོག་ལ་སོགས་བྲི། །རོལ་ཆ་རྣམ་པ་སྣ་ཚོགས་མཆོག །དཀྱིལ་འཁོར་དུ་ནི་རིམ་བཞིན་བྲི། །དེ་ནས་དཔའ་བོ་སྒྲུབ་པ་པོ། །ཧེ་རུ་ཀ་ཡི་གཟུགས་འཛིན་པ། །དུང་ཆེན་དག་གིས་རྣམ་པར་
བརྒྱན། །ཁ་ན་ཤ་ཆེན་ཟ་བྱེད་པ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཤིན་ཏུ་རྣམ་གཙིགས་འཇིགས་རུང་བས། །དེ་རུ་ཅང་ཏེའུ་བརྡུང་བྱ་ཞིང་། །གར་གྱིས་གྲོང་ཁྱེར་འཇུག་པར་བྱ། །ལུས་ལ་སྔགས་ཀྱིས་གོ་བགོས་པས། །དེར་ནི་ཡི་གེ་ཕཊ་བརྗོད་བྱ། །དཀྱིལ་འཁོར་མཆོག་ནི་སྔར་བཞིན་དུ། །

ཁྲག་ཆེན་པོ་ཡིས་བསང་གཏོར་བྱ། །ཧེ་རུ་ཀ་ཡི་སྔགས་ཆེན་པོ། །སྒྲུབ་པ་པོས་ནི་བཟླས་པར་བྱ། །ཁྲོ་བོ་བཅས་ནས་རོ་ལངས་ནི། །འབྲུག་གི་སྒྲ་ནི་སྒྲོགས་པར་འགྱུར། །སྔགས་པས་འཇིགས་པར་མི་བྱ་ཞིང་། །ཧེ་རུ་ཀ་ནི་རྗེས་དྲན་བྱ། །ཧེ་རུ་ཀ་ནི་འཇིགས་རུང་བཤད། །ཚངས་པའི་ཡུལ་ས་ཟ་
བྱེད་བརྩོན། །དྲག་པོ་ཆེན་པོ་ལྕགས་བསྐྱོད་པ། །འགྲོ་བ་ཀུན་དུ་སྡུད་པ་པོ། །ཧ་ཧ་ཞེས་ནི་སྒྲོགས་བཤད་པ། །འཇིགས་བྱེད་ཇི་བཞིན་འཇིགས་རུང་བ། །རྒྱ་མཚོའི་གླིང་གི་མེ་ལྟར་འབར། །ཉི་མ་བཅུ་གཉིས་དང་མཚུངས་འོད། །དཔའ་བོ་དབང་ཕྱུག་གཟུགས་ཅན་དཔའ། །ཁམས་གསུམ་དག་ནི་གཡོ་མཛད་
པ། །སྒོམ་པའི་བདག་ལྡན་དེ་ཡི་གཟུགས། །སྒྲུབ་པ་པོས་ནི་དབང་པོ་བསམ། །ལངས་པར་གྱུར་ནས་རོ་ལངས་དེ། །སྒྲུབ་པ་པོ་ལ་འདི་སྐད་སྨྲ། །དཔལ་ཆེན་བདག་གིས་ཅི་ཞིག་བགྱི། །རྡོ་རྗེ་ཅན་མཆོག་བཀའ་སྩོལ་ཅིག །རལ་གྲི་མིག་སྨན་ས་འོག་དང་། །མཁའ་སྤྱོད་ཕན་པར་བྱ་བ་དག །ཇི་ལྟར་
བསྒྲུབ་པར་འདོད་བཞིན་བུ། །ལས་དེ་རབ་ཏུ་སྒྲུབ་པར་བྱེད། །ཡིད་ལ་འདོད་པའི་ལས་གང་ཡིན། །སྒྲུབ་པ་པོས་ནི་དེ་ལ་བརྗོད། །དེ་དག་ཐམས་ཅད་སྒྲུབ་པར་བྱེད། །པདྨ་རྒྱ་ཆེན་མཱ་མ་ཀཱི། །དེ་ནས་དེ་ཡི་ཁ་ལས་ནི། །འདས་དང་མ་འོངས་སོགས་ཞེས་བྱ། །རྒྱལ་པོ་ལ་སོགས་ཚེ་ཚད་དང་། །བདག་
ཉིད་ཀྱི་ཡང་དེ་ལས་ཡིན། །ཤ་ཆེན་རྒུན་ཆང་ཟང་ཟིང་དང་། །སྐྱེ་བ་བདུན་པ་ལས་བྱུང་བ། །ཤ་ནི་ཆེན་པོ་དག་གིས་ཀྱང་། །དེ་ནས་དེ་ལ་གཏོར་མ་སྦྱིན། །ཡང་ན་ལུས་ནི་མ་ཉམས་པ། །གཞོན་ནུའི་གཟུགས་ཅན་ཡོན་ཏན་ལྡན། །བ་ལང་ཁ་ན་མ་ཐོ་མེད། །རྙེད་ནས་གཏོར་མའི་སྣོད་དུ་གཞུག །
བདུད་རྩི་དག་གིས་ཁ་བཀང་ནས། །ཧེ་རུ་ཀ་ཡི་གཟུགས་འཛིན་ཅིང་། །སྔགས་པ་ཕྱག་རྒྱ་ལྔ་འཆང་བ། །རྡོ་རྗེ་དྲིལ་བུ་སྙེམས་བཅས་པས། །བཤང་གཅི་ཁྲག་ལྡན་བུད་མེད་གོས། །བདུད་རྩི་གུ་གུལ་གྱིས་ཐོད་པར། །རོ་བསྲེགས་མེ་ལ་སྤོས་གཏུལ་ཏེ། །སྒྲ་ཡི་མཆོད་པ་ཕྱིར་ལྡན་ཞིང་། །
དེ་བྱས་སོར་གདུབ་དང་ལྡན་པས། །འབེབས་པར་བྱེད་པའི་མཆོག་འགྱུར་ཏེ། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་བྷུར་བྷུ་བ་སྭཿ། ཤྲཱི་ཧེ་རུ་ཀ་ཁཱ་ཡ་བིད་མ་ཧེ། །བིདྱཱ་རཱ་ཛ་ཡཱ་དྷི་མ་ཧེ་སྭཱ་ཧཱ། ཞེས་བྱ་དེ་ཡིས་ཕབ་ནས་ནི། །མཁའ་སྤྱོད་ཕྱག་རྒྱ་བཅིངས་ནས་སུ། །བློ་གྲོས་ཆེན་པོས་རོ་

ལངས་ལ། །ལག་པ་གཉིས་སུ་གཏོར་མ་སྦྱིན། །འདི་ཡི་སྔགས་ནི་འདི་ཡིན་ཏེ། །ཧཱུཾ་བཛྲ་ཀ་ར་མུ་ཁ་ཡ་ན་མཿཤྲཱི་བཛྲ་རཱ་ག་ས་མཱ་ཡཱ་ན་མཿཁ་ཊྭཱཾ་ག་བཛྲ་པྲ་ཛ་ལ་ཡ་ཡ་ན་མཿཤྲཱི་བཛྲ་གྷཎྜ་ཙ་ལ་ཡཱ་ཡ་ན་མཿལག་པ་གཡས་དང་གཡོན་དག་གིས། །སྒེག་བཅས་རྩེད་མོའི་གར་དག་གིས། །བསྐལ་བཟང་རྡོ་རྗེ་
ཧ་ཧར་བཤད། །གཏོར་མའི་མཆོད་པ་སྦྱིན་པར་བྱ། །དེ་ནི་རྣལ་འབྱོར་གྱིས་བཏེག་སྟེ། །ཆེ་མཆོག་ལས་བྱུང་མཆོག་འཛིན་པས། །དཔྲལ་བ་རུ་ནི་བསྐོར་བྱས་ཏེ། །སྤྱི་བོའི་གཙུག་ཏུ་གཟུང་བར་བྱ། །དེ་ནས་གར་བྱེད་ཕབ་བྱས་ནས། །ལྷ་མོའི་རྣལ་འབྱོར་གྱིས་གླུ་དག །བླང་ཞིང་ཕྱག་རྒྱ་
བརྒྱད་ཀྱིས་ནི། །དེ་ཉིད་གསང་བ་ལ་སྦྱར་བྱ། །དེ་ལྟར་ཐམས་ཅད་བྱས་ནས་ནི། །གཏོར་མའི་ཆོ་ག་རབ་རྫོགས་ནས། །དེ་ནས་རོ་ལངས་དེ་ཡིད་ནི། །མགུ་བར་རྟོགས་ནས་གུས་བཅས་པས། །དེ་ལ་རྣལ་འབྱོར་བདེ་མཆོག་གིས། །ཚིག་ནི་འདི་སྐད་བརྗོད་པར་བྱ། །ཁྱོད་ཀྱི་མགུལ་ནས་ཞགས་པ་གང་། །དེ་ནི་གྲོགས་
མཆོག་ང་ལ་བྱིན། །ཁ་ནས་བྱུང་བར་གྱུར་པ་ཡིན། །པེ་ནེ་འདི་ནི་ང་ལ་བྱིན། །དེ་ནས་ཞགས་པ་པེ་ནེ་དག །དེ་ཡིས་དེ་ལ་སྟེར་བར་འགྱུར། །དེ་དག་བླངས་ནས་རྣལ་འབྱོར་པའི། །རྨད་ཆེན་ལས་ནི་བྱེད་པར་འགྱུར། །ཞགས་པའི་ཐལ་བ་བླངས་ནས་ནི། །ཆུ་གྲང་ལྷན་ཅིག་འཐུང་བྱེད་གང་། །བརྗེད་བྱེད་འཇིགས་པ་ཆེན་
པོ་ལས། །དེ་ནི་སྐད་ཅིག་གིས་གྲོལ་འགྱུར། །གཙང་བའི་དོན་དུ་གང་ཞིག་ལ། །སྔགས་པ་གང་གིས་པེ་ནེ་བྱིན། །དེ་ནི་ལག་ཏུ་སླར་ལྡོག་པར། །འགྱུར་བ་རུ་ནི་ཐེ་ཚོམ་མེད། །དེ་ནས་བཏང་བར་བྱས་ནས་ནི། །རྣལ་འབྱོར་རང་གི་གནས་འགྲོ་བྱ། །སྨོན་ལམ་བཏབ་སྟེ་དགེ་བ་ཉིད། །ཡོངས་སུ་
བསྔོས་ཏེ་བདེ་བར་གནས། །དེ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་བཏུས་པའི་རོ་ལངས་ཀྱི་གཏོར་མའི་ཆོ་གའོ།། །།དཔལ་ལྡན་གདན་བཞིའི་རྒྱུད་གསུངས་པའི། །ཆོ་གས་རྒྱས་པའི་ལས་ལ་ནི། །ཆུ་ཡི་ལས་བྱ་གཏོར་མའི་ལས། །དེ་ནས་ཡང་དག་བཤད་པར་བྱ། །ངོ་མཚར་གྱུར་པའི་ལྷ་ཐོས་ཏེ། །
ཆུ་ཡི་སྦྱིན་སྲེག་ཇི་ལྟ་བུ། །དེ་ཉིད་ཆུ་ཡི་སྦྱིན་སྲེག་གི། །མཚན་ཉིད་ཇི་ལྟར་ཤེས་པར་གྱིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆུ་སོགས་མཚན་ཉིད་ཡང་དག་པ། །རྡོ་རྗེ་དེ་ཉིད་ཡང་དག་བྱིན། །བླ་རེ་དག་ནི་རྣམ་པར་བྲེས། །སྣ་ཚོགས་གོས་ནི་རབ་ཏུ་འཕྱང་། །དྲི་དག་གིས་ནི་ཀུན་དུ་བྱུགས། །གྲུ་བཞི་

ཤིན་ཏུ་རྒྱ་ཆེ་བ། །དབུས་སུ་སྣོད་ནི་དཀར་པོ་གཞག །རྫས་ནི་དཀར་པོས་བྱུག་པར་བྱ། །ཆུ་ནི་འོ་མ་དང་བསྲེས་ཤིང་། །གཙང་མའི་ཆུ་ཡིས་ཡོངས་གང་བ། །དྲི་ཡི་ཆུ་ཡིས་ཀུན་དུ་གང་། །ལྕུག་མ་དག་གིས་བརྒྱན་གྱུར་པ། །བུམ་པ་བརྒྱད་པོ་དག་ཀྱང་ནི། །ཕྱོགས་བརྒྱད་དུ་ནི་གཞག་པར་བྱ། །སྐད་
ཅིག་རྣམ་པས་བསྐྱེད་པ་ཡི། །ཡེ་ཤེས་མཁའ་འགྲོ་བདག་ཉིད་ལ། །སྤོས་དང་མེ་ཏོག་དྲི་སོགས་ཀྱིས། །བདག་གི་དངོས་པོ་མཆོད་པར་བྱ། །དེ་ནས་ཕྱི་རོལ་གནས་སུ་ནི། །ཆུ་ཡི་ལས་རྣམས་བྱ་བ་ཡིན། །ལག་གཉིས་ཐལ་མོ་སྦྱར་བྱས་ནས། །པདྨའི་རྣམ་པར་གཟུང་བར་བྱ། །ཨོཾ་ཀ་མ་ལ་ཡེ་སྭཱ་ཧཱ། །པདྨའི་སྔགས་དང་ཕྱག་
རྒྱའོ། །ཆུའི་དབུས་སུ་པདྨ་ནི། །ཟླ་བའི་དཀྱིལ་འཁོར་བརྒྱན་པ་དགོད། །གདུགས་ནི་དཀར་པོས་གཡོགས་པ་ཡི། །ས་བོན་དབུས་སུ་བསྒོམ་པར་བྱ། །རང་གི་དབུགས་ལས་བྱུང་གྱུར་པ། །ས་བོན་གྱིས་ནི་གཟུགས་བསྐྱེད་བྱ། །ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་བཅས། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །
ཕྱག་ན་རྡོ་རྗེ་དབྱུག་པ་བསྣམས། །སྐུ་མདོག་དཀར་པོར་རབ་ཏུ་གྲགས། །བཞད་ཅིང་ཁྲོ་བོ་སྒེག་ལྡན་པ། །རབ་ཏུ་མཛེས་པའི་གོས་ཀྱིས་བརྒྱན། །དམ་ཚིག་ཕྱག་རྒྱ་བསྟན་བྱ་ཞིང་། །དམ་ཚིག་སྔགས་ནི་བརྗོད་པར་བྱ། །ལག་གཉིས་ཕན་ཚུན་ཁུ་ཚུར་བཅས། །མཛུབ་མོ་གཉིས་ནི་རབ་བརྐྱང་ཞིང་། །བཀུག་ཅིང་མདུད་
པ་བྱས་པ་ནི། །དམ་ཚིག་ཕྱག་རྒྱར་རབ་ཏུ་བསྒྲགས། །ཨོཾ་ས་མ་ཡེ་ཏིཥྛ་ཧཱུཾ་ཕཊ། །དམ་ཚིག་སྔགས་དང་ཕྱག་རྒྱའོ། །ཤར་གྱི་བུམ་པར་ནོར་བུ་བཟང་། །ལྷོ་རུ་གང་བ་བཟང་པོ་སྟེ། །ནོར་སྦྱིན་ནུབ་ཀྱི་བུམ་པར་རོ། །དེ་བཞིན་བྱང་དུ་རྣམ་ཐོས་སྲས། །རྣ་ཆ་བཟང་པོ་དབང་ལྡན་དུ། །རྩེ་ལྡན་ཞེས་བྱ་མེ་ཕྱོགས་སུ། །
བདེན་བྲལ་ཕྱོགས་སུ་ཕྲེང་ལྡན་ཉིད། །མུ་ཅོར་སྨྲ་བ་རླུང་ཕྱོགས་སུ། །ཡང་དང་ཡང་དུ་མངོན་བསྔགས་ནས། །ཛཾ་བྷ་ལ་ནི་དབུས་སུ་དགོད། །དེ་ནི་བུམ་པ་དགོད་པའོ། །ནོར་འདོད་པ་ཡི་རྣལ་འབྱོར་པས། །དེ་ནས་ལག་པ་ལ་དགོད་བྱ། །ལག་པ་དྲི་ཡིས་བྱུགས་པ་ལ། །ནོར་བུ་བཟང་སོགས་ཡང་དག་དགོད། །ནོར་བུ་
བཟང་པོ་མཛུབ་མོ་ལ། །གང་བ་བཟང་པོ་གུང་མོ་ལ། །ནོར་སྦྱིན་གནོད་སྦྱིན་སྲིན་ལག་ལ། །རྣམ་ཐོས་སྲས་ནི་མཐེའུ་ཆུང་ལ། །མཐེ་བོང་ལ་ནི་རྣ་ཆ་བཟང་། །མཁྲིག་མར་རྩེ་ལྡན་ཕྲེང་ཅན་དག །ལག་པ་ཡི་ནི་ལག་ངར་ལ། །ཀུན་དུ་མུ་ཅོར་སྨྲ་དབང་ཕྱུག །ཡང་དང་ཡང་དུ་མངོན་བསྔགས་ཏེ། །ཛཾ་བྷ་

ལ་ནི་དབུས་སུ་དགོད། །ཨོཾ་ཛུཾ་པུཾ་བུཾ་ས་ཞེས་བྱ་བའི་ས་བོན་རྣམས་གུང་མོ་ནས་བརྩམས་ཏེ་མཐེ་བོང་ལ་ཐུག་པ་ལ་དགོད་པར་བྱའོ། །དེ་ནས་སོ་སོའི་ཕྱག་མཚན་ནི། །དམ་ཚིག་ཕྱག་རྒྱ་བཞིན་དུ་བསྟན། །སྤོས་དང་མེ་ཏོག་ལ་སོགས་དྲིས། །མཁས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །གཡོན་པ་སྙིང་
གར་གཞག་བྱ་ཞིང་། །གཡས་པ་གོང་དུ་གཞག་བྱ་བ། །རྩ་ཡི་ཕྱག་རྒྱར་རབ་ཏུ་བསྒྲགས། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཛིཾ་ཧཱུཾ་སྭཱ་ཧཱ། རྩ་བའི་སྔགས་སོ། །མེ་ཏོག་དཀར་པོ་ཀུནྡ་སོགས། །དཱུར་བ་མདུན་དུ་དབུལ་བར་བྱ། །ཁྱོར་བ་བརྒྱ་རྩ་བརྒྱད་པ་ནི། །མཁས་པས་མགོ་བོའི་སྟིང་དུ་བླུགས། །ཁྱོར་བ་རེ་རེ་ཞིང་ནི་
བླུགས། །ལན་གཅིག་བརྗོད་ནས་དབུལ་བར་བྱ། །ཁྲི་ཕྲག་གཅིག་གིས་དེ་ཡི་ལས། །ཐམས་ཅད་དག་ནི་འགྲུབ་པར་འགྱུར། །མེ་ཏོག་ཀ་ར་བཱི་ར་སོགས། །མེ་ཏོག་ཁ་དོག་དཀར་པོ་འང་རུང་། །ཁྱོར་བ་ཁྲི་ཕྲག་གཅིག་ཕུལ་ན། །ཁྱིམ་ནི་ཞི་བར་བྱས་པར་འགྱུར། །ཡམ་ཤིང་ནཱ་ག་པུཥྤ་དག །འོ་མ་དང་བསྲེས་
དབུལ་བྱ་ཞིང་། །ཁྱོར་བ་ཁྲི་ཕྲག་གཅིག་ཕུལ་ན། །དེ་བཞིན་གྲོང་ནི་ཞི་བར་འགྱུར། །ལས་རྣམས་ཀུན་ལ་སྦྱར་བྱ་ཞིང་། །པདྨ་རྣམ་པ་སྣ་ཚོགས་པ། །ཁྲི་ཕྲག་ཕུལ་བ་ཙམ་གྱིས་ནི། །ཡུལ་ནི་ཞི་བར་བྱས་པར་འགྱུར། །པྲི་ཡང་ཀུ་དང་བིལ་བ་དང་། །ཨུཏྤ་ལ་དང་ཀུ་མུ་ད། །རྒྱལ་པོའི་སྐྱོན་ལ་སྦྱར་བྱས་ན། །ཕ་རོལ་ཡུལ་
འཁོར་འཇིག་པར་འགྱུར། །གང་ཞིག་ནང་པར་བརྒྱ་རྩ་བརྒྱད། །ཆུ་ལ་གཏོར་མ་སྦྱིན་བྱེད་པ། །སྔགས་པ་དེ་ལ་ཡིད་འོང་པའི། །ནོར་དག་རྒྱས་པར་གྱུར་པ་ཡིན། །དེ་ནས་སྔ་མ་བཞིན་དུ་གསེར་ལ་སོགས་པ་ལས་བྱས་པའི་སྣོད་དགུ་ཆུ་དྲི་ཞིམ་པོས་གང་བར་བྱས་ཏེ་དེའི་ནང་དུ་འབྲུ་དང་རིན་པོ་ཆེ་དང་སྨན་དང་དེ་བཞིན་དུ་བའི་འོ་མ་བཅུག་
ལ། མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པ་མཆོད་དེ། །སྔར་བཤད་པའི་ཕྱག་རྒྱས་ཀྱང་མངོན་པར་རྒྱས་བཏབ་ནས་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཇི་སྲིད་ཨོཾ་མུ་ཁེ་ཤྭ་རཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ལ་ཐུག་པའི་སྔགས་དགུ་
བརྗོད་ལ་སྤྱན་དྲང་སྟེ། །དེ་རྣམས་མངོན་སུམ་དུ་གྱུར་པར་བལྟས་ལ་གཏོར་མ་སྦྱིན་པའི་ཕྱིར་ཡང་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ན་མོ་བྷ་ག་བ་ཏེ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨི་མཾ་བ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་བཛྲ་ཛཾ་ཕཊ་སྭཱ་ཧཱ། མ་མ་ཧི་ར་ཎྱ་སུ་བརྞ་མ་ཎི་མུཀྟ་རཏྣ་ཧེ་མ་ནི་དྷ་ནི་དེ་ཧི་མཱཾ།

ཛི་གྷྲནྟུ། པི་བནྟུ་ཁ་དནྟུ། མ་མ་ཤཱནྟི་པུཥྚི་ཀུ་རུ་བཛྲ་དྷ་རི་ཀ་བ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཛཾ་ཛཾ་ཛཾ་ཧཱུཾ་ཛཱུཾ་ཛི་ཛ་ཕཊ་སྭཱ་ཧཱ་ཞེས་བྱ་བ་བརྗོད་ལ། དྲག་ཏུ་འབྲུབ་པའི་ཆུ་བོ་ལ་གཏོར་མའི་སྣོད་དགུ་པོ་དག་དོར་བར་བྱའོ། །དེ་ནས་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གཤེགས་སུ་གསོལ་ལོ། །
དེ་ནི་གདན་བཞི་པའི་རྒྱུད་ལས་གསུངས་པའི་མན་ངག་གི་རིམ་པའི་ཆུའི་སྦྱིན་སྲེག་གི་ཆུའི་གཏོར་མའི་ཆོ་གའོ། །དེ་ནས་གཏོར་མ་བསྒྲུབ་པ་དང་། །དེའི་བདག་རྡོ་རྗེ་གནོད་སྦྱིན་དང་། །བུ་སྟེ་རྣམ་ཐོས་སྲས་ཀྱི་ནི། །དེ་བས་གཞན་ཡང་རབ་བཤད་བྱ། །རེ་ཞིག་དང་པོར་རང་གི་ཁྱིམ་མམ། ལྷ་ཁང་ངམ་མཆོད་
རྟེན་གྱི་གནས་སམ་ལྷའི་ཁང་པ་འམ། གང་ཡང་རུང་བར་གནས་པས་ཉིན་ཞག་རྟག་ཏུ་བྱ་བའི་རིམ་པས་གཏོར་མའང་བྱའོ། །བཟའ་བར་བྱ་བའི་དང་པོར་ཡི་གེ་དང་པོ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མ་ཆེན་མོ་འཕྲོག་མ་གདོང་གཅིག་པ་ལག་པ་གཉིས་པ་ཁའི་ནང་མཆེ་བ་གཙིགས་པས་འཇིགས་
སུ་རུང་བ་ཁ་ན་ལྕེ་འདྲིལ་བ། རྐང་པའི་ཆ་མིའི་པགས་པས་གཡོགས་པ། ལག་པ་གཡོན་པས་མིའི་མགོ་བོ་བཟུང་བ་གཡས་ན་ངོ་མཚར་གྱི་ཕྱག་རྒྱ་འཛིན་པ། གར་གྱི་འགྱིང་ཚུལ་བྱས་པ་སྣ་ཚོགས་མདོག་ཅན་རྣམ་པར་བསྒོམས་ལ། དེ་བཞིན་དུ་དེའི་བདག་པོ་རྡོ་རྗེ་གནོད་སྦྱིན་དེ་ཁོ་ན་བཞིན་དུ་བྱུང་བ་སྟེ།
འོན་ཀྱང་གཅེར་བུ་སྐྲ་བཤིག་པ་རྣམ་པར་བསྒོམས་ཏེ། དེ་བཞིན་དུ་དེའི་བུ་རྣམ་ཐོས་སྲས་ཡི་གེ་དང་པོ་ལས་བྱུང་བ་མདོག་དམར་པོ་ལག་པ་གཉིས་པ་གདོང་གཅིག་པ་མཆེ་བ་ཅུང་ཟད་གཙིགས་པའི་གདོང་ཅན་སེང་གེ་ལ་ཞོན་པ་གཡོན་སེང་གེའི་རྒྱལ་མཚན་ཐོགས་པ། གཡས་ན་རིན་པོ་ཆེའི་གཏེར་
ཐོགས་པ། དུང་གི་གཏེར་དང་། པདྨའི་གཏེར་གཉིས་སྒེག་པ་དང་བཅས་པའི་ལག་པ་གཡོན་དང་གཡས་པ་ན་ཐོགས་པའི་རྔ་ཡབ་དཀར་པོ་གཡོབ་པར་ཡང་རྣམ་པར་བསྒོམས་ལ། དེ་ནས་དེ་རྣམས་བོད་པའི་ཕྱིར་ཨུཏྤ་ལའི་ཕྱག་རྒྱ་བཅིང་བར་བྱའོ། །འདིར་སྔགས་ནི་ཨོཾ་ཨེ་ཧྱེ་ཧི་རི་ཏེ་ཡཱ་པ་ཤུ་པུ་ཏྲ་
ཤ་ཏ་པ་རི་བཱ་རེ་བཛྲ་ཡཀྵ་པྲི་ཡེ་ཨསྨིན་སནྣི་ཧི་ཏོ་བྷ་བ་སྭཱ་ཧཱ། བོད་པའི་སྔགས་སོ། །དེ་ནས་ཟས་ཀྱི་སྣོད་ནས་འབྲས་ཆན་གྱི་ཆང་བུ་གསུམ་བྱས་ཏེ་ས་ལ་གཞག་པར་བྱའོ། །ཆང་དང་ཤ་ལ་སོགས་པ་ཇི་ལྟར་རྙེད་པར་ཅུང་ཟད་ཙམ་བྱིན་ལ་སྔགས་བརྗོད་པར་བྱའོ། །ཨོཾ་ཧ་རི་ཏྱཻ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧ་ར་ཧ་ར།

སརྦ་པཱ་པཾ་ནི་ཀྵིཾ་སརྦ་ཡཀྵ་ནི་པྲ་བེ་ཤ་ཏ་པ་རི་བཱ་ར་ཨི་མཾ་བ་ལིཾ་གྲྀ་ཧྣ་གྲྀ་ཧྣ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཡཀྵ་རུ་དྲ་ཕཊ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་ལ་ཆུའི་སྣོད་དུ་བཅུག་སྟེ་དབེན་པར་གཞག་པར་བྱའོ། །དེ་ནི་རྟག་པར་བྱ་བའི་གཏོར་མའི་ཆོ་གའོ། །མཁའ་སྤྱོད་གཏོར་མའི་རིམ་པ་ནི། །ཆོ་ག་
རབ་གསལ་ལ་བརྟེན་ནས། །རྣལ་འབྱོར་མ་རྒྱུད་རྗེས་འབྲངས་ནས། །དེ་ནས་གཞན་ཡང་རབ་བཤད་བྱ། །གཏོར་མའི་ལས་ལ་བྱ་རྣམས་ལས། །བྱ་རོག་གི་ནི་རིགས་རྣམས་བསྔགས། །འདི་ལྟར་དེ་དག་མཁས་རྣམས་ཀྱིས། །གཏོར་ཟན་ཉིད་དུ་བཤད་པ་ཡིན། །སྔགས་པས་བཟའ་བའི་སྔོན་རོལ་དུ། །དུར་ཁྲོད་ཆེན་
པོར་སོང་ནས་ནི། །བྱ་རོག་ལྷ་ཡི་བདག་ཉིད་ཅན། །ཚིམ་ཕྱིར་དེ་རུ་གཏོར་མ་བྱ། །མངོན་བརྗོད་བླ་མའི་རིམ་པ་བཞིན། །དེ་རུ་དཀྱིལ་འཁོར་བསམ་པར་བྱ། །གེ་སར་ལྟེ་བ་དང་ལྡན་པའི། །པདྨ་འདབ་མ་བརྒྱད་པ་བསམ། །དེ་ཡི་དབུས་སུ་ལྷ་མོ་དགོད། །དྲག་པོའི་གཟུགས་ཅན་མདངས་ཅན་མ། །ཞལ་གཅིག་
ཕྱག་ནི་བཞི་པ་སྟེ། །ཐོད་པ་ཁ་ཊྭཱཾ་ག་ཡིས་བརྒྱན། །ཕྱག་ན་གྲི་གུག་མགོ་བསྣམས་ཉིད། །ལྟེ་བའི་དབུས་སུ་བསྒོམ་པར་བྱ། །སྤྱན་གསུམ་སྨིན་མ་ཁམ་ལྡན་པ། །རོལ་པའི་འདུག་སྟངས་གར་དང་ལྡན། །སྒེག་པ་ལ་སོགས་རོ་ལྡན་པ། །གར་གྱི་སྦྱོར་ལྡན་བསྒོམ་པར་བྱ། །ཁྲོ་བོའི་རྒྱལ་པོ་སྟོབས་
ཆེན་རྣམས། །ཕྱག་རྣམས་ཀུན་ན་ཐོ་སོགས་བསྣམས། །མི་སྡུག་དྲག་པོ་འཇིགས་རུང་བ། །འདབ་མ་བརྒྱད་ལ་རྣམ་དགོད་བྱ། །དེ་ནས་རང་རང་སྔགས་རྣམས་དང་། །སྤྲོ་དང་སྡུད་པ་བྱེད་པ་ཡིན། །མཁའ་སྤྱོད་ཕྱག་རྒྱ་བཅིངས་ནས་ནི། །དེ་ནས་ཀུན་དུ་སྤྱན་དྲང་བྱ། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་
དང་ལྷ་བཤོས་ལྔ་རྣམས་དང་། །མཆོད་ཡོན་ཞབས་བསིལ་རིམ་གྱིས་ནི། །དཀྱིལ་འཁོར་མཆོག་ནི་མཆོད་པར་བྱ། །ཁྭ་ཡི་གདོང་ཅན་མཁའ་འགྲོ་མར། །བདག་ཉིད་ཀྱང་ནི་བསམ་པར་བྱ། །ཇི་ལྟར་དཀྱིལ་འཁོར་འཁོར་ལོ་བཞིན། །འཁོར་རྣམས་བརྒྱད་པོ་བསམ་པར་བྱ། །དེ་ནས་ཤིང་རྩེ་ལ་
གནས་པའི། །བྱ་རོག་ཚོགས་རྣམས་གུས་བཅས་པས། །ཁྭ་གདོང་ཆ་བྱད་གཟུགས་ཅན་དག །རིམ་པ་ལ་ནི་བརྟེན་ནས་བསྒོམ། །དེ་ནས་དེ་ཡི་སྔགས་ཀྱིས་ནི། །དེ་རྣམས་ཀྱང་ནི་སྤྱན་དྲང་བྱ། །རྣལ་འབྱོར་པས་ནི་སྤྱན་དྲངས་ནས། །དེ་རྣམས་ལ་ནི་གཏོར་མ་དབུལ། །ཞོ་དང་འབྲས་ཆན་

ཡིད་འོང་བས། །སྣོད་ནི་རབ་ཏུ་གང་བྱས་ནས། །བློ་ལྡན་གྱིས་ནི་ཆང་བུ་དགུས། །གཉིས་པ་ཡང་ནི་དགང་བར་བྱ། །མཆོད་ཡོན་མེ་ཏོག་སོགས་རྣམས་ཀྱིས། །སྔར་བཞིན་སྣོད་གཉིས་མཆོད་པར་བྱ། །དེ་ནས་རྣལ་འབྱོར་མཉམ་གཞག་པ། །ཁྭ་ཡི་གདོང་ཅན་གཟུགས་འཛིན་ཅིང་། །དཔའ་
བོའི་སེམས་ལྡན་བརྩེ་བདག་གིས། །གཏོར་མའི་སྔགས་ནི་བརྗོད་པར་བྱ། །དེ་ནས་ཐུགས་ཀྱི་འཁོར་ལོ་གནས། །མཁའ་སྤྱོད་མ་ཡི་ཚོགས་ཇི་སྙེད། །འོལ་བ་བྱ་རོག་གཟུགས་ཉིད་དུ། །དེ་དག་ཐམས་ཅད་དེར་འོང་འགྱུར། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །མཁའ་སྤྱོད་དག་ནི་ཅི་
འདྲ་དང་། །ཇི་སྙེད་ཡོད་པ་དེ་དག་ཀུན། །བྱ་རོག་རྣམ་པར་དེ་གནས་འགྱུར། །ཨོཾ་ན་མཿཤྲཱི་བཛྲ་ཌཱ་ཀཱ་ཡ་ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། དེ་ཡིས་རབ་ཏུ་གང་བའི་སྣོད། །སྙིང་གར་རབ་ཏུ་བསྐོར་བྱས་ནས། །དེ་ནས་མདུན་སྦྱིན་རྣམ་འབྱོར་པས། །དེ་རུ་མཚན་མ་བརྟག་པར་བྱ། །དེས་ནི་ས་རབ་གཡོ་བར་
གྱུར། །ཕྱོགས་རྣམས་ལས་ནི་འབྲུག་སྒྲ་འབྱུང་། །གླ་རྩི་མཚོ་སྐྱེས་དག་གི་ནི། །དྲི་བསྲུང་ཡིད་དུ་འོང་བའང་འབྱུང་། །དེ་ཡིས་སླར་ཡང་ཚིམ་བྱ་ཞིང་། །སེ་གོལ་བཅུ་པོ་དག་གིས་ནི། །ཕྱོགས་བཅུ་བཅིངས་པ་སྔོན་འགྲོ་བས། །སྡོམ་བརྩོན་གྱིས་ནི་སྔགས་འདི་བརྗོད། །ཨོཾ་བཛྲ་ཌཱ་ཀི་ནྱ་ཁེ་ཙ་རི་རུ་ཀ་
ཀཱ་པ་སྱ་ཙི་ལ་ལ་ག་རུ་ཌ་ཨི་མཾ་བ་ལིཾ་གྲྀ་ཧྞཾ་ཏུ་ས་མ་ཡ་རཀྵནྟུ། ཡ་ཐཻཥྚཾ་སརྦ་སིདྡྷི་པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཤིང་གཅིག་དྲུང་དུ་ནི། །གཏོར་མ་ཆེན་པོ་དེར་དོར་ནས། །སྔར་བཞིན་གཤེགས་སུ་གསོལ་བྱས་ཏེ། །བསྟོད་པའི་ཚིགས་བཅད་འདི་རྣམས་བརྗོད། །ཀུན་དུ་རྟོག་པའི་འཆིང་བ་བཅད། །
འཇིག་རྟེན་བྱ་བ་གྲུབ་བྱེད་པའི། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །འགྲོ་བ་སྐྱོབ་མཛད་དཔལ་ལྡན་པའི། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་ལོ། །དེ་ནི་མཁའ་སྤྱོད་མའི་གཟུགས་ཅན་གྱི་བྱ་རོག་
གི་གཏོར་མའི་ཆོ་གའོ། །གང་གིས་ས་སྤྱོད་ཚོགས་དག་ནི། །མཆོག་ཏུ་ཚིམ་པར་འགྱུར་བ་ཡི། །ཕྱིའི་གཏོར་མའི་རིམ་པ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །དགོན་པ་ཆེན་པོའི་རྣལ་འབྱོར་ཆེས། །དཀྱིལ་འཁོར་ཆེན་པོ་བསམ་པར་བྱ། །སྔར་བཞིན་འདབ་བརྒྱད་དག་གིས་ནི། །ཡོངས་སུ་མཛེས་

བྱས་པདྨ་ནི། །དེ་དབུས་ལྷ་མོ་ཁྱི་གདོང་ཅན། །སྔ་མ་བཞིན་དུ་བསམས་ནས་ནི། །རྣལ་འབྱོར་དབང་ཕྱུག་བདག་ཉིད་ཀྱང་། །དེ་བཞིན་ཁོ་ནར་རྣམ་པར་བསམ། །དེ་ནས་མཆོད་པ་རྣམ་ལྔ་ཡང་། །ཆོ་ག་ཇི་བཞིན་མཆོད་བྱས་ནས། །འབྲས་ཆན་ཤ་དང་ཁྲག་རྣམས་ཀྱིས། །གཏོར་མའི་སྣོད་ནི་རབ་དགང་བྱ། །གཏོར་སྣོད་
ཡང་དག་མཆོད་བྱས་ནས། །ཕྱོགས་བཅིང་བར་ནི་རབ་བྱས་ནས། །ཕྱག་རྒྱ་བཅིངས་ཏེ་བཟླས་བྱས་ལ། །དེ་ཡིས་སྤྱན་དྲང་ཉིད་ཀྱང་བྱ། །ཨོཾ་ཨཱ་ཡནྟྲ་ཡནྟུ་ཌཱ་ཀིནྱ་ཤ་ན་ཝ་གཱ་ཏྲ་མ་ཧོ་གྲ་བྷཱི་མ་ཝ་པུ་ཥ་ཨི་མཾ་བ་ལིཾ་བྷུཉྫ། ཛི་གྷྲ་ཐ། པི་པ་ཐ། གྲིཧྣ་ཏྭཾ། ཨསྨ་ཀཾ །པུཥྚིཾ། ཀུ་རུ་ས་མ་ཡ་མ་ནུ་སྨ་ར་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདི་ཡིས་ནི་སྤྱན་
དྲངས་པས། །ཕྱོགས་བཅུ་ནས་ནི་ཁྱིའི་གཟུགས་ཅན། །ཁྱི་གདོང་ས་སྤྱོད་འཁོར་ལོ་དང་། །གཏོར་མ་བཟའ་ཕྱིར་མདུན་འོང་འགྱུར། །དེ་རྣམས་ཚིམ་པར་བྱས་ནས་ནི། །སྨོན་ལམ་བཏབ་ནས་གཤེགས་གསོལ་ཏེ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོ། །ཅི་འདོད་གཟུགས་ཀྱིས་གནས་པར་བྱ། །ཡང་ན་ཆོ་ག་གཞན་གྱིས་ནི། །ཇི་ལྟར་
འཇིག་རྟེན་ཐམས་ཅད་ལ། །འབྲས་བུ་བདེ་འགྲོ་སྟེར་འགྱུར་བ། །ཁྱི་རྣམས་ལ་ནི་གཏོར་མ་སྦྱིན། །མངོན་པར་འདོད་པའི་དོན་སྒྲུབ་ཕྱིར། །འཕོ་ཞག་གཉིས་ལ་བརྟེན་ནས་ནི། །བཟའ་བའི་སྔོན་དུ་གུས་བཅས་པས། །ཁྱི་རྣམས་ལ་ནི་གཏོར་མ་སྦྱིན། །ཕྱི་དྲོ་ཁང་པའི་སྒོ་ཁང་དུ། །ཚོན་རྩི་དཀར་པོས་དཀྱིལ་འཁོར་ནི། །གྲུ་བཞི་
ཤིན་ཏུ་མཛེས་གྱུར་པ། །རི་མོ་བརྒྱད་པར་རབ་ཏུ་བྱ། །ཁམ་ཕོར་འབྲས་ཆན་དག་དང་གཞན། །ཚོད་མ་ཡིད་འོང་དེ་བཞིན་དུ། །ལྷ་ཡི་ཡོ་བྱད་རྣམས་ཀྱིས་བཀང་། །ས་ལས་བྱས་པ་དེར་གཞག་བྱ། །གཉིས་པ་ཆང་གིས་ཀུན་དུ་དགང་། །སྣོད་ནི་དེ་ཡི་འགྲམ་དུ་གཞག །གསུམ་པ་སྤོས་དང་མེ་ཏོག་སོགས། །སྣོད་ནི་གཡས་ཀྱི་
འགྲམ་དུའོ། །དེ་ནས་ཁྱི་ནི་བོས་ནས་སུ། །དཀྱིལ་འཁོར་མདུན་དུ་གཞག་པར་བྱ། །ཁྱི་གདོང་རྩ་བའི་སྔགས་ཀྱིས་ནི། །དེ་ལ་བསང་གཏོར་ཀུན་དུ་བྱ། །དེ་ལ་མེ་ཏོག་སྔགས་སོགས་ཀྱིས། །གོ་རིམས་བཞིན་དུ་མཆོད་པར་བྱ། །དེ་ནས་སྔགས་ནི་འདི་དག་གིས། །གཏོར་མ་མདུན་དུ་སྦྱིན་པར་བྱ། །ཨོཾ་ཤྭ་ན་སྱེ་བྷུ་རྩ་རི་ཡེ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་
ཧཱུཾ་ཧཱུཾ་ཕཊ། ཇི་སྲིད་མདུན་དུ་ཁྱི་གཏོར་ཟ། །དེ་ནས་བཟླས་པ་རབ་ཏུ་བྱ། །ཟོས་པ་ཡི་ནི་ཐ་མ་རུ། །སྔར་བཞིན་རབ་ཏུ་གཏང་བར་བྱ། །གཏོར་མ་འདི་ནི་ཉིན་རེ་བཞིན། །གལ་ཏེ་སྔགས་པས་བྱས་ན་ནི། །བློ་ལྡན་དེ་ཡི་ལས་རྣམས་ནི། །ཐམས་ཅད་འགྲུབ་པར་འགྱུར་བ་ཡིན། །ཚོགས་པ་མེད་ན་སྔར་བཤད་པའི། །རིམ་པ་ཉིད་ལ་བརྟན་པར་

བྱ། །ཡང་ན་ཟླ་བ་རེ་རེ་ཞིང་། །ཡར་གྱི་ངོ་ཡི་བཅུ་གཉིས་ལ། །དེ་ནི་ས་སྤྱོད་མའི་གཟུགས་ཅན་གྱི། ཁྱིའི་གཏོར་མའི་ཆོ་གའོ། །གང་གིས་ས་ནི་གསེར་བྱུགས་པ། །རྣལ་འབྱོར་པས་ནི་འགྲུབ་འགྱུར་བ། །ས་འོག་གནས་པའི་གཏོར་མའི་ལས། །དེ་ནས་ང་ཡིས་བཤད་པར་བྱ། །བསོད་ནམས་འབྲས་ཆེན་ཐོབ་བྱའི་ཕྱིར། །ཉིན་རེ་ཞིང་ངམ་བཅོ་
ལྔའམ། །བཅུ་གཉིས་བར་གྱིས་གཏོར་མའི་ལས། །འདི་ནི་རྣལ་འབྱོར་དབང་པོས་བྱ། །ཆུ་བོའམ་རྒྱ་མཚོའི་ཆུ་འགྲམ་དུ། །ས་འོག་གནས་པའི་སེམས་ཅན་རྣམས། །ཚིམ་པར་བྱ་ཕྱིར་རྡུལ་ཚོན་གྱི། །དཀྱིལ་འཁོར་དག་ནི་ཆེན་པོ་བྱ། །གཽ་རཱི་ནག་མོ་ཕྱག་གཉིས་མ། །ཞལ་གཅིག་ཕྱག་ནི་གཉིས་བ་སྟེ། །ཉ་དང་གྲི་གུག་བསྣམས་པ་མཆོག །ཉ་ཡི་
གདན་ཅན་ཉ་གསོལ་བ། །ཉ་ཡི་རྒྱན་དག་གིས་བརྒྱན་པ། །དཀྱིལ་འཁོར་དབུས་སུ་དགོད་པར་བྱ། །འདབ་མ་གཞན་ལ་སྔ་མ་བཞིན། །གར་གྱི་འགྱིང་ཚུལ་ལ་བརྩོན་པ། །ཧ་ཧ་ཧི་ཧི་ཞེས་སྒྲོགས་འཇིགས། །ཁྲོ་བོའི་གཟུགས་དག་རྣམ་པར་དགོད། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །སྤོས་དང་མེ་ཏོག་ལྷ་བཤོས་སོགས། །དྲི་ཡིས་ཆོ་ག་བཞིན་མཆོད་
ནས། །གཏོར་མའི་ལས་ནི་ཡང་དག་བྱ། །གཽ་རཱིའི་གཟུགས་འཛིན་རྣལ་འབྱོར་པ། །སེམས་དཔའ་གསུམ་དག་སྐུ་འཛིན་པས། །སྐད་ཅིག་གིས་ནི་སྔར་བརྗོད་ནས། །ཅིག་ཅར་དུ་ནི་ཕྱོགས་བཅིང་བྱ། །སྐད་ཅིག་ཏུ་ནི་བསྒོམ་པར་བྱ། །དེ་ནི་དབང་རྣོན་རིམ་པའོ། །དེ་ནས་ཡི་གེ་ཐ་ལས་བྱུང་། །ཉ་རྣམས་ཁྱབ་འཇུག་གཟུགས་ཅན་དུ། །རྣམ་པར་
བསམས་ནས་སྒྲུབ་པ་པོས། །དེ་རྣམས་སྔགས་ཀྱིས་བོད་པར་བྱ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བ་ལ་བིརྱ་པ་ར་ཀྲ་མ། མ་ཧཱ་ཡོ་ཛ་ན་ས་ཧཱ་སྲ་པྲ་ལཾ་བ་ཝ་པུ་ཥཱ། ཏི་ལི་ཏི་མི་གི་ལི། མ་ཧཱ་ཏི་མི་གི་ལི་པྲ་བྷི་ཏ་ཡོ་མ་ཧཱ་མ་ཎི་ཨ་དྷི་པ་ཏ་ཡེ། ཨ་ཏྲ་སན་ནི་ཧི་ཏོ་བྷ་བནྟུ། མ་མ་ཨ་བྷི་པྲེ་ཏཱརྠ་སིདྡྷི་མ་བི་ཏ་རནྟུ་སྭཱ་ཧཱ། དེ་ནས་དེ་རྣམས་བོད་བྱས་ནས། །ཁ་ར་ཁཎྜ་
འབྲས་ཆན་ཕྱེ། །ལ་དུ་གློ་ཁ་ས་སོགས་ཀྱིས། །གཏོར་མའི་སྣོད་ནི་རབ་ཏུ་དགང་། །ཆུ་ནི་གཙང་མ་དྲི་ཞིམ་པ། །སྲོག་ཆགས་དག་ནི་རྣམ་སྤངས་པ། །ཁྱབ་འཇུག་གིས་ནི་ཆང་བསྲུང་ཕྱིར། །ཆང་མ་གཏོགས་པ་སྦྱིན་པར་བྱ། །མཆོད་ཡོན་ཞབས་བསིལ་མཆོད་ནང་དུ། །བྱིན་ནས་མེ་ཏོག་ལ་སོགས་གཞུག །བྱིན་ནས་སྔགས་ནི་འདི་ཉིད་ཀྱིས། །
གཏོར་མའི་སྣོད་ནི་དོར་བར་བྱ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྭཱ་ཧཱ། དེ་ནས་དེ་དག་སྔར་བཞིན་དུ། །མྱུར་དུ་བཏང་བ་བྱས་ནས་ནི། །དཀྱིལ་འཁོར་གྱི་ནི་རྡུལ་ཚོན་དེ། །དོགས་པ་མེད་པར་དོར་བར་བྱ། །དེ་ལྟར་བྱས་ནས་ས་འོག་ན། །གནས་པ་རྣམས་ནི་མགུ་བར་འགྱུར། །དེ་ལ་མཁའ་འགྲོ་མ་ཡི་ཚོགས། །དངོས་གྲུབ་ཡིད་

འོང་སྟེར་བར་འགྱུར། །འདོད་ཆགས་བྲལ་བ་སྟོང་ཕྲག་ལ། །ཉིན་རེ་བཟའ་བ་མཆོག་ཕུལ་ལས། །བྱུང་བའི་བསོད་ནམས་གང་ཡིན་དེ། །ཉ་རྣམས་ཚིམ་པར་བྱས་ལས་འབྱུང་། །རང་རྒྱལ་གྱི་ནི་དགེ་འདུན་ལ། །བསོད་སྙོམས་ཕུལ་ལས་དགེ་གང་འབྱུང་། །ཉ་རྣམས་ཚིམ་པར་བྱས་པ་ལས། །བསོད་ནམས་དེ་ནི་ཐོབ་པར་འགྱུར། །དེ་ནི་ས་འོག་ན་གནས་
པའི་གཟུགས་ཅན་གྱི་ཉའི་གཏོར་མའི་ཆོ་གའོ། །གང་གི་སྤྱོད་ལམ་རྣམ་བཞི་རུ། །རྣལ་འབྱོར་པ་ཡིས་འགྲུབ་འགྱུར་བ། །ཕྱོགས་སྤྱོད་གཏོར་མ་བསྒྲུབ་པ་ནི། །དེ་ནས་གཞན་ཡང་རབ་བཤད་བྱ། །རབ་ཏུ་གྲགས་པའི་བཞི་མདོ་རུ། །རྒྱལ་པོའི་སྐྱེད་མོས་ཚལ་བརྟེན་ནས། །རྡུལ་ཚོན་ཁ་དོག་ལྔ་པ་ཡིས། །དེ་རུ་དཀྱིལ་འཁོར་བྲི་
བར་བྱ། །པདྨ་འདབ་བརྒྱད་ལྟེ་བར་བཅས། །པདྨ་སྣ་ཚོགས་དང་ལྡན་པ། །རྣལ་འབྱོར་པ་ཡིས་དེར་བྲི་བྱ། །དབུས་སུ་ཐོད་པ་བྲི་བར་བྱ། །སྡིགས་མཛུབ་རྡོ་རྗེ་འགྱིང་བཅས་པས། །ཤིན་ཏུ་མི་བཟད་འཇིགས་མཛད་པ། །སྤྲིན་ནི་སྔོན་པོའི་མདོག་དང་ལྡན། །འབར་བ་སྔོན་པོ་རབ་ཏུ་ཁྱབ། །གཽ་རཱི་གཽ་རཱིའི་བདག་པོ་ཡིས། །སྙིང་གར་གཡས་
བརྐྱང་ཞབས་ཀྱིས་མནན། །ལྟེ་བའི་དབུས་སུ་བཅོམ་ལྡན་འདས། །རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱ། །ཤར་འདབ་ཚངས་པའི་ལྷ་མོ་བསམ། །ཁྱབ་འཇུག་གི་ནི་ལྷོ་ན་གནས། །གཞོན་ནུ་ཡི་ནི་ནུབ་ཏུ་བསྒོམ། །གཤིན་རྗེ་བྱང་གི་ཕྱོགས་ན་གནས། །སྲིན་པོའི་ཕྱོགས་སུ་ལུས་ངན་པོ། །མེ་ཡི་ཕྱོགས་སུ་ཙ་མུཎྜཱི། །དབང་ལྡན་ཕྱོགས་སུ་དབང་ལྡན་
མ། །རླུང་གི་ལྷ་མོ་རང་ཕྱོགས་གནས། །ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། །ཕྱག་གཉིས་གར་ལ་རབ་བརྩོན་པ། །གཡས་པ་ཡི་ནི་ཕྱག་རྣམས་སུ། །ཕྲེང་བ་དེ་བཞིན་འཁོར་ལོ་དང་། །རྩེ་གསུམ་དབྱུག་པ་དབྱུག་ཏོ་དང་། །རལ་གྲི་མདུང་དང་གོས་ཉིད་དེ། །ཕྱག་མཚན་འདི་རྣམས་བསམ་པར་བྱ། །སྤྱི་བླུགས་དང་ནི་པདྨ་དང་། །ཕྲེང་བ་དང་
ནི་དེ་བཞིན་མགོ། །སེང་གེའི་རྒྱལ་མཚན་ཐོད་པ་དང་། །ཁ་ཊྭཱཾ་ག་དང་ངོ་མཚར་གཞན། །གཡོན་པ་རྣམས་སུ་བསམ་པར་བྱ། །དམར་པོ་ལྗང་གུ་སེར་དང་མཚུངས། །སྔོན་པོ་དམར་པོ་དམར་དཀར་འོད། །ཨིནྡྲ་ནཱི་ལའི་འོད་ལྡན་པ། །མི་མོ་མཆོག་ནི་འདི་རྣམས་བསམ། །སྔགས་དང་དམ་ཚིག་ཕྱག་རྒྱ་ཡིས། །དེ་རུ་སྤྱན་ནི་དྲང་བར་བྱ། །དེ་
ནས་གཏོར་མ་རྒྱ་ཆེན་པོ། །སྔགས་པས་སྦྱིན་བྱ་ལུང་རྗེ་བཞིན། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ཧཱུཾ་ཀ་ར། ཧྲཱིཿཥྚྲྀ་སརྦ་བྷཱུ་ཏ་ནི་སྟཾ་བྷ་ཡ་སྭཱ་ཧཱ། ཨོཾ་བྲཧྨ་ཎི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཻཥྞ་བཱི་ཡེ་ཧྲཱིཿཕཊ། ཨོཾ་ཀཽ་མཱ་རཱི་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཡ་མཱ་ནཱི་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཀུ་བཻ་རཱ་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཙཱ་མུཎྜཱ་ཡེ་ཧྲཱིཿཧཱུཾ་ཕཊ། ཨོཾ་ཨེ་ཥ་བྷྱོ་ཧྲཱིཿཧཱུཾ་ཕཊ། ཨོཾ་བ་ཡ་བྱཻ་ཧྲཱིཿཧཱུཾ་ཕཊ།

ལག་པ་གཉིས་ནི་བརྐྱང་ནས་སུ། །གུང་མོའི་རྩ་བར་མཐེ་བོང་དག །ཐལ་སྦྱར་ཚིག་འདོན་སྦྱོར་བ་ནི། །ཚངས་པའི་ཕྱག་རྒྱར་རབ་ཏུ་བསྒྲགས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་རྣ་ཆའི་དབྱིབས་བྱས་པ། །ཁྱབ་འཇུག་ལྷ་མོའི་ཕྱག་རྒྱ་ཡིན། །གཡས་པའི་ཁུ་
ཚུར་གཞོན་ནུ་མའི། །ཁུ་ཚུར་གཉིས་ནི་གཤིན་རྗེ་མའི། །གཉིས་ཀྱིས་མཆོག་སྦྱིན་ནོར་སྦྱིན་མའི། །ལག་གཉིས་ཁུ་ཚུར་བཅིངས་བྱས་ནས། །མཛུབ་གཉིས་བསྒྲེང་བ་ཙཱ་མུཎྜཱིའི། །མཐེའུ་ཆུང་མཐེ་བོང་དག་བཀུག་ནས། །གཞན་དག་བསྒྲེང་བ་དབང་ལྡན་མའི། །གོས་ཀྱི་རོལ་པས་ལག་པ་གཉིས། །
སྤྱི་བོ་རུ་ནི་གཞག་པར་བྱ། །ཕྱག་རྒྱ་འདི་ནི་རླུང་གི་སྟེ། །དེ་ནི་ཕྱག་རྒྱའི་ཚོགས་རིམ་པ། །དེ་ནས་སྣོད་ནི་གང་བ་དགུ། །ཁྱད་པར་དུ་ནི་བདུད་རྩི་ལྡན། །སྔ་མ་བཞིན་དུ་གཞག་པར་བྱ། །བ་ལང་ཁྱིམ་བྱ་ལས་བྱུང་དང་། །བོང་མི་རུས་སྦལ་རྔ་མོ་དང་། །ཁྱི་དང་ཅེ་སྤྱང་རྟ་ལས་བྱུང་། །ཤ་རྣམས་ཀྱིས་ནི་གོ་
རིམས་བཞིན། །རྣལ་འབྱོར་པ་ཡིས་དགང་བར་བྱ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྤོས་དང་མེ་ཏོག་སོགས་ཕུལ་ནས། །སྔར་བཤད་སྔགས་དང་ཕྱག་རྒྱ་ཡིས། །དེ་རྣམས་ལམ་གྱི་བཞི་མདོར་དོར། །མ་མོ་རྣམས་ནི་རང་གནས་སུ། །དེ་ནས་གཤེགས་སུ་གསོལ་བྱས་ནས། །བསོད་ནམས་
བསྔོས་ཏེ་རྣལ་འབྱོར་པ། །སྐྱེས་མཆོག་ཇི་ལྟར་འདོད་གནས་བྱ། །འགྲོ་བ་འམ་ནི་འགྲེང་ཡང་རུང་། །གཉིད་ལོག་པའམ་སད་པའང་རུང་། །མི་གཙང་བའམ་གཙང་ཡང་རུང་། །མ་མོ་རྣམས་ནི་བསྲུང་བར་འགྱུར། །བློ་མཆོག་རྣམས་ནི་ཞི་རྒྱས་སོགས། །ལས་ནི་ཅུང་ཟད་གང་བྱེད་པ། །དེ་ལ་གཏོར་
མ་དག་གིས་ནི། །མཉེས་ནས་དེ་ཡི་གྲོགས་བྱེད་འགྱུར། །དེ་ཡི་བཀའ་ནོད་ལ་བརྩོན་པ། །བགེགས་ལ་སོགས་པ་འགའ་ཡང་རུང་། །དེ་རྣམས་ཀྱང་ནི་དེ་ཉིད་ལ། །སྲུང་དང་སྐྱོབ་དང་སྦེད་པར་འགྱུར། །མར་ངོ་ཡི་ནི་ཚེས་བརྒྱད་དམ། །ཡང་ན་ཚེས་ནི་བཅུ་བཞི་ལ། །མཚན་ཕྱེད་ལ་ནི་གཏོར་མ་བྱ། །དེ་ནི་
དུས་ཀྱི་ཆོ་གའི་རིམ་པའོ། །དེ་ནི་ཕྱོགས་ན་སྤྱོད་པའི་སྒོ་ནས་མ་མོ་རྣམས་ཀྱི་གཏོར་མའི་ཆོ་གའོ། །བྱས་ན་བསོད་ནམས་མཐའ་ཡས་པ། །མི་ཟད་གང་དུ་འབྱུང་འགྱུར་བ། །གང་ཞིག་ཐང་ལ་སྤྱོད་རྣམས་ཀྱི། །གཏོར་མ་གཞན་ཡང་རབ་བཤད་བྱ། །ཐང་སྤྱོད་རྣམས་ཀྱི་ནང་ནས་ནི། །བ་ལང་མཆོད་པ་རབ་

ཏུ་བསྔགས། །སྐྱུགས་ལྡང་བྱེད་པའི་ལྷ་ཡིན་པས། །བདེ་མཆོག་ལས་ནི་བཅོམ་ལྡན་གསུངས། །སྒྲུབ་པ་པོས་ནི་ཡར་ངོ་ཡི། །བཅུ་བཞི་ལ་ནི་སྔར་ལངས་ཏེ། །ཆུ་བོ་དྲི་མེད་ཆུ་ལྡན་པར། །སོང་ནས་ཁྲུས་ནི་ཀུན་དུ་བྱ། །མདོ་ལས་གསུངས་པའི་ཆོ་ག་བཞིན། །ལུས་ནི་རབ་ཏུ་བཀྲུ་བར་བྱ། །སྡོམ་བརྩོན་གྱིས་ནི་
གདོང་ལ་སོགས། །དབེན་བར་བཤང་གཅི་དོར་བྱས་ཏེ། །མཚན་མར་བདུན་དང་འཕོངས་སུ་བདུན། །ལག་པར་ས་ཕུར་བདུན་བླུགས་ཤིང་། །དེ་ནས་ཆུ་ཡིས་བཀྲུས་ནས་ནི། །དེ་ནས་ལན་གསུམ་འཐོར་འཐུང་བྱ། །རྣ་སོགས་ལྟེ་བ་ལ་ཐུག་པར། །ལན་བདུན་ཉེ་རེག་བྱས་ནས་ནི། །དབང་བསྐུར་
བྱས་པས་ལན་གསུམ་དུ། །ཆུ་ལ་བྱི་ཟུལ་བྱས་ནས་ནི། །ཁྱོར་བ་དག་ནི་བརྒྱ་རྩ་བརྒྱད། །ཛཾ་བྷ་ལ་ལ་སྦྱིན་པར་བྱ། །རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལའང་། །ཆུ་ནི་སྙིམ་པ་གསུམ་དག་ཉིད། །རེ་རེ་ཞིང་ནི་རང་སྔགས་ཀྱིས། །མཁས་པ་རྣམས་ཀྱིས་དབུལ་བར་བྱ། །དེ་ནས་སྙིམ་
པར་གསུམ་གྱིས་ནི། །ཡི་གེ་བརྒྱ་པས་ཚིམ་པར་བསྔོ། །ཡི་དགས་རྣམས་ལ་ཆུ་སྙིམ་ལྔ། །འཇིག་རྟེན་དབང་པོའི་སྔགས་ཀྱིས་ནི། །དེ་ནས་ལངས་ཏེ་བ་བརྒྱད་ནི། །ཁྱུ་མཆོག་མཐོན་པོ་དང་ལྡན་པ། །འཁོར་ལོའི་ཚུལ་དུ་བཞག་ནས་ནི། །དབུས་སུ་ཁྱུ་མཆོག་མཐོན་པོ་གཞག །དེ་ནས་
མཆོད་ཡོན་དག་གི་སྣོད། །བའི་རྣམ་ལྔས་དགང་བར་བྱ། །དཱུར་བའི་ཆུན་པོས་བསངས་ནས་ནི། །མཁའ་འགྲོ་དྲག་མོ་རོ་ལངས་མ། །དེ་བཞིན་གཞན་ཡང་གཏུམ་མོ་དང་། །སེང་མོ་སྟག་མོ་འུག་པ་མོ། །དེ་བཞིན་གཞན་ཡང་ཅེ་སྤྱང་མའི། །ས་བོན་དེ་དག་ལ་དགོད་བྱ། །རྡོ་རྗེ་སེམས་དཔའི་ས་བོན་གྱིས། །
དབུས་སུ་ཁྱུ་མཆོག་བྱིན་རླབས་བྱ། །དེ་ལ་ས་བོན་ནི་འདི་རྣམས་ཡིན་ཏེ། །ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ས་བོན་ནི་ཡི་གེ་ཧཱུཾ། དྲག་མོའི་ས་བོན་ནི་ཡི་གེ་ཀྵུཾ། །རོ་ལངས་མའི་ས་བོན་ནི་ཡི་གེ་ཡུཾ། །གཏུམ་མོའི་ས་བོན་ནི་ཡི་གེ་ཧཱུཾ། སེང་མོའི་ས་བོན་ནི་ཡི་གེ་སྨྲྱུཾ། སྟག་མོའི་ས་བོན་ནི་ཡི་གེ་ཀྵྨྲྱུཾ་འུག་པ་མོའི་ས་བོན་ནི་ཡི་གེ་
ཡྨྲྱུཾ་ཅེ་སྤྱང་མའི་ས་བོན་ནི་ཡི་གེ་ཀྵྨྻུཾ། ས་བོན་བརྒྱད་པོ་དེ་དག་དང་། །དགུ་པ་ཡེ་ཤེས་ས་བོན་ནི། །དེ་དག་སྙིང་གར་བཀོད་ནས་ནི། །དེ་ནས་གཏོར་མ་སྦྱིན་པར་བྱ། །འབྲས་ཆན་ཆང་བུ་རྣམས་ཀྱིས་ཀྱང་། །སྣོད་ནི་དགུ་དག་དགང་བར་བྱ། །འོ་ཐུག་ལན་ཚྭ་དང་ལྡན་པ། །དེ་རྣམས་ཀྱི་ནི་ནང་དུ་གཞུག །དེ་རྣམས་ལོགས་

སུ་ས་ལ་ནི། །ཆུ་ནི་སྙིམ་པ་གསུམ་བླུགས་བྱ། །མེ་ཏོག་སྤོས་ལ་སོགས་རྣམས་ཀྱིས། །མཉམ་པར་གཞག་པས་མཆོད་པར་བྱ། །བདག་ཉིད་ཞི་བར་མཐུ་ལྡན་པ། །བཅོམ་ལྡན་སྒྲོལ་མ་དབང་ཕྱུག་མ། །མ་དུ་ལུང་ག་རྩེ་གསུམ་བསྣམས། །ཁྱུ་མཆོག་ལ་ནི་བཅིངས་པར་བསྒོམ། །དེ་ནས་གསང་སྔགས་འདི་
ཡིས་ནི། །གང་གི་སེམས་ཅན་ཁམས་རྣམས་ནི། །བདེ་བྱེད་རྣལ་འབྱོར་པས་འགྲུབ་འགྱུར། །གཏོར་མ་དེ་ཡི་མདུན་དུ་སྦྱིན། །ཨོཾ་ཨ་ཨཱ་ཨཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཞེས་བྱ་བ་ཡི་སྔགས་འདི་ཡིས། །གཏོར་མའི་སྣོད་ནི་གུས་བཅས་པས། །ལན་གསུམ་བྱིན་གྱིས་བརླབས་ནས་སུ། །དེ་ནས་དེ་
རྣམས་ལ་སྦྱིན་བྱ། །ཇི་སྲིད་པ་ལ་ཟ་འགྱུར་བ། །བཞི་པའི་མཐུ་ལྡན་སྒྲོལ་མ་ཡི། །དེ་ཉིད་གསུམ་དང་ཡོངས་སྤེལ་བའི། །སྔགས་འདི་དེ་སྲིད་བརྗོད་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། མུཿའི་མཐའ་ཅན་སྔགས་ཀྱིས་ནི། །དེ་ནས་སྔགས་པས་གཤེགས་གསོལ་བྱ། །གུས་པ་ཡིས་ནི་བཟའ་བ་དག །
དགེ་སློང་དགེ་འདུན་དག་ཕུལ་ནས། །དགེ་བ་བསྔོས་ཏེ་བསྟོད་པ་དག །བརྗོད་ནས་སྒྲོལ་མའི་རིགས་དག་ལ། །ཕྱག་བྱས་ན་ནི་ཀུན་ལངས་ཏེ། །དེ་ནས་ཇི་ལྟར་འདོད་བཞིན་གནས། །དེ་ནི་ཐང་ལ་སྤྱོད་པའི་གཟུགས་ཅན་གྱི་བ་ལང་རྣམས་ཀྱི་གཏོར་མའོ། །གང་གིས་འཁོར་ལོ་གསུམ་མཁའ་འགྲོ། །སྒྲུབ་
པ་པོ་ལ་ཀུན་དུ་སྲུང་། །གཞོན་ནུ་མ་ཡི་གཏོར་སྒྲུབ་པ། །དེ་ནས་ཡང་དག་རབ་བཤད་བྱ། །རེ་ཞིག་དང་པོར་ནམ་མཁའ་ཉི་མའི་སྟེང་གི་ཟླ་བའི་མཆོད་རྟེན་གྱི་དབུས་སུ་ཡི་གེ་མཾ་ལས་ཡོངས་སུ་སྤྲུལ་པ་གཞོན་ནུ་མའི་གཟུགས་ཅན། གསེར་བཙོ་མ་ལྟ་བུ་ཉི་མ་འཆར་ཀའི་འོད་ཟེར་གྱི་ཕྲེང་བ་སྟོང་ཕྲག་འཕྲོ་བའི་
མེ་ཏོག་བནྡུ་ཛི་བ་ཀ་དང་། ཛ་བ་ལྟ་བུའི་གོས་དང་ལྡན་པ། ཨང་ག་རག་དང་སྟོད་གཡོགས་དམར་པོ་རྣམ་པ་སྣ་ཚོགས་པ་དང་ལྡན་པ། ལག་གདུབ་དང་། རྣ་རྒྱན་དང་། སྐེ་རགས་དང་། རྐང་གདུབ་དང་། གཡེར་ཀ་རྣམས་ཀྱི་སྒྲ་དང་། སོར་གདུབ་ཁ་དོག་སྣ་ཚོགས་པའི་རྒྱན་དག་གིས་རྣམ་པར་བརྒྱན་པ། རྣམ་པར་
སྣང་མཛད་ཀྱིས་དབུ་རྒྱན་བྱས་པ། མགོ་ལ་མྱ་ངན་མེད་པའི་ཕྲེང་བས་རྣམ་པར་བརྒྱན་པ། ཕྱག་བརྒྱད་པ། ཞལ་གསུམ་པ། སྤྱན་གསུམ་པ་ཕྱག་གཡོན་པ་རྣམས་ན་གཞུ་དང་། ཤིང་མྱ་ངན་མེད་པ་དང་། སྐུད་པ་དང་ཞགས་པ་བསྣམས་པ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་འབར་བ་དང་། ཁབ་དང་། ལྕགས་ཀྱུ་

དང་། མདའ་གསོར་བ་ལ་བརྩོན་པ། ཞལ་དང་པོ་ཞི་བ་པདྨ་ཁ་རབ་ཏུ་བྱེ་བ་ལྟ་བུ་གསེར་རབ་ཏུ་སེར་པོའི་མེ་ཏོག་ཅན། མིག་རབ་ཏུ་ཡངས་པ། མཆུ་ལི་ཁྲིའི་ཕྱེ་མ་བཞིན་དུ་དམར་བ་སྒེག་ཅིང་རོལ་པ་དང་བཅས་པ། ཞལ་གཡོན་པ་ཕག་གི་གདོང་ཅན་ཁྲོ་བ་དང་བཅས་ཤིང་རྣམ་པར་གཙིགས་པ་ལ། མི་སྡུག་ཅིང་དྲག་
པོ་འཇིགས་སུ་རུང་བ་ཨིནྡྲ་ནཱི་ལའི་མདོག་དང་མཚུངས་པ་མཐིང་ཤུན་ལྟར་སྣང་བ། ཉི་མ་སྟོང་ཕྲག་བཅུ་གཉིས་དང་མཚུངས་པའི་འོད་དང་ལྡན་པ། ཁྲོ་གཉེར་གཙིགས་པ་དང་བཅས་པ་འཇིགས་པར་མཛད་པ། ཞལ་གཡས་པ་པདྨ་རཱ་ག་ལྟར་ཤིན་ཏུ་དམར་བ་མཆོག་ཏུ་འབར་བའི་ཉི་མ་སྟོང་ཕྲག་
ལྟར་རབ་ཏུ་གསལ་ཞིང་ཞི་བ་མཆོད་རྟེན་གྱི་བུམ་པ་ལས་བྱུང་བའི་ཤིང་མྱ་ངན་མེད་པའི་མེ་ཏོག་གིས་གཡོགས་པ། དེའི་འོག་ཏུ་རྣམ་པར་སྣང་མཛད་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཅིང་ཞི་བ། གསེར་རབ་ཏུ་སེར་པོའི་མདོག་ལྟར་འབར་བ། བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ཡོངས་སུ་ལྡན་པར་
བཞུགས་པ། ཕག་པའི་གདན་ལ་གཡོན་བརྐྱང་བའི་གནས་པས་གཞོན་ནུ་མའི་ཚོད་དུ་བཞུགས་པ། དེའི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཡི་གེ་རཾ་ལས་ཡོངས་སུ་སྤྲུལ་པའི་གཟའ་ཆེན་པོ་སྒྲ་གཅན་ཉིན་དང་། མཚན་དུ་ཟླ་བ་དང་ཉི་མ་དག་ཟ་བར་བྱེད་པ་རྣམ་པར་བསྒོམས་ལ། རང་གི་སྔགས་
ཀྱིས་བདག་ཉིད་བྱིན་གྱིས་བརླབས་ཏེ། ཨོཾ་མཱརཱི་ཙྱཻ་སྭཱ་ཧཱ་ཞེས་བྱ་བའི་སྔགས་འདི་བཟླས་པར་བྱའོ། །དེ་ནས་མདུན་དུ་ཁྱེའུ་གཅིག་དང་བུ་མོ་བརྒྱད་བཀུག་སྟེ་གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་རིམ་པས་རྣམ་པར་བཞག་ལ། དེ་དག་ལོ་ནི་བཅུ་གཉིས་ལོན་པའི་མིག་ཡངས་རབ་ཏུ་མཛེས་རྙེད་ནས། །
ས་ཕྱོགས་དབེན་པར་ཁྲུས་ལེགས་བྱས་ཤིང་གོས་ནི་གར་དགར་གོན་པ་ཡི། །གུར་ཀུམ་དང་ནི་གླ་རྩི་ལ་སོགས་བྱུགས་ཤིང་སྤོས་ཀྱིས་རབ་བདུགས་ལ། །དེ་དག་ཐམས་ཅད་དེ་ཁོ་ན་བཞིན་ཉེ་བར་བྱུགས་ཏེ་བདུག་བྱས་ནས། །དེའི་མདུན་ས་གཞི་བ་ཡི་ལྕི་བས་བྱུགས་ཏེ་དེ་ཉིད་དུ་བཞག་ལ། །
གུ་གུལ་བདུག་པ་རབ་བྱིན་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བསྒྲུབ་བྱ་ཡི། །སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བཀོད་དེ་དེ་ཡི་སྟེང་དུ་ཡི་གེ་མཾ། །རྣམ་པར་བཀོད་པས་འོད་ཟེར་ཅན་གྱི་ང་རྒྱལ་རབ་ཏུ་བསྙེམས་ཚུལ་གྱིས། །དྲིལ་བུའི་སྒྲ་དང་གུ་གུལ་བདུགས་པས་སྐད་ཅིག་དེ་ཉིད་ལ་

འབབ་འགྱུར། །འདིར་ནི་སྔགས་ཀྱང་འབྱུང་བ་སྟེ། ཨོཾ་མཱ་རཱི་ཙྱཻ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཀཾ་པ་ཀཾ་པ། དྷུ་ན་དྷུ་ན། གྲྀཧྣ་གྲྀཧྣ། ཧཱུཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཕབ་སྟེ། དེ་ནས་དེ་རྣམས་ལ་མེ་ཏོག་དང་སྤོས་ལ་སོགས་པས་ཇི་ལྟར་རྗེས་སུ་མཐུན་པ་ཉིད་ཀྱི་སྔགས་རྣམས་ཀྱིས་
བྱིན་ལ། མེ་ཏོག་ཕྲེང་བ་གཙུག་ཕུད་ཀྱི་ནང་དུ་བཅུག་སྟེ་མདུན་དུ་བཟའ་བ་དང་བཅའ་བ་དང་བཏུང་བ་ལ་སོགས་པས་ཡོངས་སུ་གང་བའི་སྣོད་གཞོན་ནུ་མའི་གྲངས་དང་མཉམ་པ་རྣམས་ཨོཾ་མཱ་རཱི་ཙྱཻ་བ་ར་ལི་བ་ད་ལི། བཏྟ་ལི་བཱ་རཱ་ཧཱ་མུ་ཁཱི་སརྦ་དུཥྚ་པྲ་དུཥྚཱ་ནཱཾ་མུ་ཁཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ། ཨི་མཾ་བི་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་
སྨ་ར་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་ཇི་སྲིད་གཏོར་མ་ཟ་བ་དེ་སྲིད་དུ་བཅོམ་ལྡན་འདས་མའི་རྩ་བའི་སྔགས་བཟླས་པར་བྱའོ། །ཟས་ཀྱི་བྱ་བའི་མཐའ་མར་འགྲོན་བུ་དང་། སྟར་ཀའི་འབྲས་བུ་དང་། ཚོན་སྣ་ལྔའི་སྐུད་པ་སྣ་ཚོགས་པ་དང་། རྣ་བ་དང་ལག་པ་དང་། མགུལ་རྒྱན་ཅི་
འབྱོར་པའི་ཡོ་བྱད་བྱིན་ཏེ། ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱིས་བཏང་སྟེ། ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་འོད་ཟེར་ཅན་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནི་གཞོན་ནུ་མའི་གཏོར་མའི་ཆོ་གའོ། །གང་གིས་ས་གཞི་ཇི་སྲིད་པར། །མཆོད་རྟེན་རྒྱལ་བའི་གནས་སྲུང་
འགྱུར། །ནག་པོ་ཆེན་པོའི་གཏོར་མའི་རིམ། །དེ་ནས་གཞན་ཡང་རབ་བཤད་བྱ། །ལྷ་ཁང་ལ་སོགས་ཟིན་ནས་ནི། །རབ་གནས་རྒྱུད་ལས་གསུངས་པ་ཡི། །ཆོ་གས་དེ་རབ་གནས་བྱས་ཏེ། །དེ་ནས་གཏོར་མ་ཀུན་དུ་བྱ། །རྒྱལ་བའི་གནས་ནི་བསྲུང་བའི་ཕྱིར། །གཙུག་ལག་ཁང་གི་སྒོར་གནས་ཤིང་། །
དྲི་གཙང་ཁང་གི་ནང་གནས་པར། །ནག་པོ་ཆེ་དགོད་རྣལ་འབྱོར་པས། །སྐུ་མདོག་ནག་པོ་ཞལ་བཞི་པ། །ལྟོ་བ་ཆེན་པོ་ཕྱག་བཅུ་པ། །ནམ་མཁའི་གོས་ཅན་སྟག་ལྤགས་ཀྱིས། །སྨད་ཀྱི་ཆ་ནི་རབ་དཀྲིས་པ། །དབུ་ལ་ཐོད་པའི་ཕྲེང་བར་ལྡན། །མཆེ་བ་གཙིགས་ཤིང་མི་བཟད་པ། །ཐོད་པའི་ཕྲེང་བ་
བཀོད་པ་ཡིས། །མགྲིན་པ་རྐང་པ་རྣམ་བརྒྱན་པ། །སྨིན་མ་ཁམ་པའི་སྨིན་འཁྱུག་དང་། །སྤྱན་གསུམ་གྱིས་ནི་རྣམ་པར་སྤྲས། །དང་པོའི་ཞལ་ནི་ནག་པོ་མཚུངས། །གཡས་པ་སྔོན་པོར་སྣང་བ་སྟེ། །གཡོན་པ་དམར་པོ་ཤིན་ཏུ་མཛེས། །ཉི་མ་ཁྲི་དང་མཚུངས་པའི་འོད། །རྒྱབ་ནི་དྲི་བཅས་དུ་བའི་

མདོག །དེ་ཡི་གདོང་ནི་བསམ་པར་བྱ། །རལ་གྲི་དང་ནི་ཐོ་བ་དང་། །རྩེ་གསུམ་རྒྱུད་མངས་དག་གི་རྒྱུད། །སྦྲེང་བ་ལ་ནི་བརྩོན་འགྱུར་བ། །དེ་ཡི་གཡས་ཀྱི་ཕྱག་ཏུ་བསམ། །གཡོན་དུ་ཐོད་པ་ཁ་ཊྭཱཾ་ག །པི་ཝང་དེ་བཞིན་གར་བྱེད་པ། །མི་ཡི་པགས་པ་ཁྲག་འཛག་པ། །སྟེང་གི་ཕྱག་དག་ན་བསྣམས་
ཤིང་། །གཡས་བརྐྱང་འདུག་སྟངས་གར་བྱེད་པ། །མཉམ་པར་གཞག་པས་བསྒོམ་པར་བྱ། །དེ་བཞིན་དུ་ནི་དེ་ཡི་འཁོར། །མི་སྡུག་གདོང་ཅན་མཁའ་འགྲོ་མ། །སེང་གེ་གླང་པོ་དྲེད་དང་སྦྲུལ། །བྱི་ལ་ཁྱི་ཡི་གདོང་ཅན་ཏེ། །ཧ་ཧ་ཞེས་སྒྲོགས་ཅ་ཅོའི་སྒྲས། །རྨོངས་པ་རྣམས་ནི་སྐྲག་བྱེད་པ། །
ཐོད་པའི་ནང་དུ་བླུགས་པའི་ཁྲག །འཐུང་བྱེད་པ་ནི་བསྒོམ་པར་བྱ། །དེ་ལྟར་བསམས་ནས་རྣལ་འབྱོར་དབང་། །བདག་ཉིད་མ་ཧེ་ལ་ཞོན་ཅིང་། །དྲག་པོ་ཆེན་པོ་གཤིན་རྗེ་གཤེད། །གདུག་པ་ཐམས་ཅད་འཇོམས་མཛད་པ། །ཞལ་དྲུག་དང་ནི་ཞབས་དྲུག་དང་། །ཕྱག་དྲུག་ཉིད་ཀྱིས་རྣམ་བརྒྱན་
པ། །ལྷ་དང་ལྷ་མིན་ཟ་བྱེད་པ། །གཡས་པའི་ཕྱག་རྣམས་ན་ཐོ་བ། །རལ་གྲི་ལྕགས་ཀྱུ་བསྣམས་སྡིགས་མཛུབ། །ཞགས་པ་དང་ནི་དྲིལ་བུ་ཡིས། །གཡོན་པ་རྣམས་ནི་མཛེས་བྱས་པ། །གཡས་བརྐྱང་བ་དང་གཡོན་བརྐྱང་དང་། །དེ་བཞིན་མཉམ་པའི་འདུག་སྟངས་ཀྱིས། །ལྷ་ཡི་ཚོགས་
རྣམས་དྲུག་པོ་ཡི། །སྟོབས་ནི་ཀུན་དུ་མནན་ནས་བཞུགས། །སྙིང་གའི་ཡི་གེ་ཧཱུཾ་ལས་བྱུང་། །འོད་ཟེར་འཁོར་ལོ་འབར་བ་ལས། །ཁྲོ་བའི་སྤྲིན་གྱི་ཚོགས་དག་ནི། །ཆ་བྱད་མཚུངས་པའི་ཚོགས་རྣམས་སྤྲོ། །ཨིནྡྲ་ནཱི་ལ་ལྟར་སྣང་བསམ། །དེ་འདྲའི་གཟུགས་སུ་གནས་ནས་ནི། །ནག་པོ་ཆེན་པོ་
སྙིང་འགས་པར། །བརྩོན་པར་གྱུར་པའི་སྔགས་འདི་ཡང་། །ཁྲོ་བོའི་ཚིག་གིས་བརྗོད་པར་བྱ། །ཨོཾ་ཧྲཱིཿཥྚྀཿབི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲུཾ་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེའི་རྗེས་ལ་འདི་སྐད་དུ་བཀའ་བསྒོ་བར་བྱའོ། །སྔར་བཤད་པའི་སྔགས་ཉིད་ཀྱིས་བཀུག་སྟེ་བཅིངས། དེ་དབང་དུ་བྱས་ནས་
གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཉིད་ཀྱིས་བཀའ་བསྒོ་བར་བྱ་སྟེ། ཀྱེ་ནག་པོ་ཆེན་པོ་གཙུག་ལག་ཁང་འདི་ཇི་སྲིད་གནས་པ་དེ་སྲིད་དུ་ཁྱོད་ཀྱིས་བསྲུང་བར་བྱ་ཞིང་འཁོར་དང་བཅས་པ་ཁྱོད་ཀྱིས་འཕགས་པའི་དགེ་འདུན་གྱི་བཀའ་ཡང་མཉན་པར་བྱའོ། །དེའི་རྗེས་ལ་རྣལ་འབྱོར་པ་དེ་ཉིད་ཀྱིས་

ཡོངས་སུ་མཉེས་པར་བྱ་བའི་ཕྱིར་དེ་ལ་གཏོར་མ་སྦྱིན་པར་བྱའོ། །ཟངས་ལ་སོགས་པ་ལས་བྱས་པའི་སྣོད་ཚད་ཆེན་པོ་དང་ལྡན་པ་ཙནྡན་དམར་པོ་ལས་བྱས་པའི་དཀྱིལ་འཁོར་གྲུ་བཞི་པ་བཞག་སྟེ། ཐུག་པ་ནག་པོ་དང་། གློ་བ་དང་། འོ་ཐུག་དང་། རློན་པ་དང་། བཙོས་པ་དང་།
བསྲེགས་པའི་དབྱེ་བས་ཉའི་ཤ་རྣམ་པ་གསུམ་དང་། ཁྲག་དང་། ཞག་དང་། ཀླད་པ་དང་། ཚིལ་རྣམས་དང་། རྒུན་ཆང་དང་། འབྲུའི་ཆང་དང་། ཉའི་གཟུགས་བརྙན་དང་། འགྲེང་བུའི་ཆུན་པོ་དང་། སྒོག་པའི་བྱེ་བྲག་བདུན་དང་། སྣུམ་ཁུར་དང་། ནས་དང་། གྲོ་ལ་སོགས་པའི་བྱེ་
བྲག་གི་འབྲུ་རྣམས་དང་། ཟངས་དང་། ལྕགས་ལས་བྱས་པའི་ཁབ་ཀྱི་ཚོགས་ཀྱིས་ཡོངས་སུ་བཀང་ལ། མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམ་པ་ལྔས་ཡོངས་སུ་མཆོད་དེ། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱས་ཀྱང་མངོན་པར་བཏབ་ལ་ཕྱོགས་བཅིང་བ་བྱ་སྟེ། ཁྲོས་པའི་སེམས་དང་
ལྡན་ཞིང་དྲིལ་བུ་དང་རྡོ་རྗེ་གསོར་བ་ལ་བརྩོན་པའི་རྣལ་འབྱོར་པས་སྔགས་འདིས་སྤྱན་དྲང་བར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཨ་ཡ་ཏི་མ་ཧཱ་བི་ཧ་ར་པཱ་ལ་ནཱ་ཡ། སརྦ་ཌཱ་ཀི་ནཱི་ཡཀྵ་རཱཀྵ་ས་ས་པ་རི་ཝཱ་རཱ་ན་ཏྲ་སིནྣ་ཧི་ཏོ་བྷ་བ་སྭཱ་ཧཱ། དེའི་རྗེས་ལ་སྔགས་འདི་དང་སྙོམས་པར་འཇུག་པའི་ཕྱག་རྒྱས་ཚིམ་པར་བྱ་
བའི་ཕྱིར་གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཨཱཿད་ཤ་དིཀ་ཏྲྱ་དྷྭ་སཾ་བྱ་བ་སྠི་ཏཱ། སརྦ་ད་ཤ་དིཀ་ལོ་ཀ་དྷཱ་ཏུ་པ་ར་མ་ཎུ་པ་རནྟ་ར་བ་ཏི་སརྦ་བ་ཏི་ཀ་ལོ་ཀ་པཱ་ལ། མ་ཧཱ་ཀཱ་ལ་བཛྲ་ཨཱ་ཡུ་དྷ་མཱ་ཡཱ་བཛྲ། བཛྲཱ་ན་ལ། བཛྲ་ཀཱ་ལ། བཛྲ་མུ་ས་ལ། ནཱ་ག་བཛྲ། བཛྲཱ་ནི་ལ། བཛྲ་ཤཾཽཎྜ། བཛྲ་བྷེ་
ར་ཝ། བཛྲ་ཀྲོ་དྷ། བཛྲ་ཀུཎྜ་ལེ། བཛྲ་པྲ་བྷ། མོ་ན་བཛྲ། བེ་མ་ཙི་ཏྲི། པྲྀ་ཐི་བཻ་དེ་བ་ཏཱ། སརྦ་ཨིཏྱུ་པ་སརྒ་ཨུ་པ་ཤཱནྟ་ཡེ། སརྦ་གནྡྷ་པུཥྤ་དྷཱུ་པ། དཱི་པ། ནཻ་བི་ཏྱ། སརྦོ་པ་ཏྲ་ཨ་ལཾ་ཀ་ར་དི་ནཤྩ་པྲ་ཏཱིཙྪ། ཨུ་པ་པཱུ་ཛྱ། སརྦ་ཥ་ནཾ། ཀཱ་ཡ་ཝཱཀ་ཙིཏྟཾ། སྟཾ་བྷ་ཡ་སྟཾ་བྷ་ཡ། མ་མ་སརྦ་ཨཱ་ཤཾ་པ་རི་པཱུ་
ར་ཡ་ཐཱ་ཡ་བ་དཱ་སཾ་སཱ་ར། མ་མ་སརྦ་སཏྭཱ་ནཱཾ་ཙ། སཏྶུ་ཁ་སིདྡྷ་ཡེ་ས་ཧ་ཡ་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ། གཏོར་མའི་སྣོད་སྒྲུབ་པའི་གྲོགས་མཆོག་ཐོར་ཚུགས་བཅིངས་པའི་ལག་ཏུ་བྱིན་ཏེ་དུར་ཁྲོད་ཆེན་པོར་དོར་བར་བྱའོ། །དེ་ནས་ནག་པོ་ཆེན་པོ་ནི། །འཁོར་དང་བཅས་པ་མཉེས་གྱུར་ནས། །

ཇི་སྲིད་ནམ་མཁའ་ཉི་ཟླ་དང་། །ཇི་སྲིད་སྐར་མ་དག་དང་ས། །ཇི་སྲིད་རྒྱ་མཚོ་དང་ནི་གླིང་། །ཇི་སྲིད་འགྲོ་བ་རིགས་དྲུག་གནས། །དེ་སྲིད་རྒྱལ་བཅས་གཙུག་ལག་ཁང་། །མཆོད་རྟེན་བཅས་པ་དེས་སྲུང་འགྱུར། །དེ་ནི་འཕགས་པའི་དགེ་འདུན་ཡང་། །ཚེ་ནི་རིང་པོར་བྱེད་པར་འགྱུར། །
མེ་ལ་སོགས་པ་བགེགས་ཀྱི་ཚོགས། །འབྱུང་བ་དེ་ཡིས་འཇིགས་པར་བྱེད། །རབ་གནས་དུས་སུ་རྣལ་འབྱོར་པས། །གཏོར་མ་འདི་ནི་ཡང་དག་བྱ། །ཕན་ཕྱིར་བྱ་བའི་རྒྱུད་ལས་ནི། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །དེ་ནི་ནག་པོ་ཆེན་པོའི་གཏོར་མའོ། །སྐྱེ་བོ་སྡིག་པ་བྱེད་པ་རྣམས། །
གང་གིས་བདེ་འགྲོར་སྐྱེ་འགྱུར་བ། །འཆི་བའི་དུས་ཀྱི་གཏོར་མ་ནི། །བཟང་པོ་དེ་ནས་བཤད་པར་བྱ། །བློ་གྲོས་ཆེན་པོས་བུད་མེད་དམ། །སྐྱེས་པ་ཤི་བ་མཐོང་ནས་ནི། །དེ་ཚེ་བདག་ཉིད་བྱང་ཆུབ་སེམས། །ཕྱག་ན་རྡོ་རྗེ་བསམ་པར་བྱ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཨུཏྤལ་སྔོན་པོའི་
འདབ་འདྲའི་འོད། །མཆེ་བ་ཅུང་ཟད་གཙིགས་པ་སྟེ། །སྒེག་པ་ཡི་ནི་རོ་ཡིས་བརྒྱན། །གཡོན་པ་སྡིགས་མཛུབ་དང་ལྡན་ཞིང་། །གཡས་པ་རྡོ་རྗེ་