Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 79
Văn bản gốc(Tây Tạng)
Trang 5 / 15 (50.000 ký tự/trang)
ཏོག་བླང་། །ཚོམ་བུ་དགུར་ནི་ལེགས་ པར་དགོད། །ཁྲུས་བྱས་བསྲུང་བ་བདུན་བྱས་ལ། །སེམས་དཔའི་སྐྱིལ་ཀྲུང་བདེ་སྟན་ལ། །བྱང་དུ་མངོན་ཕྱོགས་འཇུག་པར་བྱ། །དེ་ཉིད་རིགས་ཀྱི་མེ་ཏོག་དང་། །སྣ་ཚོགས་དུག་ཕྱེ་མི་རུས་ཕྱེ། །ལེགས་པར་སྦྱར་བའི་དེ་བཞིན་སྤོས། །མི་རྐང་ལས་བྱུང་མར་མེ་དང་། །སཱ་ལུ་དམར་པོ་ཤ་ ལྔ་སོགས། །གཅིག་ཏུ་བྱས་པའི་ལྷ་བཤོས་དང་། །མི་དང་བོང་བུའི་དྲི་ཆུ་དང་། །རྨ་བྱའི་སྒྲོ་དང་ཀུ་ཤར་བཅས། །བསང་གཏོར་དྲི་ཡི་ཆུ་དང་ལྡན། །སྔགས་རྒྱལ་བཅུ་གསུམ་པ་བཟླས་བྱ། །ཕྱོགས་མཚམས་ཀུན་དུ་བསང་གཏོར་བྱ། །དེ་ནས་བདག་ཉིད་རྣལ་འབྱོར་པ། །གདོང་ བཀྲུས་ནས་བརྩམས་སྒྲུབ་ཐབས་གཞུང་། །བདག་ཉིད་ཆོ་ག་རྫོགས་བྱས་ལ། །ཡི་གེ་བཅུ་གསུམ་བཟླས་པ་ནི། །འབུམ་ཕྲག་གཅིག་ཏུ་བཟླས་བྱས་ལ། །སྙིང་གར་ཡི་གེ་བསམས་པ་ལས། །འོད་ཟེར་བྱང་དུ་རབ་འཕྲོས་ཏེ། །གནོད་སྦྱིན་བྱེ་བ་འབུམ་གྱི་ གཙོ། །ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་ཡི། །རྣམ་ཐོས་རྒྱལ་པོ་སྤྱན་དྲངས་ཏེ། །མདུན་གྱི་དཀྱིལ་འཁོར་སྟེང་དུ་ནི། །རིམ་པས་ལེགས་པར་བཞུགས་པར་བསམ། །དེ་ལ་བསང་གཏོར་ནས་བརྩམས་ཏེ། །གོང་གི་མཆོད་པའི་རིམ་པ་ཡིས། །ཡི་གེ་གསུམ་དང་ལྡན་པ་རྣམས། །རྒྱལ་ པོ་འཁོར་བཅས་ལེགས་པར་མཆོད། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ལ་མཆོད་པའི་ཡི་གེ་ནི། །སོ་སོར་ལེགས་པར་སྦྱར་ཏེ་དབུལ། །སྤྱི་གཙུག་ལྐོག་མ་སྙིང་ག་ཡི། །ཡི་གེ་གསུམ་གྱི་འོད་ཟེར་གྱིས། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །འོད་ཞུ་ས་བོན་རང་བཞིན་བྱ། ། དེ་ལ་རང་སྔགས་བསྐོར་བ་དམིགས། །འོད་ཀྱིས་གདུག་པ་བཅོམ་བྱས་ཏེ། །སླར་བསྡུ་ཧཱུྃ་སོགས་ལ་ཐིམ་ནས། །རྒྱལ་ཆེན་འཁོར་བཅས་ཡོངས་སུ་རྫོགས། །ཀླུ་རྣམས་ཡི་གེ་ཕུཿལས་བསྐྱེད། །དེ་ཉིད་རྒྱལ་པོ་ཆེན་པོ་སྟེ། །སྐུ་མདོག་སྔོན་པོ་གཟི་བརྗིད་ཅན། །ཞལ་གཅིག་པ་ལ་ཕྱག་ གཉིས་པ། །ཁྲོ་གཉེར་མཆེ་བ་ཅུང་ཞིག་གཙིགས། །ཅོད་པན་སྦྲུལ་མགོ་ཆུན་འཕྱང་ལྡིང་། །ཕྲག་གོང་གཡས་གཡོན་ཉི་ཟླས་མཚན། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སེང་གེ་ལ་སོགས་འཇིགས་པས་མཚན། །སྐུ་ལས་ནམ་མཁའ་གང་བར་འཕྲོ། །གཡས་ན་རྡོ་རྗེས་རབ་མཚན་ པའི། །དབྱུག་པ་བ་དན་བཅས་པ་འཛིན། །གཡོན་པ་ཕྱག་ན་སྐུ་གདུང་འཛིན། །ཀླུ་རྣམས་གདུག་པའི་རང་ལུས་འཆང་། །གནོད་སྦྱིན་སྲིན་པོའི་གཟུགས་རྣམས་ནི། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་བསམ། །ཐུགས་ཀའི་ས་བོན་ལས་འཕྲོས་པའི། །འོད་ཀྱིས་རྒྱལ་པོ་རྣམ་ཐོས་ སྲས། །འཁོར་དང་བཅས་པ་བཀུག་ནས་ནི། །མདུན་གནས་དཀྱིལ་འཁོར་དག་ལ་བསྟིམ། །དེ་ནས་བསང་གཏོར་ནས་བརྩམས་ཏེ། །གོང་གི་སྔགས་ཀྱིས་མཆོད་པ་དབུལ། །གོང་གི་གཏོར་མའི་ཆོ་ག་བཞིན། །ལེགས་པར་བྱིན་གྱིས་བརླབས་ནས་ནི། །ཨོཾ་བཛྲ་བི་རུ་རཱ་ག །ཀུ་བེ་ ར་ཨཱཏྨ་ཀ །མ་ཧཱ་ཡཀྵ་རཱ་ཛ། ཨཥྚ་ནཱ་ག་བི་ར་བཻ་ཤ་སརྦ་ཡཀྵ་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀ་ཧྞ་ནྟུ། ས་མ་ཡ་རཀྵནྟུ། མ་མ་སིདྡྷིཾ་པྲ་ཡ་ཙྪ། མ་མ་སརྦ་ཀརྨ། སཱ་དྷ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ་སཱ་ཧཱ། ཡི་གེ་བཅོ་ལྔ་སྔགས་ལ་ནི། །བཏགས་ཏེ་གཏོར་མ་དབུལ་བར་བྱ། །དེ་ནས་བདག་ཉིད་ བསྲུང་བར་བྱ། །གསེར་ལ་སོགས་པའི་རྫས་རྣམས་ལ། །ཧཱུཾ་ངམ་ཁྲོཾ་གྱི་ཕྱི་རོལ་དུ། །ཡི་གེ་བཅུ་གསུམ་བསྐོར་བར་བྱ། །ཉུངས་ཀར་དང་བཅས་སྤྱི་བོར་གཞག །གླ་རྩི་བ་ཡི་རྣམ་ལྔ་ལ། །གོས་སྔོན་ཅན་གྱི་སྔགས་བཟླས་ཏེ། །མགོ་ལུས་ཁྱབ་པར་བྱུགས་ལ་བསྲུང་། །དེ་ནས་ རྟེན་འབྲེལ་སྔགས་ཀྱིས་ནི། །ལུས་ལ་གོ་ཆ་དགོད་པར་བྱ། །སྤྱི་བོ་ལྐོག་མ་སྙིང་ག་རུ། །ཁ་དོག་གསུམ་ལྡན་ཡི་གེ་བསམ། །སོ་སོར་སྔགས་ཀྱིས་བསྐོར་བར་བྱ། །ཐུགས་ཀར་ཟླ་བ་ལ་གནས་ཧཱུྃ། །དེ་ལ་སྔགས་ཀྱིས་ཡོངས་བསྐོར་ཏེ། །ལྕེ་ལ་རྡོ་རྗེ་སྦུ་གུ་བསམ། །སྤྲོ་བསྡུའི་ སྔགས་ཀྱི་བཟླས་པ་ནི། །རྒྱལ་པོའི་ཐུགས་ཀར་དམིགས་ལ་བཟླས། །དལ་མིན་མྱུར་བ་མ་ཡིན་དང་། །གསལ་མིན་མི་གསལ་མ་ཡིན་པར། །རྩེ་གཅིག་སེམས་ཀྱིས་བཟླས་པར་བྱ། །ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་རཱ་ཛ་ཀུ་བེ་ར་བི་རུ་རཱ་ག་སིདྡྷི་མྨེ་པྲ་ཡ་ཙྪ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། འདི་བརྗོད་ བསྙེན་པ་འབུམ་ཕྲག་གཅིག །རྫོགས་ནས་རྨི་ལྟས་འབྱུང་བ་སྟེ། །ཆུ་བོ་སྐམས་དང་སྦྲུལ་མཐོང་ངམ། །སྦྲ་ཁྱིམ་ནགས་ལ་མེ་མཆེད་མཐོང་། །སོག་པོ་སྲིན་པོས་བསྐོར་བ་ཡི། །དབུས་ན་གནས་པ་མཐོང་བའམ། །སེང་གེ་ལ་སོགས་གཅན་གཟན་ཚོགས། །མདུན་འདུས་གུས་པར་མཐོང་ བ་ན། །དེ་ནས་ལས་སྦྱོར་བརྩམ་པར་བྱ། །གནས་གསུམ་ཐིག་ལེ་བྱས་ནས་སུ། །གོང་གི་བསྲུང་བའི་ཆོ་ག་རྣམས། །བསྲུངས་ཏེ་བྱིན་གྱིས་བརླབ་པར་བྱའོ། །དུར་ཁྲོད་རྡོ་ལེབ་ཐོག་ཏུ་ནི། །སྣ་ཚོགས་རྡོ་རྗེ་བྲིས་བྱས་ལ། །སྟེང་དུ་དུག་དང་ལན་ཚྭ་དང་། །ཁྲག་དང་ཆུ་འགྲམ་གཉིས་ཀྱི་ ས། །རྐང་རྗེས་ས་ལ་སོགས་པ་ལ། །བསྒྲུབ་བྱའི་གཟུགས་སམ་གདུག་པའི་གཟུགས། །རང་གཟུགས་མཚན་ཉིད་ལྡན་པར་བྱ། །དགུག་དང་བཅིང་བ་ལ་སོགས་པའི། །བསད་པའི་ཆོ་ག་བྱས་ནས་ནི། །དེ་ལ་སྦྱིན་སྲེག་བརྩམ་པར་བྱ། །མེ་ཐབ་གྲུ་གསུམ་ཐབ་ཁུང་ལ། །ཟུར་ ལ་ཁྲུ་རེའི་ཚད་ཡོད་དེ། །ཟབས་སུ་ཁྲུ་ཕྱེད་ལ་སོགས་ལ། །སྦྱིན་སྲེག་ཆོ་གར་གསུངས་པ་བཞིན། །ཐབ་ཀྱི་མཚན་ཉིད་ཤེས་པར་བྱ། །དེ་ཡི་དབུས་སུ་མཆོད་རྟེན་ནི། །དུར་ཁྲོད་ཚོན་ནི་ནག་པོས་བྲིས། །དེ་དབུས་རྡོ་རྗེ་དབྱུག་པ་ནི། །བ་དན་རྩེ་ལྔས་མཚན་པར་བྱ། ། དེ་ཡི་ཕྱི་རོལ་ཕྱོགས་མཚམས་སུ། །ཁ་དོག་ནག་པོ་སྦྲུལ་བརྒྱད་བྲི། །གཞན་དག་དཀྱིལ་འཁོར་ཕྱག་མཚན་རྣམས། །སྦྱིན་སྲེག་ཆོ་གར་ཤེས་པར་བྱ། །ཚེར་མ་དུག་ཤིང་ཁྲུ་གང་ལ། །དབུས་སུ་ཟུར་གསུམ་བརྩིག་བྱ་སྟེ། །མི་སྐྲའི་སྐུད་པས་བཅིང་བྱ་ཡིས། །ཚེར་མ་ཁྲུ་གང་དབུས་ སུ་གཞག །དེ་ནས་མངོན་སྤྱོད་རྫས་རྣམས་གཞག །སྲེག་རྫས་ལིངྒ་གཉིས་སུ་བྱ། །དུག་དང་ཁྲག་དང་སྐེ་ཚེ་དང་། །ཡུངས་ཀར་ཆུ་འགྲམ་གཉིས་ཀྱི་ས། །རྐང་རྗེས་ས་དང་ད་དུ་ར། །བྲའོ་སྲན་མ་མི་རུས་ཕྱེ། །བྱང་དུ་མགོ་བསྟན་ཤི་བའི་སྐྲས། །ཀུན་ལ་བསྲེག་པ་བྱས་ནས་ནི། །དུག་ ཤིང་ཚེར་མ་སོར་བརྒྱད་ལ། །ཁྲག་དང་དུག་ཆུས་སྦགས་པ་ཡི། །དེ་ཡི་ཡམ་ཤིང་དབུལ་བར་བྱ། །རུས་ཕྱེ་ལ་སོགས་མཆོད་པ་རྣམས། །གོང་དུ་གསུངས་པ་བཞིན་དུ་བྱ། །དེ་ནས་མེ་ནི་སྦར་བྱ་སྟེ། །དབུས་སུ་རྒྱལ་པོ་ཆེན་པོ་ནི། །ཀླུ་དང་གནོད་སྦྱིན་ཚོགས་བསྐོར་བའི། །ཐམས་ཅད་ རྫོགས་པར་བསམ་པར་བྱ། །རང་བཞིན་རྒྱལ་པོ་བཀུག་ལ་བསྟིམ། །སྐུ་སྟོད་ཁྭ་དང་འུག་པ་དང་། །གཅན་གཟན་འཇིགས་ཚོགས་སྤྲོ་བར་བྱ། །རྐེད་པར་གནོད་སྦྱིན་འཇིགས་པའི་གཟུགས། །མཚོན་ཆ་སྣ་ཚོགས་འཛིན་པ་སྤྲོ། །སྐུ་སྨད་སེང་གེ་ལ་སོགས་པ། །གཅན་གཟན་ འཇིགས་པའི་ཚོགས་སུ་སྤྲོ། །དེ་དག་གཟུགས་ཀྱིས་བསྒྲུབ་བྱ་དང་། །བགེགས་ཀྱི་ཚོགས་རྣམས་བཀུག་བྱས་ཏེ། །གོང་གི་ལིངྒར་བསྟིམ་པ་དང་། །ནམ་མཁའ་དུམ་བུར་གཏུབས་ནས་ནི། །གནོད་སྦྱིན་རྒྱལ་པོའི་ཞལ་དུ་དབུལ། །དུག་དང་ཁྲག་ལ་སོགས་པ་ནི། །བདུན་ནམ་ ཉི་ཤུ་རྩ་གཅིག་བར། །གོང་གི་རྫས་རྣམས་དབུལ་བར་བྱ། །ཨོཾ་བཛྲ་བི་རཱུ་ར་ཀ་ཀུ་བེ་ར་མ་ཧཱ་ཡཀྵ་རཱ་ཛ། ཆེ་གེ་མོ་ཨ་ན་ལ་ཧ་ན་སརྦ་དུཥྚཱ་ན། སརྦ་བྷསྨི་ཀུ་རུ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། དེས་ནི་སྦྱིན་སྲེག་དབུལ་བར་བྱ། །གནོད་སྦྱིན་རྒྱལ་པོའི་ཕྱག་རྒྱ་ཡིས། །སྟོང་ཕྲག་གཅིག་ཏུ་བསྲེག་ པར་བྱའོ། །ཐལ་བ་ལན་ཚྭ་སྐེ་ཚེ་དང་། །དུག་དང་ཁྲག་གིས་སྦྲུས་ནས་ནི། །བསྒྲུབ་བྱའི་གཟུགས་ནི་ཁྲུ་གང་ཚད། །ལེགས་པར་བྱས་པའི་སྙིང་ག་རུ། །འཁོར་ལོ་རྩིབས་ནི་བཅུ་གཉིས་པ། །འཁོར་ལོ་དེ་ཡི་ལྟེ་བར་ནི། །ཧཱུྃ་གཉིས་བར་དུ་མིང་བཀོད་དེ། །དེ་ཡི་ལྟེ་བའི་མུ་ཁྱུད་ལ། །ཡི་ གེ་བཅུ་གསུམ་དགོད་པར་བྱ། །ཕྱི་རོལ་རྩིབས་ནི་བཅུ་གཉིས་ལ། །བཛྲ་བི་རཱུ་ར་ཀ་མ་ཧཱ་ཡཀྵ་ཀུ་བེ་ར། ཡི་གེ་དེ་ལ་བསྒྲུབ་བྱ་དང་། །གསད་པའི་ཡི་གེ་གདགས་པར་བྱ། །མཆོད་པ་སྙིང་གར་གདགས་པར་བྱ། །དུག་ལ་སོགས་པའི་རྫས་རྣམས་ཀྱིས། །གཟུགས་ལ་ལེགས་པར་བྱུག་པར་བྱ། ། དེ་ཡི་སྟེང་དུ་རྡོ་ལེབ་ལ། །རྡོ་རྗེ་རྒྱ་གྲམ་བྲིས་ནས་ནི། །ལིངྒའི་སྙིང་གར་གཞུག་པར་བྱ། །དེ་ཡི་སྟེང་དུ་མཆོད་རྟེན་ནི། །སྔོན་པོ་ཁྲུ་གང་ཚད་དུ་བརྩིག །བུམ་པར་རྒྱལ་པོ་ཆེན་པོ་ཡི། །གསད་པའི་སྔགས་ནི་བྲིས་ཏེ་གཞུག །སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོས་མཛད་པའི་རྣམ་ཐོས་ སྲས་ཀྱི་དྲག་བྱེད་ཀྱི་ཆོ་ག་རྫོགས་སོ།། །།རྒྱ་གར་དབུས་ཀྱི་པཎྜི་ཏ་ཆེན་པོ་ཏེ་ཛ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཡཀྵ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་རྒྱལ་པོ་སྒྲུབ་པའི་ ཐབས། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣམ་དག་ཡེ་ཤེས་དངོས་རང་བཞིན། །སྐྱོབ་པའི་སྟོབས་ཆེན་ལ་ཕྱག་འཚལ། །བསྟན་པ་དམ་པའི་གནས་འཆང་བའི། །དེ་ཡི་དགོས་པ་བསྒྲུབ་པའི་ཕྱིར། །གནོད་སྦྱིན་ཀུན་བདག་སྒྲུབ་ཐབས་བྲི། །དེ་ལ་དབེན་ཞིང་ཉམས་དགའ་བའི་ གནས་སུ་སྡིག་བཤགས་ལན་ཆགས་སྦྱང་། དེ་ནས་ཕན་གནོད་གང་གི་ལས་ཀྱང་གྲུབ་ཅིང་བདག་གིར་སྒྲུབ་སྟེ་སྟེགས་བུ་ཁྲུ་གང་བ་ལ་རིན་པོ་ཆེའི་གཞལ་ཡས་ཁང་བྲིས་ཏེ། དེ་རུ་རྒྱལ་པོ་སྐུ་དམར་ནག །གཡས་པ་ན་མདུང་དམར་རམ་དབྱུག་ཏོ། །གཡོན་པ་དབྱིག་གི་རྐྱལ་པ། དབུ་ཅོད་ པན་གྱི་དབུས་ན་རིན་པོ་ཆེ་ཡོད་པ། སེང་གེ་དང་སྤྲིན་གྱི་གདན་ལ་བཞུགས་པ། རིན་པོ་ཆེའི་ཕྲེང་བས་ཕྱག་དང་ཞབས་བརྒྱན་པ། གཡས་ཀྱི་དཔུང་རྒྱན་རིན་པོ་ཆེ་དང་སེང་ཐོད་ཀྱིས་བརྒྱན་པའོ། །གཡས་གཡོན་དུ་དུང་རྣ། བུམ་རྣ། རྣ་གསུམ། རྣ་བ་ཆེ། སེར་ལྗང་། དམར་ལྗང་། ལྗང་ ནག །དཀར་ལྗང་གསུས་པ་ལྡིར་བ་མདུང་དམར་དང་། རྒྱལ་མཚན་དང་མདུང་དང་དབྱིག་ཏོ་བཅས་པ་དང་ནེའུ་ལེའོ། །མདུན་དུ་ཡུམ་རྒྱལ་པོ་དང་མཐུན་པ་ལ་ཕྱག་གཡས་པ་བུམ་པ། ཞབས་བརྐྱང་བསྐུམ་མོ། །དེ་ལྟ་བུ་ལེགས་པར་བྲིས་པ་བཞུགས་པར་བྱའོ། ། དེ་ལ་དར་སེར་པོའམ་ཟ་འོག་གི་གདུགས། དར་དམར་པོའི་ཡོལ་བ། དཀར་པོའི་རྒྱལ་མཚན། ལྗང་གུ་དང་མཐིང་གའི་རུ་མཚོན་བྲི་བར་བྱའོ། །སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་དགྲམ་པར་བྱའོ། །དེ་ནས་དྲི་དང་ལྡན་པའི་སྟེང་དུ་མཆོད་ཡོན་དང་། མེ་ཏོག་དང་། སྤོས་དང་། མར་མེ་ དང་། དྲི་ཆབ་དང་། ལྷ་བཤོས་དང་། ལྷ་བཤོས་ཁྲུ་གང་བ་གཅིག་ལ་སྨྱུག་མ་གཙང་མ་ལ་རྩེ་མོ་ཙི་ཏྲ་ཀ་དང་སྙིང་ཞོ་ཤ །དེའི་འོག་ཏུ་ཆུ་སྲིན་གྱི་རྒྱལ་མཚན། དེའི་འོག་ཏུ་རིན་པོ་ཆེ་སྣ་ལྔ། སྤོས་ལྔ། ཟ་འོག་དང་། དར་སྣ་དང་། སྟག་རས་དང་། བསེའི་མེ་ལོང་། དེའི་སྟེང་དུ་བུ་རམ་ དང་། སྦྲང་རྩི་དང་། སྨན་སྣ་ཚོགས་དང་། མར་དང་ཐུད་དང་། ལུག་དང་གཡག་གི་སྙིང་དང་དཀོར་ཆ་རྣམས་ཀྱིས་བརྒྱན་ཏེ་ཐད་དུ་གཞག་གོ། །དེའི་རྩར་ཆང་ལ་རིན་པོ་ཆེ་དང་ལྡན་པར་བྱའོ། །དེ་ནས་བྱང་དུ་ཁ་བལྟས་ཏེ་སྟན་ལ་འདུག་ནས། བདག་ཉིད་ཕྱག་ན་རྡོ་རྗེ་སྐུ་གསུང་ཐུགས་སུ་བསྐྱེད་ དོ། །མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། སྤོས་ལ་སོགས་པ་རང་རང་གི་སྔགས་ཀྱིས་རྒྱ་ཆེ་བར་བྱིན་གྱིས་བརླབ་བོ། །རྟེན་གྱི་དཀོར་ཆ་སྭ་ཡོངས་སུ་གྱུར་པ་ལས་རྟེན་རྣམས་མང་ཞིང་མཛེས་པར་བྱའོ། །ཆང་ཨ་ཡོངས་སུ་གྱུར་པ་ལས་བདུད་རྩིར་བྱའོ། །དེ་ནས་རང་གི་མཆོད་པ་དང་བསྟོད་པ་ ཡན་ཆད་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཉམས་དགའ་བ་ཉིད་ཀྱིས་ཆོས་སྐྱོང་བ་མཉེས་པར་བྱ་བའི་ཕྱིར་བསྙེན་པ་བྱས་ཏེ་དེ་ལ་འཇུག་པ་ནི། ཨོཾ་སརྦ་དེ་ཝ་མཎྜལ་ཡེ་ཛཿཧཱུྃ་བཾ་ཧོཿ། ཨེ་མ་ཧོ་ས་ན་ཀ་ག་ནནྟ་པ་ཀ་རེ་སླེ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྭཱ་ཧཱ། མཆོད་པའི་དུས་སུ་གདགས་སོ་ཞེས་ བརྗོད་པའི་དོན་ཏོ། །ཐུགས་ཀའི་ཧཱུྃ་ལས་བརྗོད་པའི་ཉི་ཟེར་ལྟར་འཐོན་ནས་རྒྱལ་པོའི་ཐུགས་ཀར་ཐིམ་པས། དེས་ཆོས་སྐྱོང་བའི་ཐུགས་སྔོན་བཞིན་དུ་གཡོས་ནས་གདན་སེང་གེའི་ཤུགས་ཀྱིས་རིན་པོ་ཆེའི་ཁང་པ་དང་ཉིད་ལ་སོ་སོར་ཐིམ་པར་བསམས་ཏེ་སྟོང་བརྗོད་དོ། །དེ་ནས་མཆོད་པ་ དབུལ་ཏེ། རྩ་བའི་སྔགས་སྦྱར་བ་དང་བཅས་པས་དབུལ་ཏེ། ཨོཾ་ནི་རི་ཏེ་ཧཱུྃ་ཁཾ། ཞལ་དུའོ། །བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། མེ་ཏོག་སྤྱི་བོར་རོ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ་སྭཱ་ཧཱ། དྲི་ཐུགས་ཀར་རོ། །ཨོཾ་བཛྲ་དཱིཔྤེ་ཧཱུྃ་སྭཱ་ཧཱ། མར་མེ་རྒྱབ་ཏུའོ། །ཨོཾ་བཛྲ་གནྡྷེ་ཧཱུྃ་སྭཱ་ཧཱ། དྲི་ཆབ་མདུན་དུའོ། །ཨོཾ་བཛྲ་ནཻ་བིདྱེ་ཧཱུྃ་ སྭཱ་ཧཱ། ལྷ་བཤོས་ཕྱག་ཏུའོ། །དཀོར་ཆ་དག་ཐོགས་ཏེ་སྔགས་ཀྱི་ཚིག་བརྗོད། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཉེས་པ་མ་ལུས་པ་དང་བས་མཐོལ་ཞིང་རྫས་གཅིག་ཀྱང་འཇིག་རྟེན་གང་བར་སྤྲུལ་ཏེ། ཉེས་པ་བྱང་ཞིང་རྗེས་སུ་མཐུན་པའི་ཚིག་གིས་གསོལ་བ་གདབ་བོ། །དེ་ནས་ བསྟོད་ཅིང་བསྐུལ་བ་ནི། །སྔོན་ཚེ་གསང་བདག་སྤྱན་སྔ་རུ། །དམ་ཆོས་བསྲུང་བར་ཞལ་བཞེས་བཞིན། །སྐུ་གསུང་ཐུགས་ཀྱི་གདུང་འཚོབ་པའི། །སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པའི། །གནོད་པའི་བར་ཆོད་མང་པོ་རྣམས། །སྟོབས་ལྡན་རྒྱལ་ཆེན་ཡབ་ཡུམ་དང་། །གནོད་སྦྱིན་ ཕོ་མོ་སྡེ་བརྒྱད་བཅས། །བསྟན་པ་བསྲུང་བར་གཉེར་གཏད་བཞིན། །རྫུ་འཕྲུལ་བྱེ་བ་སྣ་ཚོགས་ཀྱིས། །གནོད་པ་ཐམས་ཅད་རྡུལ་དུ་རློག །དམ་བཅས་ལས་ལ་མ་བརྩོན་ན། །སངས་རྒྱས་ཀུན་གྱི་སེམས་གྱུར་པའི། །རང་གི་བྱང་སེམས་གཉེན་པོར་འགྱུར། །དེ་དྲན་བྱོས་ལ་ལས་ རྣམས་གྱིས། །ཞེས་བརྗོད་ལ། དམ་ཚིག་རྩ་བའི་སྔགས་ཀྱིས་བདུད་རྩི་ཞལ་དུ་དབུལ་ལོ། །དེ་ནས་དགོངས་པ་སྔགས་ཞལ་དུ་ཐིམ་པས་ཉིད་ཀྱི་དམ་ཚིག་དེ་ཐུགས་ཀ་ནས་ཕྱུང་ལ་བདག་ལ་ཐིམ་པས་རྒྱལ་པོ་དང་དབྱེར་མེད་པར་བསྒོམས་པས་བརྟན་པར་བྱའོ། །མཆོད་པ་རྣམས་སྟོང་ངམ་ལྔ་ སྟོང་ཞིང་དབུལ་ལོ། །དེ་ལྟར་བྱས་པས་ཉེས་པ་བྱང་བའི་རྟགས་རིམ་པར་འབྱུང་སྟེ། འཁྲུ་བ་དང་། བཀུར་བ་དང་། དབང་བསྐུར་བ་དང་། སེམས་ལ་དོགས་པ་མེད་པ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་འབུམ་ཚོ་གཅིག་བཟླས་པར་བྱའོ། །དེ་དེ་ལ་ཡིད་བརྟན་པ་དང་། ཆང་གི་ནང་དུ་ཤ་དང་ བདུད་རྩི་དང་། མི་རྟའི་དངས་མའི་ཁྲག་བླུགས་ལ་བསྒྲུབ་པར་བྱ་སྟེ། ཉེ་བར་དགུག་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་ཎ་ཡེ་མ་ཧཱ་ཡཀྵ་ཀུ་བེ་ར་པ་ར་མཱརྠ་ནི་ཛཿཛཿཛ་ཧེ་ཛ་ཧི་ཞེས་བརྗོད་པའི་དོན་ནི་བདག་ལ་རྒྱལ་པོ་བསྟིམས་ལ། འཁོར་གནོད་སྦྱིན་ཕོ་མོ་སྡེ་བརྒྱད་ཁུགས་པར་བཀུག་ལ་ དྲང་། རྒྱལ་པོ་ཡང་མདུན་དུ་བཞུགས་ཏེ་འཁོར་དང་བཅས་པའི་དགུག་པ་གཉིས་ནི་བསྙེན་པའི་ཉམས་ལས་རིག་པར་བྱའོ། །དགོངས་པ་ནི་སྔགས་ཉིད་དགུག་བྱའི་སྲོག་ཡིན་པའི་ནུས་པ་དང་ལྡན་པའི་ཕྱིར་འཁོར་ལོ་ཕྲེང་བ་ལྟ་བུ་སོ་སོར་བསྟིམས་པས། རབ་ཏུ་དང་བས་ མང་པོ་དབུལ་ཞིང་གུས་པས་བདག་གིར་གྱུར་པའི་རྩེ་གཅིག་པའི་བསམ་གཏན་གྱིས་བཟླས་ཏེ། དེ་ལ་མ་བརྟེན་ན་ནུས་པ་འགའ་བྱུང་ཡང་དབང་དུ་མི་འགྱུར། མཆོད་པ་སྔགས་དང་བསྡོམས་ལ་དབུལ་ལ་བཟླས་པ་དྲུག་འབུམ་དུ་བྱའོ། །རྟགས་རབ་སྐུ་འབྱུང་བ་དང་། འབྲིང་ས་དང་ བར་སྣང་ལ་སྒྲ་དང་འོད་འབྱུང་། ཐ་མ་དམག་ཚོགས་དང་འགྲོ་བ་ལ་དབང་བྱེད་པའོ། །ཆོ་འཕྲུལ་ནི་ཐ་དད་དོ། །ཕན་པ་ནི་བཟླས་པ་འདི་རྫོགས་པ་དང་རྫས་ཅི་འབྱོར་པ་ཕུལ་ལ་གཤེགས་སུ་གསོལ། རྫས་རི་རྩེ་ལ་བསྐྱལ་ལོ། །དུས་ཀྱི་མཆོད་པ་བྱའོ། །དེས་ནི་ཆད་པ་དང་བྲལ་བར་ འགྱུར་རོ། །ཆད་པས་གནོད་པའི་སྦྱོར་བ་ནི། །སྦྱོར་བའི་རིམ་པ་ནུས་པ་རྫོགས་པ་དང་ཁྲུ་གང་པའི་བྲུབ་ཁུང་གྱེན་ཐུར་དུ་ཕྱེད་ཕྱེད་བརྩིག་ཅིང་བྲུས་ལ་ར་ཁྱི་ཕག་གི་བྲུས་པ་དུར་ཁྲོད་ཀྱི་སོལ་བས་བྱུགས་ལ། དེའི་ནང་དུ་འབྲུ་སྣ་ལྔའི་ལིངྒ་བྱས་ལ། མིང་རུས་པ་མ་ཆད་པའི་རྒྱུ་གྲོ་ག་ལ་བྲིས་ ལ་སྙིང་གར་བཅུག་ལ་མར་གས་གདབ། ཤའི་གཏོར་མ་དང་། རགྟ་དང་། བདུད་རྩི་དང་། ལྷ་བཤོས་གྲུ་གསུམ་མཐིང་ནག་གོ། །ཨ་ནུ་རུ་ཀི་པི་ཁཱ་ཧི། སུ་རུ་པ་ན་ཁཱ་ཧི། ཀུ་བེ་ར་ཙནྡྲ་ཁཱ་ཧི། ཀུ་བེ་ར་མརྟ་ཁཱ་ཧི་ཞེས་དབུལ་ཞིང་བསྟབས་སོ། །དེ་ནས་ཁྲག་གསུམ་དང་ཚ་བ་གསུམ་དང་ པདྨའི་ཤ་ཁྲག་ལ་ཐུན་སྔགས་ལ། དུན་དུན་རྨུགས་ཤང་ཧ་ལ་ཧ་ལ། ཙ་ལ་ཙ་ལ། པ་ཙ་པ་ཙ། ཧི་མ་ཧི་མ། རྦད་ན་རྦད་ན། རྦད་པུ་ལེ་རྦད་མེ་ཤ་ཡ་མཱ་ར་ཡ་མཱ་ར་ཡ་ཕཊ་ཅེས་ཞག་བདུན་བར་དུ་མ་ཆད་པར་བརྡེག་གོ། །ཐ་མ་བེ་ཅོན་དང་གྲིས་བཏུབ་ཅིང་བརྡུང་ངོ་། །དེའི་དོན་ནི་རླུང་ལ་ སྔགས་ཞོན་ནས་སྲོག་གི་གནས་སུ་ཐིམ་པས་སེམས་འཁྲུལ་ནས་གནོད་སྦྱིན་ཕོ་མོས་སྒོ་ཀུན་ནས་བཅུད་བསྲེག་ཅིང་བཞུ་བར་བྱའོ། །དེ་ནས་གཟུགས་ཀྱང་མཆོད་པར་དབུལ་ཞིང་བསྟབས་ལ་གཏོར་མ་དུག་ཟོར་དུ་འཕང་བར་བྱའོ། །དེ་ནས་མཆོད་པའི་རིང་ལུགས་ཀྱིས་བཤགས་པ་ ཕུལ་ལ་གཤེགས་སུ་གསོལ་ལོ། །ལས་རྗེས་སྣང་བ་མེད་པར་བྱ། །འགྲུབ་ན་མིང་དང་རྗེས་ལ་བཏབ་པ་ཆད་པ་འབྱུང་ངོ་། །རྒྱུན་དུ་མཆོད་ཅིང་བསྙེན་པ་བྱས་ན་ཅི་ཡང་འགྲུབ་ངེས་པས་ཡལ་བར་མི་གནས་སོ། །རྣལ་འབྱོར་དགེ་སྦྱོར་བརྟན་པ་ཡིས། །དངོས་གྲུབ་བརྟན་པའི་རྒྱས་ བསྟན་ཕྱིར། །སྟོབས་ལྡན་རྒྱལ་ཆེན་ཉེར་སྒྲུབ་བྱས། །མི་མཐུན་ཀུན་གྱི་གཉེན་པོར་ཤོག །རྒྱལ་པོ་རྣམ་ཐོས་སྲས་ཀྱི་གསང་བའི་སྒྲུབ་ཐབས་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ཀུ་བེ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་ དུ། རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས་ཞེས་བྱ་བ། ངལ་སོ་རྒྱལ་པོ་ལ་ཕྱག་འཚལ་ལོ། །དང་པོར་སྣོད་ལྡན་གང་ཟག་གིས། །གནས་རྣམས་ཤིན་ཏུ་དབེན་པ་རུ། །རྡོ་རྗེ་འཆང་བ་བསྒྲུབ་པར་བྱ། །དེ་ནས་ལས་རྣམས་མྱུར་འདོད་ན། །བཀའ་ཡི་ཕོ་ཉ་བསྒྲུབ་པར་བྱ། །དེ་ཡང་ རང་རྒྱུད་དག་དང་ནི། །གཙོ་བོ་འཁོར་དུ་གནས་པའོ། །ཐབས་ནི་ཚོགས་བསགས་ཚད་མེད་བསྒོམ། །སྲུང་བ་སྟོང་ཉིད་ངང་དུ་བྱ། །པདྨའི་གདན་སྟེང་ཧཱུྃ་ལས་ནི། །མཆོད་རྟེན་ལ་ནི་སྐུ་བསྐྱེད་དོ། །ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་མཆོད་རྟེན་གདུག་པ་སེལ། ། གཡོན་ན་ནོར་ལྡན་ནེའུ་ལེ་འཛིན། །རང་བཞིན་གནས་པ་སྤྱན་དྲངས་ལ། །དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། །མཆོད་པ་རྣམས་ནི་ཕུལ་ནས་ནི། །བསྟོད་པ་འདི་དག་བརྗོད་པར་བྱ། །བསྟན་བསྲུངས་རྒྱལ་པོ་ཆེན་པོ་ནི། །མཆོད་རྟེན་གྱིས་ནི་དོན་རྣམས་བསྒྲུབ། །རིན་ཆེན་ནེའུ་ལེ་ བསྣམས་ནས་ནི། །དགོས་འདོད་སྟེར་བའི་ལྗང་གུ་བསྟོད། །བསྐྱེད་རིམ་རྫོགས་ནས་བཟླས་པ་བྱ། །སེམས་དཔའ་སུམ་བརྩེགས་ལྡན་པ་ལ། །འོད་ཟེར་སྤྲོ་བསྡུ་འཁོར་ལོའི་ཚུལ། །སྒྲུབ་པའི་དུས་སུ་སྤྲོ་བསྡུ་སྤང་། །དགུག་སོགས་མན་ངག་བཞིན་དུ་བྱ། །རྟགས་མ་བྱུང་བར་ འཕྲོ་མི་གཅོད། །སྔགས་ནི། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཡཀྵཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། དམ་ཚིག་བརྟན་ཞིང་གཏོར་མ་སྦྱིན། །དེ་ནས་རང་རྒྱུད་སྒྲུབ་འདོད་ན། །གཙོ་བོ་འཁོར་དུ་བཅས་པ་ཡང་། །ཚོགས་བསགས་ལ་སོགས་གོང་མ་ ལྟར། །འཁོར་ལོ་ཆེན་པོའི་ལྟེ་བར་གཙོ། །མདུན་དུ་རྒྱལ་པོ་བསྐྱེད་པར་བྱ། །བཀའ་བསྒོ་ལ་སོགས་ལས་དང་སྦྱོར། །དགུག་དང་བསད་ལ་སོགས་པ་ཡི། །བསྒྲུབ་པ་ཅི་རིགས་ཤེས་བྱ་སྟེ། །འཁྲུལ་འཁོར་སྦྱོར་བ་དག་ཏུ་ཤེས། །རྣལ་འབྱོར་སྒྲུབ་པར་བྱེད་འདོད་ན། ། གནོད་སྦྱིན་གཡས་སུ་བསྐྱེད་བྱས་ལ། །བཀའ་བསྒོ་རྒྱལ་པོར་བྱ་བར་རིགས། །ཀླུ་རྒྱལ་གཡོན་དུ་བཀོལ་བའི་ཕྱིར། །བདེ་གཤེགས་སྤྲུལ་པ་སྒྲུབ་འདོད་ན། །མདུན་མམ་གཡོན་དུ་པདྨ་ལ། །ཆོ་ག་གསུམ་མམ་སྐད་ཅིག་ལས། །སྐུ་མདོག་དཀར་པོ་སྦྲུལ་ཞགས་ཅན། །དེ་འདྲའི་ཀླུ་རྒྱལ་ སྤྱན་དྲངས་བསྟིམ། །མཆོད་བསྟོད་གང་འདོད་བཟླས་པ་བྱ། །དམ་ལ་མ་ཐོགས་ཀླུ་རྣམས་ནི། །སྒྲུབ་པ་པོ་ལ་བར་ཆད་བྱེད། །དང་པོ་ཞི་བས་གདུལ་བར་བྱ། །མ་ཉན་དྲག་པོའི་ལས་རྣམས་བརྩམས། །གསོད་ན་དོང་དུ་གཟུགས་བརྙན་གཞུག །དགུག་ལ་བསད་སྔགས་ཤེས་ པར་བྱ། །ཁྲོ་བོའམ་ཡང་ན་མཚོན་ཆ་ཡིས། །ལུས་རྣམས་གཏུབ་ཅིང་གསད་པར་བྱ། །ཡང་ན་སྦྱིན་སྲེག་རྣམས་ཀྱང་བྱ། །ཡང་ན་འཁྲུལ་འཁོར་སྦྱོར་བ་བྱ། །ཡང་ན་མ་མོ་རྣམས་ཀྱང་བསྐུལ། །གནོད་ན་གྲོ་ག་རྣམས་ལ་ནི། །གཟུགས་བྲི་འོད་ཟེར་རྣམས་ཀྱིས་དགུག །དེ་ནས་ཞིང་ ཆེན་ནང་དུ་གཞུག །ཁ་དགབ་མཚོན་བཅིང་ཐལ་བས་དགང་། །ཡང་ན་ཕ་བོང་དུག་ལ་སོགས། །གོང་མ་བཞིན་དུ་ཤེས་པར་བྱ། །བསྐྲད་སོགས་གཞན་ཡང་མན་ངག་སྦྱར། །རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ་ རྫོགས་སོ།། །།སྒྲ་པ་ཆེན་པོ་རྒྱལ་བའི་སྙན་ལ་ལེགས་པར་ཞུས་ཤིང་བསྟན་བཅོས་ཀྱི་སྐད་ཅུང་ཟད་ཤེས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པའི་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཻ་ཤྲ་བ་ཎ་སཱ་ དྷ་ནཾ་ནཱ་མ། བོད་སྐད་དུ། རྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །འགྲོ་བ་ཀུན་གྱི་དོན་གཟིགས་ནས། །དྲང་སྲོང་རྣམ་མང་ཐོས་པ་དང་། །ལྷ་མོ་དཔལ་ཚུལ་བཟང་མོ་ཡི། །སྲས་ སུ་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་བསམ་པ་ཡོངས་རྫོགས་མཛད། །ལྷ་རྣམས་འབྱོར་པ་འདོད་པ་ཡི། །ལྷ་རྣམས་ཀྱིས་ནི་ཕྱག་བྱས་པའི། །བཅོམ་ལྡན་ལྷ་ཡི་ལྷ་ཞེས་བསྟོད། །དེ་ཡི་སྒྲུབ་ཐབས་བརྩམ་པར་བྱ། །བྷཱུཾ་ལས་སྐྱེས་པའི་འཁོར་ལོ་ལ། །དྲོད་མཐའ་ང་རོ་ལྔ་པས་ བརྒྱན། །སྟེང་དུ་རྗེས་འཇུག་དབྱངས་དང་ལྡན། །འོད་ཟེར་འཕྲོ་འདུས་འགྲོ་དོན་མཛད་པ་ཡི། །རང་གི་ཕྱག་མཚན་ལས་སྐྱེས་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་ལྗང་སེར་འགྱིང་བཅས་བྲི། །བསོད་ནམས་ཚོགས་བདུན་དོན་དམ་སྟོང་ཉིད་ལས། །སྐྱེས་པའི་རང་བཞིན་སྐུ་གསུང་ཐུགས་ངོ་ བོ། །ཡེ་ཤེས་སེམས་དཔའ་གཞུག་དང་དབང་བསྐུར་དང་། །གནས་གསུམ་བྱིན་བརླབས་དབང་སྡུད་རྡོ་རྗེ་བསྐྱེད། །རྡོ་རྗེ་དྲིལ་བུ་རྒྱན་རྣམས་བཅུ་དང་ལྡན། །འོད་ཟེར་སྤྲོ་བསྡུས་ཁམས་གསུམ་ལྷར་བསྐྱེད་ནས། །གསལ་བྱེད་ཨོཾ་དང་ཆུ་ཡི་ཡི་གེ་དང་། །གསུམ་པ་མེ་ཡི་བུ་དང་ཡང་ དག་ལྡན། །ལྔ་པའི་ཐོག་མ་བཞི་པའི་ཐ་མ་ལ། །ང་རོ་བཞི་པ་ཡིས་ནི་མནན་པ་ལ། །གཏུམ་པོ་ཆེན་པོ་མ་རུངས་ཚིག་གིས་མནན། །ཧཱུྃ་གཉིས་ཕཊ་དང་ལྡན་པའི་སྔགས་ཀྱིས་ནི། །དུས་རྣམས་ཀུན་དུ་གཙོ་བོའི་ཐུགས་ཀར་བསྐོར། །རྒྱུན་མི་འཆད་པར་རྩེ་གཅིག་ཡིད་ཀྱིས་བཟླས། ། དེ་ཡི་མདུན་དུ་བྷྲཱུཾ་ལས་ནི། །རིན་ཆེན་ཁང་པ་བརྩེགས་པ་བསྒོམ། །ཤར་དུ་ཤེལ་གྱི་ཀ་བས་བརྒྱན། །ལྷོ་རུ་རིན་ཆེན་བཻ་ཌཱུརྱ། །ནུབ་ཏུ་པདྨ་རཱ་ག་སྟེ། །བྱང་དུ་གསེར་གྱི་ཀ་བས་མཛེས། །ཟུར་བཞི་རིམ་གསུམ་ཁང་བརྩེགས་དགུ། །དབུས་མའི་ཕོ་བྲང་སུམ་བརྩེགས་ནི། །རྩེ་མོ་ རིན་ཆེན་ནོར་བུ་བཟང་། །རྣམ་པ་བཅུ་ཡིས་སྤྲས་པ་པོ། །དེ་དབུས་འཇིགས་བྱེད་ཡི་གེ་ལས། །སེང་གེའི་གདན་ལ་ལེགས་བཞུགས་པ། །ངལ་སོ་དགེ་བའི་ལག་པ་ན། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །རིན་ཆེན་ཅོད་པན་རྣ་རྒྱན་དང་། ། མགུལ་རྒྱན་དང་ནི་དོ་ཤལ་དང་། །དཔུང་རྒྱན་དང་ནི་ལག་གདུབ་བཅས། །སྐེ་རགས་ཕྲེང་བ་དོ་ཤལ་ཅན། །ཉིང་ལག་རྒྱན་གྱིས་རྣམ་པར་མཛེས། །གསུས་ཁྱིམ་ཆེ་བ་སྐྱིལ་ཀྲུང་བཞུགས། །བུམ་པ་བཟང་པོ་རྣམ་བརྒྱད་དང་། །དཔག་བསམ་ཤིང་དང་རིན་ཆེན་ཤིང་། །རྫིང་བུ་བཟང་ པོའི་རྒྱན་མཛེས་པ། །མེ་ཏོག་བཟང་པོ་འདོད་འཇོའི་བ། །ཡིད་བཞིན་ནོར་བུའི་ར་བས་བསྐོར། །དེ་ཡི་དབུས་ན་མགོན་པོ་ནི། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །རིན་ཆེན་བདུན་གྱི་ཆར་པ་འབེབས། །དེ་ནས་རྒྱལ་པོ་སྤྱན་དྲངས་ཏེ། །མགོན་པོ་ཀུན་གཤེགས་ ཐུགས་རྗེ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །ཐམས་ཅད་ཉོན་མོངས་འདམ་བྱིང་བར། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱེད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་ བསྲུང་བ་དང་། །སེམས་ཅན་ཀུན་ལ་ཕན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །སྤྱན་དྲང་ནས་ནི་མཆོད་པ་དབུལ། །དབང་བསྐུར་ནས་ནི་ན་བཟའ་གསོལ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །ཕྱག་ཏུ་ཕུལ་ལ་དངོས་ གྲུབ་བླང་། །བཟའ་བཏུང་འདོད་ཡོན་ལ་སོགས་པ། །རྟག་བསྟེན་ལྷ་ལ་དབུལ་བར་བགྱི། །སྙིང་པོ་ཆུ་ཡི་ཡི་གེ་ལ། །དབྱངས་ཡིག་བཅུ་གཉིས་པ་ཡིས་བརྒྱན། །མིག་བཙུམས་སུམ་ཅུ་རྩ་གཉིས་བསྲིང་། །ཉེ་བའི་སྙིང་པོ་ནི། ཨོཾ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། འབུམ་ཕྲག་གཅིག་གིས་ མཁའ་ལ་གཡོ། །འབུམ་ཕྲག་གཉིས་ཀྱིས་ས་རྣམས་གཡོ། །འབུམ་ཕྲག་གསུམ་གྱིས་ཕྱོགས་རྣམས་སྲེག །འབུམ་ཕྲག་བཞི་ཡིས་བཟའ་བཏུང་འཐོབ། །འབུམ་ཕྲག་ལྔ་ཡིས་ནོར་དང་ལྡན། །འབུམ་ཕྲག་དྲུག་གིས་འཁོར་མང་རྙེད། །འབུམ་ཕྲག་བདུན་གྱིས་རིགས་རྒྱུད་འཕེལ། ། འབུམ་ཕྲག་བརྒྱད་ཀྱིས་ཚེ་འཕེལ་ཞིང་། །དགུས་ནི་བཅུད་ལེན་སྨན་རྣམས་རྙེད། །བཅུ་ཡིས་མངོན་པར་ཤེས་པ་འཐོབ། །གཤེགས་སུ་གསོལ་ཚེ་བཟོད་པར་གསོལ། །སྨོན་ལམ་བཏབ་ཅིང་ཕྲིན་ལས་བཅོལ། །ཡང་ཕྱིས་འབྱོན་པར་གསོལ་བ་གདབ། །སྣ་ཚོགས་རབ་ཏུ་སྒྲུབ་རྒྱུད་ དང་། །གར་མཁན་མཆོག་གི་རྒྱུད་ལས་ནི། །ཕན་པའི་ཡན་ལག་གཅེས་པ་བསྡུས། །འགྲོ་ཀུན་གནས་སྲུང་ཐོབ་པར་ཤོག །སློབ་དཔོན་ཤཱུརཾག་བརྨས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཏེ་ཛ་དེ་བ་དང་། ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། ༄། །བཻ་ཤྲ་བ་ཎའི་རྟོགས་པ་བཞུགས།། ༄༅༅། །དང་པོར་བདག་ཉིད་ཡི་དམ་གྱི་ལྷར་བསྐྱེད་ལ། བཅོམ་ལྡན་འདས་རྣམ་ཐོས་སྲས་སེང་གེ་ལ་བཅིབས་པ། མདོག་སེར་པོ་ལག་ན་རིན་པོ་ཆེའི་རྒྱལ་མཚན་འབར་བ་ཐོགས་པ། གནོད་སྦྱིན་གྱི་བདག་པོ་བརྒྱད་ཀྱིས་བསྐོར་བ། མདུན་ན་རྨུགས་འཛིན་རིན་པོ་ཆེ་ཐོགས་པ་སེར་པོ། གཡས་སུ་གང་བ་བཟང་པོ་བུམ་པ་ཐོགས་པ་སེར་པོ། རྒྱབ་ཏུ་ནོར་བུ་བཟང་པོ་རིན་པོ་ཆེ་འབར་བ་ཐོགས་པ་དཀར་པོ། གཡོན་དུ་རྟ་བདག་ཀུ་བེ་ར་ལག་ན་རལ་གྲི་ཐོགས་པ་ནག་པོ་གོས་སྔོན་པོ་ཅན། མཚམས་བཞིར་ཡང་དག་ཤེས་སེར་པོ་ ལག་ན་རལ་གྲི་ཐོགས་པ། འབྲོག་གནས་ལག་ན་མདུང་ཐོགས་པ་ནག་པོ། ལྔས་རྩེན་སེར་སྐྱ་ལག་ན་ཁང་བུ་བརྩེགས་པ་བསྣམས་པ། པི་ཙི་ཀུཎྜ་ལི་ལག་ན་རལ་གྲི་དང་ཕུབ་ཐོགས་པ་དཀར་པོ་དེ་རྣམས་རྟ་ལ་ཆིབས་པ། འཁོར་གནོད་སྦྱིན་བྱེ་བས་བསྐོར་བ། ལག་ན་མཚོན་ཆ་འཕྱར་བ་ བསམས་ཏེ། གུ་གུལ་གྱི་དུད་པའམ། འབྲས་ཀྱི་ཕྱེའི་དུད་པ་བཏང་ལ། དུང་དང་རྔ་བརྡུངས་ཏེ་སྤྱན་དྲང་བར་བྱའོ། །ཨོཾ་བཻ་ཤྲ་བ་ཎ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ། ཨོཾ་བཻ་སྭཱ་ཧཱ། དེ་མདུན་དུ་བྱོན་པའི་རྟགས་སྙིང་འདར་བ་དང་། མགོ་སྦྲིད་པ་དང་། གྲོགས་ལ་བབས་པ་དང་། མཐོང་ བ་ན་བདུག་པ་དང་། མེ་ཏོག་དང་། གཏོར་མ་བྱིན་ལ་ཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ་བར་བྱའོ། །སྒྲོན་མའི་ཕྱག་རྒྱ་བཅས་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ་ཞེས་བརྗོད་པས་སྟོང་པར་བསམ། དེ་ལ་གཏོར་མའི་སྣོད་རིན་པོ་ཆེའི་ཁང་བུ་བརྩེགས་པ་དཔག་ཚད་ ཀྱི་ཚད་ཙམ་བསམས་ལ། དེའི་ནང་དུ་ལྷའི་ཞལ་ཟས་རོ་བརྒྱ་བསམས་ཏེ། ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་ཨ་ཀཱ་རོ་ཞེས་བྱ་བའི་སྔགས་ལན་བདུན་བཟླས་ལ། ཁ་དོག་བཟང་པོའི་འོད་དང་བཅས་པ་བསམ་པར་བྱའོ། །དེ་ལ་བསྔོ་བ་ནི། ཨོཾ་བཻ་ཤྲ་ཝ་ཎ་ཡེ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཡེ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨོཾ་སཾ་པྲ་ཛ་ན་ཡེ་སྭཱ་ཧཱ། ཨོཾ་གུ་ཧྱསྟ་ན་ཡེ་སྭཱ་ཧཱ། ཨོཾ་པཉྩི་ཀ་ཡེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ཡེ་སྭཱ་ཧཱ། དེ་རྣམས་ལ་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་བཅོལ་ལ། སྙིང་གའི་ལྕགས་ཀྱུ་དགྲོལ། ཨོཾ་ བཻ་ཞེས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་ཚད་དུ་གདོན། ནིར་བ་ཙ་ན་བསྲེག་པ་བསླབ། བར་བར་དུ་གཏོར་མ་རྒྱ་ཆེན་པོ་གཏང་། བཻ་ཤྲ་ཝ་ཎའི་རྟོགས་པ་རྫོགས་སོ།། །།བསྟོད་པ་ནི། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །འཇིག་རྟེན་ སྐྱོང་བ་གྲགས་དང་ལྡན། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་འཇོམས་པར་བྱེད། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བྱང་ཕྱོགས་ སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །ཕྱག་ན་རྡོ་རྗེའི་བཀའ་ཉན་དམ་ཚིག་ཅན། །རིག་པས་བྱིན་རླབས་ནམ་མཁའི་མཐས་ཀླས་པའི། །འདོད་ཡོན་ལྔ་བཅས་གཏོར་མ་ཕུལ་བ་བཞེས། །སྲས་དང་བཙུན་མོ་གཉེན་དང་དམག་དཔུང་བཅས། །འདི་དག་དགོངས་ཤིང་འགོ་བར་གྱུར་ནས་ཀྱང་། ། སྔོན་གྱི་ཐུགས་དམ་ཕྲིན་ལས་མ་བསྙེལ་བར། །བདག་གི་ཕྲིན་ལས་འབྲས་བུ་ཡོད་པར་མཛོད།། ༄། །རྣམ་སྲས་རྟོགས་པ་བཞུགས། ༄༅༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱ། །ཟླ་བ་ཡར་ངོའི་བཅོ་ལྔ་ལ། །དམ་ཚིག་ལྡན་པའི་ རྣལ་འབྱོར་བས། །ཐུན་མོང་མ་ཡིན་མཆོད་པ་སྟེ། །གང་གིས་བདུགས་པ་ཙམ་གྱིས་ནི། །དངོས་གྲུབ་མྱུར་དུ་ཐོབ་བྱེད་པའི། །སྒྲུབ་པོས་བདུག་སྤོས་བདུག་པ་ནི། །བརྟུལ་ཞུགས་འཛིན་པས་འདི་ལྟར་བྱ། །འབྲས་དཀར་བཏགས་པའི་ཕྱེ་མ་ནི། །སརྫ་ར་ཛ་དག་དང་ནི། །ག་པུར་ཙནྡན་དཀར་དམར་དང་། ། ཆ་མཉམ་ནས་ནི་དེ་དག་བསྲེ། །ཨ་ཀ་རུ་ནག་གིས་བསྒོས་ནས། །བེ་ཏ་དཀར་མོའི་ཆར་རྒྱུན་གྱིས། །རྣམ་པར་སྦྲུས་ནས་རབ་བསྔགས་ཏེ། །རྩ་བའི་རིག་པ་གང་དེ་ལ། །དབབ་པའི་གསང་སྔགས་རབ་ཏུ་སྦྱར། །སྟོང་རྩ་བརྒྱད་དུ་བཟླས་ནས་ནི། །དངོས་གྲུབ་ཕྱིར་ནི་རྫས་དེ་ཡི། །དེ་ནས་མཁས་ པས་རི་ལུ་བྱ། །གང་ཞིག་མཆོད་པའི་དུས་སུ་ནི། །སེམས་ཀྱི་དབང་ཕྱུག་ཏིང་འཛིན་གྱིས། །རྣམ་པར་སྦྱངས་པའི་ས་གཞི་ལ། །རྟེན་སོགས་དགྲམ་པར་བྱས་ནས་ནི། །ཆོ་གས་གཏེར་བདག་མདུན་བཀུག་ནས། །རྡོ་རྗེ་ཅན་གྱིས་བདུག་པ་དབུལ། །གསེར་སོགས་མཛེས་པའི་སྣོད་དུ་ནི། །ཙནྡན་ལ་ སོགས་མདག་མེ་ལ། །སྔར་བཤད་པ་ཡི་རི་ལུ་བསྲེག །དེས་ནི་རྟེན་ལ་བདུག་པར་བྱ། །སྦྱོར་ངེས་སྐྱོབ་པ་མཉེས་གྱུར་ན། །གཏེར་རྣམས་དེ་ཡི་མོད་ལ་སྟེར། །གལ་ཏེ་དེ་ལྟར་མ་གྱུར་ན། །གཏེར་བདག་ཉམས་པར་གདོན་མི་ཟ། །འདི་ནི་རབ་ཏུ་གསང་བ་སྟེ། །གསང་བའི་གནས་སུ་སྤྱད་པར་བྱ། །བདུག་ སྤོས་ཀྱི་སྦྱོར་བའོ། །དེ་ནས་དམ་ཚིག་བཤད་བྱ་བ། །རྟག་པར་ཁྲུས་དང་གཙང་སྦྲ་བྱ། །རྔ་དྲིལ་ལ་སོགས་རོལ་མོའི་སྒྲ། །སྣ་ཚོགས་མེ་ཏོག་དྲི་ལྡན་དང་། །སྣ་ཚོགས་འབྲུ་ཡི་ཆན་དང་བཤོས། །མཛེས་པའི་དར་སྣས་རྟག་མཆོད་བྱ། །ཆང་རྣམས་དབུལ་བར་མི་བྱ་སྟེ། །ཤ་ནི་བརྟགས་ཏེ་དབུལ་བར་ བྱ། །རྟག་ཏུ་སྔོན་པོའི་གོས་འཆང་ཞིང་། །ལུང་ཐང་འབྲས་བུའི་བགྲང་འཕྲེང་བགྲང་། །མྱུར་འགྲོ་ཤ་ཡི་བཟའ་བ་སྤང་། །ཉམས་ཤིང་ཆག་པའི་སྣོད་མི་བཟའ། །རྩུབ་ཅིང་ནག་པོའི་སྟན་མི་འདུག །བཟའ་བྲལ་མས་བསྟབས་བཟའ་བཏུང་རྣམས། །རྣམ་པ་ཀུན་དུ་མི་སྤྱོད་དོ། །སྲོག་བྲལ་བ་ ལ་རེག་པ་སྤང་། །བསྲུང་བར་བྱ་བའི་དམ་ཚིག་གོ། །དེ་ནས་རྟེན་ནི་བཤད་པར་བྱ། །ཕྱི་ནང་གསང་བའི་བྱེ་བྲག་གི། །གཏེར་བདག་བརྟེན་པའི་རྟེན་ཡང་ནི། །རྣམ་པ་གསུམ་དུ་མཁས་པས་བརྟག །ཕྱི་རྟེན་རྟ་མཆོག་རབ་སྔོ་ལ། །མཛེས་པའི་རྒྱན་བཏགས་མགོན་ལ་དམིགས། །རྟག་ཏུ་ཡང་ ནི་བཅང་བར་བྱ། །ཡང་ན་གཟུགས་ལེགས་རབ་ཏུ་གཟུང་། །གསང་རྟེན་གྲོ་གའི་ཤུན་སོགས་ལ། །གུར་གུམ་དྲི་བཟངས་རབ་སྤེལ་བས། །བཻ་ཡིག་བྲིས་ལ་སྔགས་ཀྱིས་བསྐོར། །རིན་ཆེན་དང་བཅས་རིན་ཆེན་གཟུགས། །འབྲུ་མཆོག་བཏགས་ནས་བསྣོས་བྱས་ལ། །མཁས་པས་བྱས་ཏེ་ སྙིང་པོ་གཞུག །ཚོན་བྱུགས་ནས་ནི་མདུན་གཞག་གོ། །གཉིས་པ་བྲམ་ཟེའི་རས་དག་གམ། །གཞོན་ནུ་མ་ཡིས་ལེགས་བཀལ་བའི། །རས་ལ་དྲི་ཡིས་རབ་བསྒོས་ནས། །གཏེར་བདག་སྐུ་མདོག་ཕྱག་ཆར་ལྡན། །ལུགས་ནས་འབྱུང་བའི་རིམ་པ་ཡིས། །དམ་ཚིག་ལྡན་པས་མྱུར་བྲིས་ལ། ། ཕྱི་རོལ་ཤིང་སོགས་རྒྱན་གྱིས་མཛེས། །སྔགས་རིག་པས་ནི་མདུན་དགྲམ་བྱ། །རྟེན་གཟུགས་པ་ཡི་རིམ་པའོ། །དེ་ནས་གསང་བ་བཤད་བྱ་སྟེ། །སྒྲུབ་པོ་གསང་བདག་ཕྱོགས་བལྟས་ཏེ། །གཏོར་མའང་དེ་ཉིད་ཕྱོགས་སུ་སྦྱིན། །གསང་རྟེན་ནེའུ་ལེའི་རླུད་བུར་གཞུག །སྔོན་དམར་ཁ་སྤྲོ་ རྒྱུན་འཆང་ཞིང་། །འབྲས་སོགས་འབྲུ་རྣམས་དེར་གཞུག་བྱ། །གཞན་གྱིས་མཐོང་ན་དངོས་གྲུབ་ཉམས། །གཏོར་སྒྲུབ་པ་ལ་གསང་བ་ཤིས། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ནམ་མཁའ་མཛོད་ལ་རྣམ་པར་རོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྟོགས་པ་བདེ་བྱེད་ཆོ་ ག་སྣ་ཚོགས་པའི་མཛོད་ཅེས་བྱ་བ་རྫོགས་སོ།། ༄། །བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་བཞུགས།། ༄༅༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ནི། །ལྷ་མོ་སྐལ་བ་བཟང་མོ་ཉོན། །མ་མོའི་ཁྱིམ་དང་ཉམས་དགའ་བར། །བསྒོམ་པ་བཟང་ པོ་བྱ་བ་ཉིད། །འབར་བའི་བྲིས་སྐུར་དམིགས་ནས་ནི། །སྔར་མཆོད་བློ་གྲོས་ལྡན་པ་ཡིས། །གར་སྟབས་འགྱིང་བས་སྟན་གནས་པ། །སྐུ་མདོག་དམར་པོ་འོད་ཟེར་དམར། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །རལ་པའི་ཅོད་པན་དག་གིས་བརྒྱན། །དམར་པོ་འབར་འཁྱིལ་འཇིགས་པ་སྟེ། ། མཆེ་བ་གཙིགས་པ་ཡང་དག་བྲི། །དགྲ་སྟ་གཏུན་ཤིང་ཉིད་དང་ནི། །དེ་བཞིན་དུ་ཡང་མདའ་གཞུ་ཉིད། །ཁ་ཊཱཾ་ག་དང་ལྕགས་ཀྱུ་དང་། །ཁྲག་གིས་གང་བའི་ཐོད་པ་དང་། །རྡོ་རྗེ་རལ་གྲི་དེ་བཞིན་གཞན། །ཤ་ཆེན་ཐོད་པ་འཛིན་པ་དང་། །ཕུབ་ཆུང་བ་དན་རྩེ་གསུམ་དང་། །འཕང་ མདུང་དང་ནི་བཅུ་གཉིས་སོ། །ཨོཾ་གཿགཿསིདྡྷི་སིདྡྷི། སརྦ་ཨརྠ་ཡེ་བྲ་སཱ་དྷ་ཡ་ཧཱུྃ་ཧཱུྃ་ཛྫཿསྭཱ་ཧཱ། དགུག་པའི་སྔགས་སོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཟླས་པའི་སྔགས་སོ། །སྟོང་ཕྲག་བརྒྱ་ཡིས་འགྲུབ་འགྱུར་བས། །ཕྱི་ནས་ལས་ནི་ཡང་དག་བརྩམ། །ལན་ཅིག་ཡོངས་བཟླས་ཐིག་ལེ་བྱ། །སྔགས་ པ་སྐལ་བཟང་མཐོང་ན་དགའ། །རྒྱལ་པོའི་སྒོ་རུ་ཆེས་མཆོད་ཅིང་། །དགྲ་རྣམས་ཐམས་ཅད་འཇིགས་པར་བྱེད། །བགེགས་རྣམས་ཉེ་བར་སྐྲོད་བྱེད་ཡིན། །འདོད་པ་ཀུན་གྱི་འབྲས་སྟེར་བར། །ཐེ་ཚོམ་མེད་པ་ཉིད་དུ་འགྱུར། །དེ་ལྟའི་ཆོ་གས་སྒྲུབ་པ་ཉིད། །མ་མོ་རྣམས་ནི་སྒྲུབ་པའི་མཆོག ། དེ་དབུས་ཁྲོ་བོ་ཆེན་པོ་ནི། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞལ་ནི་མཆེ་བ་ཅུང་ཟད་གཙིགས། །ཁྲོས་བཅས་ཞལ་ནི་བཞད་པ་དང་། །སྐུ་མདོག་སྔོན་པོ་འཇིགས་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཡི་དགས་ཞོན་ཞིང་ཉི་མར་གནས། །གར་སྟབས་སུམ་ཅུ་འཇིགས་ པར་མཛད། །སྟག་གི་པགས་པའི་གོས་འཛིན་ཅིང་། །སྤྱན་གསུམ་བཟང་པོའི་གཟུགས་ཅན་ཏེ། །བ་དན་གསུམ་པར་རྡོ་རྗེ་དང་། །ཐོད་པ་དང་ནི་མཚན་མོ་འཛིན། །གཡས་དང་གཡོན་གྱི་ཕྱག་དག་ན། །དེ་བཞིན་མདའ་དང་གཞུ་ཉིད་དོ། །སྒྲུབ་ཐབས་འདི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཕྱུང་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ག་ཎ་པ་ཏི་གུ་ཧྱ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་བདག་པོ་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འགྲོ་དོན་ཕྱོགས་མེད་སྤྱོད་པ་ལ། །བསོད་ནམས་ཚད་མེད་བསྐྱེད་དགོས་པས། །ཚོགས་ཀྱི་བདག་པོ་བསྒྲུབ་པར་བྱ། །མི་ སྐད་ཁྱི་སྐད་མི་ཐོས་པའི། །གངས་སམ་རི་བོ་མཐོན་པོའི་རྩེ། །ལྷ་ཆེན་གནས་པའི་ས་ཡིན་པས། །སྒྲུབ་པའི་གནས་སུ་ཤེས་པར་བྱ། །ཟངས་ཀྱི་མཎྜལ་གྲུ་བཞིའི་སྟེང་། །བུམ་པ་ལྟ་བུའི་དཀྱིལ་འཁོར་བྲི། །དེ་སྟེང་ཀ་ར་ཝ་དི་གཞག །ཆུ་དང་འོ་མ་བསྲེས་པས་དགང་། །བསྐྱེད་པའི་ས་བོན་ཤེལ་རྡོ་ གཞུག །ག་བུར་ཛཱ་ཏི་ཙནྡན་གདབ། །དེ་སྟེང་ཚོགས་བདག་བཞུགས་པའི་རྟེན། །བྱང་ཤར་ཁ་བལྟས་ལུང་པ་ཡི། །ས་ཆུ་བསྲེས་པའི་འདག་པ་ལ། །ཚོགས་ཀྱི་བདག་པོའི་སྐུ་བཞེངས་ཏེ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར། །གཡས་པ་སྲིད་པའི་མེས་པོ་ལ། །གཡོན་པ་ར་ནུའི་ མཚན་མ་རྣམས། །ཕྱག་གཉིས་ཐལ་སྦྱོར་སྤོས་སྡོང་འཛིན། །ཞབས་གཉིས་བརྐྱང་བསྐུམ་མཇུག་མ་ཅན། །སྐྱིལ་ཀྲུང་ཕྱེད་པའི་ཚུལ་དུ་བཞུགས། །ཀ་ར་ཝ་དིའི་སྟེང་དུ་གཞག །ཁོང་པར་སྤྲེ་སྙིང་དུམ་གཅིག་དང་། །ཡིག་འབྲུ་བཅུ་པའི་གསང་སྔགས་གཞུག །དེ་ཡི་མདུན་དུ་མཆོད་པ་དང་། ། གཏོར་མ་བཟང་པོ་བཤམ་པར་བྱ། །དེ་ནས་བདག་ཉིད་ལྷར་བསྐྱེད་ལ། །སྟོང་པའི་ངང་ལས་གཿདེ་ལས། །སྤྲེའུ་ཕྱག་བཞི་བསྐྱེད་བསམས་ཏེ། །དེ་ཡི་ཐུགས་ཀར་གཿལ་ནི། །སྔགས་ཀྱིས་བསྐོར་བར་བསམ་བྱ་སྟེ། །རང་གི་སྙིང་གའི་འོད་ཟེར་གྱིས། །ཚོགས་བདག་བཀུག་ལ་སྐུ་ལ་བསྟིམ། ། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཧཱུྃ་རང་བཞིན་དག་པའི་ལྷ་ཡུལ་ནས། །ལྷ་ཆེན་ཡབ་ཡུམ་བཤོས་པའི་སྲས། །ནོར་བུ་དྲི་མ་མེད་པ་ནི། །གཞོན་ནུ་སྟོབས་ཀྱི་རྒྱན་གྱིས་སྤྲས། །ཕྱག་བཞི་གླིང་བཞི་ཁྱབ་པར་ཉུལ། །ལྷ་དམག་དཀར་པོའི་ཁ་ལོ་བསྒྱུར། །གང་གིས་ཁྱོད་ཀྱི་མཚན་ འཛིན་པ། །དེ་ལ་ནོར་གྱི་ཆར་པ་འབེབས། །ཐུགས་དམ་རྒྱུད་བསྐུལ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །ཨོཾ་ག་ཎ་པ་ཏི་ཨཱ་ཀཪྵ་ཡ་ཛ་ཛཿ། དེ་ནས་མཆོད་པའི་ཚོགས་རྣམས་དབུལ། །དེ་ནས་བསྙེན་པ་བསྐྱལ་བར་བྱ། །ཚོགས་བདག་ ཐུགས་ཀར་ཟླ་བ་ལ། །རྩ་བའི་སྔགས་དང་གཟུངས་ཀྱིས་བསྐོར། །སྔགས་བཟླས་སྤྲོ་བསྡུའི་སྦྱོར་བ་བྱ། །ཨོཾ་ག་ཎ་མ་ག་ཎ་ཛྙཱ་ཡ་སྭཱ་ཧཱ། ཨོཾ་རཏྣ་རཏྣ་རཏྣོ་རཏྣོ་ག་ཎ་པ་ཏི་ག་ག་ག་ག་ག་ག་ག་ག་ག་ག་ཎ་པ་ཏི་སྭཱ་ཧཱ། ཙུ་རུ་ཙུ་རུ། མ་ནུ་པ་ཏྲ། ཏུ་རུ་ཏུ་རུ། གྷ་གྷ་ཏ་ཡ་ག་ཎ་པ་ཏི་སྭཱ་ཧཱ། རྩ་སྔགས་གཟུངས་ སྔགས་བཅས་པ་ལ། །ཞག་བདུན་བར་དུ་བསྙེན་པ་བསྐྱལ། །དེ་དུས་ཏིང་འཛིན་རིམ་པ་ནི། །རང་ལས་འོད་འཕྲོས་མཆོད་པའི་ཚོགས། །སྤྲོས་ནས་ཚོགས་བདག་སྐུ་ལ་འབུལ། །ཚོགས་བདག་སྐུ་ལས་འོད་ཟེར་འཕྲོས། །སྟོང་གསུམ་ནོར་གྱི་བཅུད་བསྡུས་ནས། །ལྷ་ཆེན་ཚོགས་ ཀྱི་ཞལ་དུ་གསོལ། །ཁོང་དུ་ཞུ་ནས་གསང་བར་འཛགས། །འོག་གི་བུམ་པ་ཁེངས་པར་བསམ། །བུམ་ཆུ་སྐབས་སུ་ལྟོ་ཆུ་བྱ། །དེ་ནས་ལས་ལ་སྦྱར་བར་བྱ། །ཕོ་དང་མོ་ཡི་དབང་པོ་དང་། །འཁོར་ལོ་ལས་ལ་སྦྱར་བར་བྱ། །ཟངས་ལས་སྲིད་པའི་མེས་པོ་བྱ། །ལྟོ་བར་སྐྱེས་པའི་ཕོ་ མཚན་གཞུག །རྩ་བའི་སྔགས་ལ་ལས་སྔགས་གདགས། །ཤམ་བུ་ཁ་སྒྱུར་ཤེས་པར་བྱ། །དེ་ལྟར་ཞག་གསུམ་ལས་ལ་སྦྱར། །སྲིད་པའི་མེས་པོ་དར་སྣས་བརྒྱན། །ཡུལ་འཁོར་མཐོང་སར་གཡུགས་བྱས་ན། །ལྷ་མོ་རྣམས་ཀྱང་འདུ་བར་འགྱུར། །ཡང་ན་ར་ནུའི་མཚན་མ་ ལ། །ལས་སྦྱོར་སྔགས་དེ་ཞག་གསུམ་གདབ། །གསལ་ཤིང་རྩེ་ལ་ཕྱར་བྱས་ནས། །སྐྱེས་པ་འདུ་བའི་སར་ཕྱིན་ན། །ལྷ་རྣམས་འཚོགས་པར་གྱུར་པ་ན། །བརྒྱ་བྱིན་མཛེས་པ་ལྟ་བུ་རུ། །སྐྱེས་པ་ཐམས་ཅད་སེམས་འདུས་ནས། །བཀུར་སྟི་ཕུན་སུམ་ཚོགས་པར་བྱེད། །ཡིད་འཕྲོག་ སྔགས་ནི་འདི་ཡིན་ནོ། །ཨོཾ་ག་ན་མ་ག་ཎ་ཛྙཱ་ཡ་སྭཱ་ཧཱ། ཨོཾ་བ་བ། སེ་སེ། ཁང་ཁང་། ཡེར་ཡེར། རབ་རབ་གྷུར་མི། ཧ་ས་མང་ཁ་མི། སྐྱེས་པའི་ཚོགས་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། འཁོར་ལོ་ལས་ལ་སྦྱོར་བ་ནི། །མདུན་དུ་ཟངས་ཀྱི་མཎྜལ་ཁར། །མདའ་བཞི་བཙུགས་ལ་འཁོར་ལོ་ བརྒྱད། །ཡུལ་དང་གྲོང་དང་རྒྱལ་བློན་ཚོགས། །འཁོར་ལོ་འོད་ཟེར་ལྕགས་ཀྱུ་ཡིས། །རང་དབང་མེད་པར་འགུགས་པར་བསམ། །སྔགས་ཀྱི་འོད་ཟེར་ཞག་གསུམ་མོ། །སྲིད་གསུམ་དབང་སྡུད་ལས་སྦྱོར་ཡིན། །དེ་ནས་གཏོར་མ་ཕུལ་བྱས་ལ། །བསྟོད་པ་བྱ་ཞིང་བཟོད་གསོལ་ དབུལ། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ། །མིས་མ་མཐོང་བར་སྦ་བར་བྱ། །སྐར་མ་རྒྱལ་ལ་བབ་པའི་ཚེ། །མཆོད་བསྟོད་གཏོར་མ་གཏང་བར་བྱ། །དེ་ལྟར་བརྩོན་འགྲུས་ལྡན་གྱུར་ན། །གང་བསམས་པ་ནི་འགྲུབ་འགྱུར་ཞིང་། །ཡིད་དུ་འདོད་པ་ཆར་དུ་འབབ། །འདི་བརྩམས་ དགེ་བ་ཅི་ཡོད་པས། །བྱང་ཆུབ་སྤྱོད་པ་ལ་ཞུགས་ནས། །སེམས་ཅན་རྣམས་ཀྱི་དོན་བྱེད་ཤོག །ཚོགས་ཀྱི་བདག་པོ་སྤྲེའུ་ཡི་མགོ་ཅན་གྱི་སྒྲུབ་ཐབས། དཔལ་དངོས་གྲུབ་བརྙེས་པའི་པཎྜི་ཏ་ཨ་མོ་གྷ་བཛྲས་མཛད་པ་རྫོགས་སོ།། །།སླད་ཀྱིས་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །ཚོགས་བདག་གི་ཕྱི་སྒྲུབ་གྲསྟ་དཀར་པོ། ནང་སྒྲུབ་ཆགས་པ་རྡོ་རྗེ། གསང་སྒྲུབ་སྤྲེའུའི་དབུ་ཅན་རྣམས་དང་། གཞན་ཡང་ཚོགས་བདག་དམར་པོ་ཕྱག་བཅུ་གཉིས་པ། ཚོགས་བདག་སྤྲིན་གྱི་སྒྲོན་མ་ཞེས་བྱ་བ་སྔོན་པོ་ཕྱག་བཞི་པ་ རྣམས་བླ་མ་ཆོས་དཔལ་བཟང་པོས་བདག་ལ་གནང་ངོ་།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ག་ཎ་པ་ཏི་རཱ་ག་བཛྲ་ས་མ་ཡ་སྟོད་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་ཞེས་བྱ་བ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ ཕྱག་འཚལ་ལོ། །ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས། །ཕྱག་འཚལ་དཔལ་ལྡན་ཞི་བ་སྐྱེ། །ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ། །ཚེ་འདི་ཉིད་ལ་དངོས་གྲུབ་ནི། །ཅི་འདོད་པར་ནི་སྩོལ་བར་མཛོད། །ལྷ་ཡི་རྒྱལ་པོའི་མངའ་ཐང་ནི། །སྒྲུབ་པ་པོ་ལ་སྩོལ་བར་མཛད། །ཤིན་ཏུ་ ཐུགས་རྗེའི་བདག་ཉིད་པས། །ཚོགས་བདག་ཆེན་པོ་ཐུགས་རྗེ་ཆེ། །ཐུགས་རྗེ་ཆེན་པོས་དབུལ་བ་སྐྱོབ། །ནོར་ལྷ་ཆེན་པོ་ཁྱོད་ཉིད་ལ། །བདག་ཉིད་གུས་པས་ཕྱག་འཚལ་བསྟོད། །དཔལ་ལྡན་ཚོགས་བདག་ཆེན་པོ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བ། །གླང་ཆེན་བྱི་ལ་སྤེའུའི་ ཞལ། །ལ་ཕུག་རལ་གྲི་རིན་ཆེན་དང་། །ཆང་སྣོད་ལ་དུ་དགྲ་སྟ་འཛིན། །བརྐྱང་བསྐུམ་སྐྱིལ་ཀྲུང་ཡུམ་སྟེང་བཞུགས། །ཞལ་ནང་རིན་ཆེན་ཆར་པ་འབེབས། །སྒྲུབ་པ་པོ་ཡི་དབུལ་བ་སེལ། །གསུས་ཆེ་རྒྱན་རྣམས་ཀུན་གྱིས་བརྒྱན། །ཕྱག་འཚལ་དཔལ་ལྡན་ཚོགས་བདག་ ལའོ། །ཆང་དང་ལ་དུ་ལ་ཕུག་དང་། །འབྲས་ཆན་ཁུར་བའི་གཏོར་མ་བཞེས། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །ནད་དང་འབྱུང་བ་ཞི་བར་མཛོད། །མི་དང་འབྱུང་པོ་གནོད་སྦྱིན་བདུད། །ཐམས་ཅད་བྲན་དུ་འགྱུར་བར་ཤོག །ལྷ་ཡི་ལོངས་སྤྱོད་མང་པོ་ལས། །འདོད་པའི་ཡོན་ཏན་འབྱུང་བར་ ཤོག །དངོས་གྲུབ་སྒྲུབ་པའི་དབང་ཕྱུག་ཅན། །འདུལ་པའི་དབང་གིས་སྐུར་སྤྲུལ་པ། །ལྷ་ཆེན་ཚོགས་བདག་ཆེན་པོ་སྟེ། །འཇིག་རྟེན་འདིར་ཡང་བསྲུང་བ་དང་། །བྱང་ཆུབ་ཐོབ་པའི་གྲོགས་མཛོད་ཅིག །ཅེས་བསྟོད་ལ་གསོལ་བ་གདབ་པ་སྟེ་བཟླས་པ་ཐོན་ནས་གཏོར་མ་དབུལ་བར་ བྱའོ། །ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེ་དམ་ཚིག་གི་བསྟོད་པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མེ་གྷ་ཨ་ལོ་ཀ་ག་ཎ་པ་ཏི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། སྤྲིན་གྱི་སྒྲོན་མ་ཚོགས་ཀྱི་བདག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ། ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་ཁྱུ་མཆོག་ཕོངས་པ་སེལ། །མདོག་སྔོ་དེ་ལ་བདག་བཏུད་དེ། །གཏེར་གྱི་སྒྲོན་མ་ཞེས་བྱ་བའི། །སྒྲུབ་ཐབས་བདག་གི་ལེགས་རྟོགས་དང་། །རྒྱུད་དང་མན་ངག་ལེགས་དྲན་ པས། །ཡང་དག་བདག་གིས་བཤད་པར་བྱ། །མཚན་ཉིད་ལྡན་པའི་སྒྲུབ་པ་པོས། །ཡིད་འོང་ལེགས་པའི་གནས་དག་ཏུ། །སྔར་ལངས་ཁྲུས་བྱས་མེ་ཏོག་གཏོར། །ཙནྡན་ཆུ་ཡིས་མཎྜལ་བྱ། །མེ་ཏོག་དྲི་ཞིམ་ཚོམ་བུ་དགྲམ། །དེ་ནས་རང་ཉིད་ཡི་གེ་མཾ། །དེ་ལས་འོད་འཕྲོས་སྤྱན་ དྲངས་ལ། །མཆོད་ཅིང་གུ་གུལ་ནག་པོའི་སྤོས། །བཏང་ཞིང་འོད་ཀྱི་ངོ་བོར་བཞུ། །རང་ཉིད་ནང་དུ་ལེགས་པར་གཞུག །དེ་ཡི་སྟོབས་ཀྱིས་བདག་ཉིད་ཀྱང་། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྐུ་མདོག་སྔོན་པོ་སྤྱན་གསུམ་པ། །དབུ་ལ་རལ་པའི་ཅོད་པན་ཏེ། །ཟླ་ཚེས་དང་ ལྡན་སྦྲུལ་གྱིས་བརྒྱན། །ཕྱག་གཡས་དགྲ་སྟ་མཆེ་བ་དང་། །གཡོན་པ་རྩེ་གསུམ་ཞགས་པ་བསྣམས། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །ཀླུ་རྒྱལ་དཀར་པོའི་དོ་ཤལ་ཅན། །འོད་ཟེར་ཚོགས་ལྡན་དེ་བསྒོམ་བྱ། །རིན་ཆེན་རྟེན་ལ་ཡེ་ཤེས་གཞུག །མཆོད་པ་བྱ་ཞིང་ཡི་དགས་ འཇིགས། །དེ་ཡིས་དེ་ལ་བདག་ནས་ནི། །སྐུ་ཡི་ས་བོན་དང་པོ་སྟེ། །བཞི་པའི་ལྔ་པ་ཨེ་ཡིས་བརྒྱན། །དང་པོའི་གསུམ་པ་དེ་འོག་སྟེ། །དེ་འོག་དབྱངས་ཡིག་དང་པོའོ། །དྲུག་པའི་གསུམ་པའི་ས་བོན་ལ། །ཨོ་ཡིག་མགོ་བོ་ལེགས་པར་བརྒྱན། །དང་པོའི་དང་པོ་དེ་འོག་གནས། །རླུང་ གི་ས་བོན་དེ་འོག་སྟེ། །ཞི་བའི་ཡི་གེའི་གདན་དུ་ནི། །དབྱངས་ཡིག་གཉིས་པ་སྟེང་དུ་ས། །ཁྲོ་བོའི་སྐད་གདངས་རྗེས་ལ་བརྗོད། །ཨཱ་ལི་ཀཱ་ལི་ལེགས་པར་རྟོགས། །དེ་ལྟར་བཏུས་པའི་རིག་པ་དེ། །ཉིན་རེ་ཁྲི་ཚོ་རེ་རེ་དང་། །གུ་གུལ་ནག་པོའི་རི་ལུ་ལ། །བརྒྱ་རྩ་བརྒྱད་ཀྱི་སྦྱིན་སྲེག་ བྱ། །དེ་ལྟར་འབད་པས་ཟླ་རེ་ལ། །དོང་ཙེ་འབུམ་འབུམ་རྙེད་པར་བྱེད། །རྒྱལ་གྱི་ཉིན་པར་སྔར་ལངས་ནས། །མཆོད་པ་དང་ནི་གཏོར་མ་དང་། །དྲི་ཞིམ་སྤོས་ཀྱིས་ལེགས་པར་མཆོད། །རྟེན་ནི་གཙང་མའི་གཞི་འམ་ནི། །ཁྱུ་མཆོག་པགས་པའི་གཞི་ལ་ནི། །སྒྲུབ་པོས་མཚོན་གང་ གོང་གཟུགས་བྲི། །རྒྱལ་གྱི་ཉིན་པར་རྫོགས་པ་ལ། །རྨུགས་འཛིན་རྒྱལ་པོ་ཁྱོད་ཀྱིས་མཛོད། །ཞེས་བརྗོད་གར་ཡང་བཅིང་བར་བྱ། །ཟ་མ་ཏོག་གི་ནང་དུ་ནི། །མེ་ཏོག་བཟང་དང་དྲི་བཟངས་ཀྱིས། །ལེགས་པར་བསྡམས་ནས་དེར་གནས་བྱ། །རྟག་པར་དེ་ལ་མཆོད་བྱ་སྟེ། །རྒྱ་ཆེན་ ཚོགས་ཀྱིས་ལེགས་པར་མཆོད། །དེ་ལྟར་རྒྱུན་དུ་བྱས་པ་ཡིས། །གཏེར་ཆེན་ཐམས་ཅད་ཐོབ་པ་དང་། །འབྱུང་པོའི་ཚོགས་ཀྱང་འདུན་པར་འགྱུར། །ཀུན་ལ་གཙང་ཞིང་གཙང་སྦྲར་ལྡན། །འདི་ནི་འདི་ཡི་དམ་ཚིག་གོ། །འདི་ལ་འབད་གྱུར་ཐམས་ཅད་ལ། །གཏེར་གྱིས་རེ་བ་སྐོང་བ་ དང་། །དུས་རྣམས་ཀུན་དུ་ཁྱོད་ཀྱིས་གཟིགས། །ཞེས་ནི་ལེགས་པར་རྟོགས་པར་མཛོད། །ཚོགས་བདག་གཟིགས་གཟུགས་གསལ་བ་ཡི། །སྒྲུབ་ཐབས་གཏེར་གྱི་སྒྲོན་མ་འདི། །འགྲོ་རྣམས་ཕོངས་ལས་གྲོལ་བ་དང་། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཚོགས་ཀྱི་བདག་ པོ་སྤྲིན་གྱི་སྒྲོན་མའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨཛྙཱ་བི་ནི་བ་ཏྲ་ག་ཎ་པ་ཏི་སཱ་དྷ་ ནཾ་ནཱ་མ། བོད་སྐད་དུ། དཔལ་ཚོགས་ཀྱི་བདག་པོ་འཇུར་གེགས་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་སྙོམས་པའི་ཐུགས་རྗེ་ཡིས། །རྟག་ཏུ་འཛིན་བྱེད་དེ་ཡི་སྤྲུལ་པ་ནི། །ཚོགས་གྱི་བདག་ལ་གུས་པས་ཕྱག་ འཚལ་ཏེ། །གསང་བའི་སྒྲུབ་ཐབས་བདག་གིས་བཤད་པར་བྱ། །དང་པོ་ཚོགས་བདག་རྟེན་བཞེངས་པ། །རྟ་ཡི་ཁྲུའམ་རས་བཟངས་ལ། །འཕགས་པ་སྐུ་མདོག་གངས་ལྟར་དཀར། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །གླང་ཆེན་བྱི་ལ་སྤྲེའུ་ཡི་ཞལ། །ཕྱག་གཡས་ལ་ཕུག་ རིན་ཆེན་དང་། །རལ་གྲི་གཡོན་པས་ལ་དུ་དང་། །ཆང་གི་ཐོད་པ་དགྲ་སྟའོ། །ཞབས་གཡས་བརྐྱང་བ་གཡོན་པ་བསྐུམ། །གཉིས་ཀྱིས་སྐྱིལ་ཀྲུང་ལེགས་པར་བཞུགས། །འོག་ཏུ་ལྷ་མོ་དཀར་མོ་ནི། །སྤྲེའུ་ཡི་ཞལ་དུ་འཕགས་པ་ཡི། །གསང་བ་ཕྱེད་ཙམ་ནུབ་པར་བྱ། །ཞབས་ རྟེན་པ་ཡི་ལྷ་མོ་གཉིས། །ཡུམ་གྱི་ཁ་ནས་རིན་ཆེན་འབབ། །བུམ་པ་ཟེད་ཅིང་སྒྲུབ་པ་པོའི། །དབུལ་བ་སེལ་ཞིང་རེ་བ་བསྐོང་། །སྐར་ཆེན་དག་ལ་བྲི་བར་བྱ། །དེ་ཡི་ལོགས་བཞིར་གི་ཝང་གིས། །ཏདྱ་ཐཱ། ན་མཿསྟུ་ཏེ་ག་ཎ་བ་ཏི། ཀཊྚ་ཀཊྚ། མཊྚ་མཊྚ། རཊྚ་རཊྚ། ད་ཧ་ད་ཧ། གྲྀཧྞ་གྲྀཧྞ། པཉྫ་པཉྫ། ན་མཿསྟུ་སྟེ། ག་ཎ་པ་ཏི་རུ་རུ་ཙ་ན་ཡ་སྭཱ་ཧཱ། ཨོཾ་ཨ་བྷུ་ཏྲ་བི་ན་བུ་ཁ་ནཱཉྩེ་དྷ་ར་བྷྲ་མ་གཙྪ་ཏི། ཧ་ཧ་ཡ། མ་ཧཱུ་ཏ་ཏི་ཀྵི་ཏ་ནན་པྲ་ཡེ་བ་ཡེ་མི། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ན་མོ་ན་མ་སྭཱ་ཧཱ། ཚར་རེ་མིང་དང་སྤེལ་བ་བྲི། །དེ་རྒྱབ་གཟུངས་རིང་བྲི་བར་བྱ། །རབ་ཏུ་གནས་པ་ དེ་ཡི་མདུན། །མཎྜལ་དཀར་པོ་འདབ་བརྒྱད་ལ། །ཙནྡན་ཆུ་ཡིས་བྱུགས་པའི་སྟེང་། །མེ་ཏོག་དཀར་པོ་སིལ་མར་བཀྲམ། །ཆང་དང་ལ་ཕུག་ལ་དུ་དང་། །འབྲས་ཆན་ཁུར་བ་ལ་སོགས་པས། །འཕགས་པ་མཆོད་ལ་བདག་ཉིད་ནི། །ཡི་དམ་བྱས་ལ་སྔགས་འདི་བཟླས། །ཨོཾ་གཾ་ ག་ཎ་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག་ག་ཎ་པ་ཏི་སྭཱ་ཧཱ། ཞེས་པ་གྲངས་ཀྱི་རྟགས་དང་སྦྱར། །ཟླ་བ་གཅིག་གིས་ངེས་པར་འགྲུབ། །དེ་ནས་སྐུ་གཟུགས་མཆོད་བྱས་ལ། །དར་དུ་དྲིལ་ལ་མི་ཡི་རྐང་། །དབུས་སུ་བཅུག་ལ་ཐོ་རངས་ཁར། །ལགས་པས་བཙུགས་ཏེ་གཏོར་མ་སྦྱིན། ། ཨོཾ་གཾ་ག་ཎ་པ་ཏི་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག་ག་ཎ་པ་ཏི་སྭཱ་ཧཱ། ཨོཾ་གཾ་ག་ཎ་པ་ཏི་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བདུན་གྱིས་སྔགས་ལ་དབུལ་བར་བྱ། །དེ་ནས་བསྟོད་ལ་སྔགས་འདི་བྱ། །ཨོཾ་ག་ཎ་པ་ཏི་རཏྣ་རཏྣ་སིདྡྷི་མཱ་མ་རོདྡྷ་རོདྡྷ་ག་ཎ་པ་ཏི་ག་ག་ག་ག་ག་ག་ག་ག་ག་ཀ་ཊ་ཀ་ཊ་སྭཱ་ཧཱ། ག་ཎ་པ་ཏི་རདྨ་ན་པུཥྚིཾ་ ཀུ་རུ་མ་ཊ་མ་ཊ་སྭཱ་ཧཱ། ག་ཎ་པ་ཏི་སིདྡྷི་ཝ་ཤཾ་ཀུ་རུ་ར་ཊ་ར་ཊ་སྭཱ་ཧཱ། ག་ཎ་པ་ཏི་རཏྣ་བཽ་ཥཊ་གྲྀཧྞ་གྲྀཧྞ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དུ་བཟླས་པ་ཡིས། །ཡིད་ལ་རེ་བ་རྫོགས་པར་འགྱུར། །འཁོར་ལོས་སྒྱུར་རྒྱལ་ཉིད་ཐོབ་ནས། །འབད་པ་མེད་པར་ནོར་རྙེད་འགྱུར། །སྤོགས་མི་དགོས་པར་འགྲུབ་འགྱུར་ ཏེ། །དེའི་ཕྱིར་གཏོར་མ་འབད་པར་བྱ། །འཕགས་པ་འཇུར་གེགས་ཀུན་སེལ་བའི། །སྒྲུབ་ཐབས་འདི་བརྩམས་དགེ་བ་དེས། །འཇིག་རྟེན་ནོར་ལ་དབང་བྱེད་ཅིང་། །བླ་མེད་འབྲས་བུ་ཐོབ་པར་ཤོག །འཕགས་པ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་འཇུར་གེགས་སེལ་བ་ཞེས་བྱ་བ་སློབ་ དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཡམ་བུ་ཀརྟ་རིར་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་ཙུཥྨ་སཱ་དྷ་ནཾ། བོད་སྐད་དུ། འཆོལ་བའི་སྒྲུབ་ཐབས། འཕགས་པ་ ཛམྦྷ་ལ་ལ་ཕྱག་འཚལ་ལོ། །མི་བསྐྱོད་པའམ་ཐ་མལ་སྙིང་གར་ནི། །ཨ་ལས་ཟླ་སྟེང་ཧཱུྃ་ནག་གསེར་འོད་ཅན། །ལས་བྱུང་རྡོ་རྗེ་རྩེ་དགུའི་ལྟེ་བ་ལ། །ཟླ་སྟེང་ཧཱུྃ་གི་འོད་ཀྱིས་ལྷ་སྤྱན་དྲངས། །མཆོད་པས་མཉེས་ཏེ་རང་གི་སྙིང་གར་ཞུགས། །ཚད་མེད་བཞི་དང་བྱང་ཆུབ་སེམས་བསྐྱེད་ལ། ། རྡོ་རྗེ་འོད་ཀྱིས་དངོས་ཀུན་ལྷར་བསྒྱུར་ཐིམ། །ཨོཾ་ཨཱས་སྤྱན་དྲང་དེར་བསྟིམ་ལྷར་གསལ་བྱ། །པདྨ་ཉི་མར་ནོར་བདག་རྒྱན་སྤྲས་པ། །ནོར་སྐྱུག་མགོ་རྐང་གནོན་པ་ཁྲོ་བའི་གཟུགས། །མི་བསྐྱོད་དབུ་མཛེས་ཐོད་ཁྲག་ནེའུ་ལེ་འཛིན། །ཀླུས་བརྒྱན་ཐུགས་ཀར་ཟླ་བ་སྔར་བཞིན་བསམ། ། དབུ་ཞལ་དཔུང་པ་གཡས་གཡོན་ཐུགས་ཀ་དང་། །གཡས་གཡོན་བརླ་དང་གསང་གནས་བྱིན་གཉིས་ལ། །ཟླ་བར་ཡི་གེ་བཅུ་པ་གསེར་འོད་འཕྲོ། །འོད་ཀྱིས་མཆོད་དང་ལྷར་བསྒྱུར་ནོར་བསྡུས་སྐྱུག །ལག་མཐིལ་བྃ་ལས་གསེར་བུམ་རིན་ཆེན་སྐྱུག །མཛུབ་མོ་ གུང་མོ་མིང་མེད་མཐེའུ་ཆུང་དང་། །མཐེ་བོང་ནོར་འཆང་གཡས་གཡོན་ཡི་གེ་བཅུ། །ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛ་ལུཾ་སྭཱ་ཧཱ། རིམ་བཞིན་བྱིན་གྱིས་བརླབ་དང་དབུལ་སྔགས་སོ། །ཕྱག་དང་ཞལ་དང་གསང་གནས་ནང་ནས་ཕྱག །དེ་ནས་ཞལ་དུ་དམར་སེར་ཆུ་རྒྱུན་འཇུག །ན་མོ་ རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ལོ་ཕྱེད་ཐུན་དྲུག་ཆུ་ཕུལ་འབྱོར་ཆེན་འགྲུབ། །སྤོགས་ན་ཧཱུྃ་མཛད་ཁྲོས་པས་དུག་ཁྲག་དང་། །ཚ་བ་སྐེ་ཚེ་མར་ཁུས་བྱུགས་ཏེ་བསྐམ། །རཾ་ལས་ཁོང་པར་གྲུ་གསུམ་མེ་བསམས་དབུལ། །སའམ་ རྡོ་ལས་མཁྱིད་གང་སྐུ་གཟུགས་བྱ། །ལྷ་བསྟིམ་ཐབ་ཁུང་གཞུག་སྟེ་མཆོད་པར་བྱ། །རྩིབས་བརྒྱད་འཁོར་ལོར་སྐུའམ་སྔགས་བྲིས་ཏེ། །ལྷ་བསྟིམས་དྲིལ་ཏེ་རིན་ཆེན་འབར་གཟུགས་འཆང་། །སྣ་ཚོགས་རྒྱུན་དུ་ཞབས་ནས་ཆུ་འཛག་པའི། །འོག་ཏུ་ལྷ་སྐུ་ཡེ་ཤེས་བསྟིམས་པ་གཞུག ། མལ་ལོགས་སྔས་སམ་སྐུ་བྲི་ཡེ་ཤེས་གཞུག །གཟུགས་བརྙན་སྣོད་ནང་འཆང་བྱས་ཆུ་དབུལ་ལོ། །ཨུ་ཙུཥྨ་སྒྲུབ་པའི་ཐབས་ཐུན་མོང་མ་ཡིན་པ་སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཨུ་ཙུཥྨ་ཛམྦྷ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྨུགས་འཛིན་འཆོལ་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྡན་རྨུགས་འཛིན་འཆོལ་བ་ལ་ཕྱག་འཚལ་ལོ། །གང་ཞིག་སྤྱན་གསུམ་གྲགས་པའི་གཙུག་ཕུད་ཀྱི། །རྒྱན་གྱི་ནོར་བུ་ལ་རེག་ཞབས་ལྡན་པ། །ཐུབ་ པའི་གཞོན་ནུ་དེས་ནི་ཐུབ་དབང་སྲས། །རྣམས་ཀྱིས་ཕུན་ཚོགས་མཆོག་མང་རྒྱས་མཛད་གྱུར། །བླ་མེད་ཡོན་ཏན་གཉིས་མེད་པའི། །རིན་ཆེན་གྲོང་ཁྱེར་འདྲེན་པ་སྟེ། །འགྲོ་བ་རང་གིས་ཕུན་ཚོགས་ལ། །མྱུར་དུ་ལེན་འདོད་འདི་བསྟན་བྱ། །དེ་ལ་དང་པོ་རེ་ཞིག་བདག་གིས་ཛམྦྷ་ལ་མཉེས་ པར་བྱས་ནས། ས་རྟོགས་པས་དེའི་བདག་ཉིད་དུ་གྱུར་ཏེ། འགྲོ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བའི་བསམ་པ་དང་ལྡན་པས་སྙིང་གི་ནང་གི་བུ་གར་ཐིག་ལེ་དང་བྲལ་བའི་ཡི་གེ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་སྐྱེས་ པའི་ཟླ་བའི་དཀྱིལ་འཁོར་རོ། །དེར་ཧཱུྃ་ཡིག་དབུས་སྔོ་བ་ཕྱི་རོལ་ཀུན་ནས་ཅུང་ཟད་སེར་བ། འོད་ཟེར་གྱི་ཚོགས་འགྲོ་བ་མགོ་གྱེན་དུ་བསྟན་པ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པ། ཁ་དོག་དང་བྱ་བ་ཧཱུྃ་ཡིག་དང་འདྲ་བ་སྟེ་ལྟེ་བའི་ནང་དུ་སོན་པའི་ཟླ་བ་ལ་གནས་པའི་ཧཱུྃ་དེ་ལྟ་བུ་དང་ལྡན་པ་ བསྒོམ་པར་བྱའོ། །དེ་ནས་ཨོཾ་ཨ་ཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ཧཱུྃ་ཡིག་དང་རྡོ་རྗེ་དག་ལས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུ་ནས་སེམས་ཅན་གྱི་དོན་མཛད་པའི་ཛམྦྷ་ལའི་གཟུགས་མཐའ་ཡས་པ་རྣམས་མར་མེ་བླང་བའི་ཚུལ་གྱིས་སྤྱན་དྲངས་ནས་མདུན་དུ་དེའི་སྐུ་གཅིག་ཏུ་ རྣམ་པར་བསྒོམས་ལ། འོད་ཟེར་རྣམས་ཀྱིས་མཆོད་པ་ལྔས་མཆོད་པ་དང་། སྡིག་པ་བཤགས་པ་ནས་བཏང་སྙོམས་ཀྱི་བར་དུ་བསྒོམ་པར་བྱའོ། །དེའི་རྗེས་སུ་ཧཱུྃ་དང་རྡོ་རྗེའི་འོད་ཟེར་རྣམས་ལ་ལུས་མཐའ་དག་བསྟིམས་ལ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་ ཟླ་བ་དང་རྡོ་རྗེ་དང་། ས་བོན་གྱི་འོད་ཟེར་རྣམས་ལ་ཨོཾ་ཨ་ཞེས་བྱ་བ་འདི་དང་། འོད་ཟེར་སྤྲོས་པས་བཅོམ་ལྡན་འདས་སྤྱན་དྲངས་ལ་གཞུག་པར་བྱའོ། །གཞུག་པའི་མཇུག་ཐོགས་སུ་སྐད་ཅིག་གིས་ཟླ་བ་ལ་སོགས་པ་རྣམས་ཀྱིས་རྫོགས་པའི་བཅོམ་ལྡན་འདས་རྨུགས་འཛིན་འཆོལ་བ་ གཞོན་ནུ་ལོ་ལྔ་ལོན་པ་ལྟ་བུ་མིའུ་ཐུང་གི་རྣམ་པ་ཅན་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་སྟེང་དུ་ནོར་སྦྱིན་སེར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་དབུ་རྒྱན་ཅན། ཞལ་ནས་རིན་པོ་ཆེ་སྐྱུག་ཅིང་གན་རྐྱལ་དུ་ཉལ་བའི་དཔྲལ་བར་ཞབས་གཡས་པ་དང་རྐང་པ་གཉིས་ཀྱི་སྟེང་དུ་གཡོན་ པས་མནན་པ། གཡོན་བརྐྱང་གི་གོམ་སྟབས་ཅན། གཅེར་བུ་རྟགས་གྱེན་དུ་འགྲེང་བ། གསུས་པ་འཕྱང་བ་ཐུགས་ཀར་ཕྱག་གཡས་ན་ཐོད་པ་ཁྲག་གིས་གང་བ་བསྣམས་པ་ལ་གཡོན་དུ་ཕྱོགས་ནས་གཟིགས་པ། བརླ་གཡོན་པ་ལ་བརྟེན་པའི་ཕྱག་གཡོན་པས་ནེའུ་ལེ་ཁ་ནས་འོག་ ཏུ་རིན་པོ་ཆེའི་ཚོགས་སྐྱུགས་པ་བསྣམས་པ་སྙན་མ་ཕུག་ཅིང་གུག་པ། ཞལ་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུར་གཙིགས་པ། སྤྱན་དམར་ལ་ཟླུམ་པ། དཔྲལ་བའི་དབྱེས་སུ་ཁྲོ་གཉེར་བྱས་པ། དབུ་སྐྲ་དམར་སེར་གྱེན་དུ་འགྲེང་བ། དབུ་ལ་ཐུབ་པ་མི་བསྐྱོད་པ་སྔོན་པོ་ས་ གནོན་གྱི་ཕྱག་རྒྱ་ཅན་གྱིས་རྒྱས་བཏབ་པ། མཐའ་ཡས་སྔོན་པོ་ཏ་མ་ལའི་ལོ་མ་ལྟ་བུས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་བ་དཀྲིས་པ། པདྨ་ཆེན་པོ་པདྨའི་རྩ་བ་ལྟར་དཀར་བས་དོ་ཤལ་བྱས་པ། སྟོབས་ཀྱི་རྒྱུ་ལྗང་གུ་དཱུར་བ་ལྟ་བུས་ཚངས་སྐུད་བྱས་པ། ནོར་རྒྱས་དཀར་ པོས་སྐེ་རགས་བྱས་པ། པདྨ་མེ་ཏོག་ཀུནྡ་ལྟར་མཛེས་པས་རྐང་གདུབ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། རིགས་ལྡན་དུ་བའི་མདོག་ཅན་ཁྲ་བོས་དཔུང་རྒྱན་བྱས་པ། སྐུ་མདོག་སྔོན་པོ་འོད་ཟེར་སེར་པོའི་ཚོགས་འཕྲོ་བ་བསྒོམས་ནས་དཔྲལ་བ་དང་། ཁ་དང་དཔུང་པ་ གཡས་གཡོན་དང་། སྙིང་ག་དང་། རྡོ་རྗེའི་སྟེང་དང་། བརླ་གཡས་གཡོན་དང་། ཞབས་གཡས་པ་དང་གཡོན་པའི་ནང་གི་རྩའི་བུ་གར་ཟླ་བའི་དཀྱིལ་འཁོར་བཅུ་རྣམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ་ཞེས་བྱ་བའི་ཡི་གེ་སེར་པོ་རྣམས་ནི་འོད་ཟེར་སེར་པོ་ཅན་དུ་བལྟ་བར་བྱའོ། །དེའི་ རྗེས་ལ་སྣའི་རླུང་ཕྱིར་འབྱུང་བའི་དུས་སུ་ཨོཾ་ཡིག་ལ་སོགས་པའི་འོད་ཟེར་རྣམས་དང་ཐུགས་ཀའི་ཧཱུྃ་དང་། རྡོ་རྗེའི་འོད་ཟེར་རྣམས་ཕྱོགས་ཐམས་ཅད་དུ་སྤྲོས་ཏེ་རིག་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་བཅོམ་ལྡན་འདས་ཀྱི་ངོ་བོར་གྱུར་པ་རྣམས་རླུང་འཇུག་ པའི་དུས་སུ་ཧཱུྃ་ཡིག་ལ་བཅུག་ལ་སེམས་བརྟན་པར་བྱེད་པས་བརྟན་པར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱང་ཀླུ་དང་། ནེའུ་ལེ་དང་། ནོར་སྦྱིན་ཁ་རྣམས་སུ་གཞུག་པར་བྱའོ། །སླར་རླུང་འབྱུང་བ་ན་ཀླུ་ལ་སོགས་པ་རྣམས་ཀྱིས་མིད་པའི་ རིན་པོ་ཆེ་རྣམས་མདུན་དུ་སྐྱུགས་པར་བསྒོམ་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་སྤྲོ་བ་དང་བསྡུ་བ་ལ་སོགས་པ་ཡང་ངོ་། །དེའི་རྗེས་སུ་དལ་བར་གྱུར་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་སམ། ཡང་ན་ དགོད་པའི་སྔགས་ཡི་གེ་བཅུ་པ་བཟླ་བར་བྱའོ། །ཆུ་སྦྱིན་པའི་དུས་སུ་ནི་ལག་པ་གཡས་པ་གན་རྐྱལ་གྱི་དབུས་སུ་བཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ལག་པ་བུམ་པ་བཟང་པོ་ལྟ་བུར་བྱས་ལ། ལག་པའི་རྩ་བར་ཨོཾ་ཡིག་གི་འོད་ཟེར་རྣམས་ཀྱིས་གདུ་བུའི་རྣམ་པ་དང་ལྡན་པ་དང་། བཾ་ཡིག་ གི་དབུས་སུ་ཛཾ་དང་། མཛུབ་མོ་དང་། གུང་མོ་དང་། མིང་མེད་དང་། མཐེའུ་ཆུང་དང་། མཐེ་བོ་རྣམས་ཀྱི་རྩེ་མོ་ལ་ཛམྦྷ་ལ་ཛ་ལེནྡྲ་ཞེས་བྱ་བའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་དང་། ཨོཾ་དང་བཾ་གྱི་ཡི་གེ་དག་གི་བར་དུ་ཡ་ཡིག་དང་། ཡ་ཡིག་གི་གཡོན་དང་གཡས་ངོས་དག་ཏུ་སྭཱ་ཧཱ་ཞེས་བྱ་ བའི་ཡི་གེ་དག་སྟེ། ཨོཾ་ཡིག་ལ་སོགས་པ་འདི་རྣམས་རང་རང་གི་གནས་ཀྱི་བུ་ག་རྣམས་སུ་ཟླ་བ་ལ་གནས་པ་སེར་པོ་ཅན་དུ་བསྒོམས་ནས། ལག་པའི་ནང་དུ་མེ་ཏོག་ཆུ་དང་བཅས་པ་ཁ་དང་ཉེ་བར་བྱས་ལ། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་བདུན་དུ་མངོན་པར་ བསྔགས་པར་བྱའོ། །དེའི་རྗེས་ལག་པ་བརྐྱང་བས་སྦྱིན་པར་བྱ་བའི་ཆུ་རང་གི་ཁ་ནས་ཞུགས་པ་ཛཾ་ཡིག་གི་འོད་ཟེར་རྣམས་དང་། ཐུགས་ཀར་གནས་པའི་རྡོ་རྗེ་དང་། ཧཱུྃ་ཡིག་གི་འོད་ཟེར་རྣམས་ཀྱིས་ཁ་དོག་སེར་པོར་བྱས་པ་རྡོ་རྗེའི་ཁ་ནས་འཐོན་ནས་ལག་པར་སོན་པ་སྐད་ཅིག་གིས་མདུན་ དུ་བཅོམ་ལྡན་འདས་ཞལ་མངོན་དུ་ཕྱོགས་པར་བསྒོམ་པའམ། སྐུ་གཟུགས་ཀྱི་ཞལ་གྱི་ནང་དུ་ཨོཾ་ཛླུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དང་། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་ཀྱིས་ལན་བདུན་དུ་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པ་ལན་ཅིག་ བརྗོད་པས་འབྲས་རྔོས་པ་བུ་རམ་དང་བསྲེས་པ་ལ་སོགས་པ་རྣམས་ཀྱི་གཏོར་མ་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །དེ་ལྟར་ཇི་ལྟར་ནུས་པར་ཐུན་གསུམ་མམ། ཐུན་གཅིག་ལ་རྗེས་སུ་བསྒྲུབས་ཏེ་བསྟོད་པ་དང་སྨོན་ལམ་གདབ་པར་བྱའོ། །དེའི་རྗེས་ལ་བསྒོམས་པའི་བཅོམ་ལྡན་འདས་ ཨོཾ་བཛྲ་མུཿཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ། །གཞན་ཡང་སྨིན་དྲུག་གི་ཟླ་བ་དང་། དཔྱིད་ཟླ་ར་བ་དང་། དཔྱིད་ཟླ་ཐ་ཆུངས་དང་། དབྱར་ཟླ་འབྲིང་པོ་རྣམས་གང་ཡང་རུང་བའི་ཉའམ། དགེ་བའི་ཉི་མ་གཞན་ལ་ཡང་རྡོ་མ་གས་པ་ལ་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་ངོ་ བོར་བསྒྲུབས་ཏེ་ཡང་དག་པར་མཆོད་ནས་གཤེགས་སུ་གསོལ་བར་བྱའོ། །བཟོ་བོ་བསྙེན་གནས་ཀྱི་སྡོམ་པ་བཟུང་བས་ཉིན་ཞག་གཅིག་ཉིད་ལ་དཔའ་བོའི་ཡོན་གྱིས་སྐུ་གཟུགས་བྱེད་དུ་གཞུག་གོ། །བྱས་པ་ལ་ཡང་བདག་ཉིད་ལ་བཀོད་པ་བཞིན་དུ་རིམ་པ་ཇི་ལྟ་བར་བཅོམ་ ལྡན་འདས་ཀྱི་གཟུགས་ལ་ཡི་གེ་དགོད་པ་དང་བཅས་པ་རྣམ་པར་བསྒོམས་ནས། ཆུ་སྦྱིན་པ་ལ་སོགས་པས་མཉེས་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །དེའི་ཚེ་ནི་གཤེགས་སུ་གསོལ་བར་མི་བྱ་སྟེ། བཅོམ་ལྡན་འདས་སྐུ་གཟུགས་ཀྱི་རྣམ་པར་རྟག་ཏུ་བཞུགས་པ་ལ་བཀུར་སྟི་དང་མཆོད་ པར་བྱའོ། །པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟས་མཛད་པའི་ཨུ་ཙུཥྨ་ཛམྦྷ་ལ་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལཾ་ཀ་དེ་བ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པས་ཆོས་འཁོར་ཤོང་མའི་གཙུག་ལག་ཁང་དུ་བསྒྱུར་ཏེ་གཏན་ལ་ཕབ་ པའོ། །སླད་ཀྱི་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲ་དང་། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་དག་པར་བགྱིས་སོ།། ༄། །ཛམྦྷ་ལའི་སྒྲུབ་ཐབས་བཞུགས།། ༄༅༅། །ན་མོ་ཨུ་ཙུཥྨ་ཛམྦྷ་ལ། ཨོཾ་ཨ་ཞེས་བྱས་པས་སྤྱན་དྲངས། རང་གི་སྙིང་གར་ཨ་ཡིག་ཡོངས་སུ་ གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་དགུ་པ་དེའི་དབུས་སུ་ཨིནྡྲ་གོ་བ་དང་མཉམ་པའི་ཛ་ཡིག་ལས། སྔར་བརྗོད་པའི་སྤྱན་འདྲེན་པའི་སྔགས་ཀྱིས། ཛམྦྷ་ལའི་མགོན་པོ་རང་གི་སྙིང་གར་གཞུག་སྟེ། ཨུ་ཙུཥྨ་བྱིས་པའི་གཟུགས་རྣ་ བ་མ་ཕུག་པ། སྐུ་མདོག་ནག་པོ་སྐྲ་གྱེན་དུ་བརྫེས་པ། མི་ཐུང་གི་རྣམ་པ་ཁྲོ་གཉེར་ཅན། རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། ཕྱག་གཡོན་པས་རིན་པོ་ཆེ་སྐྱུགས་པའི་ནེའུ་ལེ་འཛིན་པ། གཡས་པས་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། ལྷོ་ཕྱོགས་སུ་མགོ་བསྟན་པའི་གསེར་གྱི་ མདོག་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ནོར་གཏེར་གན་རྒྱལ་དུ་བསྒྱེལ་བ་ཞབས་གཉིས་ཀྱིས་མནན་པ། རིན་པོ་ཆེའི་ཕྲེང་བ་སྐྱུགས་པའི་བདག་ཉིད་ལས་འོད་ཟེར་གྱི་ཕྲིང་བའི་ཚོགས་འཕྲོ་བར་བསམ། ཨུ་ཙུཥྨའི་ཕྱག་གཡས་ན་ཨོཾ་ཡིག་ལས་སྐྱེས་པའི་གདུ་བུའོ། །བཾ་ཡིག་ལས་ སྐྱེས་པའི་བུམ་པ་བཟང་པོ་དང་འདྲ་བ་འཕྲོ་བཞིན་པ། ལག་པའི་དབུས་སུ་ཛཾ་ཡིག་གོ། །མཛུབ་མོ་ལ་བྷ་ཡིག་གོ། །གུང་མོ་ལ་ལ་ཡིག་གོ། །སྲིན་ལག་ལ་ཛ་ཡིག་གོ། །མཐེ་ཆུང་ལ་ལེན་ཡིག་གོ། །མཐེ་བོ་ལ་དྲ་ཡིག་གོ། །མཁྲིག་མ་ལ་ཡ་ཡིག་གོ། །དེ་ནས་སྭཱ་ཧཱའོ། །འདི་ ནི་སྔགས་དགོད་པའི་རིམ་པའོ། །ཁ་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཆུ་སྐྱོར་སྦྱིན་ནོ། །ཨོཾ་ཛླུཾ་སྭཱ་ཧཱ་ཆུ་སྐྱོར་སྦྱིན་པའི་སྔགས་སོ། །ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ལག་པ་ནས་ཁ་དང་། ཁ་ནས་ལག་པར་དེ་དབེན་པར་སྦྱིན་ནོ། །འདི་ལྟར་སྙིང་རྗེས་སེམས་ཅན་ཐམས་ཅད་ཕོངས་པའི་ སྡུག་བསྔལ་ཐམས་ཅད་གཅོད་པའི་དོན་དུ་ཛམྦྷ་ལ་བསྒོམ་པར་བྱའོ། །ཨུ་ཙུཥྨ་ཛམྦྷ་ལ་ཞེས་བྱ་བའི་སྒྲུབ་ཐབས་རྒྱལ་པོ་ཨཱརྱ་མ་ཏིས་མཛད་པ་རྫོགས་སོ།། །།དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨུ་ཙུཥྨ་ཛམྦྷ་ལ་ཀྲྀཥྞ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་རྨུགས་འཛིན་འཆོལ་བ་ནག་པོའི་སྒྲུབ་ཐབས། རྗེ་བཙུན་ཛམྦྷ་ལའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་གྱི་དབང་ཕྱུག་དབང་ཆེན་བཅུ་གཉིས་རིན་ཆེན་རྣམ་པ་མང་ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མིའི་སྲས་གྱུར་དེའི། །སྲས་ གཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེ་ལེ་འཛིན་མཛད་ཁྱོད་ཀྱིས་བདག་ལ་སྲུངས། །རེ་ཞིག་སྒྲུབ་པ་པོ་དམ་ཚིག་ཅན་གཞན་ལ་ཕན་པར་བརྩོན་པས་འཕགས་པ་རྨུགས་འཛིན་ལ་མི་ཕྱེད་པའི་དང་བ་ཐོབ་པས་སྐྱབས་སུ་སོང་ལ་ པདྨའི་འདབ་མ་མཆོག་གི་སྣོད་དང་། གནོད་སྦྱིན་མོ་ཀུན་དུ་རྒྱུག་གི་ལུས་ལིངྒ་ཆེན་པོའི་རྫས་དང་ལྡན་པས་ནོར་བུ་བརྩེགས་པ་ལྟ་བུའི་གནས་སུ་འདུག་སྟེ། ཐོག་མ་ཁོ་ནར་མི་བསྐྱོད་པའི་རྒྱལ་པོའི་ཆོ་ག་ཇི་ལྟ་བ་བཞིན་མཉེས་པར་བྱའོ། །དེའི་འོག་ཏུ་དེའི་ང་རྒྱལ་གྱིས་བདག་དང་ གནས་དང་རྣལ་འབྱོར་བསྲུང་བ་བྱས་ལ། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་གནས་པའི་ཧཱུྃ་ཡིག་ནག་པོ་གསེར་གྱི་མདངས་ཅན་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་ཤིང་རྣམ་པར་འགྱུར་བའི་ངང་ཚུལ་ཅན། དབུས་ཀྱི་རྭ་རྩེ་རྣམ་པ་དཀར་པོ་ནོར་བུའི་ཏོག་ གིས་མཚན་པ་དང་། རྭ་གཞན་གནག་ཅིང་ཀུན་ནས་བགྲད་པས་འཇིགས་པར་བྱེད་པ་དེ་ཉིད་ཀྱི་ལྟེ་བར་ཟླ་བ་དྲི་མ་མེད་པ་ལ་ཧཱུྃ་ཡིག་བཻ་ཌཱུརྱའི་འོད་འབར་བས་མཚན་པ་བལྟ་བར་བྱའོ། །ཡི་གེ་དེའི་འོད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར་བཀང་ནས་ཞིང་གི་དཀྱིལ་འཁོར་ ཡོངས་སུ་སྦྱོར་བའི་དོན་གཉིས་བྱས་ཏེ། ཚུར་འདུས་པ་ལས་རྗེ་བཙུན་རྨུགས་འཛིན་ནག་པོ་སྲས་དང་བཅས་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་སྤྱན་དྲངས་ལ། ཁྲུས་གསོལ་བ་སྔོན་དུ་འགྲོ་བས་མཆོད་པའི་ཡན་ལག་བཅུ་གསུམ་ཡོངས་སུ་རྫོགས་པར་བྱའོ། །མཉེས་པའི་འོད་ ཀྱི་ཕྲེང་བ་བདག་གི་སྙིང་ལ་ཞུགས་ཏེ་བསྐུལ་བའི་ཡིད་ཀྱིས་ཚད་མེད་པ་བཞི་སྤེལ་ཞིང་། བྱང་ཆུབ་ཀྱི་སེམས་བརྟན་པ་ཡང་དག་པ་གོམས་པ་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེའི་འོད་ཟེར་ཆེན་པོས་བརྟན་པ་དང་གཡོ་བའི་དངོས་པོ་མཐའ་དག་རྣམ་པར་བཞུ་ནས། རྡོ་རྗེ་སེམས་དཔའི་ངོ་བོར་ ཐིམ་པ་དང་། ཡང་ཆེས་ཆེར་འབར་བས་རང་གི་ལུས་ཀྱང་ཉེ་བར་བསྲེགས་ནས་གཟི་བརྗིད་ཀྱི་ཕུང་པོ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་བསམ་མོ། །དེའི་འོག་ཏུ་ཨོཾ་ཨ་ཞེས་སྐད་གསང་བསྟོད་དེ་སྦྲན་པས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་མགོན་པོ་བྱང་ཕྱོགས་ཀྱི་ཚལ་རྡོ་རྗེའི་རི་བོའི་ ཟོམ་ནས་སྤྱན་དྲངས་ཏེ། ཀུན་ནས་དང་ཞིང་སིམ་ལ་གདུང་བའི་ཡིད་ཀྱིས་རྒྱུའི་སེམས་དཔའ་དེ་འོད་ཟེར་གྱི་ཕྲེང་བ་འབར་བ་ལ་བསྟིམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ནོར་གྱི་དབང་ཕྱུག །ལྷ་དང་ཀླུ་དང་མིའི་ནོར་ཐམས་ཅད་འཛིན་པ་མཐིང་ནག་འཇིགས་ པའི་གཟུགས་ཅན་མིའུ་ཐུང་གི་ཆ་བྱད་རིགས་ངན་གྱི་རྣམ་པ། རྣ་བ་མ་ཕུག་པ། ལྷག་མ་ཟ་ཞིང་མི་སྲུན་པ། གསུས་པ་ཆེར་འཕྱང་ཞིང་རབ་ཏུ་བརྗིད་པའི་བདག་ཉིད། ཁྱེའུ་ལོ་དྲུག་ལོན་པའི་ན་ཚོད་ཅན། གཅེར་བུ་མཚན་མ་འགྲེང་བ། ཞབས་གཉིས་འདོར་སྟབས་སུ་ཉེ་བར་གནས་ པས་ནོར་འཛིན་སེར་པོ་ཁ་ནས་ནོར་བུ་སྐྱུགས་པའི་མགོ་གཡས་སུ་རྣམ་པར་མནན་པ། མཆེ་བ་ཅུང་ཟད་གཙིགས་ཤིང་། ལྗགས་རྐན་ཕུགས་སུ་ཉེ་བར་འདྲིལ་བ། ཞལ་དང་སྤྱན་གསུམ་མེའི་ཕུང་པོ་ལྟར་འབར་ཞིང་། སྤྱན་ཀུན་ནས་ཟླུམ་ཞིང་བཟློག་ལ་རྣམ་པར་བསྒྱུར་བ་ཅན། དཔྲལ་ བ་ལ་རིན་པོ་ཆེ་མིག་གསུམ་པའི་གཟུགས་ཅན་གྱི་ཁྲོ་གཉེར་གྱི་རིམ་པ་དང་ལྡན་པ། དབུ་སྐྲ་དང་སྨ་ར་དང་སྨིན་མ་རྣམས་ཀྱི་སྤུ་ཁམ་པ་རེ་རེ་ནས་གྱེན་དུ་ལངས་ཤིང་འོད་འཕྲོ་བའི་མེ་སྟག་ཐུར་དུ་འཛག་པ། ཕྱག་གཡས་དང་གཡོན་གྱིས་པདྨའི་སྣོད་དུ་ཏི་རས་བཀང་བ་དང་། ནེའུ་ལེའི་རྐྱལ་པ་ ལྷ་དང་ཀླུ་དང་མིའི་ནོར་བུ་རིན་པོ་ཆེའི་རིགས་མི་འདྲ་བ་དུ་མས་ཁེངས་པར་བྱས་པའི་ཁ་ནས་རིན་པོ་ཆེའི་རྒྱུན་སྣ་ཚོགས་སྐྱུགས་པ་འཛིན་པ། སངས་རྒྱས་མི་བསྐྱོད་པའི་ཅོད་པན་གྱི་རྒྱན་ཅན། ཀླུའི་རྒྱལ་པོ་མཐའ་ཡས་དང་། འཇོག་པོ་དང་། པདྨ་ཆེན་པོ་དང་། སྟོབས་ཀྱི་རྒྱུ་དང་། རིགས་ ལྡན་དང་། དུང་སྐྱོང་དང་། ནོར་རྒྱས་དང་། པདྨ་རྣམས་ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་དང་། སྔོན་པོ་དང་། ཁྲ་བོ་དང་། སེར་པོ་དང་། དམར་པོ་རྣམ་པ་བརྒྱད་ཀྱིས་གོ་རིམས་ལྟར་ཐོར་ཚུགས་དང་། རྣ་བ་དང་། དོ་ཤལ་དང་། ཚངས་སྐུད་དང་། དཔུང་པ་ དང་། ལག་པ་དང་། རྐེད་པ་དང་། རྐང་པ་རྣམས་ལ་བརྒྱན་པའོ། །ཐུགས་ཀར་ཟླ་བ་ལ་ཇི་སྐད་བཤད་པའི་སྙིང་པོ་ཅན་གྱི་མཚན་མ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་ཡི་གེ་བཅུའི་གོ་ཆ་བགོ་བར་བྱ་སྟེ། དཔྲལ་བ་དང་། ཞལ་དང་། དཔུང་པ་གཡས་པ་དང་། གཡོན་པ་དང་། ཐུགས་ ཀ་དང་། ཞབས་ངར་གཡས་གཡོན་དང་། ཆུ་སོ་དང་། ཞབས་བོལ་གོང་གཡས་དང་། གཡོན་དང་། གྲངས་བཞིན་དུ། ཨོཾ་དང་། ཛཾ་དང་། བྷ་དང་། ལ་དང་། ཛ་དང་། ལེན་དང་། དྲ་དང་། ཡེ་དང་། སྭཱ་དང་། ཧཱ་རྣམས་ཀྱི་ཡིག་འབྲུ་རྣམས་ཟླ་བའི་གདན་དང་། རྡོ་རྗེ་ཕྱེད་པ་ལ་ གནས་པ་ཉི་མའི་སྙིང་པོ་འབར་བའམ་གསེར་གྱི་མཆོད་སྡོང་རྣམ་པར་དག་པ་ལྟར་བསམ་པར་བྱའོ། །ཐུགས་དཀྱིལ་མི་ཕྱེད་ཡི་གེ་ལས་འཕྲོས་ཕྱོགས་བཅུའི་འདྲེན་པ་ཀུན་མཆོད་ཅིང་། །གོ་ཆ་བཅུར་བཅས་སྐྱོབ་དབང་ཉིད་འཕྲོས་མ་ལུས་འགྲོ་རྣམས་རང་འདྲར་བྱས། །ནེའུ་ལེ་ཀླུ་དབང་ནོར་ བདག་འོད་ལྡན་ལྷ་ཀླུ་མི་ཡི་ནོར་རྣམས་བསྡུས། །ཟོས་ཤིང་ཟོས་ཏེ་འགྲངས་གྱུར་བཙིར་བས་དེ་སྐྱུགས་དངོས་གྲུབ་ཡང་ཡང་བླང་། །དེ་ནས་ཆུ་སྦྱིན་པར་བྱ་སྟེ། ལག་པའི་མཐིལ་དུ་བཾ་སེར་པོ་ལས་གསེར་གྱི་བུམ་པ་བཟང་པོ་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་ཁ་ཕྱིར་བསྒྱིལ་བའི་ཡི་གེ་བཾ་དེ་ཉིད་ཀྱིས་ མཚན་པར་བལྟའོ། །བཾ་གྱི་ནང་དུ་ཛཾ་ཡིག་གོ། །མཁྲིག་མ་ལ་ནི་ཨོཾ་མོ། །མཛུབ་མོ་ལ་ནི་བྷའོ། །གུང་མོ་ལ་ནི་ལའོ། །སྲིན་ལག་ལ་ཛའོ། །མཐེའུ་ཆུང་ལ་ལེན་ནོ། །མཐེ་བོང་ལ་དྲའོ། །ནོར་བུ་མཆིང་བའི་གནས་སུ་ཡེའོ། །ལག་མཐིལ་གྱི་ལྟོ་གཡོན་དུ་སྭཱའོ། །དེའི་ གཡས་སུ་ཧཱའོ། །ཐམས་ཅད་ཀྱང་ཟླ་བ་ལ་གནས་ཤིང་། གསེར་འོད་དྲི་མ་དང་བྲལ་བ་ལྷག་པར་འཚེར་བ་ལྟར་བསམ་མོ། །དེ་ནས་ཡང་ཆུ་ཁྱོར་བ་གང་ཁ་ལ་ཉེ་བར་གཏུགས་ཏེ། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ་ཞེས་བྱ་བས་སོར་མོ་ལྔ་ལ་ལན་རེ་རེ་དང་། ཁ་དང་ལག་པ་བྱིན་གྱིས་བརླབ་པ་ ལ་གཉིས་ཏེ་བདུན་གྱིས་བྱིན་གྱིས་བརླབ་བོ། །དེའི་འོག་ཏུ་ནག་པོ་ཆེན་པོ་མཛེས་པའི་སྐུ་ཡོངས་སུ་རྫོགས་པ་ཞིག་མདུན་གྱི་པདྨའི་རིན་པོ་ཆེའི་སྣོད་དུ་ཞུགས་ཏེ། རང་གི་ཐུགས་ཀ་ནས་ཅི་འདྲ་བའི་སྐུ་གཟུགས་ཕྱུང་སྟེ་བསྟིམས་ལ། རིན་པོ་ཆེའི་བུམ་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ ཡོངས་སུ་གང་བས་རྒྱུན་མི་འཆད་པས་ཆུ་སྦྱིན་པར་བྱའོ། །འདི་ལྟར་བྱ་སྟེ། ཨོཾ་ཛླུཾ་སྭཱ་ཧཱ་ཞེས་བྱ་བས་རིན་པོ་ཆེས་བརྒྱན་པའི་ལག་པ་ནས་ཞལ་དུའོ། །ཞལ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་རུའོ། །དེ་ནས་སླར་ལག་མཐིལ་དུ་འབབ་པའི་རིམ་པས་མཐར་ཆུའི་བདག་པོའི་ཞལ་དུ་འཇུག་པར་ བསམས་ཏེ། ཆོ་ག་དེ་ཉིད་ཀྱིས་ཁྱོར་བ་བརྒྱ་རྩ་བརྒྱད་འཁྲུལ་པ་མེད་པར་སྦྱིན་པར་བྱའོ། །དེའི་ཚེ་ཕྱག་གི་མཐིལ་གྱི་བུམ་པ་དང་། ནེའུ་ལེ་དང་ལྟོས་འགྲོ་རྣམས་ཀྱི་ཁ་དང་སྣའི་སྒོ་ལ་སོགས་པ་བུ་གའི་རྣམ་པ་ཐམས་ཅད་ལས་རིན་པོ་ཆེའི་རིགས་མི་འདྲ་བ་སྡུག་ཅིང་ཡིད་དུ་འོང་བ་རྣམ་ པ་དུ་མའི་ཆར་ཆེན་པོ་ཕབ་པས་གནས་ཁང་ལ་སོགས་པ་མཐའ་དག་ཡོག་ཅིང་ནོར་གྱིས་གང་བར་གྱུར་པར་བསམ་མོ། །དེའི་རྗེས་ལ་ཡི་གེ་བཅུ་པ་ལ་མཆོད་པ་རྣམ་པ་ལྔའི་སྔགས་སྦྱར་བས་མཆོད་ཅིང་། ཐུན་མོང་དང་ཁྱད་པར་གྱི་སྒོ་ནས་བསྟོད་དོ། །སྔགས་དེ་དག་ཉིད་ཀྱིས་གཏོར་མ་བྱིན་ གྱིས་བརླབས་ཏེ་དབུལ་བར་བྱའོ། །ན་