Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
གོར་ཞི་བའི་གསོལ་བ་གདབ་པ་དང་། ཚངས་པ་ལ་སོགས་པ་མཆོད་པ་དང་གཏོར་མས་ཚིམ་པར་བྱས་ཏེ་གསོལ་བ་གདབ་པར་བྱའོ། །དེ་ཡང་བར་སྐབས་སུ་གདུགས་དཀར་མོ་དང་སྲུང་མའི་ཚོགས་ལ་ གསོལ་བ་གདབ་ཅིང་། སྙིམ་པ་སྦྱར་ཏེ་བསྲུང་བར་བྱའོ། །ཁྱད་པར་དུ་གོར་གྱི་འབྱུང་པོ་ལ་འབྱུང་གཏོར་གྱིས་མཉེས་པར་བྱའོ། །དེ་ལྟར་ཐུན་བཞིའི་སྦྱོར་བས་རྟག་ཏུ་བསྒོམས་པས་མཐར་ཕྱིན་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་མཆོད་བསྟོད་བྱས་ཏེ། ཕྱུགས་ དེ་རྣམས་གནས་དབེན་པར་གནས་པར་བྱའོ། །དེ་ལྟ་བུས་ནི་གོར་ཐམས་ཅད་ཞི་བར་འགྱུར་རོ། །གོར་སྲུང་བའི་ཆོ་ག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅། །རྣལ་འབྱོར་པ་ཞི་བའི་སྦྱིན་སྲེག་བྱེད་པར་འདོད་པས། དང་པོར་ས་གཞི་ཤིན་ཏུ་ཁ་དོག་ དཀར་བ་དག་པ་ལ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་སོར་བཞི་པ་དང་ལྡན་པར་བྱ་སྟེ། དེ་ལ་དྲི་དཀར་པོས་བྱུག་པ་དང་། མེ་ཏོག་དཀར་པོ་གཏོར་བར་བྱའོ། །དེ་ཡང་དབུས་སུ་པདྨའི་སྟེང་དུ་རྡོ་རྗེས་མཚན་པ་བྲིས་ཏེ། ཁ་ཁྱེར་ཡང་རྡོ་རྗེས་བསྐོར་བར་བྱའོ། ། དེ་ནས་ཐབ་ཁུང་དུ་བུད་ཤིང་བརྩིག་པ་དང་། མཆོད་པ་དང་གཏོར་མ་བཤམས་ཏེ། ཞི་བའི་རྫས་ཏིལ་དང་། མར་དང་། ཀུ་ཤ་དང་། དཱུར་བ་དང་། ནས་དང་། གྲོ་དང་། དཀར་གསུམ་མངར་གསུམ་ལ་སོགས་པ་བསགས་ཏེ། རང་ཉིད་ཁྲུས་བྱས་ཏེ། གོས་གཙང་མ་བགོས་ནས། སྟན་བདེ་བ་ལ་པདྨའི་འདུག་སྟངས་སམ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཁ་ཤར་དུ་བལྟས་ཏེ་གནས་པར་བྱའོ། །དེ་ནས་རང་ཉིད་སྒྲུབ་ཐབས་ལས་འབྱུང་བ་ལྟར་ལྷའི་རྣལ་འབྱོར་བྱས་ཏེ། དེ་ནས་མ་ཧཱ་ཤཱུ་ནྱ་ཛ་ཏཱ་ཛྙཱ་ནས། ཐབ་དང་རྫས་རྣམས་སྟོང་པར་བྱས་ཏེ། རཾ་ལས་ཐབ་ཁུང་ འབར་བའི་གཞལ་ཡས་ཁང་དུ་བསམས་ཏེ། དེའི་དབུས་སུ་སེང་གེ་ཉི་མ་པདྨའི་སྟེང་དུ། སྔར་བཞིན་དུ་ཆོ་གའི་ཡན་ལག་གསུམ་གྱིས་གདུགས་དཀར་མོ་ཅན་འཁོར་དང་བཅས་པ་བསྐྱེད་པར་བྱའོ། །དེ་ནས་མཆོད་པ་བསང་ཞིང་བྱིན་གྱིས་བརླབས་ནས་མདུན་དུ་ཡེ་ཤེས་ཀྱི་འཁོར་ ལོ་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་བྱས་ལ། སྲེག་རྫས་རྣམས་གདུགས་དཀར་མོའི་སྙིང་པོས་བསྲེག་པར་བྱའོ། །རྫས་དེ་རྣམས་རེ་རེ་ཡང་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཐར་ཡང་མཆོད་པས་མཉེས་ཤིང་ ཚིམ་པར་བྱས་ནས་བཟོད་པར་གསོལ་ཏེ་དགེ་རྩར་བསྔོས་ནས་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་ལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ལྟ་བུའི་ཞི་བའི་ཆོ་ག་ཡང་ནད་དང་གདོན་ལ་སོགས་པ་ཞི་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །ཞི་བའི་སྦྱིན་ སྲེག་སློབ་དཔོན་ཙནྡྲ་གོ་མིའི་གླིང་པས་མཛད་པ་རྫོགས་སོ།། ༄༅། །ལྷ་མོ་གདུགས་དཀར་མོའི་མངོན་སྤྱོད་ཀྱི་ཆོ་ག་བྱེད་པར་འདོད་པས། ནད་དང་གདོན་ལ་སོགས་པ་དང་པོར་ས་གཞི་ཡང་གདུབ་ཅིང་གས་པ་དང་། རྩུབ་པ་ལ་ཐབ་ཁུང་ཟུར་གསུམ་ངོས་རེ་ལ་ཁྲུ་ རེ་ཡོད་པ་ལ་ཟབས་སུ་ཁྲུ་ཕྱེད་པ་བྱ་སྟེ། དབུས་སུ་འཁོར་ལོ་ལ་རྡོ་རྗེས་མཚན་པ། ཁ་ཡང་རྡོ་རྗེས་བསྐོར་བ། ས་གཞི་ཡང་དུག་དང་ཁྲག་ལ་སོགས་པ་ནག་པོར་བྱུགས་ཏེ། མེ་ཏོག་ནག་པོ་དང་འབྲུ་ནག་པོས་གཏོར་རོ། །དེ་ནས་དྲག་པོའི་མཆོད་པ་དང་གཏོར་མ་བཤམས་ལ། དྲག་པོའི་ རྫས་ཁྲག་དང་དུག་དང་ལིངྒ་དང་། སྐེ་ཚེ་དང་། རྡོ་ཕྱེ་ལྕགས་ཕྱེ། ཟི་ར་བྲའོ་ནག་པོ། སྲན་མ་ནག་པོ། དེ་ལྟར་རྫས་བཤམས་ནས། བདག་ཉིད་ལྷའི་རྣལ་འབྱོར་བྱས་ལ་ཐབ་དང་རྫས་རྣམས་སྟོང་པར་བསམས་ཏེ། ཛཾ་ལས་ཐབ་ཁུང་གྲུ་གསུམ་པ་བསྐྱེད་པའི་ནང་དུ། ཆོ་ག་གསུམ་ གྱིས་གདུགས་དཀར་མོ་འཁོར་དང་བཅས་པ་དྲག་པོའི་ལྷར་བསྐྱེད་པར་བྱའོ། །དེའི་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ནས་མཆོད་པ་དང་བསྟོད་པ་བྱས་ཏེ། སྲེག་རྫས་རྣམས་ཡུམ་གྱི་སྔགས་ཀྱི་ཐ་མར་མཱ་ར་ཡ་ བཏགས་ཏེ། ཁྲག་དང་དུག་ལ་སོགས་པས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་དབུལ་བར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ལ་བཟོད་པར་གསོལ་བ་ལ་སོགས་པ་རྣམས་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་པ་དང་། དམ་ཚིག་སེམས་དཔའ་བསྡུས་ནས་ རང་ཉིད་ལ་བསྲུང་བར་བྱའོ། །དེ་ལྟ་བུ་དེ་ཡང་གང་ཞིག་ཚར་མ་ཆོད་ཀྱི་བར་དུ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །མངོན་སྤྱོད་ཀྱི་ལས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅། །དེ་བཞིན་དུ་ས་གཞི་སེར་པོ་ལ་རྫས་རྣམས་ཡང་ལས་དང་མཐུན་པ་ བསགས་ལ། ཐབ་ཁུང་གྲུ་བཞི་པར་རྒྱས་པའི་སྦྱིན་སྲེག་བྱའོ། །དེ་བཞིན་དུ་ས་གཞི་དམར་པོ་ལ་སོགས་པར་ལས་དང་མཐུན་པར་རྫས་བསགས་ཏེ། ཐབ་ཁུང་ཟླ་གམ་བྱས་ཏེ། དབང་གི་སྦྱིན་སྲེག་བྱའོ། །སློབ་དཔོན་ཙནྡྲ་གོ་མིའི་མན་ངག་གོ། །སྦྱིན་སྲེག་རྫོགས་སོ།། ༄༅། །དངོས་གྲུབ་བསྒྲུབ་པའི་སྒོ་ནས་སྲིའུ་གསོ་བ་ནི། བུད་མེད་བུ་འདོད་པ་གང་དག་ལ་ལ་གཟུངས་འདི་བྲིས་ཏེ། གདུགས་སམ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་དེ་ལ་མཆོད་པ་དང་བསྐོར་བ་བྱ་ཞིང་། ཚངས་པ་དང་དབང་པོ་ལ་ སོགས་པ་ལ་གཏོར་མ་དང་མཆོད་པ་བྱས་ཏེ་གསོལ་བ་གདབ་པར་བྱའོ། །དེ་ལྟར་བྱས་ན་བུ་རྙེད་པར་འགྱུར་བ་དང་། ཚེ་དང་བསོད་ནམས་དང་སྟོབས་ལ་སོགས་པ་ཡང་རྙེད་པར་འགྱུར་རོ། །དངོས་གྲུབ་བསྒྲུབ་པའི་སྒོ་ནས་སྲིའུ་གསོ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅། །རྣལ་འབྱོར་པས་བཟློག་པའི་ཟོར་བྱ་བར་འདོད་ན། དང་པོར་རྫས་བསགས་པ་ནི། ཁམ་སའི་མི་མོའི་གཟུགས་བཞིའམ་བརྒྱད་དམ་བཅུ་བྱའོ། །དེ་ནས་སྒོ་ང་དང་། མདའ་འུག་པ་མ་སྐྱེར་པ་མ་མདེའུ་ཅན་བཞི་དང་། ཁྲག་ཕོར་བཞིར་དུག་དང་ཟོར་གྱི་སྣ་དུ་མ་ བླུགས་པའི་སྣོད་བཞི་དང་། དམར་གཏོར་ཆ་བཞི་དང་། མཆོད་པ་རྣམ་པ་ལྔ་བཤམ་མོ། །དེ་རྣམས་ཀྱང་གྲངས་འབྱོར་ན་བཅུ་བཅུ། མ་འབྱོར་ན་བརྒྱད་དམ་བཞི་བསག་པ་ནི། དེ་ནས་སྔགས་མཁན་བཅུ་འམ་བརྒྱད་དམ་བཞིའམ་མཐའ་མར་རང་གཅིག་པུས་ལུས་ལ་ཁྲག་དང་སོལ་ བས་བྱུགས་ཏེ། གོས་ནག་པོ་བགོས་ནས་ཁྲོས་པའི་ཡིད་ཀྱིས་གནས་ཏེ། རང་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཐུན་དྲུག་གམ་ཐུན་བཞིར་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་རིང་དང་། འབྱུང་པོ་ཚར་གཅོད་པའི་ཡུངས་ཀར་དང་། འཚེ་ལ་སྔགས་ཏེ། དེ་རྣམས་ལ་གཟེར་ནས་བར་ བར་དུ་ནད་གདོན་ཐམས་ཅད་ལ་བྱོ་ཞེས་བྱ་བས་གདབ་བོ། །དེ་ཡང་གདུགས་དཀར་མོ་ཅན་ལ་ཐུན་བཞིའམ། དྲུག་ཏུ་མཆོད་བསྟོད་བྱས་ཏེ་བྱོ་བ་དང་། བཟློག་པར་གསོལ་བ་གདབ་པ་དང་ལྷ་མ་སྲིན་སྡེ་བརྒྱད་དང་ཡུལ་ལྷས་གསོལ་བ་གདབ་པར་བསམ་མོ། ། དེ་ལྟར་ཐུན་བཞིའམ་དྲུག་ཏུ་སྔགས་པ་དེ་ཚེས་གྲངས་དང་གཟའ་སྐར་བརྩིས་ཏེ། དུས་ལ་བབ་པ་ན་སྐྱེས་བུ་སྔགས་དང་ལྡན་པའམ། ཆོ་ག་དང་ལྡན་པས་ཟོར་ལམ་ཕྱེ་བར་ཟོར་བསྐྱལ་ཏེ། དེ་ལྟ་བུ་ཡང་རང་ངམ་གཞན་ཤིན་ཏུ་ཉན་ཆེ་ན། ནར་མར་བྱས་པས་དུས་མ་ཡིན་པར་འཆི་བ་ བརྒྱད། དགྲ་དང་བགེགས་བཟློག་པར་ངེས་ཏེ། བྱོལ་སྔགས་བཟླས་ཀྱང་འགལ་བ་མེད་དོ། །བཟློག་པའི་ཟོར་བྱ་བའི་ཆོ་ག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཻ་ཏྱ་སཱ་དྷ་ན་བི་དྷི་ཀྲ་མ་ནཱ་མ། བོད་སྐད་དུ། མཆོད་རྟེན་ སྒྲུབ་པའི་ཆོ་གའི་རིམ་པ་ཞེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ། །ཐུན་མཚམས་ལས་དང་དང་པོ་ཡི། །གང་ཟག་དག་ནི་སྒྲུབ་པ་ཡི། །མཆོད་རྟེན་ཆོ་ག་མདོར་བསྡུས་པ། །བླ་མ་དམ་པའི་གདམས་པས་དགོད། །དང་པོ་གནས་ཁང་བྱི་དོར་ བྱས། །མཆོད་པ་ལ་སོགས་བཤམས་དེ་ནས། །རང་གི་ལྷ་ཡི་བསྐྱེད་རིམ་སྒོམ། །དེ་ནས་བདེན་པའི་ཚིག་འདི་ཡིས། །ས་ཡི་བདག་པོས་ས་བླང་བྱ། །བདག་ནི་གཞན་དོན་བསྒྲུབ་པ་ལ། །ལྷ་མོས་མཆོད་རྟེན་ས་སླང་གིས། །དགྱེས་པས་བདག་ལ་སྩལ་དུ་གསོལ། །ཞེས་བྱས་ བརྐོས་ཏེ་འདག་པ་ལ། །འོད་ཀྱིས་སྦྱངས་ཏེ་རིན་ཆེན་བསམ། །དེ་ནས་འབི་འབི་ལེགས་བྱས་ཏེ། །མར་གྱིས་བསྐུས་ལ་སྐོལ་ཕོར་སྩལ། །ལེགས་བཏོན་ལྷ་མོ་རང་དུ་བསམ། །དེ་ལ་མཆོད་དང་གསོལ་བ་གདབ། །དེ་རྣམས་ཐམས་ཅད་བསྒྲུབ་པའི་སྔགས། །རྩ་བའི་སྔགས་ ཉིད་ཁོ་ནས་བྱ། །དེ་ནས་ན་བཟའ་ལེགས་གསོལ་ལ། །སངས་རྒྱས་དཀྱིལ་འཁོར་ལ་སོགས་ཀུན། །བསྟིམས་ཏེ་མཆོད་བསྟོད་ལེགས་བྱ་སྟེ། །རྟེན་འབྲེལ་སྔགས་ཀྱིས་བརྟན་པར་བྱ། །དེ་ནས་མཆོད་ལ་གསོལ་བ་གདབ། །ཡོན་བདག་ལ་སོགས་སྨོན་ལམ་གདབ། །དེ་ནས་ དགེ་འདུན་མཆོད་སྟོན་བྱ། །འབྱུང་བ་ཆུ་རླུང་ནམ་མཁའ་དང་། །ཡིད་ཀྱི་བསྒྲུབ་པ་ལ་སོགས་ཀུན། །བླ་མའི་གདམས་པ་ལྡན་པས་གདབ། །དེ་ལྟར་མཆོད་རྟེན་ཆོ་ག་ནི། །མདོར་བསྡུས་པ་ཡི་ཆོ་ག་ལས། །གྲུབ་པས་སེམས་ཅན་མ་ལུས་པ། །འཁོར་ལོས་སྒྱུར་རྒྱལ་ཐོབ་ནས་ ནི། །རིམ་གྱིས་གཙུག་ཏོར་ལྷ་མོ་ཡི། །ཞལ་རྫོགས་པར་ནི་མཐོང་བར་ཤོག །མཆོད་རྟེན་བསྒྲུབ་པའི་ཆོ་གའི་རིམ་པ་མདོར་བསྡུས་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།ཟངས་དཀར་ལོ་ཙཱ་བའི་འགྱུར་རོ།། ༄༅༅། །རྒྱ་གར་སྐད་དུ། ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧོ་མ་བི་དྷིཿ། བོད་སྐད་དུ། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག །གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །གཞན་དོན་མཐར་ཕྱིན་ལྷ་མོ་ནི། །གདུགས་དཀར་ཅན་ལ་ཕྱག་འཚལ་ཏེ། །ལྷ་རྣམས་མཉེས་པར་བྱ་བའི་ ཕྱིར། །སྦྱིན་སྲེག་གིས་ནི་ཚིམ་པར་བྱ། །དྲི་ཞིམ་པོའི་ཆུས་ལེགས་པར་ཁྲུས་བྱས་ནས་གོས་གསར་པ་བགོས་ཏེ། རྒྱན་ཁྱད་པར་ཅན་བཏགས་ལ་བགེགས་སྲུང་བ་དང་། སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་རྒྱུད་དག་པར་བྱ་སྟེ། ཕྱག་དང་མཆོད་པ་ལ་སོགས་ རྒྱུད་དག་པར་བྱའོ། །བརྩམ་དུ་རུང་བའི་ས་ཕྱོགས་སུ་ཕྲིན་ལས་དང་སྦྱར་ཏེ། ཐབ་དང་རྫས་ལ་སོགས་པ་རྫོགས་པར་བྱས་ལ། ཤིང་གང་ཡིན་པ་བཙེར་ཏེ། མཆོད་པ་དང་སྲེག་རྫས་ཚོགས་པ་དང་། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་པས་མེ་སྦར་ལ་དེ་ནས་སྟོང་པ་ཚད་མེད་པར་བསྒོམས་ ཏེ། ཨོཾ་བཛྲ་ཛྭ་ལ་སརྦ་དྷརྨ་བཛྲ་སརྦ་དྷརྨ་སི་ཏེ་ཧཱུཾ་ཞེས་པའི་སྒྲས་སྟོང་པར་བསྒོམ་མོ། །དེའི་ངང་ལས་འབྱུང་བ་རི་རབ་དང་བཅས་པའི་སྟེང་དུ་བྷྲཱུཾ་ལས་མེ་ཐབ་གཞལ་ཡས་ཁང་ལྟ་བུའོ། །དེར་ཨ་དང་ཟླ་བ་ལ་ས་བོན་གྱི་ཡི་གེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ལྡན་པ་འཕྲོས་ཤིང་ འདུས་པ་ལས་མེ་ལྷ་དཀར་པོ་རྒྱན་ཀུན་རྫོགས་པ། ཕྱག་བཞི་པ་ཨག་ཚོམ་སེར་ལ་འཁྱིལ་བ། གསུས་པ་ཆེ་ལ་འོད་འབར་བ་གཟི་བརྗིད་ཅན། གཡས་རྡོ་རྗེ་དང་བགྲང་ཕྲེང་བསྣམས་པ། གཡོན་གཉིས་སྐྱབས་སྦྱིན་དང་། གུནྡྷེ་བསྣམས་པའོ། །ཐུགས་ཀ་ན་རཾ་དམར་ པོ་གྲུ་གསུམ་གྱིས་མཚན་པའོ། །དེ་ནས་དེ་ཉིད་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཚུར་བྱོན་ཚུར་གཤེགས་འབྱུང་བ་ཆེ། །ལྷ་ཡི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་གཤེགས་སུ་གསོལ། ། ཨེ་ཧྱེ་ཨགྣ་ཡེ་མ་ཧཱ་རཱ་ཛ་ག་ཛཿ། ཧཱུཾ་འབྱུང་བ་ཆེན་པོ་མེ་ཡི་ལྷ། །ལྷ་རྒྱལ་དྲང་སྲོང་བདེ་བའི་མཆོག །སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་ཡོན་ཆབ་ཀྱིས་སྤྱན་དྲངས་ལ། བསང་གཏོར་བྱིན་ཏེ་དབང་བསྐུར་བར་བྱའོ། །དེ་ ནས་མཆོད་པ་དང་ཕྱག་གིས་མཆོད་དེ། མར་གྱི་དགང་བླུགས་ཕུལ་ཏེ། ཚངས་པ་འཇིག་རྟེན་མགོན་གྱུར་པའི། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །སྐུ་བཅས་སྐུ་ནི་དཔལ་དང་ལྡན། །རྔམ་བརྗིད་རྒྱན་ལྡན་ལས་ལ་དབང་། །སྲེག་བླུགས་ཕུལ་བས་ལས་རྣམས་སྒྲུབ། །ཞི་ལ་ སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་ལས་སྒྲུབ་པ། །གཟི་བརྗིད་རྒྱལ་ལ་ཕྱག་འཚལ་བསྟོད། །བསང་གཏོར་ཕུལ་ལ། ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ། ཨ་ཏི་པྱ་ཏི་པྱ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཞེས་པའམ། ཨོཾ་བཛྲ་ཨགྣ་ཡེ་སྭཱ་ཧཱ། ཡམ་ཤིང་འོད་ལའོ། །ཨོཾ་ཨགྣ་ ཡ་སྭཱ་ཧཱ། མར་ཞལ་དུའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་ཕྱག་ཏུའོ། །སརྦ་སཾ་པ་དེ་ཞོ་དང་འབྲས་ཆན་ཕྱག་ཏུའོ། །ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། ཀུ་ཤ་གཙུག་ཏུའོ། །བཛྲ་ཨཱ་ཡུ་ཥེ། དཱུར་བ་གཙུག་ཏོར་དུའོ། །མ་ཧཱ་བེ་གཱ་ཡ། ནས་ཞལ་དུའོ། །མ་ ཧཱ་གྷསྨ་རེ། གྲོ་ཞལ་དུའོ། །མ་ཧཱ་བ་ལ། སྲན་མ་ཞལ་དུའོ། །མ་ཧཱ་པུཥྚ་ཡ། འབྲས་སོ་བ་ཞལ་དུའོ། །མ་ཧཱ་ཤྲ་ཡ་ཨ་མ་པོ་ཏི། ཞེས་བྱ་བས། ཛཱ་ཏི་པ་ལ་དང་། ཏརྐ་དང་། བིལ་བ་རྣམས་ཞལ་དུ། རྫས་ཐམས་ཅད་མེ་ལྷའི་སྔགས་ཀྱིས་བསྲེག་པར་བྱའོ། །ཨུ་དུམྺཱ་ར་ ལ་སོགས་མིང་དང་ཐོག་མ་ཐ་མར་བརྒྱན་ཏེ་བསྲེག་པར་བྱའོ། །དྲི་དང་། མེ་ཏོག་དང་། སྤོས་དང་། མར་མེ་དང་མཆོད་ཡོན་རྣམས་ནི་སོ་སོར་དབུལ་བར་བྱའོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱཾ་མ་མ་ཧཱུཾ་ཕཊ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མེ་ལྷ་གཟི་བརྗིད་སྐྱེད་པའི་ དགང་བླུགས་ཕུལ་བ། མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་མེ་ལྷའི་ཐུགས་ཀར་དཀྱིལ་འཁོར་པའམ་ལྷ་རྣམས་དཀར་པོ་ལ་སོགས་པར་བསྐྱེད་པ་ལས་འོད་ཟེར་འཕྲོས་པ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། དེ་བཞིན་གཤེགས་པའི་གདུང་དང་། རྡོ་རྗེའི་གདུང་དང་། པདྨའི་གདུང་དང་། གླང་པོའི་གདུང་དང་། གཞོན་ནུའི་གདུང་དང་། ཀླུའི་གདུང་དང་། འདུས་པའི་གདུང་དང་། དེ་བཞིན་གཤེགས་པ་མ་ལུས་པ་དང་། རྒྱལ་བའི་རྡོ་རྗེ་གཞན་གྱིས་མི་ཐུབ་མ། །གཏུམ་ཆེན་སྟོབས་ཆེན་འབར་བ་མོ། །བགེགས་ཚོགས་འཇོམས་མ་གཤེགས་སུ་ གསོལ། །བསང་གཏོར་ཕུལ་ཏེ་མཆོད་ཡོན་གྱིས་སྤྱན་དྲངས་ལ་སྔགས་དང་ཕྱག་རྒྱས་བརྟན་པར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་འབྱུང་བའི་རིམ་པ་བརྗོད་པར་བྱའོ། །དེ་ནས་གོང་མ་བཞིན་དུ་དགང་བླུགས་དང་སྲེག་བླུགས་དབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ། ཨ་མུ་ཀཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་སྙིང་པོའམ་ཉེ་བའི་སྙིང་པོའམ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨུཥྞཱི་ཥཱ་ཡ་ཤུདྡྷེ་བི་ར་ཙི་བི་མ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་སམ། རྫས་སོ་སོའི་སྔགས་རྣམས་ཀྱི་ཁྱད་པར་གྱིས་དཀྱིལ་འཁོར་པའམ། ལྷ་རྣམས་ཚིམ་པར་བྱ་སྟེ། སྡིག་ པ་སྲེག་པའི་སྔགས་ཀྱིས་བསྲེག་པར་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ལ་སྨོན་ལམ་གདབ་བོ། །བདག་གིས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་དང་བཅས་པ་ཇི་ལྟར་ཚོགས་པའི་མཆོད་པ་དང་། སྦྱིན་སྲེག་རྣམས་ཀྱིས་མཆོད་པས། བདག་མིང་འདི་ ཞེས་བགྱི་བ་དང་། སེམས་ཅན་ཐམས་ཅད་སྒྲིབ་པ་གཉིས་བྱང་ནས། ཚོགས་གཉིས་རྫོགས་ཏེ། ཚེ་འདི་ཉིད་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་དང་བཅས་པ་ལ། ཕྲིན་ལས་སུ་གསོལ་བ་ནི། བདག་ དང་ཡོན་གྱི་བདག་པོ་རྣམས་ལ་ནད་ཀྱི་རིགས་སུ་གྱུར་པ་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལས་གྱུར་པ་ཐམས་ཅད་ཞི་བར་མཛོད་ཅིག །གདོན་གྱི་རིགས་སུ་གྱུར་པ་གདོན་སྟོང་ཕྲག་བརྒྱད་ཅུ་ལས་ཐར་བར་མཛོད་ཅིག །འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་ཐམས་ཅད་ཞི་བར་མཛད་ དུ་གསོལ། བཟོད་པར་གསོལ་བ་ནི། བདག་སྙིགས་མ་ལྔའི་དུས་ཀྱི་སེམས་ཅན་དུ་གྱུར་པས་ཡོ་བྱད་མ་ཚོགས་པ་དང་། བདག་ལས་དང་པོ་པར་གྱུར་པས་སེམས་ལ་དབང་མ་ཐོབ་སྟེ། བྱིང་བ་དང་རྒོད་པའི་དབང་གིས་མི་གསལ་བ་དང་། ཆོ་ག་ཉམས་ཏེ་ ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པ་ཆེན་པོ་མཛད་དུ་གསོལ་ལོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་ཏེ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །གཏན་དུ་གཤེགས་པ་མ་ལགས་པས། །སླར་ཡང་འབྱོན་པར་མཛད་དུ་ གསོལ། །མུཿགཙྪ་ཞེས་པས་གཤེགས་སུ་གསོལ་ལོ། །མཇུག་ཏུ་མེ་ལྷ་མཆོད་པ་དང་། ལས་བསྒྲུབ་པའི་སྦྱིན་སྲེག་བྱ་སྟེ། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག་གྱུར་པ། །ཡེ་ཤེས་མཆོག་གིས་ཉོན་མོངས་ ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་ཕྱག་འཚལ་བསྟོད། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །ཚངས་པའི་སྲས་ལ་ཕྱག་འཚལ་འདུད། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་གཤེགས་ཏེ། བསྐྱེད་པ་མེ་འབར་བ་ལ་བལྟས་ཏེ། ཨོཾ་མ་མ་ཧཱུཾ་ནི་སརྦ་ད་ཧ་ན་བཛྲཱ་ཡ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་བརྒྱའམ་སྟོང་ངམ་ཁྲིའམ་འབུམ་མམ། ཇི་སྲིད་ནུས་པས་བསྲེག་པར་བྱའོ། །བདག་གི་ཆོ་གའི་རིམ་པ་འདིས། །ལྷག་པའི་ལྷ་རྣམས་མཉེས་བྱ་སྟེ། །སྲིད་པའི་བརྩོན་ རར་ཉམ་ཐག་པའི། །འགྲོ་ཀུན་སྲིད་མཚོ་བརྒལ་བར་ཤོག །འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག། །སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ་ཨ་པ་རཱ་ཛི་ཏ་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། འཕགས་མ་གདུགས་དཀར་མོ་ཅན་ལ་ ཕྱག་འཚལ་ལོ། །འཇིགས་པ་བརྒྱད་ལ་སོགས་པ་ལས་ཐར་ཞིང་། །རང་གི་དོན་ལས་གཞན་འདོད་གཙོར་མཛད་པའི། །བླ་མ་སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །དཀྱིལ་འཁོར་ཆོ་ག་ཕྱི་ཡི་དོན་ལྟར་བརྩམ། །དེ་ལ་དང་པོར་བླ་མ་ནི། །ཆོས་བཅུ་ལ་སོགས་ལྡན་པ་ལ། ། སློབ་མ་དད་ལྡན་ལྷ་ལ་གུས། །རིགས་ལྡན་དེ་ཡིས་གསོལ་གསུམ་གདབ། །དེ་ནས་བླ་མས་དཀྱིལ་འཁོར་གྱི། །རྫས་དང་ཡོ་བྱད་ཚོགས་པ་བྲི། །ཚོགས་ནས་བསྙེན་པ་ལ་འཇུག་བྱ། །གནས་ཁང་དབེན་ཞིང་ཉམས་དགའ་བ། །མཎྜལ་ཆག་ཆག་མཆོད་སོགས་དགྲམ། ། བྱང་ཆུབ་སེམས་བསྐྱེད་ལྡན་པ་ཡིས། །བདུན་པོ་རྣམ་དག་སྔོན་འགྲོ་བས། །རང་ཉིད་ལྷ་མོའི་འཁོར་ལོར་བསམ། །ནང་གི་དཀྱིལ་འཁོར་ཆོ་ག་ལས། །ཇི་ལྟར་འབྱུང་པོ་བསྐྱེད་པར་བྱ། །དེ་ནས་གསང་སྔགས་བཟླས་པ་ནི། །རང་གི་སྙིང་གར་རབ་བཀོད་ལ། །སྙིང་པོ་འབུམ་ དུ་ཕྲིན་ལས་བཞི། །ཇི་ལྟར་རིགས་པས་བཟླས་པར་བྱ། །ཡང་ན་དུས་དང་མཚན་མ་དང་། །ནུས་ལྡན་རིགས་པས་སྦྱར་བར་བྱ། །འཁོར་གྱི་སྔགས་ཀྱང་འདུས་པར་བཞེད། །དེ་ནི་བསྙེན་པའི་ཆོ་གའོ། །ད་ནི་ས་ཆོག་བྱ་བ་ལ། །དང་པོར་ཕྱི་དང་ནང་དང་ནི། །ཕྱོགས་དང་ དབྱིབས་དང་ཁ་དོག་དང་། །འབྱུང་ཁུངས་ལ་སོགས་རིགས་ཀྱིས་བརྟག །དེ་ནས་འཇིག་རྟེན་རྒྱལ་པོའམ། །བློན་པོ་བདག་པོ་ཅི་རིགས་པར། །མངོན་པ་བདག་པོ་ཚིག་གིས་བླང་། །མི་མངོན་པར་གྱུར་ས་གཞི་ནི། །ལྷ་དང་ས་ཡི་ལྷ་མོ་ལ། །བླངས་ཏེ་རྨི་ལམ་ལ་སོགས་ པས། །བརྟག་པའི་ཆོ་ག་རྒྱས་པར་བྱའོ། །ས་བདག་ལ་ནི་མི་གནོད་པར། །རིམ་པས་བརྐོས་ལ་ཉེས་པ་བསལ། །རྣམ་ལྔ་དང་བསྲེས་འཐས་པར་བཅག །ཡང་ན་འཇིག་རྟེན་གསུམ་འདུལ་གྱི། །སྔགས་སམ་ལས་ཀྱི་བུམ་པའི་ཆུས། །ཉེས་པ་མ་ལུས་དག་པར་བྱ། །ཡང་ན་ ལྷ་མོའི་རང་སྔགས་ཀྱིས། །དག་པར་བྱས་པས་གདོན་དང་ནི། །ཟུག་རྔུའི་ཉེས་པ་དག་པར་བྱ། །ཡང་ན་འབྱུང་བ་རིམ་བརྩེགས་དང་། །རང་གི་སྔགས་ཀྱིས་གཟུང་བར་བྱ། །རཀྵའི་སྔགས་སམ་རང་ཉིད་ནི། །འཕགས་མར་བྱས་ཏེ་གསོལ་བ་གདབ། །དེ་ནས་ཆོ་ག་རིམ་པ་ཡིས། ། བསྐྱེད་ལ་ཕྱོགས་བཞིར་སློབ་མ་ཡང་། །ལྷ་མོ་བཞི་ཡི་བསྐྱེད་རིམ་གྱིས། །ཚིག་ནི་འདི་སྐད་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ལ་ཡང་དག་བྱུང་། །འཕགས་མའི་ དཀྱིལ་འཁོར་དམ་པ་གསུངས། །ཞེས་པ་བརྗོད་པར་བྱའོ། །ཡང་ན་ཚིགས་བཅད་བརྗོད་པར་བྱ། །དེ་ནས་བླ་མས་འཁོར་ལོ་ནམ་མཁའ་ལ་བཏེག་ལ་རང་ཉིད་ཁྲོས་པའི་གཟུགས། མཾ་ཊཾ་ལས་ནི་མིག་ཉི་ཟླ། །ཧཱུཾ་ལས་རྐང་པ་རྡོ་རྗེར་བྱ། །འགྱིང་བཅས་རྡོ་རྗེ་གསོར་བ་ནི། །གར་ གྱི་ཚུལ་གྱིས་འདི་སྐད་བརྗོད། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་གང་ཞིག་འདའ་འདོད་ན། །རྡོ་རྗེ་འབར་བའི་ལུས་ཀྱིས་ནི། །ལུས་གསུམ་ལས་ གསུམ་དག་བྱས་ཏེ། །འདི་ནི་དེ་གཞོམ་གཞན་དུ་མིན། །ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀྩིཏྟ་ཧཱུཾ་ཕཊ། ཅེས་བརྗོད་ལ། བགེགས་མེད་བྱ་ཕྱིར་བགེགས་དགྲ་ནི། །ཕུར་བུའི་ གཟུགས་ཀྱིས་གདབ་པར་བྱ། །དེ་ནས་ལྷ་ཡི་ཚོགས་དང་ནི། །གཏོར་མ་མཆོད་པས་ཚིམ་བྱ་སྟེ། །རབ་བསྲུང་གནས་སུ་བསྲུང་བར་བྱ། །དེ་ནས་ས་ལ་ལག་པ་ནི། །ལན་གསུམ་བརྡབས་པས་ལྷ་མོ་ནི། །ལང་ཚོ་ལྡན་པས་བསམས་ཏེ་ནི། །བྱིན་བརླབས་ཡེ་ཤེས་གཞུག་པ་ དང་། །མཆོད་བསྟོད་བྱས་ལ་འདི་སྐད་བརྗོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕར་ཕྱིན་ལམ་ལ་ནི། །ལྷ་མོ་ཁྱོད་ནི་དཔང་གྱུར་ཏེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་སྡེ་བཅོམ་པ་ལྟར། །དེ་བཞིན་བདག་གིས་བདུད་ ཀྱི་སྟོབས། །ཕམ་པར་བྱ་སྟེ་དཀྱིལ་འཁོར་བྲི། །ལྷ་མོས་གསོལ་ཏེ་ཐིམ་པར་བསམ། །དེ་ནས་དྲི་ཡི་ཐིག་ལེ་དང་། །མཆོད་པ་ལ་སོགས་རྒྱས་པར་བྱ། །དེ་རྗེས་བུམ་པ་རྣམ་པ་དྲུག །གསེར་དངུལ་རིན་ཆེན་ལས་བྱས་པའམ། །ས་ལས་བྱས་པ་མགྲིན་ཕྲ་བའོ། །ལྟོ་བ་ཆེ་ལ་ ནག་པོ་ཡི། །ར་རི་མེད་པའི་རས་ཀྱིས་ནི། །ཁ་བརྒྱན་མཚན་མ་ལེགས་བྲིས་ཏེ། །འབྲུ་དང་རིན་ཆེན་སྨན་ལྔ་དང་། །ལྡན་པར་བྱས་ཏེ་མེ་འོད་དམ། །དྲི་ཡི་ཐིག་ལེའི་སྟེང་དུ་གཞག །དེ་ནས་སློབ་མ་རྒྱན་དང་ནི། །ཁ་དོག་ལྡན་པའི་རིགས་བཟང་དང་། །བདེ་གཤེགས་གསང་ སྔགས་བསྒྲུབ་བརྩོན་པ། །དོན་སྟོན་དེ་ལ་སྡོམ་པ་དབོག །དགེ་བསྙེན་དགེ་ཚུལ་ལ་སོགས་པ། །རིམ་པས་བྱང་ཆུབ་སེམས་བསྐྱེད་བྱ། །དེ་ནས་སྔགས་ཀྱི་སྡོམ་པ་ཡང་། །སྦྱིན་པས་དང་པོར་འདི་སྐད་བརྗོད། །དཀྱིལ་འཁོར་ཆོ་གའི་འཁོར་ལོ་ནི། །འཁོར་ནི་བཞི་ཆར་ལ་ཡང་ གནང་། །རང་རང་སློབ་དང་ལྡན་པ་ལ། །ཐེག་པ་ཆེན་པོར་སྒྲུབ་བྱེད་པ། །ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །དེ་ལས་གཞན་ཡང་བསོད་ནམས་འདོད། །གཞན་དག་ཕ་རོལ་དོན་དུ་གཉེར། །འཇིག་རྟེན་ཕྱི་མ་མཆོད་བྱ་སྟེ། ། དད་པ་མང་དུ་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་ཙམ་འདོད་མི་བྱ། །ཚེ་འདི་ཙམ་ནི་དོན་གཉེར་བ། །འཇིག་རྟེན་ཕ་རོལ་པ་དེ་མིན། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །ཚེ་འདིའི་འབྲས་ཀྱང་རྒྱས་པར་འབྱུང་། །ཞེས་པས་བླ་མས་སྤྲོ་བ་བསྐྱེད། ། རང་གི་ལུས་ལ་ལེགས་བཅུག་སྟེ། །རང་གི་སྣང་བ་ལས་བྱུང་བ། །ཡེ་ཤེས་སེམས་དཔའི་སྙིང་གར་གཞུག །ལན་གསུམ་བར་དུ་སྦྱང་བར་བྱ། །དེ་ནས་སློབ་མས་བླ་མ་ལ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་ནི་སྟོན་པ་པོ། །བྱང་ཆུབ་ཆེན་པོའི་ཚུལ་ བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ཡང་བདག་ལ་སྩོལ། །ཐར་པ་ཆེན་པོའི་ཚུལ་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་ མཛོད། །ཅེས་པ་ལན་གསུམ་གསོལ་བ་གདབ། །དེ་ནས་བླ་མས་འདི་སྐད་བརྗོད། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ནི་བསྟན་པའི་སྣོད་ཡིན་ནོ། །ཁྱོད་ནི་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་སོགས་ཆོ་ག་ཡིས། །བདུད་ཀྱི་སྡེ་ནི་དྲག་པོ་ཡང་། །དཔུང་ཆེན་མ་ལུས་བཅོམ་པ་སྟེ། །འཇིག་རྟེན་རྗེས་སུ་ འཇུག་ཤེས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་འདོད་པས། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པ་ལན་གསུམ་ཡང་ན་གཅིག །བརྗོད་ལ་ཡན་ལག་བདུན་པ་རྫོགས། །བྱས་ཏེ་བྱང་ཆུབ་སེམས་བསྐྱེད་བྱ། །དེ་ཡི་ཆོ་ག་ལས་བྱུང་བ། ། ཤེས་པར་བྱ་སྟེ་སྦྱིན་པར་བྱ། །དེ་ནས་ཧཱུཾ་ཨཱཿཨོཾ་གྱིས་ནི། །རྡོ་རྗེ་དང་ལྡན་ཐིག་ལེས་མཆོད། །དེ་ནས་རིགས་ཀྱི་སྡོམ་པ་དང་། །བླ་མ་སངས་རྒྱས་དེ་བཞིན་གཤེགས། །ལྷ་མོའི་ཚོགས་རྣམས་ཐམས་ཅད་དང་། །འཕགས་པའི་དགེ་འདུན་བདག་ལ་དགོངས། །བདག་མིང་འདི་ ཞེས་བྱ་བ་ནི། །དུས་འདི་ནས་ཉིད་བཟུང་ནས་སུ། །བྱང་ཆུབ་སྙིང་པོ་ལ་གནས་པར། །སེམས་ཅན་མ་ལུས་པ་ཡི་དོན། །རྫོགས་པར་བྱ་ཕྱིར་སེམས་བསྐྱེད་བྱ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་གནས་པ། །ཚུལ་ཁྲིམས་རྣམ་གསུམ་སྡོམ་པ་དང་། ། དགེ་བའི་ཆོས་ནི་སྦུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །སོ་སོར་བདག་གིས་གཟུང་བར་བྱ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །དེ་ནི་སངས་རྒྱས་རིགས་དག་པའི། །དམ་ ཚིག་ཡིན་པར་རྒྱལ་བས་གསུངས། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་བདག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་ པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། ། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་བསླབ་པ་ལ་སོགས་དང་། །གཉིས་སུ་མེད་པའི་ཚངས་སྤྱོད་དང་། །རང་གི་དམ་ཚིག་བསྲུང་པར་བགྱི། །བདག་གི་བྱ་བའི་ལས་རྣམས་ཀྱི། །སངས་རྒྱས་ཉིད་ནི་བསྒྲུབ་བྱ་སྟེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །མ་བསྒྲལ་ བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་དགྲོལ་བར་བྱ། །དབུགས་མ་ཕྱུང་བ་རྣམས་དབྱུང་བགྱི། །ཐམས་ཅད་བླ་མེད་བྱང་ཆུབ་ཀྱི། །ལམ་ལ་མྱུར་དུ་གནས་པར་བྱའོ། །ལན་གསུམ་དུ་ནི་ཟློས་སུ་གཞུག །དེ་ནས་བྱུར་བསལ་སྡིག་པ་དབྱུང་། །མེ་ཏོག་ཕུལ་ཏེ་སྔགས་ཀྱིས་ནི། ། བརྟན་པར་བྱས་ཏེ་ལས་ཀྱི་སྔགས། །རྒྱལ་ལ་སོགས་པས་བརྗོད་པར་བྱའོ། །སོ་ཤིང་ཨ་ཤྭཏྠ་དང་ནི། །ཨུ་དུམྺཱར་སོགས་མི་འཁྱོག་ཅིང་། །སྲིན་དང་གས་ཆག་མི་སྡུག་མེད། །སོར་བཅུ་གཉིས་པ་མཐེའུ་ཆུང་ཚད། །མེ་ཏོག་ལྡན་པ་འཆར་བཅུག་སྟེ། །བྱང་ཤར་བལྟས་ཏེ་མི་སྨྲ་ བར། །བ་ཀོ་ཙམ་བྱུགས་མཎྜལ་སྟེང་། །ལྟོས་མེད་རང་གི་མདུན་དྲང་བོར། །དེ་ཡི་རྩེ་མོ་བདག་དང་ཉེ། །བལྟས་ན་མཆོག་གི་དངོས་གྲུབ་ཡིན། །ཕྱོགས་དང་མཚམས་སུ་ཁ་བལྟས་ན། །འབྲིང་དང་ཞི་སོགས་ལས་བརྒྱད་འགྲུབ། །ཐུར་བལྟས་ས་འོག་འགྲུབ་པ་སྟེ། །དཀྱིལ་ འཁོར་ཕྱིར་ནི་དངོས་གྲུབ་མེད། །དེ་ནས་དྲི་ཡི་ཆུ་ནི་བཟང་། །བླུགས་ཏེ་སྐྱོར་ཆུ་བླུད་པར་བྱ། །ཨོཾ་ཧྲྀཿབི་ཤུདྡྷཿསརྦ་པཱ་པཾ་ནི་ཙ་སཾ་ཤོ་དྷ་ཡ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ་ཞེས་ལན་གསུམ་བརྗོད་ལ་འཐུང་དུ་གཞུག །ངག་གི་སྒྲིབ་པ་ཐམས་ཅད་འབྱང་། །སྐུད་པ་དམར་པོ་སུམ་བསྒྲིལ་བ། །མདུད་ པ་གསུམ་ལྡན་རང་ལྷར་བྱས། །སྔགས་ཀྱིས་བཏབ་ལ་ལག་པར་བཅིང་། །ཧཱུཾ་ལས་བྱུང་བའི་ཀུ་ཤ་ཡང་། །སྔས་དང་སྟན་དུ་སྦྱིན་པར་བྱ། །དེ་ནས་མཆོད་པ་སྤྲོ་བས་ཆོས། །ལེགས་པར་བཤད་པར་བྱ་བ་སྟེ། །འཇིག་རྟེན་དུ་ནི་ཀུན་མཁྱེན་པ། །ཨུ་དུམྺཱ་རའི་མེ་ཏོག་ལྟར། །བརྒྱ་ ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །སྔགས་ཀྱི་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་རྙེད་པར་དཀའ། །གང་གིས་མཉམ་མེད་སེམས་ཅན་དོན། །བླ་ན་མེད་པར་བྱེད་ནུས་པ། །གཉིས་མེད་ཟབ་མོའི་སྤྱོད་ཡུལ་ནི། །སེམས་ཅན་སངས་རྒྱས་ཐོབ་ བྱེད་པའོ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང་། །དཀྱིལ་འཁོར་བཟང་པོ་འདི་མཐོང་བས། །དེ་དག་ཐམས་ཅད་ཟད་པར་འགྱུར། །ཞེས་པས་ཀུན་ལ་སྤྲོ་བ་བསྐྱེད། །སློབ་མ་དེ་རྣམས་ཀུན་གྱིས་ཀྱང་། །སེང་གེའི་ཉལ་ ཐབས་ལྡན་པས་སུ། །ཀུ་ཤའི་སྟན་ལ་ཉལ་བར་བྱ། །ནང་པར་ལངས་ལ་སྐལ་ལྡན་རྣམས། །ཐར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་དམ་པ་མཐོང་བར་འགྱུར། །ནང་པར་དུས་སུ་ལངས་ནས་ནི། །རྨི་ལམ་མཚན་མ་དྲི་བར་བྱ། །དེས་ཀྱང་བཟང་ངན་མཐོང་བ་རྣམས། །བླ་མའི་ མདུན་དུ་བརྗོད་པར་བྱ། །མཚན་མ་བཟང་བས་དངོས་གྲུབ་འགྲུབ། །ངན་པ་བསྲུང་བ་མེ་ཡི་ནི། །ལས་ཀྱིས་སྡིག་པ་གཞོམ་པར་བྱ། །དེ་ཡི་ཆོ་ག་སྦྱིན་སྲེག་བཞིན། །དེ་ནས་ནམ་མཁར་བཞུགས་པ་ཡི། །དཀྱིལ་འཁོར་སྤྱན་དྲངས་མཆོད་བསྟིམས་ལ། །མཆོད་དང་བསྟོད་པ་ལ་ སོགས་བྱ། །པུས་མོ་གཡས་པ་སར་བཙུགས་ཏེ། །ལག་ཏུ་བདུག་པའི་སྤོས་ཐོགས་ཏེ། །འཕགས་མ་གདུགས་དཀར་ལྷ་མོ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འཚལ་ལགས་ན། །སློབ་མ་རྣམས་ ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་འདས་མར་བདག་ནི་གུས། །དེ་ནི་བཀའ་དྲིན་མཛད་པར་རིགས། །འགྲོ་བའི་འཁོར་ལོ་བྱ་དོན་སྩོལ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་ཡང་གསང་ སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བ་མ་ལུས་དང་། །འབྱུང་པོ་བྱང་ཆུབ་ཉེར་གནས་པ། །གང་དག་རྡོ་རྗེ་སྤྱན་མངའ་བའི། །བསྟན་ལ་མངོན་པར་དགའ་བ་ཀུན། །བདག་ནི་རྡོ་རྗེ་ཆེ་གེ་སྟེ། །འཕགས་མ་གདུགས་དཀར་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཡོ་བྱད་ཀྱིས། ། འགྲོ་བའི་དོན་ཕྱིར་འདྲི་ལགས་ན། །ཐུགས་བརྩེ་བར་ནི་དགོངས་ནས་སུ། །དེང་བདག་སློབ་མར་བཅས་པ་ལ། །དཀྱིལ་འཁོར་ལྷན་ཅིག་གྱུར་པ་ཀུན། །ཉེ་བ་རུ་ནི་མཛད་པར་རིགས། །ལན་གསུམ་ལ་སོགས་བརྗོད་པར་བྱ། །སློབ་དཔོན་མཚན་ཉིད་བཟང་ལྡན་པས། །རྣལ་འབྱོར་ རྫོགས་པས་སྔར་ལངས་ཏེ། །སྡིག་འཇོམས་དཀྱིལ་འཁོར་བྲི་བའི་ཕྱིར། །དཀྱིལ་འཁོར་བཏེག་ལ་ཐིག་ལས་བྱ། །རས་བལ་ལ་སོགས་ཉེས་མེད་ལ། །ཚོན་ལྔས་ལེགས་བསྒྱུར་རིན་ཆེན་སྣོད། །རིགས་ལྔའི་ས་བོན་ལས་བསྐྱེད་དེ། །བྱིན་རླབས་དབང་རྣམས་རྫོགས་པར་ བྱའོ། །ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔར་སྤ་ར་ཨ་ནུ་ག་ཏེ་སརྦ་དྷརྨཱཿཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཞེས་བརྗོད་ལྔ་པོ་གཅིག་ཏུ་བསྒྲིལ། །ཚད་ནི་ཉིས་འགྱུར་ལ་སོགས་བྱ། །དེ་ནས་དྲི་བཟངས་ཀྱིས་སྦགས་ཏེ། །ཡེ་ཤེས་ཐིག་ནི་མཁས་པས་གདབ། །བླ་མས་སློབ་མ་ཛ་ཡིས་ སྦྱིན། །དེ་ཉིད་སུམ་འགྱུར་གྱིས་བླངས་ཏེ། །ཐིག་སྒྲས་སེམས་ཅན་དོན་དུ་ནི། །སངས་རྒྱས་མང་པོ་བསྐུལ་བསམ་བྱ། །བླ་མ་ནུབ་སྟེ་ཤར་བལྟས་ནས། །སློབ་མ་ནུབ་བལྟས་ཚངས་ཐིག་གདབ། །དེ་ལྟར་གཡས་སྐོར་གཉིས་བཏབ་ལ། །ཟུར་དང་ལོགས་སོགས་ཐིག་གི་ ཆ། །བླ་མའི་མན་ངག་ལྟར་བྱའོ། །ཕུར་བུ་བཙུགས་ལ་བསྐོར་བར་བྱ། །མཚན་མིན་པས་ནི་དངོས་མིན་འགྱུར། །ཐིག་སྐུད་ཆད་ན་བླ་མ་འཆི། །ལྷག་དང་ཆད་ལས་ནད་དུ་འགྱུར། །ཕྱོགས་འཁྲུལ་བས་ནི་སློབ་མའོ། །ཟུར་བཞི་སྒོ་བཞི་རྟ་བབས་བཞི། །དོ་ཤལ་སོགས་ ཀྱིས་སྤྲས་པ་སྟེ། །སྒོ་ཁྱུད་རིན་ཆེན་རྡོ་རྗེ་དང་། །རླུང་གིས་བསྐྱོད་པའི་དྲིལ་བུར་བཅས། །མཆོད་ཅིང་བཀྲ་ཤིས་རྫས་ཀྱིས་བརྒྱན། །དེ་ལྟར་མཛེས་པས་ལྷག་ཆད་སྤང་། །དེ་ནས་ཚོན་གྱི་ལས་བྱ་བ། །རིན་ཆེན་ལྔའམ་འབྱུང་ཁུངས་སམ། །ཡང་ན་ལེགས་པར་བྱས་པ་ཡི། ། ཁ་དོག་ལྔ་ནི་རིན་ཆེན་སྣོད། །བཞག་ལ་རིགས་ལྔའི་ས་བོན་སྣོད། །བསྐྱེད་ཅིང་བསྟིམས་ལ་ཡེ་ཤེས་དགུག །གནས་གསུམ་བརླབ་ཅིང་མཆོད་བསྟོད་ལ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་སོགས་བརྒྱ་ལ་སོགས་པ་བཟླས། །དེ་ནས་བླ་མས་དབང་ལྡན་ལ། །སོགས་པའི་ མཚམས་ནས་གཡས་སྐོར་དུ། །མཛུབ་རེ་སྙོམས་པར་དྲང་བར་བྱ། །སྔོ་དང་སེར་དང་དམར་དང་ལྗང་། །དཀར་པོ་ནང་དུ་རིམ་པས་སོ། །མཉམ་ཞིང་མི་ཡོ་མ་ཆད་པ། །བྲིས་ཏེ་རིན་ཆེན་སྣོད་ཀྱིས་དགབ། །མེ་ཏོག་དོར་ལ་སློབ་མས་ཀྱང་། །ཅི་རིགས་པར་ནི་སྐྱོན་སྤངས་བྲི། ། སྦོམ་ཕྲས་ནད་དང་ནོར་ཟད་བྱེད། །ཆད་ན་སློབ་དཔོན་སློབ་མ་འཆི། །ཡོན་པོས་ཐམས་ཅད་ཀྱིས་སྡང་འགྱུར། །ཤར་དཀར་ལྷོ་སེར་ནུབ་བྱང་ནི། །ལྗང་གུའི་རྣམ་པ་ཤས་ཆེའོ། །དབུས་ཀྱི་པདྨའི་ལྟེ་བ་ལ། །གདུགས་དང་རྡོ་རྗེ་བྲི་བར་བྱ། །དེ་ཡི་ཕྱི་རིམ་ འཁོར་ལོའི་ཆ། །དཀར་པོར་གནས་ལ་ཤར་རྩིབས་ལ། །པད་སྡོང་ཕྲེང་བའི་རྣམ་པ་དགོད། །ལྷོར་ནི་རིན་ཆེན་དབྱུག་པ་ལ། །སྤོས་སྣོད་རྡོ་རྗེ་ལུ་གུ་རྒྱུད། །ནུབ་ཏུ་རྡོ་རྗེའི་རྣམ་པ་ལ། །བྱང་དུ་རྒྱ་གྲམ་དགོད་པར་བྱ། །ཤར་དང་ནུབ་ཏུ་སྐྱབས་སྦྱིན་ནོ། །གྲུ་ཆད་དམར་པོ་ལ་སོགས་ ཏེ། །སྒོ་ལ་ལྕགས་ཀྱུ་ལ་སོགས་དགོད། །ལྷ་ཡི་སྣམ་བུ་དག་ལ་ཡང་། །ཕྱོགས་སྐྱོང་མཚན་མ་རིམ་པས་སོ། །ཚོན་གྱི་རིམ་པ་རྒྱས་པར་བྱ། །དེ་ནས་ལྷ་ནི་མཉེས་བྱ་དང་། །སློབ་མའི་སྡིག་པ་གཞོམ་པའི་ཕྱིར། །མགོན་པོའི་ཆོ་གས་སྦྱིན་སྲེག་བྱ། །གཟར་བུའི་ཚད་དང་ཐབ་ དང་རྫས། །དེ་རྣམས་གཞན་ལས་འབྱུང་བཞིན་བྱའོ། །དེ་ལྟར་ཐམས་ཅད་རྫོགས་པ་དང་། །ལུས་བཀྲུས་དྲི་ཞིམ་ཆུས་བྱུགས་ཏེ། །རྒྱན་ལྡན་པས་ནི་མཆོད་རྫས་ཐོགས། །བསྐོར་བ་བྱས་ལ་སློབ་དཔོན་ནི། །ལྷ་མོར་བྱས་ཏེ་ཧཱུཾ་སྒྲ་ཡིས། །རྡོར་དྲིལ་ལྡན་པས་ནང་ཞུགས་ལ། ། དབུས་ནས་སྒོ་ཡི་རིམ་པས་སུ། །དབྱེ་བ་བྱས་ཏེ་བུམ་པ་སོགས། །རང་རང་གནས་སུ་དགོད་པར་བྱའོ། །མཆོད་པའི་ཚོགས་ཀྱང་མ་ལུས་པས། །མཛེས་བྱས་བླ་མ་དམ་པ་ཡིས། །དཀྱིལ་འཁོར་ལྷ་རྣམས་རྫོགས་པར་བསྐྱེད། །གཞུག་དང་བྱིན་རླབས་དབང་བསྐུར་གསོལ། །བྱས་ ལ་མཆོད་བསྟོད་སྟོན་མོ་བྱ། །དེ་ནས་རྩ་བའི་ལྷ་དང་ནི། །ལེགས་ལྡན་ལ་སོགས་ལྷ་རྣམས་ལ། །མཐུན་པའི་གཏོར་མ་ཆེན་པོ་རྣམས། །ཆོ་ག་མན་ངག་ལྡན་པས་སྦྱིན། །དེ་ནས་སློབ་མ་དབང་འདོད་ན། །ལྷ་ལས་ཐ་དད་དབྱེ་བྱས་ཏེ། །སློབ་མ་འཇུག་ཚུལ་དབང་བསྐུར་རིམ། ། དང་པོ་དཔའ་བོས་བླང་བར་བྱ། །དེ་ནས་སློབ་མ་རྒྱན་ལྡན་ཞིང་། །མཛེས་པའི་གདོང་ཡང་དར་གྱིས་ནི། །བཀབ་སྟེ་ལག་པར་མེ་ཏོག་ལྡན། །མཁས་པས་ཁྲིད་ནས་ཡོལ་བའི་བར། །བཞག་སྟེ་བླ་མས་ཀུ་ཤ་ཡིས། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །དྲིས་ཏེ་བདག་ནི་སྐལ་ པ་བཟང་། །གདུགས་དཀར་ལྷ་ལ་བདག་དགའོ། །དེ་ནས་སློབ་མས་བླ་མ་ལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོར་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་ པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་བླ་མས་འདི་སྐད་བརྗོད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ལྷ་མོ་གདུགས་དཀར་ཅན་གྱི་གནས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །དད་པས་ ཕྱག་ནི་བྱ་བ་སྟེ། །ཨོཾ་ན་མ་སྟེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། དེ་ནས་སློབ་མ་ཁྲུས་བྱས་ཏེ། ཤར་གྱི་སྒོ་རུ་གནས་པ་ལ། །དེ་ནས་མེ་ཏོག་བཅས་པ་ཡིས། །བླ་མ་ལ་ནི་གསོལ་བ་གདབ། །དམ་ཚིག་དེ་ནི་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་བྱ་ བླ་མས་དེ་ལ་ནི། །སངས་རྒྱས་ཆོས་དང་དགེ་འདུན་སོགས། །གོང་དུ་བཤད་པའི་སྡོམ་པ་སྦྱིན། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། །སེམས་བསྐྱེད་མེ་ཏོག་དང་བཅས་པ། །སྙིང་གར་བཞག་སྟེ་སྔགས་འདི་བརྗོད། །ཨོཾ་སུ་ར་སྟེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། །ཨོཾ་ཨ་ཁཾ་ བཱི་ར་ཧཱུཾ་ཞེས་པས་སློབ་མ་དཀྱིལ་འཁོར་དུ་གཞུག་སྟེ། སློབ་དཔོན་ཚིག་འདི་བརྗོད་པར་བྱ། །དེང་ཁྱོད་ལྷ་མོ་དང་རི་ཁྲོད་པ་རྣམས་ཀྱི་རིགས་སུ་འགྱུར་གྱིས། ངས་གདུགས་དཀར་མོའི་སེམས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། གདུགས་ དཀར་ཅན་དང་རི་ཁྲོད་མ་རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ལ། དངོས་གྲུབ་གཞན་ལྟ་ཅི་སྨོས་ཀྱི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། །དེ་ལ་འཁོར་ལོ་གཞུག་བྱ་སྟེ། །ལག་གིས་རྡོ་རྗེ་སྤྱིར་བཞག་ནས། ། འདི་ནི་སུ་ཡང་རུང་བ་ལ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིས། །རང་གི་མགོ་བོ་འགས་པར་འགྱུར། །དེ་ནས་བདུད་རྩི་ཆུ་བླུགས་ཏེ། །འཐུང་དུ་བཅུག་སྟེ་འདི་སྐད་བརྗོད། །ལྷ་མོ་ཆེན་པོ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་དི་རིང་ཞུགས། །གལ་ཏེ་ ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུད་ཀ་ཋ་ཨོཾ་ཨཱཿཧཱུཾ། དེང་ནས་ཁྱོད་ཀྱི་གདུགས་དཀར་ཅན་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྷུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དེ་ནས་ སློབ་མའི་གཙོ་བོ་དེས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་དབབ་ཏུ་གསོལ། །དེ་ནས་བླ་མས་སློབ་མ་ལ། །ལུས་ངག་ཡིད་གསུམ་འབྱུང་བ་ཡི། །འཁོར་ལོར་མདོམས་སུ་ཡི་གེ་ཛྷེ། །དམར་བ་བསམས་ཏེ་འོད་ཟེར་ གྱིས། །ལུས་ཀྱི་རྡུལ་དང་མཉམ་པ་ཡི། །སངས་རྒྱས་བཀུག་ལ་བསྟིམ་དེ་ནི། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཞེས་བྱའོ། །ཡང་ན་ཨཱ་བེ་ཤ་ཡ་ཏོ་ཥ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛྷེ། ཞེས་བརྗོད་འགྱིང་བ་དང་བཅས་པས། རྫས་ཀྱི་བདུག་པས་ལེགས་བདུགས་ཏེ། །དྲིལ་ བུའི་སྒྲ་དང་ཨ་ན་ལེའི། །སྔགས་ཀྱང་ཅི་མང་དག་ཏུ་བཟླས། །བབས་གྱུར་ལྕེ་ལ་ཡི་གེ་ཨ། །དམར་པོ་བསམས་ཏེ་དགེ་མི་དགེ །སྨྲོས་ཤིག་བུ་ཀུན་ཉམས་མྱོང་ཞིང་། །དྲིས་ལ་བབས་པ་བརྟན་བྱའི་ཕྱིར། །ཏིཥྛ་བཛྲ་ཧཱུཾ་ཞེས་བརྟན་པར་བྱའོ། །དེ་ནས་རྡོ་རྗེས་ཁྲིད་ནས་སུ། །ཤར་ སྒོ་ནས་ནི་འདི་སྐད་བརྗོད། །འདིར་ནི་བསོད་ནམས་ཇི་ལྟ་བར། །རིགས་ཀྱི་རིམ་བཞིན་འདི་ཡི་ལྷ། །འདིས་ནི་དངོས་གྲུབ་གང་ཡིན་པ། །རིགས་ནི་གང་གི་སྣོད་དུ་འགྱུར། །དེ་ཡི་བསོད་ནམས་གང་ཡིན་ལས། །དཀྱིལ་འཁོར་དུ་ནི་དེ་བཞིན་འགྱུར། །སློབ་མའི་མེ་ཏོག་ཕྲེང་བ་ དེ། །པྲ་ཏཱིཙྪ་བཛྲ་ཧོ། །ཞེས་པས་མེ་ཏོག་ལྷ་ལ་དོར། །ལྷ་ནི་གང་ལ་ཕོག་པ་དང་། །འགྲུབ་འགྱུར་སྔགས་འདིས་མགོ་ལ་བཅིང་། །པྲ་ཏི་གྲྀཧྣ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། །དེ་ནས་ལག་པ་ནས་བཟུང་སྟེ། །མིག་གཉིས་སུ་ནི་ཨོཾ་བསམས་ལ། །རྡོ་རྗེ་སེམས་དཔའ་དེང་ ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཎི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་པས་གདོང་གཡོགས་བཀྲོལ་ནས་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་ གདུགས་དཀར་རིགས་སུ་གྱུར། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །འགྲོ་བའི་ཕུན་སུམ་ཚོགས་པ་ཀུན། །དངོས་གྲུབ་ཀུན་ཁྱོད་དངོས་སུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་མེ་ཏོག་ལྷུང་བའི་ལྷ། །བསྟན་དང་ ལྷ་གཞན་ཐམས་ཅད་དང་། །དཀྱིལ་འཁོར་དེ་ཉིད་རྫོགས་པར་བསྟན། །དེ་ནས་སློབ་མ་དད་ལྡན་པས། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །ཡོན་དབུལ་དབང་བསྐུར་གསོལ་བ་གདབ། །གདུགས་དཀར་ཅན་གྱི་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་རྡོ་རྗེ་ཅན། །དེ་ལྟར་ཡོན་ཏན་ ཀུན་འབྱུང་བ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ཅེས་པ་བྱས་ཏེ་དབང་སྦྱིན་ཕྱིར། །ཡུངས་ཀར་སྔགས་ཀྱིས་བགེགས་བཟློག་ལ། །ཁྲུས་བྱས་རྒྱན་ལྡན་ཤར་སྒོ་ཡི། །ཁྲི་ལ་འདུག་ལ་མེ་ཏོག་ནི། །སྔགས་ཀྱིས་ལྷ་ལ་དབུལ་བར་བྱ། །ཨོཾ་པྲ་ཏཱིཙྪ་ཧོ། བླངས་ཏེ་མགོར་ བཅིངས་སྔགས་འདི་བརྗོད། །ཨོཾ་དྷརྨ་ཀུནྡ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་དོ། །མེ་ཏོག་ཕྲེང་བའི་དབང་འདི་ཡིས། །འདོད་ལྷའི་དངོས་གྲུབ་མྱུར་རྫོགས་ཏེ། །པདྨ་ཅན་གྱི་ཞིང་སོགས་སུ། །སངས་རྒྱས་ཉིད་དང་མཉམ་པར་ཤོག །རྣམ་རྒྱལ་བུམ་པ་ལ་སོགས་ནས། །ལས་ཀྱི་བུམ་པར་ ཆུ་བསྡུས་ཏེ། །སློབ་མ་མི་བསྐྱོད་པར་བྱས་ལ། །གླུ་དང་རོལ་མོའི་སྒྲ་དང་ནི། །མཆོད་པའི་ཚོགས་ཀྱིས་ཆུ་བླུགས་ཤིང་། །ཨོཾ་བཛྲ་ཨ་བྷི་ཥིཉྩ། ལྷ་མོ་རྣམས་ཀྱི་བདུད་རྩིའི་ཆུ། །བག་ཆགས་ཐམས་ཅད་དག་བྱེད་པ། །ཆུ་ཡི་དབང་བསྐུར་དམ་པ་འདིས། །ཉོན་མོངས་ཐམས་ཅད་དག་གྱུར་ ཅིག །ལུགས་འབྱུང་བྲིས་པའི་དབུ་རྒྱན་ལ། །རིན་ཆེན་འབྱུང་ལྡན་བཅུག་ནས་ནི། །བསྐོན་ལ་དར་དཔྱངས་ཀྱིས་བཅིངས་ལ། ཨོཾ་པཊྚ་བཛྲ་ཨ་རལླི་ཧོ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །བདེ་གཤེགས་ཀུན་གྱིས་བསྔགས་པ་དང་། །རིན་ཆེན་དབུ་རྒྱན་དམ་པ་དང་། །དར་ དཔྱངས་དབུ་རྒྱན་དབང་བསྐུར་རོ། །གསེར་སོགས་ཚད་ལྡན་རྡོ་རྗེ་ལ། །སྣང་བ་མཐའ་ཡས་བཀུག་བསྟིམས་ཏེ། །སློབ་མའི་ལག་གཏད་སྔགས་འདི་བརྗོད། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་ བསྐུར་བ། །སངས་རྒྱས་ཐམས་ཅད་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལང་། །དྲིལ་བུ་ལྡོག་པའི་ཚད་ལྡན་ལ། །དོན་ཡོད་གྲུབ་པར་བྱས་ནས་ནི། །ལག་པ་གཡོན་སྦྱིན་སྔགས་འདི་བརྗོད། །ཨོཾ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ། །འདི་ལྟར་སངས་རྒྱས་ཐམས་ཅད་ ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །དེ་ཚེ་དྲིལ་བུ་སྒྲ་སྒྲོགས་ཏེ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ཡིས། །མཆོག་གི་སྲིད་པ་ བྱེད་པར་འགྱུར། །ཁ་ཅིག་མིང་དང་ཕྱིར་མི་ལྡོག །དབང་ཡང་སྦྱིན་པར་བྱེད་པ་ཡོད། །དེ་ནི་ཐུན་མོང་དབང་ཡིན་ནོ། །ཁྱད་པར་དབང་བསྐུར་བསྟན་པ་ནི། །གཟུངས་དང་འཁོར་ལོ་ཕྱག་མཚན་དང་། །ལེགས་ལྡན་དབང་དང་བཀྲ་ཤིས་ཀྱི། །རྫས་དང་རིན་ཆེན་ཉ་རིན་ཆེན། །སེང་ གེ་མདའ་གཞུ་རལ་གྲི་དང་། །མཐུན་པར་སྐུ་ཡི་དབང་ཡང་བསྐུར། །དེ་ནས་བྱབ་བསྲུང་བྱ་བ་དང་། །མཚོན་གྱིས་བྲབ་དང་སྲུང་སྐུད་གདགས། །ཕུར་བུས་གདབ་དང་བཟླས་པ་ཡི། །སྣང་བ་བཞིན་དང་སྲུང་འཁོར་གྱི། །ཆོ་གས་ལེགས་པར་གདགས་པར་བྱ། །མཆོད་བྱས་ལྷ་ རྣམས་གཤེགས་བྱ་སྟེ། །བྲབ་པའི་ལྷག་མ་ཆུ་བོར་དོར། །རྣམ་ལྔས་ཐིག་དབྱི་ལ་སོགས་བྱ། །རང་གིས་ལེགས་པར་རྟོགས་པ་ཡི། །གདུགས་དཀར་དཀྱིལ་འཁོར་ཆོ་ག་འདི། །བླ་མའི་དྲིན་གྱིས་བྱུང་བ་སྟེ། །བསྡུས་བྱས་རྒྱས་པ་མ་ཡིན་པས། །མཁས་རྣམས་ལྷ་ལ་བཟོད་ པར་བྱ། །དེ་ལས་བྱུང་བའི་དགེ་ཚོགས་ཟླ་བའི་འོད་ལྟར་བསིལ་བ་དེས། །མྱོས་བྱེད་སྐྱེ་བོའི་ཚོགས་རྣམས་གདུང་བ་བསིལ་བར་གྱུར་ནས་ཀྱང་། །རང་གི་འདོད་པའི་ལྷ་མོ་ཉིད་དང་མཚུངས་པའི་སློབ་མངའ་རྟོགས་གྱུར་ཅིག །བཅོམ་ལྡན་འདས་གཙུག་ཏོར་གདུགས་དཀར་མོ་ཅན་གྱི་ དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་མཁས་པ་པདྨའི་ལྕགས་ཀྱུས་མཛད་པ་རྫོགས་སོ།། །།བླ་མ་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་ཛི་ཏ་དྷཱ་ར་སཱཙྪ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་མ་ གདུགས་དཀར་མོ་ཅན་གྱི་སཱཙྪའི་ཆོ་ག་ཞེས་བྱ་བ། འཕགས་མ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །དང་པོའི་ལས་ཅན་རྣལ་འབྱོར་པས། །ལུས་ངག་སྒྲིབ་པ་སྦྱང་བ་དང་། །ཁྱད་པར་བསྒྲུབ་པའི་ལས་བརྩོན་པས། །ཚ་ཚ་བྱ་བའི་རིམ་པ་བསྟན། །དང་པོ་ཡིད་དང་མཐུན་ པའི་ས་ཕྱོགས་སུ་ཐང་བུ་བསྟར་བ་བྱ་སྟེ། དེ་རུ་སྤོས་དང་བདུད་རྩི་འཁྱིལ་པའི་སྔགས་སམ། ཐམས་ཅད་འཇོམས་པའི་སྔགས་ཟློས་ཤིང་། གཏོར་བས་མི་གཙང་བའི་ཚོགས་ཐམས་ཅད་བྱང་སྟེ་རིན་པོ་ཆེའི་ས་གཞིར་གྱུར་པར་བསམ། བགེགས་ཡོད་པ་ཀུན་རང་རང་གི་གནས་སུ་ དེངས་པར་བྱ་སྟེ་བཀའ་བསྒོ་བ་ཡང་བྱའོ། །དེ་ནས་དྲི་བཟང་པོ་ལ་སོགས་པའི་ཆུས་སྐྱང་ནུལ་བྱས། མེ་ཏོག་སིལ་མ་དཔག་ཏུ་མེད་པ་བཀྲམ་ལ། མཆོད་པ་ལ་སོགས་པའི་ཡོ་བྱད་ཀུན་ཚོགས་པར་བྱ་སྟེ། གནས་ཁང་དང་མཆོད་པ་ལ་སོགས་པའི་བྱ་བའོ། །དེ་ནས་བླ་མས་ཁྲུས་ དང་གཙང་སྦྲ་བྱ་སྟེ། སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པས་འཕགས་མ་གདུགས་དཀར་ཅན་དུ་བསམ་སྟེ། ཚ་ཚའི་ས་བརྐོ་བ་དེར་བརྟག་པ་དང་། ཨོཾ་ཨཱཿཧཱུཾ་ཞེས་པའམ། བཀྲ་ཤིས་པའི་ཕྱག་རྒྱའི་ལྷ་མོས་གང་བར་བྱིན་གྱིས་བརླབ། ཐམས་ཅད་འཇོམས་པའི་སྔགས་ཀྱིས་བགེགས་ བསྐྲད་པ་དང་། ལྷ་མོ་ལེགས་ལྡན་ལ་གཏོར་མ་བྱིན་ལ་གསོལ་བ་གདབ་པ་དང་། ས་བདག་ལ་གཏོར་མ་བྱིན་ལ་བཀའ་བསྒོ་བ་བྱ་སྟེ། དེ་ནས་ཇི་ཙམ་བརྐོ་བའི་ས་དེ་ལ་སེང་ལྡེང་ལ་སོགས་པའི་ཕུར་བུས་ཕྱོགས་བཞིར་བཏབ་སྟེ། དེ་ཡང་སྟོད་ལེགས་ལྡན་ནམ། ལྷ་མོ་བདུད་རྩི་ འཁྱིལ་པ་ལ་སྨད་ཕུར་པར་འདུག་པར་བསྐྱེད་ལ། བྱིན་གྱིས་བརླབས་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་དུཥྚཱཾ་ཧཱུཾ་ཕཊ་ཅེས་ལན་གསུམ་བཟླས་ལ་གདབ་བོ། །དེ་ནས་བུ་མོ་གཙང་མས་བཀལ་བའི་ཚོན་སྐུད་རྣམ་པ་ལྔ་རིགས་ལྔའི་རྣམ་པའམ། རིན་ཆེན་ལྔའི་རང་བཞིན་དུ་བསམས་ ལ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་སྟེ། ཕུར་པའི་མཐའ་མ་ཚོན་སྐུད་ཀྱིས་བསྐོར་ལ་རང་གི་རྐང་པ་གར་གཞག་པར་རྡོ་རྗེར་ལམ་ལམ་སོང་བར་བསམ་མོ། །ཡང་ན་སྔགས་དེ་ཐམས་ཅད་རྩ་བའི་སྔགས་ཀྱིས་བྱའོ། །དེ་ནས་ཐམས་ཅད་འཇོམས་པའི་སྔགས་ ཟློས་ཤིང་ཡུངས་ཀར་གྱིས་གཏོར་རོ། །དེ་ནས་ས་གཞི་དེ་རིན་པོ་ཆེར་གྱུར་པར་བསམས་ལ་རང་ཇི་ཙམ་འདོད་པ་བརྐོས་ཏེ། དེའི་སྔགས་ཀྱང་ཨོཾ་བཛྲ་ཁ་ན་ཁ་ན་ཡ་ཧཱུཾ་ཕཊ་ཅེས་བྱའོ། །དེ་ནས་ཕུར་བུ་དང་ཚོན་སྐུད་བསྡུས་འོ་མས་བསྐུས་ཏེ་གཞག་གོ། །ས་བླང་བའི་ཆོ་གའོ། །དེ་ནས་ བླངས་པ་རྣམས་སྟེགས་བུ་ལ་སོགས་པར་བཞག་ལ་ས་བརྡུང་བའི་ལས་བྱ་སྟེ། སྔགས་ཀྱང་ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་རྡོ་རྗེའི་ཐོ་བས་བརྡུང་ངོ་། །དེ་ནས་སྤོས་ཆུ་ལ་སོགས་པའི་ཆུ་ལ་ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བཟླས་ལ། སྤོས་ཆུ་དམིགས་པ་ལས་ ཨ་དཀར་པོར་བསམ། དེ་ལས་ཟླ་བའི་དཀྱིལ་འཁོར་དེའི་འོད་ཀྱིས་སྤོས་ཆུ་ཐམས་ཅད་ཁྱབ་སྟེ། བདུད་རྩིར་གྱུར་པར་བསམས་ཏེ་སྦྲུའོ། །དེའི་སྔགས་ཨོཾ་བཛྲ་པྲ་མརྡ་ཡ་པྲ་མརྡ་ཡ་ཧཱུཾ་ཕཊ་ཅེས་བྱས་ལ་སྦྲུའོ། །དེ་ནས་འཇིམ་པ་དེ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་བཅས་ལ་སྔགས་འདི་བརྗོད་ དེ། ཨོཾ་སུཀྵྨེ་སུཀྵྨེ་མུ་ག་ཏེ། ཤཱནྟེ་དཱནྟེ། ནིར་ཀུ་ལི། ནིར་བ་ར་ཎི། སརྦ་བྷཱུ་ཏ་བྷ་ཡཱ་ནུ་ག་ཏེ། ཡ་བ་དེ་ཡ་ཤོ་ཛི་ནི། དྷརྨ་དྷཱ་ཏུ་གརྦྷེ། དྷརྨ་རཱ་ཛ་ཡ་བ་ཤི་ཧེ། སརྦ་བུདྡྷཱ་ཡ། ཨ་དྷིཥྛཱ་ནཱ་ཡ། ཨ་དྷིཥྛཱ་ཏེ་སྭཱ་ཧཱ། ཞེས་བརྗོད་པས་རང་གི་ཐུགས་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པས་ ཁམས་གསུམ་སེམས་ཅན་འཕགས་མ་གདུགས་དཀར་མོ་ཅན་དུ་བྱས། ཚུར་ལ་རིག་སྔགས་ལ་སོགས་སངས་རྒྱས་མཆོད་པས་འཇིམ་པ་ལ་ཐིམ། ཞུ་ནས་ཁྱབ་པས་རིན་པོ་ཆེ་རྣམ་པ་ལྔའི་རང་བཞིན་དུ་གྱུར་པར་བསམ་སྟེ་སྟེགས་བུ་ལ་གཞག་གོ། །དེ་ནི་འཇིམ་པའི་བྱ་བའོ། ། དེ་ནས་འབི་འབི་བྱ་སྟེ། དེ་ཡང་ཨོཾ་བཛྲ་བཛྲོད་བྷ་བ་ཡ་སྭཱ་ཧཱ། ཞེས་ཟློས་ཤིང་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སེམས་ཅན་གྱི་སྒྲིབ་པ་གསུམ་སྦྱངས། འཕགས་མ་གདུགས་དཀར་ཅན་དུ་བྱས། འཕགས་པ་མཆོད། འདུས་པས་འབི་འབི་ལ་ཐིམ་པས་ཡེ་ཤེས་ལྔའི་ རང་བཞིན་གྱི་ཤེལ་སྒོང་དག་པའི་རྣམ་པའི་གཞལ་ཡས་ཁང་དུ་བསམས་ཏེ། དེའི་ནང་དུ་ཡང་གདན་པདྨ་དང་སེང་གེ་ལས་འཕགས་མ་གདུགས་དཀར་ཅན་དང་ཕྱག་རྒྱའི་ལྷ་མོ་ལ་སོགས་པ་བསྐྱེད་དེ། འདི་ཆོ་ག་གསུམ་གྱིས་བསྐྱེད་དོ། །དེ་ནས་ཨོཾ་ལས་ཡེ་ཤེས་ཀྱི་འོད་ཕྱུང་ལ་གཞལ་ ཡས་ཁང་དུ་བྱས་ཏེ། གདན་ནས་ལྷ་རྫོགས་པའི་བར་གྱི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་པ་གཞུག །ཛཿཧཱུཾ་བཾ་ཧོཿཞེས་པས་སོ། །དེ་ནས་རང་གིས་ཀྱང་སྦྱང་བ་ལ་སོགས་པ་བྱའོ། །དེ་ནས་འབི་འབི་རྣམས་སུ་ཨོཾ་ཨ་ན་ལེ་དང་ཕྱག་རྒྱའི་སྔགས་སམ་ས་བོན་རྣམས་ཀྱང་གཞུག ། གཞན་སྲོག་ཤིང་བརྟན་པའི་གཟུངས་ལ་སོགས་པ་ཅི་རིགས་པར་གཞུག །རྟེན་འབྲེལ་དང་དྲི་མ་མེད་པ་ལ་སོགས་པ་ཡང་གཞུག་གོ། །དེ་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་རྒྱས་པར་བྱའོ། །དེ་ནས་ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་ཛྭ་ལ་སྭཱ་ཧཱ་ཞེས་བརྗོད་ལ། དེ་ལས་ལྷ་མོ་རྣམས་ བསྐུལ་ནས་སླར་ཡང་གཞུག་སྟེ་སངས་རྒྱས་དཔག་ཏུ་མེད་པ་རྡུལ་དང་མཉམ་པས་བདག་དང་སེམས་ཅན་སྦྱངས་ཏེ་གཞུག་པར་བྱའོ། །དེ་ནས་མར་བྱུག་པ་ནི་ཨོཾ་ཨ་ར་ཛེ་པི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་ལ། བྱང་ཆུབ་ཀྱི་སེམས་ཀྱིས་བསྒོམ་པར་བསམ་མོ། །དེ་ནི་འབི་འབི་བྱ་བའོ། །ཐབས་ དང་ཤེས་རབ་འབྲེལ་པ་ལས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་བཞུགས་པར་བསམས་ཏེ་སྐོལ་ཕོར་དུ་བཅུག་ལ། ཨོཾ་བཛྲ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་སྐོལ་ཕོར་ཤེས་རབ་ལག་པ་ཐབས་སུ་བསམས་ཏེ། བརྡུང་བ་ནི་དེ་ནི་གཉིས་སུ་མེད་པར་བསྲུབ་པར་བསམས་ཏེ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་པའམ། རྟེན་འབྲེལ་ལམ། སྙིང་པོའམ། ཉེ་སྙིང་ལ་སོགས་ཟློས་ཤིང་གདབ་བོ། །དེ་ནས་ཆོས་ཀྱི་སྐུ་ལས་སྤྲུལ་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་ཆོས་ཀྱི་དབྱིངས་ལས་འབྱུང་བར་བསམ་སྟེ། ཨོཾ་བཛྲ་དྷརྨཱ་དྷ་རེ་སྭཱ་ཧཱ། ཞེས་བརྗོད་ ལ་འབྱུང་ངོ་། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་མ་ཧཱ་སུ་ཁ་བཛྲ་སུ་ར་ཏ་ས་མ་ཡ་སྟྭཾ། དེ་ལས་གཟུགས་སྐུ་གཉིས་བྱུང་བས་འགྲོ་བ་ཐམས་ཅད་ཀྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པར་བསམ་མོ། །དེ་ནས་གཟུགས་སྐུས་ཇི་ལྟར་རིགས་པ་སྟེ། ལོངས་སྐུས་དག་པའི་སེམས་ཅན་གྱི་ དོན་བྱེད་པར་བསམ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ཀ་ས་མ་ཡ་སྟྭཾ་ཞེས་བྱའོ། །སྤྲུལ་སྐུས་མ་དག་པ་དང་པོའི་ལས་ཅན་ལ་སོགས་པའི་དོན་བྱེད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨ་ཎ་ཀཱ་ཡ་ས་མ་ཡ་སྟྭཾ་ཞེས་བྱའོ། །དེ་ནི་ཚ་ཚ་གདབ་པའོ། །དེ་ནས་སྐུ་ གསུམ་གྱི་ངོ་བོ་དང་རང་དོན་ནི་གཞུང་མངས་ཀྱིས་དོགས་པས་མ་བྲིས་སོ། །དེ་ལ་ཡེ་ཤེས་པ་བསྟིམ་པ་དང་མཆོད་པ་ལ་སོགས་པ་ཡང་བྱའོ། །དེ་ནས་ཨོཾ་བཛྲ་ཕྲུ་ཤི་སྭཱ་ཧཱ། ཞེས་པས་སྲོག་ཤིང་གཟུགས་པར་བྱའོ། །དེ་ནས་སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་ རིངས་གནས་པར་ཤོག །སེམས་ཅན་ལྷག་བསམ་དག་པ་ཡིས། །ཀུན་བཟང་སྨོན་ལམ་འཇུག་པར་ཤོག །ཅེས་བྱའོ། །དེ་ནས་ཨོཾ་པྲ་མརྡ་ན་ཡེ་སྭཱ་ཧཱ། ཞེས་བྱ་སྟེ། འཁོར་ལོ་གསུམ་བསྐོན་ལ། ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་འདྲེས་ཆོས་དང་ནི། ། དྲན་པ་ཉེར་གཞག་རྣམ་ཐར་བརྒྱད། །ཡེ་ཤེས་བཞི་སོགས་ལྡན་གྱུར་ཤོག །ཅེས་བྱའོ། །ཨོཾ་པ་ད་ཀ་ལཾ་པ་སྭཱ་ཧཱ། ཞེས་བརྗོད་ལ་དར་གྱི་ཅོད་པན་ཕུལ་ལ། སེམས་ཅན་རྣམས་ནི་མ་ལུས་པས། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་དང་ལྷབ་ལྷུབ་ལ་སོགས་པ། ། བྱང་ཆུབ་བར་དུ་མཆོད་པར་ཤོག །ཅེས་བྱའོ། །དེ་ནས་ཨོཾ་པ་ད་ཀ་སྭཱ་ཧཱ། ཞེས་བྱ་སྟེ། བ་དན་ཕུལ་ལ། སེམས་ཅན་རྣམས་ནི་མ་ལུས་ལས། །ཕྱོགས་བཅུར་བསྟན་པའི་བ་དན་གྱིས། །འཚེ་བ་མེད་ཅིང་ཆོས་ལྡན་པས། །གྲགས་པས་རྒྱས་པར་འགེངས་པར་ཤོག །ཅེས་བྱའོ། ། དེ་ནས་ཨོཾ་ཀུམྦྷི་ར་དྷྭ་ཛ་སྭཱ་ཧཱ་ཞེས་བྱ་སྟེ། ཆུ་སྲིན་གྱི་རྒྱལ་མཚན་ཕུལ་ལ། འཁོར་བ་མ་སྟོང་བར་དུ་ནི། །བདུད་བཞི་དག་ལས་ལེགས་རྒྱལ་ནས། །སྟོན་པའི་བསྟན་པ་ཟབ་མོ་དག །མི་ནུབ་རྒྱལ་མཚན་ཐོབ་པར་ཤོག །ཅེས་བྱའོ། །དེ་ནས་ཨོཾ་པྲ་མ་ན་ཡེ་སྭཱ་ཧཱ། ཞེས་པས་གདུགས་ ཕུལ་ལ། ཁམས་གསུམ་སེམས་ཅན་མ་ལུས་པ། །ཉོན་མོངས་ཚད་པས་གདུང་བ་ལ། །ཐུགས་རྗེ་བྱང་ཆུབ་སེམས་ཀྱི་གདུགས། །ཕུབ་པས་བདེ་བས་ཚིམ་གྱུར་ཤོག །ཅེས་བྱའོ། །དེ་ནས་ཨོཾ་རཏྣ་མཱ་ལེ་ཏྲཾ་ཞེས་པས་མེ་ཏོག་ཕུལ་ལ། ཡང་ན་ན་མཿཤྲཱི་ཡ་དྷ་ནུ་ག་ཏ་པྲ་ཏིཥྛ་ཏ་པུཥྤ་ ཀོ་ཏ་ནོ་ཏ་ཐཱ་ག་ཏཱ་ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་སྭཱ་ཧཱ་ཞེས་བྱ་བ་སྟེ། འཁོར་བའི་སེམས་ཅན་མ་ལུས་ཀུན། །མཚན་དང་དཔེ་བྱད་རྫོགས་ཐོབ་ནས། །བལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་རྫོགས་བྱེད་ཤོག །ཅེས་བྱའོ། །དེ་ནས་ ཨོཾ་སུ་ན་དྷ་རེ་ཛ་ཡེ་སྭཱ་ཧཱ། ཞེས་བྱས་ཏེ་གདན་ཕུལ་ལ། སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པ་གླང་པོའི་གདན། །མི་འཇིགས་སེང་གེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་པ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་ གདན། །འདོད་དགུ་འབྱུང་བ་རིན་ཆེན་གདན། །སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །གདན་རྣམས་མྱུར་དུ་ཐོབ་པར་ཤོག །ཅེས་བྱའོ། །དེ་ནས་ཨོཾ་དྷ་ར་དྷ་ར་མི་ལི་ཛ་ལེ་སྭཱ་ཧཱ། ཞེས་གཞལ་ཡས་ཁང་དུ་གཤེགས་སུ་གསོལ་ལོ། །ཇི་ལྟར་ ཆོས་དབྱིངས་དག་པ་ཡི། །གནས་སུ་བསམ་ཤེས་བཞུད་པ་ལྟར། །བདག་སོགས་སེམས་ཅན་ཐམས་ཅད་ཀྱང་། །དག་པའི་གནས་སུ་གཤེགས་གྱུར་ཅིག །དེ་ནས་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བཞུགས་སུ་གསོལ་ཏེ། རིན་ཆེན་གཞལ་ཡས་ཆོས་དབྱིངས་སུ། །སེམས་ ཅན་དོན་དུ་བརྩེར་དགོངས་ལ། །ཇི་སྲིད་སེམས་ཅན་བྱང་ཆུབ་བར། །དེ་སྲིད་དུ་ནི་བཞུགས་པར་མཛོད། །ཅེས་བྱའོ། །དེ་ནས་ཨོཾ་བཛྲ་དྷཱ་ཏུ་ཤ་རི་མ་ཏིཥྛི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་ལ། དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བྱའོ། །དེ་ནི་བརྟན་པར་བྱ་བའི་ཆོ་ག་ ཡིན་ནོ། །དེས་ནི་ཕུན་སུམ་ཚོགས་པའི་ཆོ་གའོ། །དེ་ནས་སློབ་དཔོན་བྱང་ཆུབ་སེམས། །ལྡན་པས་ཚིགས་བཅད་བརྗོད་བྱ་སྟེ། །བླ་མེད་སངས་རྒྱས་བདག་ལ་དགོངས། །སེམས་ཅན་ཐམས་ཅད་དབུགས་དབྱུང་ཞིང་། །བདུད་དང་ཕྱིར་རྒོལ་ལོག་འདྲེན་ཚོགས། །ཐམས་ཅད་ཕམ་ བྱས་བདེ་ལ་དགོད། །སེམས་ཅན་ཉིང་མཚམས་སྦྱོར་བ་ཡི། །ཉོན་མོངས་མ་ལུས་སྦྱང་བར་བྱ། །ང་རྒྱལ་རི་ནི་གཞོམ་བྱ་ཞིང་། །སྐྱེ་བའི་ལྗོན་ཤིང་གཅད་པར་བྱ། །འཆི་བདག་སྲིན་པོ་བརླག་བྱ་སྟེ། །མ་རིག་པ་ཡི་མུན་པ་བསལ། །ལྟ་ལོག་ཡང་དག་ལྟ་ལ་དགོད། །ལས་ཀྱི་ཆུ་ ཀླུང་བསྐམ་པར་བྱ། །སྲིད་པའི་རྒྱ་མཚོ་ཡང་བསྐམ་སྟེ། །ཆོས་སྒྲོན་སྤར་ཞིང་བྱང་ཆུབ་ལམ། །བསྟན་པར་བྱས་ཏེ་བཟོད་དེས་བྱོས། །འདོད་ཆགས་མེ་དང་ཞེ་སྡང་མཚོན། །ཕྲག་དོག་འཚུབ་མ་སེར་སྣ་བདུད། །འཇིག་ཚོགས་བདག་གིས་གཞོམ་པར་བགྱི། ། སེམས་ཅན་བདེ་བ་བླ་མེད་ཀྱིས། །བྱང་ཆུབ་ལམ་ལ་རབ་དགོད་ཕྱིར། །བདག་གི་སྡིག་བྲལ་མཐུན་པ་ཡི། །དངོས་གྲུབ་སྣ་ཚོགས་བདག་ལ་སྩོལ། །དེ་ནས་དཀྱིལ་འཁོར་དུ་བྱས་པའམ། ཡང་ན་མཆོད་རྟེན་བུམ་པར་གདུགས་དཀར་ཅན་དམིགས་པ་དེ་ལས་འོད་ཟེར་འཕྲོས་པས་ ཕྱག་ལ་སོགས་པའི་ལྷ་མོས་འཇིག་རྟེན་གྱི་ཁམས་ཁེངས་པར་བྱ་སྟེ། དེ་དག་གི་སྒྲིབ་པ་གསུམ་མ་ལུས་པར་དག་པར་བྱ་སྟེ་ཐམས་ཅད་ལྷ་མོའི་རང་བཞིན་དུ་བྱས་ལ། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་དག་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྩིཏྟ་མ་ཧཱ་ས་མ་ཡ་སྟྭཾ་ཞེས་བསྟན་པར་བྱའོ། ། དུང་ཕོར་དུ་དྲི་ཆབ་ལ་སོགས་པ་བླུགས་ཏེ། ལག་པས་བཟུང་ལ་ཨ་ལས་ཟླ་བའི་རྣམ་པ་ལས་འོད་ཟེར་གྱིས་ཡོན་ཆབ་བདུད་རྩིར་བསམས་ལ། གཙོ་མོ་ནས་འཁོར་ལ་སོགས་པའི་སྙིང་པོ་བཟླས་ཏེ་དབུལ་ལོ། །དེའི་སྔགས། ཨོཾ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ལན་གསུམ་དུ་སྤྱི་ བོར་བཞག་ལ་དགང་། དེར་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་དབང་བསྐུར་བར་བསམ་མོ། །དེ་ནས་མཆོད་པ་ལྔ་ཡང་རང་རང་གི་སྔགས་ཀྱིས་དབུལ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཀྱང་མཆོད་དེ། འདིར་གཞུང་མངས་ཀྱིས་དོགས་པས་མ་བྲིས་སོ། །མཆོད་པ་བསང་བ་ དང་སྦྱང་བ་ནི། ཨོཾ་སརྦ་པཱུ་ཛ་པུ་ཥྤེ་སྭཱ་ཧཱ། ཞེས་པས་སྦྱང་ངོ་། །དེ་ནས་རྡོ་རྗེ་དྲིལ་བུ་དང་ལྡན་པས་བསྟོད་པ་བྱ་སྟེ། དེ་ཡང་དང་པོ་སྤྱིར་ཡང་བསྟོད་པ་ནི། འགྲོ་བ་རྒྱུད་ལྔའི་འཁོར་ལོའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གཟིར་བའི་འགྲོ་གཟིགས་ནས། །ཐུགས་ རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མི་གོས་པདྨ་ལྟར་དག་པ། །འདོད་ཆགས་ དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་ཞུགས་ནས། །ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ལྷ་མོ་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པས། ། མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མའི་ལྷ་མོ་ཁྱོད་ལ་བསྟོད། །སེམས་ཅན་ལས་ཀྱི་ཆུ་བོས་འབད་པ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་པ། །འཕགས་ལམ་ཡན་ལག་བརྒྱད་ལ་ འགོད་མཛད་པ། །གསུང་གི་མངའ་བདག་ལྷ་མོ་ཁྱོད་ལ་བསྟོད། །ཅེས་པ་དང་། ཡང་སློབ་དཔོན་ཙནྡྲ་གོ་མིས་བསྟོད་པའི་སྲིད་གསུམ་སྟོན་པ་ལྷ་དང་མི་ཡིས་མཆོད་འོས་ལ་སོགས་པས་ཀྱང་བསྟོད་པ་བྱ་སྟེ། དེ་ནས་ཡོན་བདག་འཁོར་དང་བཅས་པ་ལ་བསམས་པས་སྨོན་ ལམ་རྒྱ་ཆེན་པོ་བཏབ་སྟེ། བདག་སོགས་སེམས་ཅན་སྐལ་ལྡན་འདི་རྣམས་ཀྱིས། །ཆོས་ཀྱི་སྐུ་ཡི་གཟུགས་བརྙན་བཞེངས་པས་ནི། །དགེ་ཚོགས་མ་ལུས་ཅི་ཡོད་མདུན་བྱས་ཏེ། །རྫོགས་པའི་སངས་རྒྱས་ལྷ་མོ་ཐོབ་པར་ཤོག །འཁོར་ལོས་སྒྱུར་རྒྱལ་མཆོག་གི་ལུས་ཐོབ་ ཤོག །ཕུན་སུམ་ཚོགས་པའི་ཞིང་དུ་སྐྱེ་བར་ཤོག །ཚེ་འདི་ནད་དང་གནོད་པ་དང་། །འབྱུང་པོ་འཁྲུགས་དང་གདོན་ཀུན་ཞི་གྱུར་ཤོག །ཅེས་བྱའོ། །ཤར་ཕྱོགས་སུ་གཟུངས་ཚར་གཅིག་གམ། གཉིས་སམ་གསུམ་ལ་སོགས་པ་ཉེ་བར་བཤད་པ་ལྟར་བཀླག །རྒྱས་པར་བྱེད་ ན། དཀྱིལ་འཁོར་བཞེངས་པའི་བྱང་དུ་སློབ་མ་འདུག་ལ། བཀྲ་ཤིས་ཀྱི་དབང་ལ་སོགས་པ་བསྐུར་བར་བྱའོ། །དེ་ནས་བསྡུ་གཤེགས་གཏོར་མ་བཏང་བ་ཀུན་བྱ། ཁྱད་པར་དུ་ལེགས་ལྡན་གྱི་མཆོད་པ་བྱའོ། །དེ་ནས་དགེ་འདུན་གྱི་མཆོད་སྟོན་ལ་སོགས་པ་ཀུན་བྱའོ། །ཚ་ཚའི་ཆོ་ག་ འདི་བྱས་པས། །ཁམས་གསུམ་མ་ལུས་སེམས་ཅན་ཀུན། །ལྷ་མོ་ཉིད་དང་སྐལ་མཉམ་ནས། །གདུལ་བྱའི་དོན་ལ་མྱུར་བརྩོན་ཤོག །ཚ་ཚའི་བྱ་བ་སློབ་དཔོན་པདྨའི་ལྕགས་ཀྱུས་མཛད་པ་རྫོགས་སོ།། །།ཟངས་དཀར་ལོ་ཙཱ་བས་ཐོ་ལིང་གི་གཙུག་ལག་ཁང་དུ་བསྒྱུར་བའོ།། །། ༄༅༅།།རྒྱ་གར་སྐད་དུ། ཨུཥྞཱི་ཥ་བྷ་བ་སི་ཏཱ་ཏ་པ་ཏྲེ་བི་དྷི་ནཱ་མ། བོད་སྐད་དུ། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་ག་ཞེས་བྱ་བ། རྗེ་བཙུན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།།རྣམ་སྣང་མཛད་རིགས་གཙུག་ཏོར་གྲགས། །ཕྱག་སྟོང་སྤྱན་སྟོང་ཞབས་ བཏུད་ནས། །གཟུངས་ཀྱི་རིམ་པ་ལས་བྱུང་བའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །ཆུ་ཀླུང་ངམ། ནགས་ཚལ་ལམ། ཆུ་བོའི་འགྲམ་མམ། རིའི་སུལ་ལམ། ཕུག་གམ། ཡིད་དང་མཐུན་པའི་ཡུལ་དབེན་པ་བས་མཐའི་དགོན་པར། སློབ་དཔོན་གཙུག་ལག་མཁས་པ་ཆོས་ལ་ དགའ་བ་བསླབ་པ་བསྲུང་བ་འགྲོགས་ན་བདེ་བ། སྙིང་རྗེ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དཀྱིལ་འཁོར་ལ་སོགས་པའི་ལས་ལ་མཁས་པ་རྨི་ལམ་དུ་རྟགས་དང་མཚན་མ་ཐོབ་པ། སྒྲུབ་པའི་གྲོགས་པོ་རིགས་བཙུན་པ་ཆོས་སྤྱོད་པ་དད་པ་ཅན་སྙིང་སྟོབས་ཆེ་ཞིང་བརྩོན་འགྲུས་ ཅན། བསམ་པ་བཟང་ཞིང་མི་སྐྱོ་བ་གཞན་གྱིས་བྲིད་ཀྱང་འཕགས་པའི་ཚུལ་མི་གཏོང་བའི་གྲོགས་དང་ལྷན་ཅིག་ཏུ་སྟན་བདེ་བ་ལ་འདུག་སྟེ། སྒྲུབ་པའི་ཡན་ལག་ནི་རྫས་མེ་ཏོག་དཀར་པོ་དྲི་ཞིམ་པ་དང་། རྩ་བ་དང་སྡོང་བུ་ལ་སོགས་པ་སྦྱར་བའི་སྤོས་དཀར་པོ་དང་། ཙནྡན་དཀར་པོའི་དྲི་དང་། འབྲས་དཀར་གྱི་བཤོས་དང་། ལུག་ལ་སོགས་པ་དཀར་བ་ལས་བྱུང་བ་མར་གྱི་མར་མེ་དང་། འབྲས་ཡོས་དང་། ཙནྡན་དཀར་པོ་དང་། མེ་ཏོག་དཀར་པོ་དང་ལྡན་པའི་ཨརྒྷཾ་དང་། གཙུག་ཏོར་དཀར་མོའི་ཉེ་བའི་སྙིང་པོ་བཟླས་པའི་ཁྲུས་བྱས་ལ། སྙིང་པོའི་སྔགས་བཟླས་ཏེ། སྟོད་གཡོགས་ དང་སྨད་གཡོགས་དཀར་པོ་བགོས་ནས། གཙུག་ཏོར་ནས་བྱུང་བ་བཞིན་ཚོགས་གསོག་པའི་ལྷ་མདུན་དུ་སྤྱན་དྲངས་ལ། བདུན་རྣམ་དག་བྱས་ཏེ། གཙུག་ཏོར་ནས་བྱུང་བ་བཞིན་དུ་ཁྲོ་མོ་བཅུ་བདུན་བསྒོམས་ལ་སྔགས་བཅུ་གསུམ་བརྗོད་ནས་ཐུགས་ཀའི་འོད་ཟེར་ལས་ར་བ་དང་དྲ་བ་དང་། བླ་རེ་ དང་མེ་འོད་རྣམས་བྱུང་སྟེ་བསྲུང་བར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུཾ་བཀོད་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་དབྱངས་ཡིག་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་ རྩེ་དགུ་པ་བསམ་མོ། །དེ་ནས་འོད་ཟེར་སྥ་ར་ཎ་ཧཱུཾ་ཞེས་པས་སྤྲོ་བ་དང་། སཾ་ཧ་ར་ན་ཧཱུཾ་ཞེས་པས་བསྡུས་ནས། བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་དང་ཞགས་པ་བསྣམས་པ། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་གདན་དུ་བཏིང་བ། སྐུ་མདོག་སྔོན་པོ་སངས་རྒྱས་ལྔའི་ཅོད་པན་ཅན། རྡོ་རྗེའི་ རྒྱན་གྱིས་བརྒྱན་པ་མེའི་ཕུང་པོའི་དབུས་ན་བཞུགས་པར་བསམས་ལ། དེའི་སྙིང་ག་ནས་ཉེ་བའི་སྙིང་པོའི་སྔགས་བརྗོད་པས་ཤར་ལ་སོགས་པ་མེ་འབར་མ་ལ་སོགས་པའི་ཁྲོ་མོ་བརྒྱད་སྤྲུལ་པ་ཧཱུཾ་དྲུཾ་ཧྲཱིཿཥྚོཾ་གྱིས་བདག་དང་ཁྲོ་མོ་བརྒྱད་བྱིན་གྱིས་བརླབས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླས་ནས། དེའི་མདུན་དུ་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་དཀྱིལ་འཁོར་དབུ་སྟོང་མངའ་བ། ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་བྱེད་འབར་བའི་མཚན་རྟགས་ཅན་འགྲེལ་པ་ནས་འབྱུང་བ་བཞིན་བསྒོམས་ལ། མཆོད་པས་མཆོད་པ་དང་། གཙུག་ཏོར་དཀར་མོའི་གཟུངས་ཀྱིས་ བསྟོད་པ་དང་། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྲུང་དུ་གསོལ་ཞེས་ཕྲིན་ལས་བཅོལ་ལ། སྙིང་པོའི་དཀྱིལ་འཁོར་ཕྱོགས་སྐྱོང་བ་བཅུས་བསྐོར་བར་བསམས་ལ། གཏོར་མ་བཅུ་དབུལ་བ་དང་། གདོན་ཐམས་ཅད་ལ་གཏོར་མ་གསུམ་མཁའ་སྤྱོད་དང་། ས་སྤྱོད་དང་ ས་འོག་ན་སྤྱོད་པའི་དབྱེ་བས་ཕྱེ་བ་ལ་མཆོད་པ་ཕུལ་ནས་གཟུངས་ནས་འབྱུང་བ་བཞིན་དུ་ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ་བར་བསམ་པར་བྱའོ། །དེ་ནས་ཉེ་བའི་སྙིང་པོའི་འཁྲུལ་འཁོར་བྲིས་ལ་རྒྱལ་རིགས་ལ་སོགས་པ་ལ་གདགས་སོ། །ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གྲོང་ དམ་གྲོང་ཁྱེར་རམ། གྲོང་རྡལ་གྱི་སྒོར་བཙུགས་ཏེ། ཀློག་པ་བཞི་ཕྱོགས་བཞིར་བཞག་ལ་མཆོད་པ་ཆེན་པོ་བྱས་ལ། བསྐོར་བ་བརྒྱ་རྩ་བརྒྱད་བྱ་བའམ། ཡང་ན་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལ། བསྐོར་བ་བྱའོ། །ལས་འདི་ཐམས་ཅད་ལ་སྙིང་ པོ་དང་ཉེ་བའི་སྙིང་པོ་འབུམ་སྔོན་དུ་བཟླས་ཏེ། གཟུངས་བརྒྱ་རྩ་བརྒྱད་བཟླས་ལ་ཚོན་དཀར་པོས་དཀྱིལ་འཁོར་བྲིས་ཏེ། མཆོད་ནས་ལས་ཐམས་ཅད་ཤེས་པར་བྱའོ། །གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གྱི་གཟུངས་འདོན་པའི་ཆོ་ག །སློབ་དཔོན་ཤཱུ་རཾ་ག་བརྨ་བཛྲས་མཛད་པ་ རྫོགས་སོ།། །།ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །གཙུག་ཏོར་གདུགས་དཀར་མོ་ལ་བསྟོད་པ། །སྲིད་གསུམ་སྟོན་པ་ལྷ་ཡི་ལྷ། །མཚུངས་མེད་བདེ་གཤེགས་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་ བའི་སྤྱི་གཙུག་ནས། །ཡ་མཚན་རྨད་བྱུང་ལྷ་མོ་ཁྲོ་རྒྱལ་གཙོ། །ཁམས་གསུམ་དག་ན་ཁྱོད་འདྲའི་མགོན་མེད་དེ། །ཐུགས་རྗེའི་དབང་ཕྱུག་བཀྲ་ཤིས་མཆོག་གི་ལྷ། །སྐུ་མདོག་གངས་རིའི་རྩེ་ལ་ཉི་ཤར་འདྲ། །ཞལ་མང་སྟོང་ལ་སྤྱན་མང་བྱེ་བ་བརྒྱ། །སྲིད་པའི་བཙོན་རར་སེམས་ཅན་ཉམ་ ཐག་པ། །དུས་གསུམ་གཟིགས་ནས་སེམས་ཅན་གྲོལ་མཛད་དེ། །ཞལ་སྟོང་ཕྱག་སྟོང་སྤྱན་སྟོང་རྣམས་ཀྱིས་ནི། །ཀུན་ལ་ཁྱབ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་དང་བགེགས་རིགས་ཕས་ཀྱི་རྒོལ་བ་རྣམས། །སྤྱན་མང་གཟིགས་པས་ཁྲོ་གཉར་འགའ་སྟོན་པས། །གནོད་པའི་ རྒྱུན་རྣམས་གཏན་ནས་འཇོམས་མཛད་པ། །རྒོལ་བ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །མ་རིག་ནོར་བས་བསླུས་པའི་སེམས་ཅན་རྣམས། །རང་གི་ལས་ཉིད་རྣམ་པར་སྨིན་པ་ཡི། །འདུ་བ་རྣམ་བཞིའི་རིམས་ནད་མི་བཟད་པ། །ཞི་མཛད་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཇི་ ལྟར་ཁྱོད་ཀྱིས་སེམས་ཅན་མང་པོ་ལ། །ཐུགས་རྗེ་མཆོག་གིས་འགྲོ་དོན་ཉེར་བཟུང་ནས། །སྲིད་གསུམ་འཇིགས་པ་ཆེ་ལས་བསྒྲལ་གྱུར་ཅིང་། །སྡུག་བསྔལ་མང་པོའི་ནད་ལས་ཐར་མཛད་ལྟར། །བདག་ཀྱང་ཁྱོད་བཞིན་འགྲོ་བའི་མགོན་གྱུར་ཏེ། །སེམས་ཅན་ཀླུ་ཡི་ཞགས་པས་ཟིན་པ་དང་། ། ནད་ཀྱི་བསྐལ་པས་ཉེན་པའི་སེམས་ཅན་ལ། །སྡུག་བསྔལ་སེལ་བའི་སྐྱབས་སུ་ད་གྱུར་ཅིག །འཕགས་པ་གདུགས་དཀར་མོ་ཅན་ལ་བསྟོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ་ཨ་པ་རཱ་ཛི་ཏ་ཨུ་པ་དེ་ཤ །བོད་སྐད་དུ། འཕགས་པ་ དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཉེ་བར་བཤད་པ། བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོས་སེམས་བསྐྱེད་དེ། མཎྜལ་ལེགས་པར་བྱུགས་ཏེ་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀྲམ་ ནས་སྤྱན་དྲངས་པ་དང་། མཆོད་པ་སྔོན་དུ་འགྲོ་བས་ལེགས་པ་དང་ལྡན་པ་ལ་མཆོད་པ་དང་གཏོར་མ་སྦྱིན་པར་བྱའོ། །དེ་ནས་མཎྜལ་ལ་ཨ་ལས་ཟླ་བ་ལ་ཨོཾ་བསམས་ལ། འོད་ཀྱིས་སྤྲོ་བ་དང་། བསྡུ་བ་བྱས་པ་ལས་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཞལ་གསུམ་མ། ཞལ་གསུམ་ལ་ སྤྱན་གསུམ་གསུམ་ཡོད་པའོ། །སྔོ་བ་དང་དམར་བ་ནི་གཡོན་དང་གཡས་ཀྱི་ཞལ་ལའོ། །རྒྱན་སྣ་ཚོགས་པས་བརྒྱན་པ་ཕྱག་བརྒྱད་པ། གཡས་ཀྱི་དང་པོ་ན་གདུགས་དཀར་པོ། གཉིས་པ་ན་འཁོར་ལོ། གསུམ་པ་ན་ལྕགས་ཀྱུ། བཞི་པ་ན་གཞུའོ། །གཡོན་དང་པོ་ན་རྒྱལ་མཚན་ འཛིན་པའོ། །གཉིས་པ་ན་རྡོ་རྗེ་དཀར་པོའོ། །གསུམ་པ་མདའོ། །བཞི་པ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ནི་གཡོན་པའོ། །ཁྲོས་པའི་སྟངས་དང་བཅས་པས་མ་རུངས་པ་ཐམས་ཅད་འཇིགས་པར་བྱེད་པའོ། །འོད་ཟེར་ལྕགས་ཀྱུ་དང་འདྲ་བས་ཡེ་ཤེས་ཀྱི་ལྷ་དགུག་པ་དང་གཞུག་ པ་དང་བཅིང་བ་དང་དབང་དུ་བྱའོ། །དབང་དུ་བསྐུར་བ་ལ་བཻ་རོ་ཙ་ནའོ། །ཕྱག་དང་མཆོད་པ་བྱས་ནས་སྔོན་དུ་བྱས་ཏེ་དམིགས་པ་བཅུ་བཞིས་བཀླག་པར་བྱའོ། །ལེགས་པ་དང་ལྡན་པ་ལ་གཟུངས་ཀྱིས་བསྟོད་པ་བྱའོ། །ཡང་ན་མདུན་དུ་དམིགས་ཏེ་བསྟན་པ་ལྟར་ཀུན་ཡིད་ཀྱིས་བྱ་བ་ཡིན་ནོ། ། དམིགས་པ་བཅུ་བཞི་ནི་ཕྱག་གི་དམིགས་པ་དང་། ཐམས་ཅད་ཟློག་པ་དང་། རི་ཁྲོད་ལོ་མ་ཅན་ཉི་ཤུ་རྩ་གཉིས་དང་། བདག་བསྲུང་བ་དང་། བཅོམ་ལྡན་འདས་མའི་ཆེ་བ་དང་། འཇིགས་པ་བརྒྱད་བཟློག་པ་དང་། གདོན་ཆེན་པོ་ཉི་ཤུ་རྩ་བཞི་བཟློག་པ་དང་། རིག་སྔགས་གཅོད་པ་དང་། མ་ མོ་བརྒྱད་དང་། དམ་ཚིག་ཅན་བཅུ་བཞིའི་སྔགས་དང་། ཐམས་ཅད་བཟློག་པ་དང་། ནད་ཐམས་ཅད་བསྲུང་བ་དང་། ཐམས་ཅད་བཟློག་པ་དང་། ལུས་ལ་གདགས་པ་དང་། འདི་དང་ཕྱི་མར་ཕུན་སུམ་ཚོགས་པ་དང་། བུ་སྲི་དང་གཡུལ་ཞི་བ་དང་། ཁྱད་པར་དུ་བདག་བསྲུང་བ་དང་། ཆར་དབབ་ པའོ། །གཤེགས་པ་དང་བསྡུ་བ་བྱས་ཏེ། ཇི་ལྟར་བདེ་བར་གནས་པར་བྱའོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཉེ་བར་བཤད་པ་བླ་མ་རྡོ་རྗེ་གད་ན་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཇི་ཏ་ནཱ་མ་མཎྜ་ལ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས། འཕགས་པ་གདུགས་དཀར་མོ་ཅན་ ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །རྒྱལ་བའི་གཙུག་ཏོར་ལས་བྱུང་བ། །སྤྲུལ་པའི་རང་བཞིན་ལྷ་མོ་ནི། །སྐུ་མདོག་གངས་རི་ཉི་ཤར་འདྲ། །ཕྱག་སྟོང་སྤྱན་སྟོང་བརྒྱ་ཕྲག་སྟོང་། །ལྷ་རྫས་གོས་ཀྱིས་ཡང་དག་བརྒྱན། །བཀྲ་ཤིས་ཆེ་བའི་ལྷ་མོ་ལ། །དེ་ལ་བསྟོད་དེ་ སྒྲུབ་ཐབས་བྲི། །ཀུན་ལ་ཕན་གདགས་རིམ་པ་ཡིས། །གདུགས་དཀར་དཀྱིལ་འཁོར་རྣམ་གཉིས་ལས། །ཡིད་ཀྱི་རྣམ་པ་བཀོད་པ་ཡིས། །བཤད་ཀྱིས་ཉོན་མོངས་མ་དད་མིན། །ཡིད་དགའ་བ་ཡི་གནས་དག་ཏུ། །སྒྲུབ་པོ་དམ་ཚིག་གྲོགས་བཅས་ཀྱིས། །ས་ཕྱོགས་དེར་ནི་བཤམ་ པ་དང་། །བསག་པ་བུམ་པ་ལྔ་སོགས་པ། །ནུས་དང་སྦྱར་ཡིན་དེ་ལས་གཞན། །རིགས་དང་མི་རིགས་ཚོགས་པར་བྱ། །སྙིང་རྗེ་ཆེན་པོ་རབ་དམིགས་པས། །སེམས་བསྐྱེད་སྔོན་དུ་སོང་བ་ཡིས། །སྐད་ཅིག་སྐུ་ཡིས་ཕྱོགས་དང་མཚམས། །བསྲུང་དང་སྔགས་དང་ཕྱག་རྒྱས་སོ། །སྙིང་ གར་ཟླ་སྟེང་ཡི་གེ་ཡི། །འོད་ཀྱིས་དྲང་དང་སྤྲུལ་ནས་ནི། །བསོད་ནམས་ཚོགས་ནི་རྫོགས་པ་དང་། །སྙན་ཚིག་དག་གིས་བསྟོད་པ་དང་། །ཕྱག་འཚལ་སྔོན་དུ་སོང་བ་ཡིས། །སེམས་བསྐྱེད་སྡོམ་པ་གཟུང་དབང་བསྐུར། །ལྷ་རྣམས་བསྡུས་པས་ལུས་བསྲེགས་ཏེ། །རང་བཞིན་ལུས་སུ་ བལྟ་བར་བྱ། །གནས་སྡུ་ཨོཾ་བསམ་འགྲོ་བ་སྦྱང་། །སངས་རྒྱས་མཛད་པ་རྫོགས་པ་དང་། །འཁོར་ལོ་མ་ལུས་རྫོགས་པར་བྱ། །དཀར་མོ་ཆེན་མོ་ཕྱག་སྟོང་མ། །དབུ་སྟོང་སྤྱན་གྲངས་བརྒྱ་ཕྲག་སྟོང་། །ལྷ་ཡི་རྒྱན་དང་ཆས་རྫོགས་པ། །བཀྲ་ཤིས་ཆེ་བའི་ལྷ་མོའོ། །ཕྱོགས་ནི་ཤར་ ལྷོ་ནུབ་བྱང་དུ། །དྲག་ཤུལ་ཆེན་མོ་རབ་གཏུམ་མོ། །འབར་བ་ཆེན་མོ་སྟོབས་ཆེན་མོ། །བལྟ་དཀར་སེམས་དང་དམར་ལྗང་མ། །གཡས་གཡོན་མཐུན་པར་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་དཀུར་བརྟེན་དང་། །བུམ་པ་བཟུང་བས་འགྱིང་བ་ཡི། །ཉི་ཟླའི་གདན་བཞུགས་བསམ་པར་བྱ། ། དེ་ཡི་དཀྱིལ་འཁོར་འཁོར་ལོ་ལ། །ཤར་ཕྱོགས་འཁོར་ལོ་རྣམ་བཞི་ལ། །གོས་དཀར་མོ་དང་ཁྲོ་གཉེར་ཅན། །ཕྲེང་བའི་པདྨ་རྡོ་རྗེ་མ། །སོར་མོ་ཕྲེང་བ་ཨུཏྤ་ལའོ། །སྔོ་བསངས་ལྗང་གུ་དམར་མོའོ། །ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་རིན། །གཞན་གྱིས་མི་ཐུབ་སྒྲོག་ཅན་མོ། །མཆོད་ མོ་གཟི་བརྗིད་ཆེན་མོ་ནི། །དཀར་དང་སེར་ནག་ལྗང་གུ་མ། །རྡོ་རྗེ་རིན་ཆེན་དབྱུག་པ་སྟེ། །སྤོས་དང་རྡོ་རྗེ་ལུ་གུ་རྒྱུད། །ནུབ་ཏུ་སྟོབས་ཆེན་ལུ་གུ་རྒྱུད། །རྡོ་རྗེ་རིག་འཛིན་རིགས་གསེར་ཕྲེང་། །དམར་དང་སེར་དང་དཀར་ལྗང་མ། །རྡོ་རྗེ་དང་ནི་བགྲང་ཕྲེང་བསྣམས། །བྱང་དུ་རྡོ་རྗེ་རིན་ ཆེན་མ། །གཙུག་ཏོར་བསྒྱིངས་མ་གསེར་ཅན་མ། །དམར་པོ་དཀར་དང་ལྗང་གུ་སེར། །སྣ་ཚོགས་རྡོ་རྗེ་བགྲང་ཕྲེང་ཅན། །སྒྲོལ་མ་དཀར་མོ་ནམ་མཁའ་ལ། །བསྒྱིངས་པ་སྐྱབས་སྦྱིན་བསམ་པར་བྱ། །པདྨའི་སྤྱན་ནི་འོག་ཏུ་བསམ། །དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ལྷ་མོ་འདི་དག་ ཐམས་ཅད་ཀྱང་། །ཡིད་ཙམ་ཁྲོས་ནས་གཙོ་ལ་གཟིགས། །སྒོ་མ་མཚམས་ཀྱི་ལྷ་