Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 3 / 21 (50.000 ký tự/trang)
དཀར་གསུམ་མངར་གསུམ་གྱིས་གཟའ་རྣམས་མཉེས་པར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ། གོས་གསར་པ་གྱོན་ལ་བསྐྱེད་པ་ལ་སོགས་པ་སྔོན་དུ་བྱས། དཀྱིལ་འཁོར་དུ་བཅུག་སྟེ་མེ་ཏོག་དོར་བ་ལ་སོགས་ པ་དང་། དབང་བསྐུར་བར་བྱའོ། །དེ་ནས་ཁྲུས་བྱས་ལ་གཟའ་ཆེན་པོ་བརྒྱད་ཀྱི་བ་ལིཾ་གཏང་ངོ་། །དེའི་འོག་ཏུ་ཕྱོགས་སྐྱོང་དང་བགེགས་ཀྱི་གཏོར་མ་སྒྲ་སྣ་ཚོགས་པ་དང་ལྡན་པས་བཏང་ལ། དཀྱིལ་འཁོར་བསྡུ་བ་དང་བཀྲ་ཤིས་གསོལ་བ་ལ་སོགས་པ་བྱའོ། །གཟའ་ཆེན་པོ་བརྒྱད་ ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཉི་མ་བཅུད་ལེན་བྱ་བ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་ པས་གནས་ཁང་ཡིད་དང་མཐུན་པར་མེ་ཏོག་སིལ་མ་བཀྲམ་ལ་ས་ཆོག་ལ་སོགས་པ་སྔོན་དུ་སོང་བས་རྒྱུ་སྐར་རྣམས་ཀྱི་དཀྱིལ་འཁོར་བཞེངས་ཏེ་དབུས་པདྨ་འདབ་བརྒྱད་ལ་དཀར་པོ་ལྟེ་བ་སྔོན་པོ། མུ་ཁྱུད་པདྨའི་ཕྲེང་བས་མཛེས་པར་བསྐོར་བ། ཁྱམས་དར་དམར་པོ་ལ་ཤར་ནས་བརྩམས་ ནས་སྣ་ཚོགས་ཡིད་དུ་འོང་བའི་ཁང་བུ་བདུན་བདུན་གྱིས་བསྐོར་བ་སྒོ་བཞི་མུ་ཁྱུད་སྣ་ཚོགས་སྐར་མའི་འོད་འཁྲུག་པ་བྲིའོ། །དེ་ནས་གཙོ་བོའི་མཚན་མ་དང་། པདྨ་རྣམས་ལ་གཟའ་བརྒྱད་ཀྱི་མཚན་མ་དང་། ཁང་བུ་རྣམས་སུ་ཤར་ནས་བརྩམས་ཏེ། མདུང་དང་། མདའ་བོ་ཆེ་དང་། འཁོར་ ལོ་དང་། གཏུན་ཤིང་དང་། ཕུབ་དང་། རལ་གྲི་དང་། རྔ་ཡབ་དང་། མེ་དང་། ཆུ་དང་། ས་དང་། རླུང་དང་། རྒྱལ་མཚན་དང་། སྦུད་པ་དང་། རྡོ་རྗེ་དང་། མེ་ལོང་དང་། བསེ་ཁ་སྦྱར་དང་། དངུལ་གྱི་ཕྲེང་བ་དང་། ཞགས་པ་དང་། མདའ་དང་། ལྕགས་ཀྱུ་དང་། སིན་དྷཱུ་རའི་སོལ་བ་ དང་། སེང་གེ་དང་། ཝ་དང་། བྱི་ལ་དང་། གླང་པོ་དང་། བྱ་རྒོད་དང་། རི་སྐྱེགས་དང་། རྨ་བྱ་རྣམས་བྲི་བར་བྱའོ། །དེ་ནས་བུམ་པ་ཉི་ཤུ་རྩ་དགུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོ་སོའི་མཚན་མ་དྲི་སྣ་ཚོགས་པས་བཏབ་ལ། ཕྱོགས་སུ་གཞག་གོ། །ཕྱོགས་མཚམས་རྣམས་སུ་ ཕུར་བུས་འཁོར་བར་གཞག་གོ། །དེ་དག་གི་བར་བར་དུའང་ཚོན་སྣ་ཚོགས་པའི་སྐུད་པས་སྦྲེལ་ལོ། །བདུག་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ་མོ། །དེ་ནས་གཟའ་དང་རྒྱུ་སྐར་གྱི་གཏོར་མ་དང་། ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཚུལ་བཞིན་དུ་བཤམ་མོ། །དེ་ནས་ ཡན་ལག་བདུན་པ་སྔོན་དུ་སོང་བས་སོ་སོའི་བུམ་པར་སྔགས་དང་ཕྱག་རྒྱས་བསྐྱེད་དོ། །ཤར་གྱི་བུམ་པ་དང་པོ་ནས་བརྩམས་ཏེ་སྨིན་དྲུག་དཀར་པོ་ཞལ་གཅིག་ཕྱག་སྟོང་དང་ལྡན་པ་ཕྱག་གཡས་ན་མདུང་བསྣམས་པ། ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། ཁྱི་དཀར་པོ་ལ་ཞོན་པ་བསྐྱེད་དོ། །དེ་བཞིན་ དུ་གཞན་འདྲ་བ་ལ་སྣར་མ་མདོག་སེར་ལྗང་ཕྱག་ན་མདའ་བོ་ཆེ་ཉ་ལ་ཞོན་པ། མགོ་མདོག་དཀར་སྨུག་འཁོར་ལོ་སྲེ་མོ་ལ་ཞོན་པ། ལག་མདོག་དཀར་གཏུན་ཤིང་བསྣམས་པ་གླང་ལ་ཞོན་པ། ནབ་སོ་མདོག་དཀར་པོ་ཕྱག་ན་ཕུབ་བ་ལང་ལ་ཞོན་པ། རྒྱལ་མདོག་དཀར་སེར་ཕྱག་ན་རལ་གྲི་ཁྱུང་ལ་ ཞོན་པ། སྐག་སྔོན་པོ་རྔ་ཡབ་བསྣམས་པ་རྟ་ལ་ཞོན་པ་བསྐྱེད་དོ། །ལྷོ་ཕྱོགས་སུ་མཆུ་མདོག་སེར་པ་ལག་པ་བརྒྱ་སྟོང་གྲངས་མེད་པ་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་པ། ཕྱག་རྣམས་ན་མེ་བསྣམས་པ་བྱ་ལ་ཞོན་པ་བསྐྱེད་དོ། །གྲེ་མདོག་སྔོ་སྐྱ་ཕྱག་ན་ཆུ། གླང་པོ་ལ་ཞོན་པ། དབོ་མདོག་དམར་སྐྱ་ ཕྱག་རྣམས་ནས། སྟག་ལ་ཞོན་པ།མེ་བཞི་མདོག་དཀར་པོ་ཕྱག་ན་རླུང་། རིན་པོ་ཆེ་སྣ་བཞིའི་ཁྲི་ལ་གནས་པ། ནག་པ་མདོག་ནག་པོ་ཕྱག་རྣམས་ན་རྒྱལ་མཚན་གཡག་ལ་ཞོན་པ། ས་རི་མདོག་སེར་པོ་ཕྱག་ན་སྦུད་པ། གསེར་གྱི་གདན་ལ་བཞུགས་པ། ས་ག་མདོག་དུད་ཀ་ཕྱག་རྣམས་ རྡོ་རྗེ་གདེངས་པ། སྦྲུལ་ལ་ཞོན་པ་བསྐྱེད་དོ། །ནུབ་ཏུ་གཟི་བརྗིད་ཆེན་མོ་མདོག་དམར་ཕྱག་རྣམས་མེ་ལོང་། གློག་ལ་ཞོན་པའོ། །སྣྲོན་མདོག་སེར་སྐྱ་ཕྱག་རྣམས་ན་བསེ་ཁ་སྦྱར། དྲེད་ལ་ཞོན་པ། སྣྲུབས་སྐུ་མདོག་དམར་སེར་ཕྱག་རྣམས་ན་དངུལ་གྱི་ཕྲེང་བ། རླུང་ལ་ཞོན་པ། ཆུ་སྟོད་མདོག་སྔོན་མོ་ཕྱག་རྣམས་ན་ཞགས་པ། འབྲུག་ལ་ཞོན་པའོ། །ཆུ་སྨད་མདོག་ལྗང་སྔོན་ཕྱག་རྣམས་ན་བ་དན་བསྣམས་པ། ཅེ་སྤྱང་ལ་ཞོན་པ། གྲོ་བཞིན་མདོག་སྨུག་པོ་ཕྱག་རྣམས་ན་ལྕགས་ཀྱུ་བསྣམས་པ། སེང་གེ་ལ་ཞོན་པའོ། །བྱི་བཞིན་མདོག་དམར་སྐྱ་ཕྱག་ རྣམས་ན་སིན་དྷཱུ་རའི་སོལ་བ། ཝ་ལ་ཞོན་པ། བྱང་དུ་མོན་གྲུ་མདོག་ལྗང་གུ་ཕྱག་རྣམས་ན་སེང་གེ་དཀར་མོ། དོམ་ལ་ཞོན་པའོ། །མོན་དྲེ་མདོག་མཐིང་ག་ཕྱག་རྣམས་ན་བེང་མོ། སྤྲིན་ལ་ཞོན་པའོ། །ཁྲུམས་སྟོད་མདོག་ལྗང་སེར་ཕྱག་རྣམས་ལ་བྱི་ལ་ཁྲ་མོ་བསྣམས་པ། ངང་པ་ ལ་ཞོན་པའོ། །ཁྲུམས་སྨད་མདོག་ལྗང་སྔོན་ཕྱག་ན་གླང་སྔོན་པོ་བསྣམས་པ། ར་ལ་ཞོན་པ། ནམ་གྲུ་མདོག་མཐིང་ག་ཕྱག་རྣམས་ན་བྱ་རྒོད་སེར་པོ། བུམ་པ་ལ་ཞོན་པའོ། །ཐ་སྐར་མདོག་ལྗང་དམར་ཕྱག་ན་རི་སྐེགས་ཁྲ་མོ། །རྔ་མོ་ལ་ཞོན་པའོ། །བྲ་ཉེ་མདོག་དུང་སེར་རིན་པོ་ཆེའི་རྒྱན་ སྣ་ཚོགས་པས་བརྒྱན་པ། ཕྱག་བརྒྱ་སྟོང་ན་རྨ་བྱ་སྔོན་པོ་བསྣམས་པ། ཞལ་གཅིག་པ་ཞལ་ནས་བདུད་རྩིའི་རྒྱུན་འབབ་པ་རུས་སྦལ་ཞོན་པ་བསྐྱེད་དོ། །དེ་དག་ཀྱང་ས་བོན་ཀུན་ལས་བྱུང་བ་འོད་ཟེར་བརྒྱ་སྟོང་དཔག་ཏུ་མེད་པ་འཕྲོ་བ་བསྐྱེད་དོ། །སྔགས་ནི་ཨོཾ་ས་སྭཱ་ཧཱ། ཨོཾ་ལཾ་སྭཱ་ཧཱ། ཨོཾ་ཏ་སྭཱ་ ཧཱ། ཨོཾ་ཕ་སྭཱ་ཧཱ། ཨོཾ་ཀེ་སྭཱ་ཧཱ། ཨོཾ་མཾ་སྭཱ་ཧཱ། ཨོཾ་གྷུ་སྭཱ་ཧཱ། ཨོཾ་ཁཾ་སྭཱ་ཧཱ། ཨོཾ་ཉེ་སྭཱ་ཧཱ། ཨོཾ་སི་སྭཱ་ཧཱ། ཨོཾ་ཡེ་སྭཱ་ཧཱ། ཨོཾ་ཝུ་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། ཨོཾ་གི་སྭཱ་ཧཱ། ཨོཾ་ར་སྭཱ་ཧཱ། ཨོཾ་རུ་སྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ། ཨོཾ་ཏེ་སྭཱ་ཧཱ། ཨོཾ་རཾ་སྭཱ་ཧཱ། ཨོཾ་རི་སྭཱ་ཧཱ། ཨོཾ་དཾ་སྭཱ་ཧཱ། ཨོཾ་ཁྲི་སྭཱ་ཧཱ། ཨོཾ་སྨ་སྭཱ་ཧཱ། ཨོཾ་ ལཾ་སྭཱ་ཧཱ། ཨོཾ་ཤཾ་སྭཱ་ཧཱ། ཨོཾ་དྷ་སྭཱ་ཧཱ། ཨོཾ་ན་སྭཱ་ཧཱ། ཨོཾ་ཉ་སྭཱ་ཧཱ། ཞེས་གོ་རིམས་ཀྱིས་སོ་སོའི་ཡེ་ཤེས་སེམས་དཔའ་རྣམས་བསྟིམ་ལ། བུམ་པ་ཞལ་གྱི་བདུད་རྩི་ཆུ་བོའི་རང་བཞིན་དུ་དམིགས་སོ། །དེ་ནས་མཆོད་པ་དང་བསྟོད་པའི་བྱེ་བྲག་ཅི་རིགས་པར་བྱས་ལ། ཇི་ལྟར་འདོད་པའི་དོན་ལ་ གསོལ་བ་བཏབ། དེ་ནས་སློབ་མ་གོས་གསར་པ་གྱོན་ལ། ཁྲུས་ནས་བཏོན་ལ་དཀྱིལ་འཁོར་དུ་གཞུག་པ་དང་། མེ་ཏོག་ཕོག་པའི་ལས་ཀྱི་ལྷ་ངོ་བསྟན་པ་དང་། དབང་བསྐུར་བར་བྱའོ། །དེ་ནས་གཏོར་མའི་ཆོ་ག་རྒྱས་པར་བྱའོ། །གཏོར་མ་ཆུ་ཀླུང་ཆེན་པོར་བསྐྱལ་ལོ། །དཀྱིལ་ འཁོར་བསྡུ་ཞིང་སློབ་མ་བུམ་པའི་ཆུས་ཁྲུས་བྱ་ཞིང་བཀྲ་ཤིས་གསོལ་བ་དང་། ཚོགས་ཇི་ལྟར་རིགས་པར་བསག་གོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་གང་དག་སྟོབས་དང་ཡོན་ཏན་འཕེལ་བར་འདོད་པས། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས། གནས་ཁང་ཡིད་དང་མཐུན་པར་སེམས་བསྐྱེད་པ་དང་། ཚོགས་བསགས་པ་ཅི་ རིགས་པར་བྱས་ལ། སའི་ཆོ་ག་དང་སྟ་གོན་ཇི་ལྟར་གསུངས་པ་བཞིན་དུ་བྱས་ལ། ས་སྟེགས་འདོམ་གང་བ་ལས་ཆགས་ལ་སོགས་པ་ལེགས་པར་བྱས་ལ་ཐིག་བཏབ་ལ་ཆོ་ག་རྫོགས་པར་བྱ་སྟེ། ལྟེ་བ་སྔོན་པོ་མུ་ཁྱུད་སེར་པོས་བསྐོར་ལ། པདྨ་དམར་པོ་འདབ་མ་བརྒྱད་པ་མུ་ཁྱུད་པདྨ་ སྣ་ཚོགས་པ། གྲུ་ཆད་ལྗང་གུ། ཁྱམས་དང་སྒོ་རྣམས་སུ་ལྡན་པ་བྲིས་ལ་དབུས་སུ་གཙོ་བོའི་མཚན་མའོ། །ཤར་དུ་ཏྲི་ཤཱུ་ལ་རྩེ་གསུམ་པ། ནུབ་ཏུ་པདྨ། བྱང་དུ་འཁོར་ལོ། ལྷོར་རྡོ་རྗེ་གསུམ་པ། ཤར་ལྷོར་མདའ། ལྷོ་ནུབ་ཏུ་གླང་པོ་ཆེའི་མཆེ་བ། ནུབ་བྱང་དུ་ཞགས་པ། བྱང་ ཤར་དུ་མདུང་ཐུང་བྲིའོ། །སྒོ་རྣམས་སུ་སྒོ་མའི་མཚན་མ་ལེགས་པར་བྲིས་ལ་བུམ་པ་མཚན་ཉིད་དང་ལྡན་པ་དགུ་ལ་ལྷ་སོ་སོའི་མཚན་མ་བཏབ་ལ། མགུལ་ཆིངས་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། གུ་གུལ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་ལ་བདུགས་ལ་བཞག་གོ། ། གྲྭ་དང་ངོས་རྣམས་སུ་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་དར་སྣ་ཚོགས་ཀྱི་ཅོད་པན་བཏགས་ལ་གཟུགས་སོ། །དེ་ནས་མཆོད་པའི་བྱེ་བྲག་དང་། ལྷ་བརྒྱད་ལ་གཏོར་མ་བརྒྱད་ལ་སོགས་པ་བཤམས་ལ། དེ་ནས་ཚོགས་བསག་པའི་རྟེན་ནམ་མཁའ་ལ་སྤྲུལ་ལ་སེམས་བསྐྱེད་པ་ལ་སོགས་ པའི་དགེ་སྦྱོར་གྱི་ཡན་ལག་རྣམས་བྱས་ལ། གཙོ་བོ་ལ་སོགས་པ་ལྷ་སོ་སོའི་བུམ་པར་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོཿཞེས་བུམ་པའི་ངོ་བོར་གཉིས་སུ་མེད་པར་དམིགས་ལ་གཙོ་བོའི་སྔགས་དང་ཕྱག་རྒྱ་སྔ་མ་རྣམས་དང་འདྲའོ། །དེ་ནས་འཁོར་གྱི་ལྷ་རྣམས་མནྟྲ་ དང་མུ་ཏྲས་སྤྱན་དྲང་བ་ནི། གཡོན་པ་མགོ་ཐོད་པ་ཐོགས་པ་ལྟར་བྱས་ལ། གཡས་པའི་སོར་མོ་གསུམ་འདུད་པ་རྩེ་གསུམ་པ་ལྟར་བྱས་ལ། ཨོཾ་རུ་སྭཱ་ཧཱ་ཞེས་བརྗོད་པས་མ་ཧཱ་དེ་བ་མདོག་སྔོ་སྐྱ། ཞལ་གཅིག་ཕྱག་གཉིས་པ། གཡས་ཏྲི་ཤཱུ་ལ་རྩེ་གསུམ་པ་གཡོན་ཐོད་པ་ཐོགས་པ། སྐྲ་བརྫེས་ཤིང་མིག་འབྲུ་ཚུགས་སུ་ལྟ་བ། མཆེ་བ་གཙིགས་པ། དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་པས་བརྒྱན་པ་བསྐྱེད་དོ། །ཡང་ལག་པ་གཡོན་པ་ཁའི་ཐད་ཀར་པདྨ་ལྟར་བྱས་ལ། གཡས་པ་མཐེ་བོང་བཀན་པ་སྙིང་གར་བཞག་ལ། ཨོཾ་ཨོཾ་སྭཱ་ཧཱ་ཞེས་བརྗོད་པས་ཚངས་པ་དཀར་པོ་ཞལ་ གཅིག་ཕྱག་གཉིས་པ་གཡོན་པདྨ་འཛིན་པ་གཡས་དུང་བསྣམས་པ། སྐྲ་བརྫེས་ཤིང་མཆེ་བ་གཙིགས་པ་འཇིགས་པའི་ང་རོ་ཅན་བསྐྱེད་དོ། །ལག་པ་གཡོན་པ་འཁོར་ལོ་ལྟར་བྱས་ཏེ། གཡས་པ་དབྱུག་ཏོ་འཕྱར་བ་ལྟར་བྱས་ནས། ཨོཾ་བྷི་སྭཱ་ཧཱ་ཞེས་བརྗོད་པས་ཁྱབ་འཇུག་དུད་ཀ་ཞལ་ དགུ་མཆེ་བ་གཙིགས་པ། དབུ་སྐྲ་ཐོར་ཚུགས་གཅིག་ཏུ་འཁྱིལ་བ། ལྟེ་བ་མན་ཆོད་སྦྲུལ་དུ་འཁྱིལ་བ། ལུས་ཀུན་སྤྱན་མིག་གིས་ཁེངས་པ་ཞལ་གདངས་པ། སྟེང་མ་ལྷ་ཞལ་དཀར་པོ་ཡོད་པ། གཡོན་འཁོར་ལོ་གཡས་རིན་པོ་ཆེའི་དབྱུག་ཏོ་འཕྱར་བ་བསྐྱེད་དོ། །ལག་པ་ གཡས་ཀྱི་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་ལ་ལྷག་མ་གསུམ་ནས་གང་གིས་མ་རེག་པར་བྱས་ལ། ཨོཾ་ཨི་སྭཱ་ཧཱ་ཞེས་བརྗོད་པས་བརྒྱ་བྱིན་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་གསུམ་པ། གཡོན་ཕྲེང་བ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ པ་བསྐྱེད་དོ། །ལག་པ་གཉིས་ཀྱི་མཐེ་བོང་གཉིས་དང་གུང་མོ་གཉིས་སྦྱར་བ་བཀུག་ལ་ལྷག་མ་མདའ་ལྟར་བྱས་ལ། ཨོཾ་ཀཾ་སྭཱ་ཧཱ་ཞེས་བརྗོད་པས་འདོད་པའི་དབང་ཕྱུག་མདོག་སྨུག་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་མདའ་གཡོན་གཞུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་ བརྒྱན་པ་བསྐྱེད་དོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་གླང་པོ་ཆེའི་མཆེ་བ་ལྟར་བྱས་ལ། ཨོཾ་ག་སྭཱ་ཧཱ་ཞེས་བརྗོད་པས་ཚོགས་ཀྱི་བདག་པོ་མདོག་ནག་པོ་སྦྲུལ་མ་རུངས་པ་རྣམས་ཀྱིས་ལུས་ལ་བརྒྱན་པ། ཞལ་གཅིག་ཕྱག་གཉིས་པ་གླང་པོ་ཆེའི་མཆེ་བ་གཡོན་པ་ གླང་པོ་ཆེའི་ཀོ་བ་ཐོགས་པ་རབ་ཏུ་འཇིགས་པ་སྣ་གླང་པོའི་སྣ་དང་མཚུངས་པ་རབ་ཏུ་བསྐྱེད་དོ། །ལག་པ་གཉིས་རབ་ཏུ་བརྐྱང་བ། ཨོཾ་བྷི་སྭཱ་ཧཱ་ཞེས་བརྗོད་པས་ནག་པོ་ཆེན་པོ་མདོག་ནག་ལ་ཡན་ལག་རགས་པ། སྐྲ་གཡེངས་ལ་སོ་རྣོ་བ། ཞལ་གཅིག་ཕྱག་གཉིས་པ་གཡས་གཡོན་ ཞགས་པ་ཐོགས་པ་བསྐྱེད་དོ། །ལག་པ་གཉིས་མདུང་གསོར་བ་ལྟར་བྱས་ལ། ཨོཾ་ག་སྭཱ་ཧཱ་ཞེས་བརྗོད་པས་སྨིན་དྲུག་གི་བུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་མདུང་འཛིན་པ་བསྐྱེད་དོ། །དེ་ལྟར་བསྐྱེད་པ་ལ་མཆོད་པ་ལྔ་ཕུལ་ཡེ་ཤེས་སེམས་དཔའ་དགུག་གཞུག་གི་ ལས་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་ཅི་རིགས་པར་དབུལ་ལོ། །ལྷ་ཆེན་པོ་བརྒྱད་ལ་བསྟོད་ཅིང་གསོལ་བ་གདབ་བོ། །དེ་ནས་ལྷ་ཆེན་པོ་བརྒྱད་ཀྱི་སོ་སོའི་སྔགས་སོ་སོའི་བུམ་པ་ལ་ཁྲི་ཕྲག་རེ་བཟླས་ལ་ཡེ་ཤེས་སེམས་དཔའ་དང་འཕྲོ་འདུ་རྫོགས་པར་བྱས་ལ། རྡོ་རྗེ་འབར་བའི་ ཕྱག་རྒྱ་དང་ལྡན་པས་སློབ་མ་དཀྱིལ་འཁོར་དུ་གཞུག་སྟེ། ཨོཾ་པྲ་ཏཱིཙྪེ་དཾ་མ་ཧཱ་སཏྭ་བཛྲ་དྷཱ་ར་ཨཱ་ཛྙཱ་པཱ་ཡ་ཧ་ཧ་ཧོ། །གདོང་གཡོགས་ཏེ་མེ་ཏོག་དོར་རོ། །དེ་ནས་གདོང་གཡོགས་བཀྲོལ་ལ་སོ་སོའི་བུམ་པའི་ཆུས་དབང་བསྐུར་རོ། །དེ་ནས་ལྷ་ཆེན་པོ་བརྒྱད་ལ་བསྟོད་པས་བསྟོད་ལ་ གཏོར་མ་བཏང་། སློབ་མ་ཁྲུས་ནས་བཏོན་ལ་འཇིག་རྟེན་པའི་ལྷ་རྒྱབ་ཀྱིས་ཕྱོགས་པ་ལས་འདོད་པའི་དོན་སྟེར་བར་གསོལ་བ་གདབ། དེ་ནས་མཆོད་པ་ལྔ་ཕུལ་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ཡ་ཧི་གཙྪ་ཞེས་གཤེགས་སུ་གསོལ། དཀྱིལ་འཁོར་བསྡུ་བཀྲ་ཤིས་གསོལ། ལྷ་ཆེན་ པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པའི་ལམ་སྟོན་པར་བྱེད་པ་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་ པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མེ་ཏོག་སྔོན་པོ་ལ་སོགས་པ་ས་འཕགས་པ་རྣམས་མངོན་པར་མཆོད་ནས་སའི་ཆོ་ག་ལ་སོགས་པ་རྣམས་སྔོན་དུ་སོང་ནས། ས་སྟེགས་གྲུ་གསུམ་ལེགས་པར་བྱས་ལ་ཆོ་ག་བཞིན་དུ་ཐིག་ལེགས་ པར་བཏབ་ལ། དེ་ནས་ཚོན་བཏང་སྟེ། པདྨ་འདབ་མ་བརྒྱད་པ་དཀར་པོ་ལྟེ་བ་སྔོན་པོ། མུ་ཁྱུད་སྣ་ཚོགས་པདྨའི་ཕྲེང་བ་ཁྱམས་དམར་པོ་སྒོ་བཞི་རིགས་དང་འདྲ་བ། ཕྱིའི་མུ་ཁྱུད་སྦྲུལ་འབར་བ་རབ་ཏུ་འཁྱིལ་པས་འཁོར་བར་བྲིས་ལ། བུམ་པ་བརྒྱད་གཙོ་བོའི་བུམ་པ་དང་དགུ་ ལ་སོ་སོའི་མཚན་མ་བྲིས་ལ། རྒྱན་སྣ་ཚོགས་པས་བརྒྱན་པ་གཞག་གོ། །དེ་ནས་མཆོད་པའི་ཡོ་བྱད་ཅི་འབྱོར་པ་དང་། ཀླུ་གཏོར་ལ་སོགས་པ་ཡང་བཤམ་མོ། །དེ་ལྟར་བཤམས་ལ་ཚོགས་སོགས་པའི་རྟེན་ནམ་མཁའ་ལ་སྦྲུལ་ལ་ཚོགས་བསག །དེ་ནས་སོ་སོའི་མཚན་ མ་དང་ལྡན་པས་བུམ་པའི་ནང་དུ་གཙོ་བོ་སྔ་མ་དང་འདྲ་བར་བསྐྱེད། འཁོར་གྱི་ཀླུ་རྣམས་ནི་ལག་པ་རྣམས་སྦྲུལ་མགོ་གདེངས་པ་ལྟར་བྱས་ལ། ཨོཾ་ཕུཿསྭཱ་ཧཱ་ཞེས་བརྗོད་པས་མཐའ་ཡས་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་སྨད་སྦྲུལ་དུ་འཁྱིལ་བ་དབུ་ལ་རིན་པོ་ཆེ་དང་སྦྲུལ་མགོ་ བདུན་གྱི་གདེངས་ཀ་ཡོད་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ཞགས་པ་གཡོན་པདྨ་བསྣམས་པ་བསྐྱེད་དོ། །དེ་དག་ཀྱང་གདན་པདྨའི་སྡོང་པོའི་སྟེང་ན་ཉི་མ་དང་ཟླ་བའི་སྟེང་དུ་བསྐྱེད་དོ། །ཕྱག་རྒྱ་སྔ་མ་དང་འདྲ་བ་ལ་ལྷོ་ཕྱོགས་སུ་ཨོཾ་བ་སྭཱ་ཧཱ་ཞེས་བརྗོད་པས་ འཇོག་པོ་མདོག་དཀར་པོ་གཡས་ཞགས་པ་གཡོན་པདྨ་ཐོགས་པ་སྔ་མ་དང་འདྲ་བ་བསྐྱེད་དོ། །ནུབ་ཏུ་ཨོཾ་བྷྲུཾ་སྭཱ་ཧཱ་ཞེས་བརྗོད་པས་ཀརྐོ་ཊ་དམར་པོ་ཕྱག་མཚན་སྔ་མ་དང་འདྲ་བ་བསྐྱེད་དོ། །བྱང་དུ་ཨོཾ་ཕ་སྭཱ་ཧཱ་ཞེས་བརྗོད་པས་ཨུ་ལི་ཀ་མདོག་དམར་སྐྱ་སྔ་མ་དང་འདྲ་བ་བསྐྱེད་དོ། །ཤར་ལྷོར་ཨོཾ་ ཕི་སྭཱ་ཧཱ་ཞེས་བརྗོད་པས་ནོར་རྒྱས་མདོག་སེར་སྐྱ་སྔ་མ་བཞིན་དུ་བསྐྱེད་དོ། །ལྷོ་ནུབ་ཏུ་ཨོཾ་ཕེ་སྭཱ་ཧཱ་ཞེས་བརྗོད་པས་དུང་སྐྱོང་སྔོ་སྐྱ་བསྐྱེད་དོ། །ནུབ་བྱང་དུ་ཨོཾ་ཕཾ་སྭཱ་ཧཱ་ཞེས་བརྗོད་པས་པདྨ་སྔོ་སྐྱ་བསྐྱེད་དོ། །བྱང་ཤར་དུ་ཨོཾ་ཕཻ་སྭཱ་ཧཱ་ཞེས་བརྗོད་པས་བ་སུ་ན་མདོག་དམར་སྔོ་སྔ་མ་བཞིན་ བསྐྱེད་དོ། །དེ་དག་ཀྱང་ས་བོན་ཕུ་ལས་ཡང་དག་པར་འབྱུང་བ་རབ་ཏུ་མཛེས་པར་བསྐྱེད་དོ། །དེ་ནས་དེ་དག་ལ་མཆོད་པ་ལྔ་ལྔ་དབུལ་ལོ། །དེ་ནས་སོ་སོའི་ཡེ་ཤེས་སེམས་དཔའ་ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བྱས་ལ་བུམ་ཆུ་ཀླུའི་ངོ་བོར་ཞུ་བས་ཆུ་བདུད་རྩིར་དམིགས་ལ་སོ་སོའི་ ཡུམ་གྱི་མགུལ་ནས་འཁྱུད་པའི་ཐུགས་ཀའི་ཡི་གེ་ཕུཿཞེས་འོད་ལྡན་པ་ལ་དམིགས་ལ་སྙིང་པོ་རྒྱས་བསྡུས་གང་མོས་པ་ལ་བརྒྱ་ཕྲག་གཅིག །ཀླུའི་སྙིང་པོ་རེ་རེ་ལ་ཁྲི་ཕྲག་བཟླས་སོ། །དེ་ནས་མཆོད་པ་དང་བསྟོད་པ་རེ་བྱའོ། །དེ་ནས་སློབ་མ་སྨྱུང་བར་གནས་པར་བྱས་ལ་འོ་ མས་གདོང་བཀྲུས་ལ་ལག་ཏུ་ཀླུ་ཤིང་འབྲས་བུ་དང་བཅས་པ་ཐོགས་ལ་དཀྱིལ་འཁོར་དུ་བཅུག་ལ་དམ་ཚིག་དང་སྡོམ་པ་དབོག །དེ་ནས་བུམ་ཆུ་བདུད་རྩིའི་ངོ་བོ་དང་ལྡན་པས་དབང་བསྐུར་རོ། །དེ་ནས་གཏོར་མ་བཏང་། མཎྜལ་བསྡུ། བཀྲ་ཤིས་གསོལ་ལོ། །ཀླུ་བརྒྱད་ ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དུག་ལས་རྒྱལ་བ་ཞེས་བྱ་བ་སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་བུམ་པ་སྒྲུབ་པར་འདོད་པའི་སྒྲུབ་ པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་ས་གཞི་རྣམས་ལེགས་པར་མཉམ་སྟེ། བྱུག་སྤོས་ལ་སོགས་པ་རྣམས་ཀྱིས་ཆག་ཆག་བཏབ་ལ་དཀྱིལ་འཁོར་ལ་བརྟེན་པ་དང་། མཎྜལ་ལ་བརྟེན་པ་གཉིས་གང་མོས་སུ་བྱའོ། །དཀྱིལ་འཁོར་ལ་བརྟེན་ན་དཀྱིལ་འཁོར་ གྱི་ཆོ་ག་དང་དབང་བསྐུར་བའི་ཆོ་ག་བཞིན་བྱའོ། །མཎྜལ་ལ་བརྟེན་ན་ཁྲུ་གང་གི་མཎྜལ་སྔོན་པོ་ཟླུམ་ཞིང་དབུས་ཡིད་ཙམ་མཐོ་བ་ལ་ཆགས་ལེགས་པར་བྱ་ཞིང་མཉམ་པའི་སྟེང་དུ་བུམ་པ་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལས་སྒྲུབ་པ་པོ་འབྱོར་པའི་ཁྱད་པར་གྱིས་བྱའོ། ། དེ་ཡང་པདྨ་དམར་པོའི་མདོག་ལྟར་དམར་ཞིང་བྱི་རུ་དང་། མཚལ་བཟང་པོའི་མདོག་ལྟར་དམར་ཞིང་ནག་པོ་ར་རི་མེད་ཅིང་ཤིན་ཏུ་འཇམ་པར་བྱའོ། །དེ་ཡང་ཚད་དང་ལྡན་པར་བྱ་སྟེ། ཞབས་ཀྱི་གདུབ་ཀྲོལ་དཔངས་སུ་སོར་གཅིག་གི་ཚད་དུ་བྱ། སྟེགས་ལ་སོར་གཉིས། ལྟོ་བ་ལྷུང་བཟེད་ དང་འདྲ་བར་བྱ། མགྲིན་པ་ནི་དཔངས་སུ་སོར་བཞི་ཕྱིར་གྱེད་པ་ཁ་ཁྱེར་གྱི་འདབ་མ་ལ་སོར་གཉིས། མར་བཅལ་བ་ལ་ནས་གང་དཔངས་དེ་དང་མཉམ། ཁའི་བུ་ག་ནི་སོར་བཞིའི་ཚད་དུ་བྱའོ། །ལྟོ་བའི་ཚད་ནི་རབ་ལ་ཕུལ་ཉི་ཤུ་རྩ་གཅིག །འབྲིང་པོ་རྣམས་ སུ་བཅུ་གཅིག་དང་། བདུན་དང་བྲེ་གང་ཤོང་བར་བྱའོ། །ཐ་མ་ནི་ཕུལ་བཞི་དང་ཕུལ་གང་ཁྱོར་བཞི་ཤོང་བར་བྱའོ། །དེ་ལྟ་བུའི་བུམ་པ་ཆག་པ་དང་། ཞོམ་པ་དང་། གས་པ་དང་། ནག་པོ་ར་རི་དང་། ཐག་ཐུག་མེད་པ་མཚན་ཉིད་དང་ལྡན་པ་ནི་དབང་བསྐུར་འཇུག་པའི་རྐྱེན་དང་བྱིན་ རླབས་སུ་ངེས་པའོ། །དེ་ལྟ་བུའི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། ཆུ་རབ་ཏུ་གཙང་མ་སྲོག་ཆགས་མེད་པས་བཀང་སྟེ། དུང་དང་ནོར་བུ་དང་མུ་ཏིག་མིག་མ་ཕུག་པ་དང་། བྱི་རུ་དང་གསེར་དང་རིན་པོ་ཆེ་ལྔ་དང་། གི་རི་ག་ནི་དང་སིང་ཧཱ་དང་། བྱ་ཀྲྀ་དང་། ས་ཧཱ་དང་། ས་ཧ་དེ་ བ་ལ་སོགས་ཏེ་སྨན་ལྔ་དང་། ནས་དང་འབྲས་དང་། མོན་སྲན་གྲེའུ་དང་། གྲོ་དང་ཏིལ་ཏེ་འབྲུ་ལྔ་དང་། ཙནྡན་དང་། ག་བུར་དང་། གུ་གུལ་དང་། གླ་རྩི་དང་། སྤོས་སྦྱར་མ་སྟེ་དྲི་ལྔ། ཀ་ར་དང་། བུ་རམ་དང་། སྦྲང་རྩི་དང་། མར་དང་ལན་ཚྭ་ལ་སོགས་ཏེ་སྙིང་པོ་ལྔ་དང་། མན་ཤེལ་ དང་རྡོ་རྗེ་དང་། མེ་ཏོག་དམར་པོ་རབ་ཏུ་དྲི་ཞིམ་པ་རྣམས་ཀྱང་བླུགས་ལ། དེ་ནས་དྲི་དང་ལྡན་པའི་ཆུ་ལ་སྔགས་བཟླས་ལ་བུམ་པ་བསངས་ཏེ། ཙནྡན་དམར་པོ་ལ་སོགས་པའི་དྲི་ཞིམ་ཞིང་བཀྲ་ཤིས་པའི་རྫས་གང་ཡང་རུང་བས་ལྷ་རྣམས་ཀྱི་མཚན་མ་ལེགས་པར་བྲིས་ལ་རས་དམར་པོ་དྲི་ མ་མེད་པས་མགུལ་པ་བཅིང་ངོ་། །ཀུ་ཤ་དང་ཤུག་པ་ལ་སོགས་པའི་ཤིང་ལོ་མ་ཅན་མེ་ཏོག་དང་འབྲས་བུར་ལྡན་པས་ཁ་རྒྱན་ལ་ཚོན་སྣ་ལྔའི་རས་སྐུད་ཀྱིས་དྲིལ་ཏེ། མདུད་པ་བྱས་ལ་དེའི་སྟེང་དུ་བ་དམར་པོའི་ལྕི་བས་རྒྱས་བཏབ་སྟེ། རྩྭ་དཱུར་བ་ཉག་མ་བདུན་དང་རྨ་བྱ་བདུན་བཞུགས་སོ། ། དེ་དག་གི་སྟེང་དུ་རིན་པོ་ཆེའི་སྣོད་ཆུང་ཞིང་མཛེས་པའི་ནང་དུ་ཡུངས་ཀར་དང་ཏིལ་དཀར་པོ་དང་། ཨ་ལཾ་ཀའི་ཕྱེ་མ་རྣམས་བླུགས་ལ་གཞག་གོ། །དེ་དག་མ་བླུགས་པའི་གོང་དུ་ནི་གུ་གུལ་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བརྗོད་ལ་བདུག་པར་བྱའོ། །དེ་ནས་སྒྲུབ་ པ་པོ་བདག་ཉིད་ཀྱིས་གོས་གསར་པ་གྱོན་ཏེ། །ལག་པ་གཡོན་པའི་མཐིལ་དུ་ཆུ་གཙང་མ་བླུགས་ལ་དེ་ཉིད་ཨ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དུ་དམིགས་ལ། ལག་པ་གཡས་པའི་སོར་མོ་གསུམ་རྡོ་རྗེ་རྩེ་གསུམ་པར་དམིགས་ཏེ། ཨོཾ་ཤོ་དནྟེ་ཨོཾ་ཤ་ཏན་ཡེ་ སྭཱ་ཧཱ་ཞེས་བརྗོད་པས་གཡས་དང་གཡོན་དང་དབུས་སུ་གཏོར་ལ་དེ་ནས་གཡས་པའི་སྲིན་ལག་ཆུ་ནང་དུ་བཅུག་ལ། དེ་ཉིད་ལ་ཉི་མའི་དཀྱིལ་འཁོར་དུ་དམིགས་ལ། བདག་ཉིད་ཀྱིས་ཧུབ་གསུམ་བཏུང་ངོ་། །དེ་ལྟར་ཉེ་རེག་དང་འཐོར་འཐུང་བྱས་ལ་བདག་ཉིད་ཁྲོ་བོ་ཏི་རཱིནྟི་རིའི་ གཟུགས་ཀྱིས་ལངས་ལ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་རྐང་པ་གཡས་པ་རྡོ་རྗེ་གཡོན་པ་ཕུར་པ་དམིགས་པ་དང་། མིག་གཡས་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་འཕྲེད་ལ་ཉལ་བ་དམིགས། གཡོན་པ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དམིགས་ལ་རབ་ཏུ་སྡང་བའི་མིག་ གིས་བགེགས་རྣམས་ལ་དབང་ལྡན་ནས་བརྩམས་ཏེ། ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་རྩིག་པ་དང་། ར་བ་དང་། དྲ་བ་དང་། གུར་དང་། ས་གཞིར་དམིགས་པར་བྱས་ལ་ཕུར་བུ་དང་ཐོ་བ་ཐོགས་པས་ཀྱང་མཚམས་གཅད་པར་བྱའོ། །དེ་ནས་ཕུར་བུའི་ཡུངས་ཀར་བླངས་ཏེ། ཨོཾ་བནྡྷ་ བནྡྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པ་དང་བགེགས་བསྐྲད། ཡང་བདུད་རྩི་ཐབ་སྦྱོར་དུ་དམིགས་ཏེ། ཧཱུཾ་ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡི། །ཡུངས་ཀར་དག་ལ་མངོན་པར་བསྔགས། ། ཕྱོགས་རྣམས་ཀུན་དུ་གཏོར་བྱས་ན། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །དེ་ནས་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་། ཕྱོགས་མཚམས་ཀྱི་སྔགས་བརྗོད་ཅིང་གཏོར་ལ་བསྐྲད་དོ། །ནད་པ་ལ་བྱེད་ན་གང་གི་དཀྱིལ་འཁོར་གྲུ་བཞི་པ་དང་ལྡན་པའི་ས་ཉིད་ལ་དབུས་སུ་ ཁྲུ་དོ་ཁྲུ་ཕྱེད་པའི་ས་འབྲུ་སྣ་ཚོགས་པས་བཀང་ལ་བཞག་གོ། །དེ་ནས་སྔགས་པ་བདག་ཉིད་ཀྱིས་ཁྲུས་བྱ་སྟེ། བུམ་པའི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ཏེ། དེ་ནས་ལག་པའི་སོར་མོ་ནང་དུ་བསྣོལ་ཏེ། ཁུ་ཚུར་བཅངས་ལ་མཐེ་བོང་དང་གུང་ མོ་དང་མཐེའུ་ཆུང་རྣམས་གཤིབས་ཏེ། བསྒྲེངས་ལ་ནས་རེ་རེ་ལས་མ་རེག་པར་བྱས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ་ཞེས་པས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུ་མདོག་ཕྱག་མཚན་གསལ་བར་དམིགས་ ལ། བུམ་པའི་ནང་དུ་པཾ་ཡོངས་སུ་གྱུར་པ་ལས། བདུད་རྩི་ལྔའི་ཆུ་རྒྱུན་དག་པ་ལས་པདྨ་དཀར་པོའི་ཟེ་འབྲུ་དང་། སྡོང་པོར་བཅས་པ་དམིགས་ལ་དེ་ཉིད་ཀྱི་ལྟེ་བ་ལ་ཉི་མ་དང་ཟླ་བ་དང་། པདྨའི་གདན་ལ་བཞུགས་པར་དམིགས་ལ། དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བ་ བཞིན་དུ་ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་བརྗོད་ཅིང་སྤྱན་དྲང་ངོ་། །དེ་ནས་མཆོད་ཡོན་ལན་བདུན་ནམ་ལན་ཉི་ཤུ་རྩ་གཅིག་གམ་སུམ་ཅུ་རྩ་ལྔ་དབུལ་ལོ། །ཡང་ལྷ་རེ་རེའི་དམ་ཚིག་གི་ཕྱག་རྒྱས་སྤྱན་དྲངས་སྔགས་བརྗོད་ཅིང་དེ་དག་རེ་རེ་ལ་ཡང་མཆོད་པ་ལྔ་ལྔ་དབུལ་ལོ། །དེ་ནས་ ཕྱོགས་སྐྱོང་རྣམས་ཀྱི་ཕྱག་རྒྱས་སྤྱན་དྲང་བ་ནི། ལངས་ཏེ་རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ཏེ། གཡས་པ་རྡོ་རྗེའི་ཕྱག་རྒྱ་སྟ་ཟུར་དུ་གཞག་པར་བྱ། སྔགས་ནི་ཨོཾ་ཧ་ན་ཧ་ན་བྷི་ན་བཛྲ་ཧཱུཾ་ཕཊ། ཡང་གཡས་གཡོན་བརྐྱང་བའི་ཚུལ་གྱིས་ ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བསྐྱེད་དོ། །གཡས་པ་བརྒྱ་བྱིན་གྱིའོ། །ཡང་མེའི་ཕྱོགས་སུ་བལྟས་ཏེ། ལག་པ་གཡས་པ་བརྐྱང་ལ་རྐང་པ་གཉིས་མཉམ་པར་བྱས་ལ་མཛུབ་མོ་བཀུག་སྟེ། རྩེ་མོ་གུང་མོའི་ཚིགས་གསུམ་པར་གཟུགས་སོ། །སྔགས་ནི་ཨོཾ་ བཛྲཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱན་ཧཱུཾ་ཕཊ། མཐེ་བོང་མཐིལ་དུ་སྦྱར་ཏེ་བརྟན་པོར་བཞག་ལ་གཡབས་པ་ནི་སྤྱན་དྲང་བའོ། །མཛུབ་མོ་མཐེ་བོང་བཙུགས་ཏེ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་བཏང་བའོ། །གཤིན་རྗེའི་ཕྱོགས་སུ་བལྟས་ཏེ་བསྒྲེངས་ལ་བསྟིམ་པ་མདུན་དུ་བཞག་ ལ་སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་དམ་དུ་བཅངས་ལ་སྲིན་ལག་གཤིབས་ཏེ་བསྒྲེངས་ལ་སྙིང་གར་གཞག་པར་བྱའོ། །སྔགས་ནི་ཨོཾ་བཛྲ་ཀ་ལ་བནྡྷ་ཧ་ན་ཧ་ན་ཧཱུཾ་ཕཊ། སྲིན་ལག་གཉིས་གཤིབས་ལ་གཡས་པས་ནང་དུ་བཟློག་པ་ནི་སྤྱན་དྲང་བའོ། །ནང་དུ་བཟློག་པ་དེ་ལས་ ཕྱིར་བྱུང་སྟེ། གཤིབས་པ་དེ་ནི་སླར་བཏང་བའོ། །བདེན་བྲལ་གྱི་ཕྱོགས་སུ་བལྟས་ཏེ་རྐང་པ་མཉམ་པར་བཞག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་གུང་མོ་གཉིས་རལ་གྲི་འདྲ་བར་གཤིབས་ཏེ་བསྒྲེང་། ལག་པ་གཡོན་པ་ཡང་དེ་ལྟ་བུའི་ཚུལ་ གྱིས་ཤུགས་འདྲ་བར་སྟ་ཟུར་གཡོན་དུ་གཞག་པར་བྱའོ། །སྔགས་ནི་རི་ཏེ་རཀྵཱ་དྷི་པ་ཏ་ཡེ་སྭཱ་ཧཱ། གཡོན་པའི་མཛུབ་མོ་བཀུག་སྟེ་གཡས་པས་སྤྱན་དྲང་བའོ། །ཕྱིར་སྟོད་དེ་སླར་བཀྲོལ་བ་གཤེགས་སུ་གསོལ་བའོ། །ཆུ་ལྷའི་ཕྱོགས་སུ་བལྟས་ཏེ་རྐང་པ་མཉམ་པར་བཞག་ ལ། གཡས་པ་ཁུ་ཚུར་བཅངས་ནས་མཐེ་བོང་དང་མཛུབ་མོ་ཞགས་མིག་ལྟར་བྱ། གཡོན་ཀྱང་དེ་ལྟར་བྱ་སྟེ་སྙིང་གར་བཞག་གོ། །སྔགས་ནི་ཨོཾ་ན་ག་བཛྲ་ཨཱ་ན་ཡ་སརྦ་དྷ་ན་དྷ་བྱ་བཛྲ་ཧི་ར་ཎྱ་སརྦ་ན་ར་སྨ་ནི་མུཀྟ་ལ་ཀ་ར་དྷི་ནི་སརྦ་ག་ར་ཎ་ནི། བཛྲ་དྷ་ར་ས་མ་ཡ། མ་ནུ་སྨཱ་ར། ཨ་ ཀཌྜྷྱ་ཨ་ཀཌྜྷྱ། བནྡྷ་བནྡྷ། ཧ་ར་ཧ་ར་ནན་མ་ཧཱ་ཙེ་ཏ་ཧཱུཾ་ཕཊ། གཡོན་པའི་མཛུབ་མོའི་ལྕགས་ཀྱུ་གཡབས་པ་ནི་སྤྱན་དྲང་བའོ། །ཕྱིར་བསྐྱེད་དེ་སླར་བཀྲོལ་པ་ནི་སླར་བཏང་བའོ། །རླུང་ལྷའི་ཕྱོགས་སུ་བལྟས་ཏེ་རྐང་པ་གཤིབས་ཏེ་བསྒྲེངས་ལ་གཡོན་པའི་ཁུ་ཚུར་བཅངས་ལ། གུང་ མོ་བསྒྲེངས་པའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐིག་ཐོག་བཙུགས་ལ་གཡས་པ་དེ་ལྟར་བྱས་ཏེ་སྟ་ཟུར་གཡས་སུ་གཞག་གོ། །སྔགས་ནི་ཨོཾ་བཛྲ་ཨ་ནི་ལ་མ་ཧཱ་བཻ་ག་ཨ་ན་ཡ་སརྦ་དུཥྚྭཱཾ་ཧཱུཾ་ཕཊ། མཛུབ་མོ་དེ་ཉིད་སྤྱན་དྲངས་པ་དང་། སླར་གཏང་བར་བྱའོ། །ཀུ་བེ་རའི་ ཕྱོགས་སུ་བལྟས་ཏོ་རྡོ་རྗེ་བཅིངས་པ་ནང་དུ་བཟློག་ནས་མཐེའུ་ཆུང་གཤིབས་ཏེ་བརྐྱང་བའི་སྐབས་སུ་སོ་སོའི་སྲིན་ལག་སྦྱར་བར་བྱའོ། །སྔགས་ནི་ཨོཾ་ཀུ་བེ་ར་ཡཀྵེ་ཌི་པ་ཧ་ཡེ་སྭཱ་ཧཱ། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ་གཡབས་པ་ནི་སྤྱན་དྲངས་པའོ། །དེ་ཉིད་ཀྱིས་བསྐྱོད་པ་ནི་སླར་གཏང་ པའོ། །དབང་ལྡན་ཕྱོགས་སུ་བལྟས་ཏེ་བསྒྲེང་ལ་སྙིམ་པ་བཀན་ལ་སྲིན་ལག་མཐེ་ཆུང་བཀུག་སྟེ། བསྣོལ་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་རྒྱབ་ལོགས་སུ་མཛུབ་མོ་གཉིས་རྡོ་རྗེ་ལྟར་བྱ་མཐེ་བོང་གཉིས་བར་དུ་གཞིབས་ཏེ་གཞག་གོ། །སྔགས་ནི་ཨོཾ་དྷི་ཧཱུཾ་བིནྡྷ་ བཛྲ་ཤཱུ་ལ་སྭཱ་ཧཱ། མཛུབ་མོ་གཉིས་སེན་མོ་མི་སྤྲད་པར་ནང་དུ་གཡབས་པ་ནི་སྤྱན་དྲང་བའོ། །ཕྱིར་བསྐྱེད་དེ་བཀྲོལ་བ་ནི་སླར་གཤེགས་པའོ། །འོག་ཏུ་བལྟས་ཏེ་ལག་པ་གཉིས་པདྨ་ལྟར་བྱ་སྟེ། སྤྱན་དྲང་བ་དང་། སླར་བཏང་བ་ཡང་ནང་དུ་གཡབས་ པ་དང་ཕྱིར་བཀྲོལ་བའོ། །སྔགས་ནི་ན་མཿས་མནྟ་བུདྡྷཱ་ནཱན། ཨོཾ་པྲི་ཐི་བྱ་སྭཱ་ཧཱ། སྟེང་གི་སྙིང་པོ་ལག་པ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་གཤིབས་ཏེ་སྤྱི་བོར་གཞག་པར་བྱའོ། །སྤྱན་དྲང་བ་དང་སླར་བཏང་བ་དང་ནང་དུ་དང་ཕྱིར་དགྲོལ་བའོ། །སྔགས་ནི་ན་མཿས་མནྟ་བྷཱུ་ཏ་ནན། ཧེ་ ཤྭ་དྱ་པྲ་ཏཱ་ཛྷྱོ་ཏི་ར་མ་ཡ་སྭཱ་ཧཱ། དེ་ནས་མེ་ཏོག་དང་བདུག་སྤོས་ལ་སོགས་པའི་མཆོད་པ་དབུལ་ལོ། །གཏོར་མ་ནི་འབྲས་ཆན་ཞོ་དང་སྦྱར་བ་དང་། དྲི་བསུང་དང་ལྡན་པའི་ཤིང་ཐོག་ཁུར་བ་ལ་སོགས་པས་མཆོད་དོ། །ཆང་དང་ཤ་དང་ཁྲག་གིས་ནི་མ་ཡིན་ནོ། །དེ་དག་གི་འཁོར་གྱི་ གདོན་རྣམས་ལ་ནི་ཤ་ཆང་དང་འབྱུང་པོའི་ཁ་ཟས་སུ་སྦྱིན་ནོ། །དེ་ནས་ཚོན་སྣ་ལྔའི་སྐུད་པ་གསར་པ་ཤིན་ཏུ་མཉམ་པ་ལ་དྲི་དང་ལྡན་པའི་གུ་གུལ་ལ་སོགས་པ་གཏོར་བར་བྱ་སྟེ། བུམ་པའི་མགུལ་པ་ལ་བཏགས་ལ་རྡོ་རྗེ་ལ་བརྟོད་ལ་གཞག་གོ། །དེ་ནས་ཤུག་པ་ལ་སོགས་པའི་དྲི་དང་ལྡན་ པའི་ཤིང་ལ་སྦྱིན་སྲེག་ཀྱང་བྱ། དེ་ནས་བདག་ཉིད་ཀྱིས་ཁྲུས་བྱ་སྟེ། གོས་གསར་པ་གྱོན་ལ་དཔྲལ་བ་ལ་དྲིའི་ཐིག་ལེ་བྱས་ལ་སྔགས་པ་གཡོག་བཞི་དང་ལྡན་པས་གཟུངས་ཐག་བཞི་ཕྱོགས་བཞིར་འཐེན་ལ་རྒྱུད་རྫོགས་པར་བརྒྱ་བརྒྱ་བཀླགས་ཏེ་ལྔ་བཅུའི་བར་དུ་མཆོད་པ་ལྔ་དབུལ། བརྒྱ་རྫོགས་པ་ལ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་བཟླས་པ་བྱ་སྟེ་བུམ་པའི་ལྷ་ལ་ཡེ་ཤེས་སེམས་དཔའ་བསྟིམ་སྟེ། ལྷ་སོ་སོའི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ནས་ཙམ་པ་ཁ་མེད་པའི་ལྟེ་བ་ལ་སྔགས་རྒྱས་བསྡུས་གང་མོས་ཀྱིས་འཁོར་བར་དམིགས་ལ་བདག་ཉིད་སྙིང་པོ་བསྡུས་པ་ལ་བཟླས་ པ་བྱས་པས། དེ་ཉིད་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་ལྷ་འོད་དུ་ཞུ། དེ་ཉིད་ལས་སྔགས་ཀྱི་རང་སྒྲ་འབྱུང་བས་ཡེ་ཤེས་ཀྱི་བདུད་རྩི་བབས། གཉིས་སུ་མེད་པར་བསྟིམ། བདག་གི་ལྕེའི་སྟེང་དུ་ཡང་ཡེ་ཤེས་ཀྱི་རྡོ་རྗེ་ནས་ཙམ་གྱི་སྦུབས་ མ་ནས། སྔགས་ཀྱི་རང་སྒྲ་བྱུང་བས་བདག་དང་སེམས་ཅན་གྱི་དོན་བྱས། ཕྱི་རོལ་གྱི་སྣང་བ་རྣམས་ཀྱང་སྔགས་ཀྱི་རང་སྒྲར་བྱུང་བས་གདུག་པའི་ཚོགས་རྣམས་ཚར་གཅད་པར་བྱས་པའོ། །དེ་ལྟར་དམིགས་པ་གསུམ་དང་མི་འབྲལ་བར་བྱས་པས་བདག་དང་སྒྲའི་དངོས་པོ་ཐམས་ཅད་ སྒྲའི་བསམ་གཏན་དང་མི་འབྲལ་བ་ནི་དོན་གྱི་མན་ངག་གོ། །ཡུངས་ཀར་ལ་སྔགས་བཟླས་ཏེ་བུམ་པར་བླུགས་པས། ལྷ་རྣམས་ཀྱི་སྟེང་གི་རྡོ་རྗེ་ལ་ཡེ་ཤེས་ཀྱི་བདུད་རྩི་བབས་པ་དམིགས་པ་དང་། ཡང་ན་མེ་ཏོག་རབ་ཏུ་དྲི་ཞིམ་པ་ལ་སྔགས་བཟླས་པ་བུམ་པར་བླུགས་ལ་ལྷ་རྣམས་ ཀྱི་སྤྱན་ལམ་དུ་མཆོད་པའི་སྤྲིན་རབ་ཏུ་མཛེས་ཤིང་རྒྱ་ཆེ་བར་དམིགས་པས། དངོས་གྲུབ་ཐམས་ཅད་བདག་ལ་སྟེར་བར་དམིགས་སོ། །དེ་ལྟར་སྙིང་པོ་བསྡུས་པ་ལ་བརྒྱའམ་སྟོང་ངམ་ཁྲིའམ་འབུམ་མམ་རང་ཇི་ལྟར་དམིགས་པར་བཟླས་ལ། སློབ་མ་ཁྲུས་བྱས་ཏེ་གོས་གསར་པ་དྲི་མ་ མེད་པ་གྱོན་ཏེ། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་ལ་སོགས་པ་བྱ་སྟེ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། ། མྱ་ངན་མི་འདའ་གསོལ་བ་འདེབས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དོན་དམ་ཀུན་རྫོབ་རང་བཞིན་གྱིས། །སྡོམ་པ་མ་ལུས་བདག་གིས་བཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བགྱིས་ནས། །མ་བརྒལ་བ་རྣམས་བརྒལ་བྱས་ཏེ། །དབུགས་མ་ཕྱིན་པ་དབུགས་དབྱུང་སྟེ། ། སེམས་ཅན་མྱ་ངན་འདས་ལ་དགོད། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །ཞེས་བརྗོད་ལ་རྡོ་རྗེ་ལག་ཏུ་བྱིན་ལ་དབུགས་དབྱུང་སྟེ། དབུ་རྒྱན་གོན་ལ་གཟེངས་བསྟོད་ལ་དཀྱིལ་འཁོར་གྱི་ཤར་སྒོ་ནས་སྤང་ལེབ་ཀྱི་སྟེང་ནས་ལམ་སྟོན་ལ་དབུས་སུ་ཁྲུས་ བྱས་ཏེ། ཡེ་ཤེས་ཀྱི་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་མང་པོར་སྤྲུལ་ལ། ནམ་མཁའ་ནས་བདུད་རྩིའི་ཆུ་རྒྱུན་ཕབ་པས་ཕྱི་ལུས་ཀྱི་སྡུག་བསྔལ་དང་། ནང་སེམས་ཀྱི་སྡུག་བསྔལ་དང་། མི་མཐུན་པའི་རྨི་ལམ་སུམ་ཅུ་རྩ་གཉིས་ལ་སོགས་པ་རྨིས་པ་དང་། མྱ་ངན་དང་སེམས་ལས་སུ་ མི་རུང་བའི་མི་བདེ་བ་རྣམ་པར་དག་པར་དམིགས་པ་བྱས་ལ། ཚིགས་སུ་བཅད་པ་འདི་དག་ཀྱང་བརྗོད་པར་བྱའོ། །ཨེ་མ་ཧོ། །ཁྲུས་མཆོག་འདི་ནི་དཔལ་དང་ལྡན། །རྡོ་རྗེའི་ཁྲུས་ནི་བླ་ན་མེད། །རྡོ་རྗེ་ཡེ་ཤེས་ཁྲུས་འདི་ཡིས། །བཀྲ་ཤིས་བུམ་པ་ལ་བརྟེན་ ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །བདེ་བ་ཕུན་སུམ་ཚོགས་པར་གནས། །མ་གྲུབ་པ་རྣམས་གྲུབ་པར་བྱེད། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན། །དཔལ་ལྡན་ཡེ་ཤེས་མཆོག་གི་ཁྲུས། །རྒྱལ་མཆོག་དམ་པ་སྦྱིན་པར་བྱའོ། །ཞེས་པས་ཀྱང་ཁྲུས་བྱའོ། །དེ་ནས་བཀྲ་ ཤིས་ཀྱི་རྫས་བརྒྱད་ཀྱིས་སློབ་མ་བཀྲ་ཤིས་པར་བྱ་བའི་ཕྱིར་ཡུངས་ཀར་དང་། ཞོ་དང་། རྩྭ་དཱུར་བ་དང་། ལི་ཁྲི་དང་། དུང་དང་། བིལ་བའི་འབྲས་བུ་དང་། མེ་ལོང་དང་། གི་ཝང་རྣམས་རིམ་པས་སྦྱིན་ནོ། །བྲབ་པ་དང་། བྱབ་པ་དང་། དྲིལ་པ་དང་། སྐྱོར་བ་དང་། སྟེག་པ་ལ་སོགས་ པ་ཡང་བྱའོ། །དེ་ལྟར་ཁྲུས་རྟག་ཏུ་བྱས་ན་རྒྱལ་པོ་རྣམས་བསོད་ནམས་རྒྱས་པ་དང་། གདོན་ཞི་བ་དང་། ཕ་རོལ་གྱི་སྡེ་རྣམས་དབང་དུ་གྱུར་པ་དང་། རྒོལ་བ་རྣམས་ཚར་གཅོད་པར་འགྱུར་བ་དེ་བཞིན་དུ་བློན་པོ་དང་། བུ་འདོད་པ་དང་། བྱད་སྟེམས་ཀྱིས་འཇིགས་པ་དང་། ཕ་རོལ་གྱི་ དམག་གིས་འཇིགས་པ་དང་། གཟའ་དང་། རྒྱུ་སྐར་དང་། ནད་དང་། མུ་གེས་འཇིགས་པ་དང་། དེ་བཞིན་འཇིགས་པ་ཆེན་པོ་བརྒྱད་དང་། ནོར་འགྲིབ་པ་དང་། ལོངས་སྤྱོད་འདོད་པ་དང་། འཁོར་དང་ཚེ་རིང་བར་འདོད་པ་དང་། དབང་ཐང་རྒྱས་པར་འདོད་པ་དང་། བཀྲག་དང་ གཟི་མདངས་འདོད་པ་དང་། སྟོབས་དང་། ནུས་པ་དང་། གྲགས་པ་དང་། དཔལ་དང་། དབང་ཕྱུག་དང་། གཟུགས་འདོད་པ་དང་། ནོར་འདོད་པ་དང་། འབྲུ་འདོད་པ་དང་། ཟས་འདོད་པ་དང་། གོས་དང་། རྒྱན་དང་། བཞོན་པ་དང་། ལྷ་ཉེ་བར་འདོད་པ་དང་། གདོན་བརླག་ པར་འདོད་པ་དང་། སྡིག་པ་མ་ལུས་པ་དག་པར་འདོད་པ་རྣམས་ཀྱིས་རྟག་ཏུ་ཁྲུས་བྱས་ན་འདོད་པའི་དོན་ནི་མ་ལུས་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་ངེས་སོ། །དེའི་ཕྱིར་ན་མི་མཐུན་པའི་ཕྱོགས་མཐའ་དག་ལས་ཐར་བར་བྱེད་པས་ན་སྔོན་བྱུང་དུ་རྒྱལ་པོ་ལ་སྨོན་པ་དང་། ཡང་ན་རྒྱལ་པོ་ བསོད་ནམས་ཆེ་བའི་ཕྱིར་སྨོས་ཏེ། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་འགྲོ་བ་མིའི་དཔོན་ཡིན་པས་སྨོས་སོ། །དེ་ལྟར་ན་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་སྨོས་སོ། །སྔ་མ་དང་ད་ལྟར་དང་ཕྱི་མའི་སྡིག་པ་མ་ལུས་པ་ལས་ཐར་བར་བྱེད་པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་ པའི་ཁྲུས་ཀྱི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་རྣམ་པར་འཇོམས་པའི་སྒོ་ནས་རབ་ཏུ་གནས་པར་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་ པས། གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་གྱི་ཆོ་ག་ནས་འབྱུང་བ་བཞིན་དུ་དཀྱིལ་འཁོར་བཞེངས་ཏེ། མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ་བཤམས་ཏེ། མགོན་པོ་དང་འབྱུང་པོ་རྣམས་ལ་གཏོར་མའི་བྱེ་བྲག་རབ་ཏུ་བཟང་པོ་ཡང་བཤམ། ཆོས་སྐྱོང་ལ་གཏོར་མ་ཆེན་པོ་ བཤམས་ལ་བདག་ཉིད་ཀྱིས་བསྙེན་པ་ཅི་རིགས་པར་བྱ། དེ་ནས་རབ་ཏུ་གནས་པར་བྱེད་པའི་རྟེན་སྐུའི་རྟེན་རས་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་དང་། ལུགས་སུ་བླུགས་པ་དང་། གསུང་པུསྟི་ལ་སོགས་པ་ཐུགས་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་གང་ཡིན་པ་དེ་ཁྲུས་ ནས་བཏོན་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཤིང་ལེབ་ལ་སོགས་པའི་སྟེང་དུ་ཁྲིའི་སྟེང་དུ་རས་སེར་པོ་དྲི་མ་མེད་པས་དྲིལ་ལ་གཞག་གོ། །དེ་ནས་ཡོན་བདག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྡིག་པ་བཤགས་པ་དང་སེམས་བསྐྱེད་པར་བྱའོ། །དེ་ནས་བདག་ཉིད་ ཀྱང་ཁྲུས་བྱ་སྟེ། གོས་གསར་པ་གྱོན་ལ་བུམ་པ་རེ་རེ་ལ་སྙིང་པོ་རྒྱས་བསྡུས་གང་མོས་པ་བརྒྱ་རྩ་བརྒྱད་བཟླས་ལ། སྐུ་རྟེན་ཁྲོ་བོ་ཡིན་ན་རིགས་ངེས་པའི་ས་བོན་སྙིང་གར་བཅུག་སྟེ། གསེར་གྱི་ཐུར་མས་སྤྱན་དབྱེ་བ་དང་། ཤངས་དང་ཞལ་བཀྲུ་བ་ལ་སོགས་པ་བྱ་སྟེ། ཁྲོ་བོའི་དུར་ ཁྲོད་ཀྱི་རྒྱན་བརྒྱད་གདགས། སོ་སོའི་རིགས་ཀྱི་གཙོ་བོས་དབུ་བརྒྱན་ལ། སྙིང་གའི་ས་བོན་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱས་ལ། རབ་ཏུ་བརྟན་པར་བཞུགས་སུ་གསོལ། ལྷ་སོ་སོའི་སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་ལ་ཡོན་བདག་དང་གཉིས་སུ་མེད་པར་བསྟིམ། ཆོས་ སྐྱོང་ལ་གཏད་དེ་མངའ་གསོལ། ཞི་བའི་སྐུ་ཉན་ཐོས་ཀྱི་ཆ་ལུགས་ཡིན་ན། ཡང་སོ་སོའི་ས་བོན་གཞུག་པ་ལ་སོགས་པ་བྱས་ལ། དེ་ནས་ཞལ་བསིལ་བ་དང་། དབུ་སྐྲ་བཞར་བ་ལ་སོགས་པ་བྱ་སྟེ། ཆོས་གོས་དང་རྒྱན་རྣམས་གདགས། དེ་ནས་ཡེ་ ཤེས་སེམས་དཔའ་བཅུག་སྟེ། དེའི་སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་ལ་བརྟན་པར་བྱ། དེ་ནས་མཆོད་པ་རྣམ་པ་ལྔ་ཕུལ་ལ་ཡོན་བདག་དང་གཉིས་སུ་མེད་པར་བསྟིམ་མོ། །བྱང་ཆུབ་སེམས་དཔའི་ཆ་ལུགས་ཡིན་ན། ཡང་གོང་ལྟར་བྱས་ལ་བྱང་ཆུབ་སེམས་དཔའི་རྒྱན་དོ་ཤལ་ལ་སོགས་ པས་རྒྱན་གདགས། དེ་ནས་ཡོན་བདག་གི་དོན་དུ་བསྟིམ་པ་ལ་སོགས་པ་བྱ། མཆོད་པ་དབུལ། ཆོས་སྐྱོང་ལ་གཏད། གསོལ་བ་གདབ། འོད་ཀྱི་དཀྱིལ་འཁོར་དུ་བཅུག་ལ་བུམ་པའི་དབང་བསྐུར་རོ། །གསུང་གི་རྟེན་རྣམས་ལ་སྤྱན་དབྱེ་བ་དང་། ཞལ་བཀྲུ་བ་ལ་སོགས་ པ་བྱས། ལྗགས་སྤེལ་བ་ལ་སོགས་པ་བྱས་ལ་དམ་ཆོས་བདུད་རྩིའི་ཆར་དབབ། ཧྲཱིཿལས་བྱུང་བའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་མེ་ལོང་གི་ནང་དུ་བུམ་པའི་ཆུས་བཀྲུ། མཆོད་པ་ལྔ་དབུལ། རབ་ཏུ་དགྱེས་ཤིང་བརྟན་པར་བྱའོ། །ཆོས་སྐྱོང་ལ་གཏད། འདོད་ པའི་དོན་ལ་གསོལ་བ་གདབ་བོ། །ཐུགས་ཀྱི་རྟེན་ལ་བྱེད་ན་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཁྲུས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་རྣམས་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམ་པར་བྱ། མཆོད་པ་དབུལ། ཆོས་སྐྱོང་ལ་གཏད། འདོད་ པའི་དོན་ལ་གསོལ་བ་གདབ། སོ་སོའི་སྙིང་པོ་གསལ་བ་མེད་ན་རྡོ་རྗེ་རྣམ་འཇོམས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲུལ་ཏེ། དེ་ཉིད་ཀྱི་སྙིང་པོ་ཤིན་ཏུ་བསྡུས་པ་བརྒྱ་རྩ་བརྒྱད་བཟླས་ལ། དེ་ཉིད་དང་གཉིས་སུ་མེད་པར་བྱས་ལ་རང་གཞན་གྱི་དོན་རྫོགས་པར་བྱའོ། །དེ་ལ་མ་མོས་ན་དེ་ བཞིན་གཤེགས་པའི་རིགས་ཡིན་ན་ཨོཾ། །རྡོ་རྗེའི་རིགས་ཡིན་ན་ཧཱུཾ། རིན་པོ་ཆེའི་རིགས་ལ་སྭཱ། པདྨའི་རིགས་ལ་ཨཱཿ། ལས་ཀྱི་རིགས་ལ་ཧཱ་ཅི་རིགས་པར་བཟླས་སོ། །གསུང་གི་རྟེན་རྣམས་ལ་གཅིག་གིས་རྒྱུད་སྟོང་ཕྲག་གཅིག་ཀླག །དེ་ཉིད་བརྒྱ་བརྒྱའི་བར་དུ་མཆོད་ པ་ལྔ་རྫོགས་པར་དབུལ། གྲུབ་ན་ཞི་བའི་སྦྱིན་སྲེག་ཅི་རིགས་པར་འགྲུབ་པར་བྱ། ཕྱོགས་སྐྱོང་བ་དང་འབྱུང་པོ་ལ་སོགས་པ་ལ་གཏོར་མ་གུས་པར་བཏང་། བདག་ཉིད་བཟླས་པ་ལ་ཞུགས་པའི་དུས་སུ་ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱ་ཞིང་། ཤ་དང་ཉ་དང་སྒོག་པ་ལ་ སོགས་པ། བཙོང་དང་ཆང་དང་བུད་མེད་དང་། ཕྱི་དྲོའི་ཁ་ཟས་བདུན་སྤངས་ལ་ཟས་དཀར་ཆོས་ལ་བརྟེན་ཞིང་ཞག་གསུམ་མམ་ལྔའམ་བདུན་ནམ། སྨྱུང་བར་གནས་པར་བྱ་བ་ནི་བཟླས་པ་བུམ་པ་གཙོ་བོའི་དུས་ན་ངེས་པར་ཡིན་ནོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་ལ་དབང་བསྐུར་ རྫོགས་ནས་མཆོད་པའི་ལས་ཇི་ལྟར་འགྲུབ་པར་བྱས་ལ། དབེན་པའི་སར་བཞུགས་སུ་གསོལ། དེ་ནས་ཡོན་བདག་གི་དོན་དུ་སྦྱིན་སྲེག་ཇི་ལྟར་རིགས་པར་བྱས་ལ་དབང་ཅི་རིགས་པར་བསྐུར་རོ། །དེ་ནས་དབང་རྫོགས་ནས་ཡོན་བདག་གིས་མཆོད་པ་ཇི་ལྟར་འབྱོར་པ་ཡི་དམ་ དེ་དག་ལ་མཆོད། ཆོས་སྐྱོང་ལ་གཏོར་མ་ཆེན་པོ་ཅིག་བཏང་ལ། བདག་གི་ཡི་དམ་གྱི་ལྷ་འདི་རབ་ཏུ་བཀྲ་ཤིས་པ་དང་བྱིན་རླབས་ཆེ་བ་དང་། བསྟན་པ་ཇི་སྲིད་དུ་གནས་པའི་བར་ལ་བསྲུང་བ་དང་། མཆོད་པ་མཛད་དུ་གསོལ་ཞེས་གཏོར་མ་བཏང་། དེ་ནས་ཕྱོགས་སྐྱོང་ལ་ སོགས་པའི་གཏོར་མ་རབ་ཏུ་རྒྱ་ཆེ་བར་བཏང་ངོ་། །དུང་དང་རྔ་དང་ཆ་ལང་དང་དྲིལ་བུ་ལ་སོགས་པའི་སྒྲ་རྣམ་པ་སྣ་ཚོགས་པ་ཡང་བསྒྲག་གོ། །དེ་ནས་བཀྲ་ཤིས་གསོལ་ཏེ་ཡོན་བདག་ཀྱང་ཁྲུས་ནས་གདོན། སྲུང་སྐུད་གདགས། བྲབ་པ་དང་བྱབ་པ་ལ་སོགས་པ་བྱ། ཚེ་འཕེལ་བའི་ དོན་དུ་དཱུར་བ་སྦྱིན་པར་བྱ། དེ་ལྟར་ཆོ་གའི་གཞུང་མ་ནོར་བར་རྫོགས་ནས་དཀྱིལ་འཁོར་བསྡུ། དམན་མ་དོར། བླ་མ་ལ་ཡོན་རབ་ཏུ་གུས་པ་དང་ལྡན་པས་དབུལ་ལོ། །དེ་ནས་ཡོན་བདག་གི་ལོངས་སྤྱོད་དང་ཚེ་འཕེལ་བ་དང་། ཚོགས་རྫོགས་པར་བྱ་བའི་དོན་དུ་སྟོན་མོ་ཇི་ལྟར་འབྱོར་པ་ བྱའོ། །ཆོས་དང་ཟང་ཟིང་གི་འབྱོར་པ་ཡང་ཅི་འབྱོར་པས་གཏང་བར་བྱའོ། །མདོར་ན་ཆོ་ག་གཙོ་བོས་སེམས་བསྐྱེད་སྔོན་དུ་བྱས་པ་ལས་མི་འདའ་བར་བྱའོ། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་རབ་ཏུ་གནས་པའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་ པོས་མཛད་པ་རྫོགས་སོ།། ༄༅། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དོན་རྣམས་མ་ལུས་སྒྲུབ་བྱེད་པའི། །དོན་གྲུབ་རྡོ་རྗེ་རྣམ་འཇོམས་ཀྱི། སྒྲུབ་པའི་ཐབས་ནི་བཤད་པར་བྱ། །འབྱུང་པོ་རོ་ལངས་ཤ་ཟ་དང་། །མཁའ་འགྲོ་ མ་དང་བརྗེད་བྱེད་མ། །སྨྱོ་བྱེད་སྲིན་པོ་ལ་སོགས་པའི། །མི་མ་ཡིན་གྱི་སྤྲུལ་པ་ལས། །རྣམ་པར་ཐར་པར་བྱེད་པ་ཡི། །གཟུངས་ཀྱི་ཆོ་ག་ལེགས་པ་ནི། །རྒྱུད་ལ་བརྟེན་ནས་བཤད་པར་བྱ། །འདིར་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བརྟེན་པའི་རང་རྟགས་ཀྱི་ལས་བདུན་ གྱི་ཆོ་ག་དང་པོར་བཤད་པར་བྱའོ། །རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་སྔོན་དུ་ཕྱག་ན་རྡོ་རྗེའམ། འདི་ཉིད་ཀྱི་སྙིང་པོ་རྒྱས་བསྡུས་ལ་བསྙེན་པ་ཚད་དུ་ཕྱིན་པས་གནས་ཁང་ཡིད་དང་མཐུན་པར་འབྱུང་ལ་སོགས་པས་ཆག་ཆག་ལེགས་པར་བྱས་ལ་སྲོག་ཆགས་མེད་པའི་མེ་ཏོག་སྔོན་ པོའི་གཅལ་ལེགས་པར་བཀྲམ་ལ་རིན་པོ་ཆེའི་མཎྜལ་གྱི་སྟེང་དུ། མཆོད་པ་ལྔ་དབུལ་བར་བྱའོ། །དེ་ནས་རང་གི་བླ་མ་དང་ཡི་དམ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། སྐྱབས་འགྲོ་སེམས་བསྐྱེད་དང་བདུན་རྣམ་ པར་དག་པ་བྱའོ། །དེ་ནས་བདག་ཉིད་སྟོང་པའི་ང་རྒྱལ་དུ་བྱ་སྟེ། སྲུང་བའི་འཁོར་ལོ་བསྒོམ་པ་དང་། བགེགས་རྣམས་ལ་བཀའ་སྒོ་བ་ལ་སོགས་པ་བྱ་སྟེ། ཧཱུཾ་ཞེས་མིག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །དེ་ནས་བསྲུང་བ་ཆེན་པོའི་སྔགས་ལན་བཅུར་བརྗོད་ལ་ཕྱོགས་བཅིང་ བ་ལ་སོགས་པ་བྱའོ། །དེའི་རྗེས་ལ་བདག་དང་དངོས་པོ་ཐམས་ཅད་སྟོང་པར་མོས་པར་བྱ། དེ་ནས་སྒྲུབ་པ་པོ་ཁྲུས་སྔོན་དུ་སོང་བས། ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ་ཚད་མེད་པ་བཞི་བསྒོམ། དེ་རྗེས་སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་སྟེང་ དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། །དེའི་ལྟེ་བ་ལ་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་རབ་ཏུ་རྒྱ་ཆེ་ཞིང་ཁ་དོག་གསལ་བ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཡེ་ཤེས་བཞི་འབར་བར་བྱེད་པའི་ས་གཞི་དང་བཅས་པའོ། །དེའི་དབུས་མ་དང་ཨ་ལས་བྱུང་བའི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དེ་ ཉིད་ཀྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ། ནས་ཙམ་ཁ་གྱེས་ལ་དེ་ཉིད་འཕྲོས་འདུས་པ་ལས་བཛྲ་ཧཱུཾ་ཞེས་པས་ལན་བདུན་བརྗོད་པས་ཧཱུཾ་ལས་བྱུང་བའི་སྟོབས་པོ་ཆེ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་བཞི་པ་དཔལ་རྡོ་རྗེ་རྣམ་པར་འཇོམས་པས་དབུ་བརྒྱན་པ། ཐོ་བ་དང་ཞགས་པ་ དང་ཐོད་པ་དང་། སྡིགས་མཛུབ་མེ་འབར་བ་དང་ལྡན་པའི་ཕྱག་རྒྱ་དང་ལྡན་པ་རྣམ་པར་བསྒོམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་དང་གཉིས་སུ་མེད་པར་བརྟན་པར་བྱ་བ་དང་། མཆོད་པ་ལྔ་དབུལ། རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ། བདག་ཉིད་ཐ་མལ་པའི་ ལུས་སུ་སླར་ལངས་ལ། འདོད་པའི་དོན་ཡིད་ལ་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་ལས་བདུད་རྩིའི་ཆུ་རྒྱུན་ཕབ་སྟེ། བདག་ཉིད་ལུས་མགོ་མཇུག་ཏུ་བསྟིམས་པས་ལས་དང་ཉོན་མོངས་པའི་དྲི་མ་རྣམ་པར་དག་པར་བྱས་ལ། དེའི་རྗེས་ལ་བདག་དང་གང་བསྲུང་བའི་ལུས་དང་ཡན་ ལག་ཐམས་ཅད་རྡོ་རྗེ་མི་ཆོད་པའི་གོ་ཆ་དང་ལྡན་པར་བྱའོ། །དེ་ནས་མཎྜལ་གྱི་སྟེང་དུ་སྙིང་པོ་ལྔ་དང་ལྡན་པའི་བུམ་པའི་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པས་བཀང་། དྲི་དང་འབྲུ་ལ་སོགས་པ་བུམ་པ་ལ་ཤིས་པའི་རྫས་རྣམས་ཀྱིས་ལེགས་པར་བལྟམས་ལ། ཁ་རྒྱན་དང་མགུལ་ ཆིངས་ལ་སོགས་པའི་བུམ་པའི་རྒྱན་རྣམས་ཀྱིས་མཛེས་པར་བྱས་ལ་རབ་ཏུ་དྲི་ཞིམ་པ་དང་ལྡན་པའི་སྙིང་པོ་བྲིས་ལ་ཧཱུཾ་ཡོངས་སུ་གྱུར་པ་ལས། སྟོབས་པོ་ཆེར་རྣམ་པར་བལྟའོ། །གཞན་གྱིས་ལོངས་མ་སྤྱད་པའི་ཁམ་ཕོར་ཁ་སྦྱར་ཡུངས་ཀར་གྱིས་བཀང་ལ་བསྒྲུབ་བྱའི་མིང་རུས་གྲོ་ ག་ལ་བྲིས་ལ་གི་ཝང་གིས་དྲིལ་ལ་གཞག་གོ། །དེ་ནས་བདག་ཉིད་ཀྱི་སྲིན་ལག་གཡོན་པ་ལ་གཟུངས་ཐག་བཏགས་ཏེ། ཁ་བཤལ་ཞིང་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱས་ལ། བཟླས་པ་བྱ་སྟེ། སྒྲུབ་པ་པོའི་ལྕེའི་སྟེང་དུ་རྡོ་རྗེ་སྔོན་པོ་ནས་ཙམ་གྱི་སྦུབས་མ་ནས་སྔགས་ཀྱི་ རང་སྒྲ་རྫོགས་པར་བྱས་ལ་སྣང་བ་རྣམས་ཀྱང་རྡོ་རྗེ་ལྟ་བུར་གསང་སྔགས་ཀྱི་རང་སྒྲ་དང་ལྡན་པར་དམིགས་ལ་བདག་དང་སྟོབས་པོ་ཆེ་གཉིས་སུ་མེད་པར་བྱས་ལ། ཨོཾ་སརྦ་བིདྱཱ་བཛྲ་བཛྲ་ད་ར་ད་ར་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ། བསྒྲུབ་བྱའི་མིང་རུས་ལ་ གུ་གུལ་གྱི་ཆུས་བཀྲུ་ཞིང་ངེས་པར་བློས་བྱས་པས། ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པར་འགྱུར་ཏེ། སྔགས་ཀྱི་རྗེས་ལ་བདག་ལ་ནད་དང་དུག་དང་མཚོན་ལ་སོགས་པ་རྣམས་ཀྱིས་མི་ཆོད་པར་མཛད་དུ་གསོལ་ཞེས་གྲོ་ག་ལ་འཁོར་ལོ་བྲིས་ཏེ་མགུལ་དུ་ཡུངས་ ཀར་དང་བཏགས་ན་མཚོན་ལ་སོགས་པ་རྣམས་ལས་རྣམ་པར་རྒྱལ་བར་འགྱུར་རོ། །སྡིག་པ་དག་པར་འདོད་ན་ཆུ་གཙང་མ་ལ་བསྔགས་ཏེ་ལྟོར་བཏང་ན་བསྐལ་པ་བདུན་གྱི་སྡིག་པ་མ་ལུས་པ་ཟད་པར་བྱེད་དོ། །དེ་ལྟར་འདིར་བྱུང་བའི་ཆོ་ག་ལས་ལན་གསུམ་གསུམ་གྱིས་ཉི་མ་རེ་ རེ་ལ་རྫོགས་པར་བྱས་ནས། སྡིག་པ་མི་དགེ་བ་ཐམས་ཅད་ལས་ཐར་བར་ངེས་སོ། །དེ་བཞིན་དུ་སྦྲུལ་གྱིས་ཟིན་པ་དང་རྨ་དང་འབྲས་ལ་སོགས་པ་ལ་བ་སེར་མོའི་འོ་མས་སྦྲུས་པའི་འཇིམ་པ་ལ་ཉིན་མཚན་གསུམ་དུ་བཟླས་ཏེ་བྱུགས་ན་དེ་ཉིད་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ན་རླུང་དང་ ཆུ་ཆེན་པོ་དང་སེར་བ་དྲག་པོ་འབབ་ཅིང་གཞན་གྱིས་ཆོད་པར་དཀའ་བ་རྣམས་ལ་ཡུངས་ཀར་ལ་བསྔགས་ནས་གཏོར་ན་གཞན་གྱིས་མི་ཆོད་པ་རྣམས་ཀྱང་ཆོད་པར་འགྱུར་རོ། །གཞན་ཡང་བདག་ཉིད་ཀྱི་རིག་སྔགས་ཀྱི་ལས་མ་གྲུབ་པ་རྣམས་ཀྱང་འདི་ཉིད་ཀྱི་ཆོ་ག་ཞག་བདུན་འབད་ན་ གཞན་གྱིས་སྤྱད་པར་དཀའ་བའི་ལས་འགྲུབ་པར་ངེས་སོ། །སྤྱིར་གཞན་ལ་གནོད་པར་བྱེད་པའི་གསང་སྔགས་དང་རིག་སྔགས་ཐམས་ཅད་ལས་གཟུངས་སྔགས་ཀྱི་ལས་ཐམས་ཅད་ལ་འདི་ཉིད་ལ་སྔོན་དུ་རྫོགས་པར་བྱས་ནས་རང་གི་ལས་ལ་སྦྱར་བ་གང་ཡིན་པ་སྦྱར་ན་འགྲུབ་པར་འགྱུར་ བ་ལ་ཐེ་ཚོམ་མེད་པར་གཞན་གྱིས་སྤྱད་པར་དཀའ་བའི་ལས་འགྲུབ་པར་ངེས་སོ། །སྒྲུབ་པ་པོའི་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་བྱ་བ་ནི་རབ་ཏུ་གཙོ་བའོ། །མི་ཆོད་པ་ཞེས་བྱ་བའི་རྒྱུད་ཀྱི་ཚིག་སྒྲུབ་ཐབས་སུ་ཕྱུང་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་དཔལ་རྡོ་རྗེ་རྣམ་པར་ འཇོམས་པའི་ལས་ལ་སྦྱར་བ་འགྲུབ་པར་ངེས་པའི་ཆོ་ག་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཞན་གྱིས་བཤིག་པར་དཀའ་བའི་རིག་སྔགས་ཀྱི་ལས་འགྲུབ་པར་འདོད་ན། སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ ཁང་ཡིད་དང་མཐུན་པར་མཎྜལ་སྔོན་པོ་ཁྲུ་དོའི་ཚད་དང་ལྡན་པར་བྱ་སྟེ་མེ་ཏོག་དམར་པོ་དང་སྔོན་པོ་རབ་ཏུ་ཡིད་དུ་འོང་བའི་ཚོམ་བུ་ལྔའམ། བདུན་ནམ་བཅུ་གཅིག་བཀྲམ་ལ་བླ་མ་དང་ཡི་དམ་མདུན་གྱི་བར་སྣང་ལ་སྤྱན་དྲངས་ཏེ། ཕྱི་ནང་གི་མཆོད་པ་རྫོགས་པར་ཕུལ་ཏེ་འདོད་པའི་དོན་ ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲུབ་པ་པོས་གོས་དམར་པོ་དྲི་མ་མེད་པ་བགོས་ཏེ། ཁྲུས་བྱས་ལ་སྡིག་པ་མ་ལུས་པར་བཤགས་པར་བྱའོ། །སེམས་བསྐྱེད་པ་དང་བསྲུང་བ་དང་ཚད་མེད་པ་བསྒོམ་པར་མོས་པ་བྱས་ལ། སྟོང་པ་ཉིད་དང་གཞལ་ཡས་ཁང་བསྒོམ་པ་རྣམས་ བྱ་སྟེ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་དམར་པོ་ཞལ་གཅིག་ཕྱག་བཞི་པ་རྟ་མགོ་ལྗང་གུའི་སྟེང་ན་རྡོ་རྗེ་རྣམ་པར་འཇོམས་པས་དབུ་བརྒྱན་པ། པདྨ་དང་བེ་ཅོན་དང་ལྕགས་ཀྱུ་དང་སྡིགས་མཛུབ་ལ་སྦྱར་བའོ། །དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དབང་བསྐུར་བ་ ལ་སོགས་ཏེ་དེའི་རྗེས་ལ་བདག་ཉིད་ཀྱི་ལུས་ཀྱང་པདྨའི་སྡོང་པོ་ཟེ་འབྲུ་ལེགས་པར་བརྒྱན་པའི་སྟེང་དུ། བདག་གི་ལུས་རྡོ་རྗེ་ཆེན་པོར་རང་བྱུང་བ་གཅིག་ཏུ་དམིགས་པ་བྱས་ལ། ཕ་རོལ་གྱི་གནོད་པ་གང་གིས་ཀྱང་བཤིག་པར་དཀའ་བ་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་ལས་འོད་འཕྲོས་ པས་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་བྱས་ལ། འོད་ཟེར་དེ་དག་རྡོ་རྗེ་ཉིད་ལ་ཐིམ་པས་སྒྲུབ་པ་པོའི་ལུས་ངག་ལ་ཕ་རོལ་གྱི་གནོད་པའི་ཚོགས་གང་གིས་ཀྱང་མི་ཤིགས་པར་བསྒོམ་མོ། །དེ་ནས་རྡོ་རྗེ་དེ་ཉིད་ལས་རང་སྒྲ་ཆེན་པོ་འདི་དག་རྣམས་རང་བཞིན་ གྱིས་འབྱུང་བར་མོས་པར་བྱ་ཞིང་ཡིད་ཀྱིས་སྔགས་འདི་ཉིད་ལ་ཉི་མ་རེ་ལ་སུམ་བརྒྱ་བཟླས་ཏེ་མཎྜལ་རེ་དབུལ་བར་བྱའོ། །ཨོཾ་སྥོ་ཊ་བཛྲ་བཛྲ། མ་ཊ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སྔགས་བརྗོད་པ་ལ་མཎྜལ་རེ་དབུལ་བར་བྱའོ། །དེ་ལྟར་ཟླ་བ་གཅིག་ལ་དུས་གསུམ་གྱི་ཉི་མ་རེ་རེ་དེ་ལྟར་ཆོ་ག་ རྫོགས་པར་བྱ་ཞིང་མ་འཁྲུལ་བར་བྱས་ན་བདག་ཉིད་ཀྱི་ལུས་རྡོ་རྗེ་ལྟ་བུར་གྱུར་པ་ལ་ཐེ་ཚོམ་མེད་དོ། །མི་ཤིགས་པ་ཞེས་བྱ་བའི་རྒྱུད་ཀྱི་ཚིག་ལག་ཏུ་བླང་བ་མན་ངག་གིས་བསྒྲུབ་པའི་རྣལ་འབྱོར་པའི་ཚེ་དང་སྟོབས་བསྒྲུབ་པ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེན་པ་ཡང་དག་པའི་མཚན་རྟོགས་པར་བྱེད་པ། པྲ་སེ་ན་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་ལ་སོགས་པ་སྔོན་དུ་བྱ་བའི་རིམ་པ་གོང་ལྟར་བྱས་ལ། རིན་པོ་ ཆེའི་བུམ་པ་མཛེས་པ་ལ་ཁ་དོག་དཀར་པོར་བསྒྱུར་ཏེ། དེ་ཉིད་ཀྱི་ནང་དུ་བུམ་པ་ཤིས་པའི་རྫས་རྣམས་ཀྱིས་བཏབ་ལ། ཁ་རྒྱན་ལ་སོགས་པ་མཛེས་པའི་ཆས་དང་ལྡན་པར་བྱ་ཞིང་། རྨ་བྱ་དང་མེ་ལོང་ཆག་པ་དང་གས་པ་ལ་སོགས་པའི་སྐྱོན་མེད་པ་དང་། མདའ་དཀར་མོ་ལ་བྱ་རྒོད་ ཀྱི་མིག་གཡས་པ་དར་དཀར་པོའི་ལྡེབ་ཏུ་ཕུར་ལ་བཏགས་ལ་དེ་དག་རྣམས་བུམ་པའི་སྟེང་དུ་བཞག་ལ་དར་དཀར་པོ་དྲི་མ་མེད་པས་ཡོལ་བ་བྲེས་ཏེ། སྤོས་ལ་སོགས་པ་དྲི་ཞིམ་པ་རྣམས་ཀྱི་ཆག་ཆག་གིས་གནས་ཁང་ཀུན་དུ་བཏབ་སྟེ། ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཞལ་ གཅིག་ཕྱག་བཞི་པ། རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་། མེ་ལོང་དང་མདའ་དང་གཞུ་བསྣམས་པ་རྣམ་པར་བསྒོམ་པར་བྱའོ། །ཡེ་ཤེས་བསྟིམ་པ་ལ་སོགས་པ་བྱས་ལ། ཁྲོ་བོ་དེ་ཉིད་ཀྱི་སྙིང་ག་ནས་འོད་འཕྲོས་པས་སངས་རྒྱས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རབ་ཏུ་གནས་པ་བྱའོ། །བུདྡྷ་ རེ་རེའི་སྤྱན་ལ་ལྷ་མོ་དཀར་མོ་ལག་ན་མེ་ལོང་དང་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་བྱུང་སྟེ། སྒྲུབ་པ་པོ་བདག་ཉིད་ཀྱི་མིག་ལ་བསྟིམས་པས་སངས་རྒྱས་དེ་ཉིད་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་མཐོང་བ་ལ་བློ་ཡིས་མོས་པ་བྱས་པས་རྡོ་རྗེའི་མིག་དང་ལྡན་པར་གྱུར་ཏེ། མེ་ལོང་ གི་ནང་དུ་ཡང་གང་ཡིན་པའི་གཟུགས་དང་། བདེན་པའི་མཚན་ཉིད་སྟོན་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ལ་ཡར་ངོའི་ཚེས་བརྒྱད་ཀྱི་ཚེ་སྔ་དྲོ་གོས་གསར་པ་དྲི་མ་མེད་པ་གྱོན་ལ། འདི་ལྟར་སྔགས་འདི་ལན་སྟོང་བཟླས་ཏེ། བུམ་པའི་ཆུས་བདག་ཉིད་ཀྱི་མིག་གཡས་པ་ལ་ སྔགས་རེ་བཟླས་ཤིང་བཀྲུས་ན་རྡོ་རྗེའི་མིག་དང་ལྡན་པར་འགྱུར་རོ། །དེའི་སྔགས་ནི། ཨོཾ་ཀ་ཊ་བཛྲ་པྲ་མོ་ཏྲ་ན་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་ཆོ་ག་རྫོགས་པ་ལན་བདུན་བྱས་ན། བདེན་པའི་ཚིག་ཉིད་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བར་ འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ། །འདི་དག་ལ་ཡང་མི་རུང་བའི་སྒྲུབ་པ་ཆང་ལ་སོགས་པ་བདུན་སྤངས་ཏེ། ཆོ་ག་ལ་འབད་པར་བྱའོ། །རྒྱུད་ཀྱི་བདེན་པའི་དོན་ངེས་པར་སྒྲུབ་པ། རྣལ་འབྱོར་པ་པྲ་སེ་ན་ལེགས་པར་བརྟག་པ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདོད་པའི་དོན་ངེས་པར་བསྒྲུབ་པར་འདོད་པས་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་སེར་པོ་ཡིད་དུ་འོང་བའི་སྟེང་དུ་མེ་ཏོག་སེར་པོ་དྲི་མ་མེད་པ་བཀྲམ་སྟེ། བདག་ཉིད་ཀྱིས་སྔོན་དུ་ཅི་རིགས་པའི་བྱ་ བའི་རིམ་པ་རྫོགས་པར་བྱས་ལ། བུམ་པའི་ནང་དུ་སུ་སེར་པོ་ལས་བྱུང་བའི་ལྷ་མོ་རྒྱན་སྣ་ཚོགས་པར་བརྒྱན་པར་བལྟའོ། །ཧཱུཾ་ལས་བྱུང་བའི་ཁྲོ་བོ་གཏུམ་པོ་མདོག་སེར་པོ་ཀླུའི་བུ་རྣམས་ཀྱིས་བརྒྱན་པ་རྣམ་པར་བསྒོམ་པར་བྱའོ། །དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་པ་དང་ བསྟོད་པ་དང་གསོལ་བ་གདབ་པ་རྣམས་བྱ་སྟེ། དེ་ནས་བདག་ཉིད་རྡོ་རྗེ་གཏུམ་པོའི་ང་རྒྱལ་དང་ལྡན་པས་བདག་གམ་གཞན་བསྒྲུབ་བྱའི་ལུས་ཐམས་ཅད་རྡོ་རྗེ་རྩེ་གསུམ་པར་བྱིན་གྱིས་བརླབས་ཏེ། ཕ་རོལ་གྱི་ལུས་ལ་གནོད་པར་རུང་བ་གང་ཡིན་པ་རྣམས་བཅིང་བ་དང་བཀར་བ་དང་། སྤ་བཀོང་བའི་ལས་ཉེ་བར་བསྒྲུབ་པར་བྱ་སྟེ། ཡུལ་འཇོམས་པའི་རྡོ་རྗེ་སྤྱི་བོར་རྣམ་པར་བལྟ་བར་བྱའོ། །དེ་ནས་དེའི་རྗེས་ལ་དངོས་དང་དངོས་མ་ཡིན་པའི་ཚོགས་བསག་པའི་རྟེན་སྤྱན་དྲངས་ཏེ། ཚོགས་ཇི་ལྟར་འབྱོར་པ་བསག་པར་བྱས་ལ་བདག་ཉིད་ཀྱིས་རྡོ་རྗེ་རབ་ཏུ་ཞི་བར་བྱེད་ པའི་ལྟ་སྟངས་ཀྱིས་བལྟ་སྟེ། དབང་དང་རྒྱས་པའི་གཟུགས་ཀྱིས་ལངས་ལ་ཧཱུཾ་ཧཱུཾ་ཞེས་རབ་ཏུ་ཁྲོས་པའི་སེམས་ཀྱིས་སྡང་བར་བལྟས་ལ། ཧི་ཧི་ཞེས་དགྱེས་པའི་གད་མོས་བཅུ་གཉིས་སམ་དགུའམ་བདུན་བགད་པས་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ཡང་ སྐར་མ་རྒྱལ་ལ་བབ་པའི་ཚེ་ཁྲོ་བོ་གཏུམ་པོའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཊ་བཛྲ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སྟོང་ཕྲག་གཉིས་བཟླས་ཏེ། བདག་ཉིད་ཀྱི་ལུས་ལ་མི་འཇིག་ཅིང་སྲ་བའི་གོས་གྱོན་ལ་རྡོ་རྗེའི་ལུས་ཀྱི་རྣམ་པར་འདུག་པ་ལ་ལན་བདུན་ནམ་བཅུ་གཅིག་བྱས་ན་ལུས་ལ་ཡེ་ཤེས་ ཀྱི་ཆུ་རྒྱུན་གྱིས་བཀྲུས་ན་ལོངས་སྤྱོད་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་མཉམ་ཞིང་ཚེ་ཉི་ཟླ་ཇི་ལྟར་ཡོད་པ་བཞིན་དུ་གནས་པ་དང་། ས་བླའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་དབང་བ་དང་། ལས་དང་འཇོམས་པ་དང་། བསྒྲགས་པ་དང་ངེས་པར་སྤྱོད་པར་ འགྲུབ་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་། འདབ་ཆགས་རྣམས་ཀྱི་སྟོབས་ཀྱི་རྒྱལ་པོ་དང་། བཙུན་མོའི་གཟུགས་དང་། དཔལ་ལྡན་རྒྱུ་སྐར་གྱི་ཚོགས་རྣམས་ཀྱི་རྗེ་བོ་དང་། བལྟ་ཞིང་བསྙེན་བཀུར་ཆེན་ པོར་འགྱུར་རོ། །དེ་ནས་དེའི་ལས་རྣམས་བསྒྲུབ་པ་ལ་བརྩོན་པའི་སྒྲུབ་པ་པོ་རྣམས་ཀྱིས་ངེས་པར་སྲ་བའི་དོན་བསྒྲུབ་པ་ནི་རྒྱུད་ཀྱི་ཚིག་ངེས་པར་བསྒྲུབ་པའོ། །འདོད་པའི་དོན་དུས་ལ་ངེས་པར་བསྒྲུབ་པ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བརྟེན་པ་ཆོས་ཉིད་ཀྱི་སྲོག་བསྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་དང་། མེ་ཏོག་དང་བུམ་པ་ལ་སོགས་པ་སྔོན་དུ་བྱ་བའི་རིམ་པས། ཇི་ལྟར་རིགས་པ་རྫོགས་པར་བྱས་ལ་བདག་ཉིད་ཀྱིས་ཁྲུས་ གསུམ་རྫོགས་པར་བྱས་ལ་གོས་གསུམ་བརྗེ་ཞིང་ལྷག་པར་མོས་པའི་བསམ་གཏན་ལེགས་པར་ཡིད་འཇུག་པར་བྱས་ལ། ཧཱུཾ་ལས་བྱུང་བའི་ཁྲོ་བོ་དབྱུག་པ་སྔོན་པོ་ཅན་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ་རིན་པོ་ཆེའི་དབྱུག་པ་དང་། འཁོར་ལོ་དང་། བུམ་པ་དང་། སྡིགས་ མཛུབ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བརྟན་པར་བདག་ཉིད་ཀྱི་སྙིང་གར་བསྡུས་ཏེ་ལས་དང་བག་ཆགས་ཐམས་ཅད་རྣམ་པར་སྦྱང་བར་བྱའོ། །དེ་ནས་ཡུངས་ཀར་ལ་སྔགས་ འདི་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ། བུམ་པའི་ནང་དུ་ལེགས་པར་བླུགས་ལ་ཟླ་བ་གཅིག་ལ་ལན་བདུན་བདུན་དུ་བྱས་ན་བསྟན་པའི་སྙིང་པོ་ངེས་པར་འགྲུབ་པ་ནི་སྔགས་འདིས་བྱའོ། །ཨོཾ་མ་ཐ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་ཟླ་བ་བདུན་གྱི་བར་དུ་བསྒྲུབས་ན་ཡིད་གཞུངས་ཤིང་དབང་དང་ ལྡན་པར་འགྱུར་རོ། །རྒྱུད་ཀྱི་བརྟན་པ་ཞེས་བྱ་བའི་ཚིག་ལེགས་པར་བསྒྲུབ་པ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ལས་ཐམས་ཅད་ཇི་ལྟར་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་ པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་དང་མེ་ཏོག་དང་བུམ་པ་དང་མཆོད་པའི་བྱེ་བྲག་རྣམས་བཤམས་ཏེ། བདག་ཉིད་ཀྱིས་བདུན་རྣམ་དག་ལ་སོགས་པ་བྱ་སྟེ། སྔོན་དུ་བྱ་བའི་རིམ་པ་རྣམས་མ་ལུས་པར་བྱ་སྟེ། དེ་ནས་ཁྲུས་དང་ཉེ་རེག་ལ་སོགས་པ་རྣམས་བྱ་སྟེ། ཧཱུཾ་ལས་བྱུང་ བའི་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་རྡོ་རྗེ་དང་རལ་གྲི་དང་གཏུན་ཤིང་དང་། ཞགས་པ་བསྣམས་པ་རབ་ཏུ་འཇིགས་པ་ཆེན་པོའི་ང་རྒྱལ་དུ་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་ལེགས་པར་སྤྲུལ་ལ་འདོད་པའི་དོན་ལ་ལེགས་པར་གསོལ་བ་བྱས་ལ་ ཉི་མ་དང་ཟླ་བ་གཟས་ཟིན་པའི་དུས་སུ། སིན་དྷཱུ་རའི་ཁུ་བ་ལ་སྔགས་འདི་སྟོང་ཕྲག་གསུམ་བཟླས་ཏེ་བུམ་པའི་ཆུ་དང་ལུས་ལ་བྱུགས་ན་ཇི་ལྟར་སྒྲུབ་པར་འདོད་པའི་དོན་ཐམས་ཅད་བརྟན་ཞིང་ཐོགས་པ་མེད་པར་འགྱུར་རོ། །སྔགས་ནི། ཨོཾ་ཨཊྚ་ཧཱ་ས་ནཱི་ལ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྒྱུད་ ཐམས་ཅད་ཐོགས་པ་མེད་པའི་ཚིག་ལེགས་པར་བསྒྲུབ་པ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ལས་ཀྱང་རྣམ་པར་རྒྱལ་བར་འདོད་པའི་དོན་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་ མཐུན་པར་མཎྜལ་དང་མེ་ཏོག་དང་མཆོད་པའི་ཡོ་བྱད་རྫོགས་པར་བྱས་ཏེ།ཁྲུས་ལ་སོགས་པ་བྱ་བའི་རིམ་པ་རྣམས་བྱས་ལ། ཧཱུཾ་ལས་བྱུང་བའི་ཁྲོ་བོ་པདྨ་འཁྱིལ་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་བེ་ཅོན་དང་སྡིགས་མཛུབ་ཙན་གྱི་ཕྱག་རྒྱ་ཅན་དུ་རྣམ་པར་བལྟ་སྟེ། སྔགས་འདི་ཡིད་ཀྱིས་བརྒྱ་རྩ་བརྒྱད་བརྗོད་ན་འཇིག་རྟེན་པའི་མནའ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །ཨོཾ་སུ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པར་ངེས་པར་འགྲུབ་བོ། །མནའ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ ཕྱག་འཚལ་ལོ། །སྲེད་པའི་འདོད་པ་བསྲུང་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་བུམ་པ་ལ་སོགས་པ་རྫས་ཀྱི་རིམ་པ་བསོགས་ལ། ཧཱུཾ་ལས་བྱུང་བའི་འདོད་པའི་རྒྱལ་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ པ་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པའི་ང་རྒྱལ་དུ་ལངས་ཏེ། སྔགས་འདི་ལ་ལན་བརྒྱ་རྩ་བརྒྱད་ཡིད་ཀྱིས་བརྗོད་ནས་ལྕགས་ཀྱུ་འཛིན་པའི་ལྟ་སྟངས་ཀྱིས་བལྟས་ན་ཚོང་ལས་རྒྱལ་བའི་དོན་ངེས་པར་འགྲུབ་སྟེ་སྔགས་ནི། ཨོཾ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་ཁ་ཤར་ཕྱོགས་ སུ་བལྟས་ཏེ་བརྗོད་ན་ཚོང་གང་བྱས་པ་ལས་རྒྱལ་བར་ངེས་སོ། །ཚོང་ལས་རྣམ་པར་རྒྱལ་བ་སྒྲུབ་པའི་ཐབས་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཕ་རོལ་གྱི་དམག་གི་དཔུང་ལས་རྣམ་པར་རྒྱལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་ པས་གནས་ཁང་ཡིད་དང་མཐུན་པར་བུམ་པ་ལ་སོགས་པའི་རྫས་རྣམས་རྫོགས་པར་བྱས་ལ། ཚད་མེད་པ་ལ་སོགས་པ་བསྒོམ་པའི་རིམ་པ་མ་ནོར་བར་བྱས་ཏེ། དེ་ནས་བདག་ཉིད་ཚོགས་རྫོགས་པར་བྱས་ལ། སྟོབས་པོ་ཆེ་སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ་རལ་ གྲི་དང་གཏུན་ཤིང་དང་། ཐོ་བ་དང་། ཁ་ཊྭཱཾ་ག་དང་། ཞགས་པ་དང་། མདའ་འཛིན་པ་ཤིན་ཏུ་འཇིགས་པ་ཡང་འཇིགས་པར་བྱེད་པ་ཧཱུཾ་ལས་རྣམ་པར་བསྒོམ་པར་བྱ་སྟེ། དེ་ཉིད་སྙིང་གའི་ཧཱུཾ་གི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དེ་ཉིད་ཀྱི་ང་རྒྱལ་དང་ལྡན་པའི་བ་སྤུའི་ བུ་ག་ཚུན་ཆོད་ནས་སྤྲུལ་པའི་ཁྲོ་ཆུང་ཐོ་བ་དང་ཞགས་པ་དང་རལ་གྲི་ཐོགས་པ་དཔག་ཏུ་མེད་པ་བྱུང་སྟེ། ཕ་རོལ་གྱི་སྡེ་ཐམས་ཅད་ཚར་བཅད་དེ་རབ་ཏུ་ཕམ་པར་བྱས་པ་ལ་དམིགས་ཏེ་ཡུངས་ཀར་དང་ཞི་དཀར་ས་དང་། སྐེ་ཚེ་དང་ཏིལ་གྱི་གང་བུ་ལ་སྔགས་འདི་བརྒྱ་རྩ་བརྒྱད་བསྔགས་ ནས་དམག་གི་སྡེའི་གདོང་དུ་གཏོར་ན་ཕ་རོལ་གྱི་གཡུལ་ཉེས་ཤིང་འཕམ་པར་འགྱུར་རོ། །སྔགས་ནི། ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་པྲཾ་བྷཉྫ་ནཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བརྗོད་ཅིང་རབ་ཏུ་སྡང་བའི་གཟུགས་དང་། ལྟ་སྟངས་ཀྱིས་རྣམ་པར་བལྟས་ཏེ། མ་རུངས་པས་བསམས་ན་བདག་ ཉིད་ཀྱི་གཡུལ་རྒྱལ་བར་ངེས་སོ། །ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པའི་སྒྲུབ་ཐབས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གདོན་སྟོང་ཕྲག་བརྒྱད་ཅུ་དང་ནད་རྣམས་ལས་རྣམ་པར་རྒྱལ་བར་ འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་གྱི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། བུམ་རྐྱེན་རྣམས་རྫོགས་པར་བྱས་ནས། དེ་ནས་བདག་ཉིད་ཀྱི་ཚོགས་རྫོགས་པར་བྱ་བ་སྔར་དང་འདྲ་བར་བྱས་ལ། དེ་ནས་ཧཱུཾ་ལས་བྱུང་བའི་ཁྲོ་ བོ་པདྨ་མཐར་བྱེད་སྐུ་མདོག་དམར་སྐྱ་ཞལ་བཞི་ཕྱག་བརྒྱད་པ། ལྕགས་ཀྱུ་དང་ཐོ་བ་དང་། རྡེའུ་ཆུང་དང་། ཆུ་སྲིན་དང་། མ་ཧེ་དང་། རྩེ་ལྔ་པ་དང་། མདའ་གཞུ་འགེངས་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཧཱུཾ་དང་ཕཊ་རྒྱུན་དུ་སྒྲོགས་པའི་གཟུགས་སུ་བྱས་ཏེ་ཡེ་ཤེས་ཀྱི་ འཁོར་ལོ་རབ་ཏུ་བསྐུལ་ལ། དོན་གཉིས་བྱས་ལ་དེ་ནས་བདག་དོན་དུ་འདོད་པའི་དོན་ལེགས་པ་གང་ཡིན་པ་བསྒྲུབས་ཏེ་མ་རུངས་པར་བྱས་པའོ། །དེ་ནས་བུམ་པའི་ནང་དུ་བསྟིམས་ཏེ་ལེགས་པར་ངེས་པའི་འདོད་དོན་བྱས་ཏེ། ཉིད་ཀྱི་སྙིང་གའི་ཡེ་ཤེས་ཀྱི་རྡོ་རྗེ་ནས་ཙམ་ལ་ དམིགས་ལ། ཡར་ངོའི་ཚེས་བརྒྱད་ལ་གོས་དམར་པོ་དྲི་མ་མེད་པ་གྱོན་ཏེ། ཨ་འབྲས་ཀྱི་ཕྱེ་མ་ལ་བསྔགས་ཏེ་བུམ་པ་ལ་བསྟིམ་པར་བྱའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སྟོང་ཕྲག་གཉིས་བཟླས་ཏེ། དེ་ནས་འོད་དུ་ཞུ་ལ་ཡེ་ཤེས་ཀྱི་བདུད་རྩིར་དམིགས་ལ་ལན་ བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དུ་ཁྲུས་ཆུ་ནས་བཏོན་ན་གང་ལ་ལས་ལ་སྦྱར་བ་དེ་ཉིད་གདོན་དང་ནད་ལས་ཐར་བར་འགྱུར་རོ། །དེ་དག་གིས་ནི་རྒྱུད་དུ་ཐམས་ཅད་དུ་མ་འཕམ་པ་ཞེས་བྱ་བའི་ཚིག་གིས་སྒྲུབ་པ་ལས་བཞིར་གཏན་ལ་ཕབ་པའོ། །རང་རྟགས་རྡོ་རྗེའི་སྒྲུབ་པའི་ ཐབས་བདུན་པ་ལས་ཀྱི་བྱེ་བྲག་བཅུ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་གཟའ་རྣམས་ཀྱི་བྱད་དུ་འཇུག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་བྲག་དང་ཆུ་འཐབ་པའི་ འགྲམ་དུ་སོང་སྟེ་མཎྜལ་གྲུ་བཞི་ཁྲུ་གང་བ། ཐོག་ཕོག་ནས་ཤི་བའི་ཁྲག་གིས་ཐིག་ལེ་བརྒྱད་བྱས་ལ། དེའི་སྟེང་དུ་གཟའ་བརྒྱད་ཀྱི་སྙིང་པོ་གྲོ་ག་ལ་ར་ཁྲག་གིས་བྲིས་ལ་ཤིང་གདུག་པ་ཅན་ལ་བཏགས་ལ་གཞག །ར་རོག་པོའི་སྙིང་གི་ནང་དུ་གྲོ་ག་ ལ་བསྒྲུབ་བྱའི་མིང་དང་རུས་གཉིས་ཁྱི་ནག་པོའི་ཁྲག་གིས་བྲིས་ལ་རྗེས་སའམ་གོས་དུམ་མམ་ཟག་པའི་རྗེས་གང་རྙེད་པ་དང་བཅས་པ་གཞུག །རོ་རས་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་རྩིབས་རྣམས་གཟའི་སྙིང་པོས་བསྐོར་བ་ལ་ལྟེ་བར་བོང་བུ་ནག་པོའི་ཁྲག་གིས་ཆེ་ གེ་མོ་པ་བ་སངས་ཀྱི་བྱད་དུ་ཆུག་ཅིག་ཅེས་བརྒྱད་ཀྱི་མིང་གིས་བཅས་པ་བྲི། མུ་ཁྱུད་ལ་ཨ་མུ་ཀ་མཱ་ར་ཡ་ཕཊ་ཅེས་པས་འཁོར་བ་བྲི། དེ་ནས་སྙིང་པོ་ཤིན་ཏུ་བསྡུས་པ་ལ་སྟོང་ཕྲག་གཅིག་བསྐྱར་ལ་གཙོ་བོ་ལ་མཆོད་བསྟོད་བྱ། གཏོར་མ་དབུལ། དེ་ནས་གཟའ་བརྒྱད་ཀྱི་སྙིང་ པོ་ལ་ཞག་སུམ་ཅུ་རྩ་བརྒྱད་བསྐྱར་ཏེ། གཟའ་རྣམས་ལ་གཏོར་མ་བྱིན་ཏེ། རྒྱུ་སྐར་ཟླ་བའི་ཉི་ཤུ་དགུའི་གཟའ་ངེས་པར་རྒྱུ་བའི་དུས་སུ་དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་བྱ་སྟེ། ཨོཾ་ཨ་མུ་ཀ་མཱ་ར་ཡ་ཕཊ་ཅེས་ནུས་ཚད་བཟླས་ཏེ་བསྲེགས་པའི་ཐལ་བ་དང་། ལིངྒ་གཅིག་ར་ཐོད་དུ་ བཅུག་སྟེ། བདག་ཉིད་ལུས་གཅེར་བུར་ཕྱུང་ལ་ལུས་ལ་ར་རོག་པོའི་ཁྲག་གིས་བྱུགས་ལ་གདོང་རོ་སོལ་གྱིས་བྱུགས་ལ། སྐྲ་སྤྱི་བོར་བཅིངས་ཏེ་དགེ་སྦྱོང་ཡིན་ན་རོའི་སྐྲ་གྱོན་ལ་ཕྱི་མའི་ཚེས་བཞིའི་གཟའ་རྒྱུ་བའི་དུས་སུ་ར་ཐོད་སྔོན་དམར་གྱིས་རྒྱ་གྲམ་དུ་བཅིངས་ལ། བྲག་དང་ཆུ་ འཐབ་ཏུ་མནན་ན་ཟླ་བ་དགུ་ནས་བསྒྲུབ་བྱ་གཟས་ཟིན་པར་འགྱུར་རོ། །བསྒྲུབ་བྱ་གཟའི་བྱེད་དུ་གཞུག་པའི་འཁོར་ལོ་ཅན་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྐྲག་པའི་ལས་ཐོག་ བསྒྲུབ་སྟེ་བསྒྲུབ་བྱའི་ལུས་མ་རུངས་པར་འདོད་ན། སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་ཁྲུས་དང་གཙང་སྦྲ་དང་། གོས་སྔོན་པོ་གྱོན་པ་ལ་སོགས་པ་བྱ་སྟེ། སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས་གཟའ་འཁྲུག་པར་བྱེད་པའི་དཀྱིལ་འཁོར་བཞེངས། དབུས་ཨེའི་དབྱིབས་ཁ་དོག་ནག་པོ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་མུ་ཁྱུད་གློག་གི་འོད་དང་འདྲ་བའི་དཀྱིལ་འཁོར་བཞེངས་ལ། ཕྱོགས་མཚམས་སུ་གདུག་བྱེད་ཀྱི་ལྕགས་ཕུར་རེ་རེ་ལ་དར་མཐིང་ནག་གི་འཕུར་ལྕེ་གདགས། སྐུད་པས་སྦྲེལ་ལོ། །དབུས་སུ་ལྕགས་སྣ་ལྔ་ ལས་བྱས་པའི་ཕུར་བུ་གྲུ་གསུམ་གྱི་ནང་དུ། བསྒྲུབ་བྱའི་རྗེས་ཀྱི་ས་དང་ཁང་ས་ཞིང་ས་དུར་ས་ལ་ཟླ་གམ་བརྒྱད་པའི་དབྱིབས་དུག་ཁྲག་གིས་སྦྲུས་པ་བྱས་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་དང་འབྲུག་རུས་ཀྱི་ཕྱེ་མའི་ཐུན་གྱིས་བྲབས་ལ་ཕག་ཁྲ་བོའི་ཐོད་པར་བྲུབས་ལ་སྐུད་པ་སྔོན་དམར་ གྱིས་བཅིང་ངོ་། །དེ་ནས་བདག་ཉིད་རྣམ་པར་འཇོམས་པའི་ང་རྒྱལ་དང་ལྡན་པས་བསྙེན་པ་ཅི་རིགས་པར་བྱས་ལ། གཟའ་རྣམས་ལ་གཏོར་མ་བྱིན་ཏེ། སྒྲུབ་པའི་སྔགས་འདི་ལན་འབུམ་ཕྲག་བདུན་བཟླས་སོ། །ཨོཾ་ཏྲིག་ཏྲིག་སེར་སེར་ཀྲཾ་ཀྲཾ་ཀྲུཾ་ཀྲུཾ་བྷྱོ་བྷྱོ་ཞེས་བཟླས་ལ་གཟའ་ཆེན་པོ་ བརྒྱད་ཀྱི་གཟུགས་དང་། མིང་ཤོག་བུ་ལ་བྲིས་པ་དང་། དེ་ཉིད་ཀྱི་དཀྱིལ་འཁོར་དང་བཅས་པ་བསྒྲུབ་བྱའི་ཁང་པའི་འགྲམ་དུ་ཕག་ཐོད་དང་བཅས་པ་བཅུག་ན་དེ་ཉིད་ནས་མ་ཕྱུང་གི་བར་ལ། དེར་ཐོག་རྒྱུན་མི་འཆད་པར་འབབ་པར་འགྱུར་རོ། །དུས་ནི་ཁྱབ་འཇུག་ཁྱིམ་ནས་ཐོན་པའི་ཚེ་ལས་ལ་སྦྱར་ རོ། །ཐེ་ཚོམ་མེད་པར་འགྲུབ་པ་ལས་བསྒྲུབ་བྱ་ཐོག་གིས་བསད་པའི་ཆོ་ག་དྲག་ཤུལ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་སྐྲག་པའི་ལས་འགལ་བའི་ལོ་ཐོག་ མ་རུངས་པར་བྱ་བའི་ལས་ཀྱི་དྲག་ཤུལ་སྤྱོད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་གཟའ་ཆེན་པོ་རོ་ལངས་ཀྱི་དཀྱིལ་འཁོར་བཞེངས་ཏེ་དབུས་དྲག་པོ་བསྣོལ་མ་དམར་ནག་ཐ་མ་གཟའི་ཁང་བུ་བརྩེགས་པ་བྲིས་ལ་ཁྲག་སྣ་ཚོགས་པ་དང་། ཤ་སྣའི་གཏོར་མ་དང་། དཀར་གཏོར་དང་། སྔོ་སྣ་ཚོགས་པའི་གཏོར་མ་བཤམས་ཏེ་གཞག་གོ། །རབས་ཆད་ནག་པོའི་ཐོད་པར་དུར་ཁྲོད་ཀྱི་རས་དང་རུས་པ་བསྲེགས་པའི་ཐལ་བ་དང་། དམེ་ཁྲག་སྣ་ཚོགས་པའི་ཐོད་པའི་སྤྱི་བོར་བསྒྲུབ་བྱའི་མིང་དང་གཟུགས་བྲིས་ལ་ཡུལ་ལྷ་དང་ ཡུལ་མིའི་མིང་ཡང་བྲི། ཐོད་པའི་ནང་དུ་རིན་པོ་ཆེའི་ཕྱེ་མ་དང་། མི་རྟ་ཁྱིའི་ཁྲག་དང་། མཛོ་རོག་དང་། གཡག་རོག་གི་ཁྲག་དང་། མངལ་ཁྲག་ལ་སོགས་པའི་ཁྲག་སྣ་ཚོགས་བླུགས་ལ། ཡུངས་ཀར་དང་ཡུངས་ནག་ལ་བཟླས་ཤིང་བླུགས་སོ། །གཙོ་ བོའི་ང་རྒྱལ་དང་ལྡན་པས་མཆོད་པ་དང་བསྟོད་པ་དང་བསྙེན་པ་ཅི་རིགས་པར་བྱའོ། །དེ་ནས་གཟའ་སོ་སོའི་བསྙེན་པ་འབུམ་ཕྲག་རེ་བཟླས། དེ་ནས་ལས་ཀྱི་སྔགས་འདི་ལ་བསྙེན་པ་འབུམ་ཕྲག་བདུན་བཟླས་སོ། །ཨོཾ་མ་ཡ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་རཱ་ཧུ་ཧྲིལ་ཤག་ཤག་སེན་སེན་བྷྱོ་བྷྱོ། ། རང་རང་ཧྲིལ་པ་ཤ་མི་ཀི་ཧཱུཾ་ཕཊ་ཅེས་ཡུངས་ཀར་དང་ཡུངས་ནག་ལ་བཟླས་ཏེ་ཐོད་པར་བླུགས་སོ། །དེ་ནས་ཁྱབ་འཇུག་ལས་ལ་འཇུག་པའི་དུས་སུ་ཐབ་གསུམ་གྱི་ལས་སྦྱར་ན་བསྒྲུབ་བྱའི་ལོ་ཐོག་ངེས་པར་བརླག་པར་འགྱུར་རོ། །བསྒྲུབ་བྱ་སྐྲག་པའི་ལས་ཆུ་ཐིགས་ཞེས་བྱའོ། །དཔལ་མར་ མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆོ་འཕྲུལ་སྣ་ཚོགས་བསྒྲུབ་སྟེ་བསྒྲུབ་བྱ་སྣ་ཚོགས་སྐྲག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་རྣལ་ འབྱོར་དུ་བྱ་སྟེ། བསྙེན་པ་དང་། མཆོད་པ་དང་། བསྟོད་པ་དང་ཚོགས་ཇི་ལྟར་རིགས་པར་བསགས་ལ། རྫའི་གའུ་ལེགས་པར་སོ་བཏང་མ་ཐག་གཞན་དུ་ལོངས་མ་སྤྱད་པའི་ནང་དུ་རྟ་ཁྲ་བོའི་རྔ་མས་རྒྱུ་བྱས་ལ་བག་ཟན་གྱིས་དྲིལ་ཏེ་སྦྲུལ་རབ་ཏུ་འཇིགས་པའི་གཟུགས་ཚོན་སྣ་ཚོགས་ པས་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་ལ་འོ་མ་དང་ཁྲག་བསྲེས་པ་ལ་སྔགས་འདི་ཞག་བདུན་དུ་སྒྲུབ་པ་བྱས་ན། དེ་འགུལ་ནུས་པའི་དུས་ན་དགྲའི་ཁྱིམ་དུ་བཏང་ན་རབ་ཏུ་སྐྲག་ཅིང་བརྒྱལ་བར་འོང་སྟེ། སྔགས་ནི། ཨོཾ་བཛྲ་པཱ་ཎི་ཕུ་ནཱ་ག་ཧེ་ཏུ་པྲ་ཤག་སྭཱ་ཧཱ་ཞེས་པས་སྒྲུབ་པ་པོ་དེ་ལྟར་ སྡིག་པ་དང་སྦལ་པ་དང་། ཀླུ་སྣ་ཚོགས་ཀྱི་གཟུགས་གང་འདོད་པ་གོང་ལྟར་བྱས་པས་ངེས་པར་འགྲུབ་བོ། །གཅན་གཟན་སྡེར་མོ་ཅན་གྱི་ཚོགས་བསྒྲུབ་ན་དེ་ཉིད་ཀྱི་ཤ་ཁྲག་དང་སྤུ་དང་དབང་པོ་ལྔ་ལས་གཟུགས་བག་ཟན་དང་བསྲེས་ལ་ཇི་ལྟར་འདོད་པའི་ཚོན་གྱིས་བསྒྱུར་ལ་གཟུགས་དེ་ ཉིད་ཁ་རབ་ཏུ་གདངས་པ་མཆེ་བ་གཙིགས་པ་བྱའོ། །དེ་གང་འདོད་པའི་གཟུགས་དེ་ཤིང་ཟོམ་དུ་བཅུག་ལ་ཁ་ཤིང་ལེབ་ཀྱིས་བཅད་ལ། སྔོན་དམར་གྱིས་བཅིངས་ལ་ཞག་བདུན་སྔགས་འདི་བཟླས་ཏེ་ཁྲག་སྣ་ཚོགས་ལ་བཟླས་ལ་དེ་དག་ལ་གཏིག་གོ། །ཨོཾ་ན་མཤྩཎྜ་བཛྲ་པཱ་ཎ་ ཡེ་ཤོ་དྷ་པྲ་ཝ་པི་ཏི་གྷ་ཊ་ཡ་ཤྭ་ར་ཎ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བཟླས་ཏེ་འགུལ་ནུས་པའི་དུས་ན་གྲིས་སྔོན་དམར་གཏུབས་ཏེ། གཟའ་ཆེན་པོ་རྒྱུ་བའི་དུས་སུ་བསྒྲུབ་བྱའི་ཁྱིམ་དུ་བཏང་ན། ངེས་པར་སྐྲག་ཅིང་མ་རུངས་པར་ངེས་སོ། །གཤོག་པ་ཅན་གྱི་ཚོགས་སྒྲུབ་པ་སྟེ། བསྒྲུབ་བྱ་སྐྲག་པར་ འདོད་ན་གང་འདོད་པའི་ཤ་ཁྲག་དང་སྤུ་དང་གཤོག་པ་གཡས་པའི་སྤུ་རྩེ་རྣམས་ཕྱེ་མར་བྱས་ལ་བག་ཟན་དང་བསྲེས་ལ་གང་འདོད་པའི་གཟུགས་བྱས་ལ་དེ་ཉིད་སྤུས་ལུས་མགོ་མཇུག་བརྒྱན་པ་བསེའི་ག་འུའི་ནང་དུ་བཅུག་ལ་ཕག་ནག་པོའི་ཀོ་བས་གཏུམས་ལ་གཟའ་གང་དུ་ འཇུག་པའི་ངོས་སུ་ཁ་བསྟན་ཏེ། སྔགས་འདི་གཞན་གྱི་ཚིག་གིས་བར་མ་ཆོད་པར་བཟླས་སོ། །མ་ཧཱ་ཡཀྵ་བཛྲ་ཀ་ཀ་ཡ་པ་དྱི་ཧཱུཾ་ཧཱུཾ་ཞེས་ལན་བདུན་བསྒྲུབས་ན་བསྒྲུབ་བྱ་དེ་སྐྲག་སྟེ་མ་རུངས་པར་ངེས་སོ། །བྱོལ་སོང་ཕལ་པ་ཡང་ཚན་ཅན་སྒྲུབ་སྟེ། བསྒྲུབ་བྱའི་སེམས་ལུས་ངག་ སྐྲག་པར་འདོད་ན་གང་བསྒྲུབ་པའི་མིག་གཡས་པ་དང་རྨིག་པའི་རྩེ་མོ་དང་སྤུ་དང་རས་དམར་པོའི་ཁུ་བ་དང་། འབྲུ་སྣ་བཅུ་གསུམ་གྱི་ཕྱེ་མ་དང་བསྲེས་ལ་གང་འདོད་པའི་གཟུགས་བྱས་ལ་སྤྱི་བོར་སེང་ལྡེང་གི་ཕུར་བུ་སོར་བཞི་པ་བཏབ་ལ་སའི་དོང་གྲུ་གསུམ་པའི་ནང་དུ་བཅུག་ལ། བསྲི་ཤིང་གིས་བཅད་ལ་སྐེ་ནས་རྒྱུ་ཞགས་ཀྱིས་བཏབ་སྟེ། བདག་ཉིད་ཀྱིས་བཟུང་ལ་སྔགས་འདི་ལ་ཞག་དགུ་བཟླས་སོ། །ཨོཾ་བཛྲ་བི་དཱ་ར་ཏི་ར་ཏི་སྭཱ་ལཾ་སྐེ་མཾ་སྐེ་མཾ་སྭཱ་ཧཱ་ཞེས་བཟླས་ནས་རྒྱུ་མ་འགུལ་པའི་ཚེ་གཟའ་སྲང་ནས་ཐོན་པ་དང་བསྟུན་ནས། བསྒྲུབ་བྱའི་ཁྱིམ་དུ་བསྐྱལ་ན་སྔ་མ་ ལྟར་འགྲུབ་པར་ངེས་སོ། །འགལ་བ་སྐྲག་པར་བྱེད་པའི་ལས་སྣ་ཚོགས་པའི་ཆོ་ག་འགལ་བ་མེའི་འཁོར་ལོ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ