Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 2 / 21 (50.000 ký tự/trang)
ྱལ་པོ་བཞི་ རུ་བསྐྱེད། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །བཀྲ་ཤིས་ལྷ་མོ་བརྒྱད་པོའོ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །ཕྱོགས་སྐྱོང་བ་ནི་དེ་བཞིན་ནོ། །སྒོ་བཞིར་སྒོ་མ་གཞན་དང་མཐུན། །དེ་དག་སྐུ་མདོག་ཕྱག་མཚན་ནི། །གཙོ་བོའི་སྐུ་མདོག་ལྗང་སེར་ལ། །གཡས་པ་རྒྱ་གྲམ་ཕྱོགས་དེ་ནི། །ཐུགས་ ཀར་བཟུང་སྟེ་གཡོན་པ་ཡང་། །བུམ་པ་དཀུ་ལ་བརྟེན་པའོ། །ཡང་ན་ཕྱག་གཉིས་བུམ་པ་ནི། །སྣ་ཚོགས་རྡོ་རྗེས་ཁ་བཅད་ལ། །ཕྱག་གཉིས་བཟུང་སྟེ་ཐུགས་ཀར་འཛིན། །མཐའ་ཡས་ཞལ་གསུམ་སྐུ་མདོག་མཐིང་། །ཕྱག་དྲུག་ངེས་མེད་མཚོན་ཆ་ལ། །གཡོན་གྱི་འོག་མས་རྩེ་དགུ་ ནི། །ཐུགས་ཀར་འཛིན་ལ་ངེས་པའོ། །བདུད་རྩི་འཁྱིལ་པ་སྐུ་མདོག་དམར། །ཞལ་དང་ཕྱག་གཉིས་སྔར་འདྲ་ལ། །འོག་མས་རྡོ་རྗེ་རྒྱ་གྲམ་འཛིན། །གནོད་མཛེས་མདོག་སེར་སྔར་བཞིན་ལ། །འོག་མས་ཐོ་བ་ཐུགས་ཀར་འཛིན། །མི་གཡོ་བ་ནི་ལྗང་གུ་ལ། །རྡོ་རྗེ་དབྱུག་ཐོ་ཐུགས་ ཀར་འཛིན། །རྟ་མགྲིན་དམར་པོ་པདྨ་འཛིན། །གཞན་གྱིས་མི་ཐུབ་སྔོན་པོ་ལ། །རིན་ཆེན་འབར་བ་ཐུགས་ཀར་འཛིན། །གཏུམ་པོ་སྨུག་ནག་རྩེ་དགུ་འཛིན། །གཤིན་རྗེ་སྔོ་ནག་ཞལ་གསུམ་པ། །ཕྱག་དྲུག་ངེས་མེད་མཚོན་ཆ་ལ། །འོག་མ་གཉིས་པོས་བེ་ཅོན་འཛིན། །དེ་ནས་གྲུབ་ ཆད་རྒྱལ་པོ་བཞི། །དཀར་སེར་དམར་དང་ལྗང་གུ་ལ། །བེ་ཅོན་པི་ཝང་ཆུ་སྲིན་དང་། །རིན་པོ་ཆེ་ཡི་དོང་ཙེའོ། །ལྷ་མོ་རྣམས་ཀྱི་སྐུ་མདོག་ནི། །གསལ་བྱེད་མ་ནི་སྔོན་མོ་ལ། །ཞལ་གཅིག་ཕྱག་གཉིས་དཔལ་བེའུ་འཛིན། །དབྱངས་ཅན་མ་ནི་དཀར་མོ་ལ། །རང་ རྟགས་གཡས་པ་འཁོར་ལོའོ། །མདངས་ཅན་སེར་མོ་པདྨའོ། །འོད་ལྡན་མཐིང་ག་རྒྱལ་མཚན་ནོ། །སྐྱེས་ཆེན་དམར་མོ་གདུ་བུ་འཛིན། །དྲི་མེད་མ་ཡ་དམར་མོ་ལ། །རང་རྟགས་གཡས་པ་བུམ་པ་འཛིན། །ཡིད་བཟངས་ལྗང་གུ་འབུད་དུང་འཛིན། །ཡིད་གཞུངས་ལྗང་སེར་གཡུང་ དྲུང་འཛིན། །ཕྱོགས་སྐྱོང་རྣམས་ཀྱི་སྐུ་མདོག་ནི། །བརྒྱ་བྱིན་དཀར་ལ་རྡོ་རྗེ་གདེངས། །མེ་ལྷ་དམར་པོ་རིན་ཆེན་ཕྲེང་། །གཤིན་རྗེ་མཐིང་ག་དབྱུག་ཏོ་བསྣམས། །བདེན་བྲལ་ལྗང་གུ་རལ་གྲིའོ། །ཆུ་ལྷ་དམར་པོ་ཀླུ་ཞགས་བསྣམས། །རླུང་ལྷ་དུད་ཀ་བེ་ཅོན་འཛིན། །གནོད་སྦྱིན་སེར་པོ་ རིན་ཆེན་འཛིན། །དབང་ལྡན་དཀར་སེར་ཏྲི་ཤཱུ་ལ། །ཉི་ཟླ་དཀར་པོ་ཨུ་དུམྺཱར། །ས་ཡི་ལྷ་མོ་སེར་མོ་ལ། །ཕྱག་ན་རིན་ཆེན་བུམ་པ་བསྣམས། །སྒོ་མའི་ཕྱག་མཚན་སྐུ་མདོག་ནི། །ལྕགས་ཀྱུ་དཀར་ལ་ལྕགས་ཀྱུ་འཛིན། །ཞགས་པ་སྔོ་ལ་དེ་བཞིན་ཞགས། །ལྕགས་སྒྲོག་དམར་ མོ་ལྕགས་སྒྲོག་འཛིན། །དྲིལ་བུ་ལྗང་སེར་དྲིལ་བུ་འཛིན། །དེ་ལྟར་སྐུ་མདོག་གསལ་བསྒོམས་ལ། །ཡེ་ཤེས་དབང་བསྐུར་དགུག་གཞུག་བསྟིམ། །དེ་ལྟར་གཞལ་ཡས་གསལ་དམིགས་ལ། །སྙིང་པོ་རྒྱས་དང་བསྡུས་པ་དང་། །ཤིན་ཏུ་བསྡུས་པ་གང་མོས་ལ། །བརྒྱ་རྩ་བརྒྱད་ དུ་དབུལ་བར་བྱ། །རྡོ་རྗེས་མཆོད་པ་ལྔ་ཡང་དབུལ། །བསྙེན་པའི་དུས་སུ་དམིགས་པ་གསུམ། །ལེགས་པར་བརྟགས་ཏེ་མཉེས་པར་བྱ། །སྒྲུབ་པ་བུམ་པ་ཉིད་ལའོ། །དེ་ནས་བསྟོད་པ་དབུལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ནས་ལྷ་རྣམས་ནི། །སྤྱན་དྲངས་བུམ་པའི་ནང་དུ་བསྟིམ། །བསྐུལ་ ཚིག་འདི་སྐད་བརྗོད་པར་བྱ། །ན་མོ་སེམས་ནི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་དེ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་དབྱིངས་མངོན་འགྱུར་ཡེ་ཤེས་སྐུ་བརྙེས་ཏེ། །སྐུ་གསུང་ཐུགས་སུ་ལེགས་པར་འབྱུང་བའི་གནས། །གསུང་རབ་བཅུ་གཉིས་འཕགས་ལམ་རྒྱལ་བའི་ བཀའ། །བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །རྣམ་དག་དབྱིངས་ཀྱི་དམ་ཆོས་གཤེགས་སུ་གསོལ། །ས་བཅུའི་རྒྱལ་ཚབ་ཆོས་ལ་མངའ་བརྙེས་ཤིང་། །སྙིང་རྗེ་ཆེན་པོས་བརྩོན་འགྲུས་གོ་གྱོན་པ། །ཤེས་རབ་ཐབས་ཀྱིས་ཁམས་གསུམ་འདྲེན་མཛད་པ། །རྒྱལ་སྲས་བྱང་ ཆུབ་སེམས་དཔའ་གཤེགས་སུ་གསོལ། །མི་མཇེད་འཇིག་རྟེན་འཛམ་གླིང་འདིར། །དཔལ་ཚོགས་བཀྲ་ཤིས་གཞལ་ཡས་ཁང་། །བླ་མེད་མཆོད་པའི་རྒྱན་བཤམས་ཏེ། །ཉི་ཟླ་པདྨའི་གདན་བཤམས་ནས། །སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །བཞི་བཅོམ་དྲུག་ལྡན་འཁོར་བ་ མྱ་ངན་འདས། །ནམས་ཀྱང་རྡོ་རྗེ་ལྟ་བུའི་སྐུ་མངའ་བའི། །ལུས་ངག་ཡིད་གསུམ་ཉོན་མོངས་ཐམས་ཅད་འཇོམས། །འགྲོ་འདུལ་ཐུགས་རྗེས་བྱིན་རླབས་བསམ་མི་ཁྱབ། །བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པ་ཡང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །སེམས་ ཅན་ཉོན་མོངས་གཤིན་རྗེའི་དྲ་བ་ལ། །ཡེ་ཤེས་ཐུགས་ཀྱིས་གཤེད་དང་དྲ་བ་འཇོམས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འབྱུང་བ་ཡི། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་པོ་ཡང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །ནམ་མཁའི་མཐའ་མ་མཐའ་ཡས་ཐུག་པ་ བཞིན། །འགྲོ་བའི་ལས་དང་ཉོན་མོངས་མཐའ་ཡས་ལ། །ཐུགས་རྗེའི་བྱིན་རླབས་སྤྲུལ་པ་མཐའ་ཡས་ཀྱིས། །ཇི་ལྟར་འདུལ་བ་བཞིན་དུ་འཇོམས་མཛད་པ། །ཁྲོ་བོའི་རྒྱལ་པོ་ཡོན་ཏན་མཐའ་ཡས་ཀྱང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །སེམས་ཅན་དུག་ གསུམ་ནད་ཀྱིས་གདུངས་པ་ལ། །ཐུགས་རྗེའི་བྱིན་རླབས་བདུད་རྩིའི་ཆར་འབེབས་པ། །ཐབས་ལ་མཁས་པ་མཛད་པ་སྣ་ཚོགས་ཀྱིས། །སེམས་ཅན་མ་ལུས་དབྱིངས་སུ་སྦྱོར་མཛད་པ། །ཁྲོ་བོའི་རྒྱལ་པོ་བདུད་རྩི་ཐབ་སྦྱོར་ཡང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། ། རྣམ་ཐར་གསུམ་གྱི་མངའ་མཛད་ཡེ་ཤེས་སྟོབས། །ཉོན་མོངས་དུག་གསུམ་མ་ལུས་གནོན་མཛད་ཕྱིར། །ཕྱག་མཚན་རྡོ་རྗེ་ཐོ་བ་འབར་བ་བསྣམས། །མཛེས་པའི་སྐུ་མདོག་གདུལ་ཐབས་ཅིར་ཡང་སྟོན། །ཁྲོ་བོའི་རྒྱལ་པོ་གནོད་མཛེས་སྟོབས་པོ་ཆེ། །འདིར་གཤེགས་འགྲོ་བའི་ དོན་ཕྱིར་མཆོད་པ་བཞེས། །དབྱིངས་ལས་མི་གཡོ་འཁོར་བའི་མཐའ་མི་གཡོ། །མཐའ་ལ་མི་གནས་ཐུགས་རྗེས་འགྲོ་དོན་མཛད། །མྱ་ངན་འདས་དང་འཁོར་བའི་མཐའ་གཅོད་ཅིང་། །སེམས་ཅན་རྣམས་ཀྱི་དཔལ་དང་མགོན་གྱུར་པ། །ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོ་ ཡང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །ཡེ་ཤེས་ཐུགས་ཀྱི་འཁོར་བའི་མཐའ་ཡི་བར། །ཐུགས་རྗེ་མྱུར་བས་རྟ་གདོང་ཕྲིན་ལས་མཛོད། །འགྲོ་དོན་མཛད་པའི་ངོ་མཚར་མངའ་བ་ཡང་། །རྟག་ཏུ་རྟ་མགྲིན་རྒྱལ་པོ་གསུང་དུ་སྤྲུལ། །ཁྲོ་བོའི་རྒྱལ་པོ་དབང་གི་རྟ་གདོང་ ཡང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་སྐུ། །མཐའ་གཉིས་མ་ཡེངས་དབྱིངས་ལ་དབང་སྒྱུར་ཞིང་། །ཐུགས་རྗེས་ཕྲིན་ལས་དབྱིངས་སུ་འདུས་མ་མཛད། །སྐུ་ཡི་ཡོན་ཏན་རྫོགས་པས་དབང་ཕྱུག་ཆེ། །ཁྲོ་བོའི་རྒྱལ་ པོ་དབང་ཕྱུག་གཏུམ་པོ་ཡང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །རིན་ཆེན་ལས་གྲུབ་རི་རབ་ངོས་བཞི་ནས། །བསོད་ནམས་ཚོགས་ལྡན་དཔལ་ལྡན་རྒྱལ་ཆེན་བཞི། །གླིང་བཞིར་གནས་པའི་སེམས་ཅན་ཐམས་ཅད་ལ། །ཇི་ལྟར་འཚམ་པ་བཞིན་དུ་དོན་མཛད་པའི། །དཔལ་ ལྡན་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱང་། །འདིར་གཤེགས་འགྲོ་བའི་དོན་ཕྱིར་མཆོད་པ་བཞེས། །དུས་བཞི་ཚད་མེད་བཞི་དང་མཉམ་སྦྱོར་བའི། །མི་འཇིགས་བཞི་ལྡན་ཡེ་ཤེས་ཚོགས་རྫོགས་ཏེ། །མཆོད་པ་མང་པོའི་སྤྲིན་དང་བཅས་ནས་ནི། །མཆོད་པའི་ལྷ་མོ་མང་པོ་གཤེགས་སུ་གསོལ། ། རྡོ་རྗེ་དང་ནི་རིན་ཆེན་པདྨ་དང་། །སྣ་ཚོགས་ལས་གྲུབ་རྡོ་རྗེ་རྒྱ་གྲམ་འབར། །ཕྱག་རྒྱ་ཆེན་པོས་བདུད་བཞི་ཟིལ་གྱིས་གནོན། །ཕྱོགས་བཞི་ཕྱག་རྒྱ་ཆེན་པོ་གཤེགས་སུ་གསོལ། །ཞི་བ་དཀར་པོ་འོད་ཀྱི་དཀྱིལ་འཁོར་ནས། །པདྨ་དཀར་པོ་ཕྱག་ན་དཔལ་བེའུ་བསྣམས། །འཇོམས་བྱེད་ དཀར་པོ་ཕྱག་ན་འཁོར་ལོ་བསྣམས། །གཉིས་མེད་དོན་ལ་ཐུགས་སྦྱོར་གཤེགས་སུ་གསོལ། །ལྷོ་ཕྱོགས་རྒྱས་པ་སེར་མོའི་དཀྱིལ་འཁོར་ནས། །རྒྱས་པ་སྔོན་མོ་ཕྱག་ན་པདྨ་བསྣམས། །འོད་ལྡན་མཐིང་ག་ཕྱག་ན་རྒྱལ་མཚན་བསྣམས། །གཉིས་མེད་དོན་ལ་ཐུགས་སྦྱོར་གཤེགས་ སུ་གསོལ། །ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས། །དཀར་ཤམ་དམར་མོ་ཕྱག་ན་གདུ་བུ་བསྣམས། །མདངས་ཅན་དམར་མོ་ཕྱག་ན་བུམ་པ་བསྣམས། །གཉིས་མེད་དོན་ལ་ཐུགས་སྦྱོར་གཤེགས་སུ་གསོལ། །བྱང་ཕྱོགས་ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས། །ཡིད་ གཞུངས་ལྗང་གུ་ཕྱག་ན་བུད་དུང་བསྣམས། །ཡིད་བཟངས་ལྗང་སེར་ཕྱག་ན་གཡུང་དྲུང་བསྣམས། །གཉིས་མེད་དོན་ལ་ཐུགས་སྦྱོར་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཇིག་རྟེན་དབང་ལྡན་དང་། །ཐུགས་རྗེ་ཐབས་མཁས་ཐུགས་དམ་དགྱེས་པ་ཆེ། །བརྒྱ་བྱིན་དབང་པོ་འཁོར་ དང་བཅས་པ་ཡང་། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །སྦྱིན་སྲེག་བདག་པོ་དཀའ་ཐུབ་རལ་པ་ཅན། །དྲང་སྲོང་བརྟུལ་ཞུགས་སྤྱོད་པ་ཀུན་གྱི་རྗེ། །མེ་ཡི་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་ གཤེགས་སུ་གསོལ། །བདུད་གཅོད་བདུད་ལ་མངའ་མཛད་བདུད་ཀྱི་རྗེ། །བདུད་གཅོད་འཆི་བདག་མང་པོ་ཀུན་གྱི་གཙོ། །གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །ཐོད་རྒལ་ འཇིགས་པ་ཆེན་པོའི་སྐྱབས་མཛད་པ། །ནད་གཏོང་མདངས་འཕྲོག་སྲིན་པོ་ཀུན་གྱི་རྗེ། །སྲིན་པོའི་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །ཆར་སྤྲིན་ལོ་ཏོག་ཆུ་ལ་དབང་བྱེད་པ། །ལྷ་ཆེན་ ཆུ་ལྷ་སྙེམ་པ་ཀུན་གྱི་རྗེ། །ཆུ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །སྲོག་འཆང་དབུགས་ཀྱི་བདག་པོ་དབུགས་ཀྱི་གཟུངས། །སྲོག་འཆང་རླུང་ལྷ་རིག་འཛིན་ཀུན་གྱི་རྗེ། །རླུང་ལྷ་ རིག་འཛིན་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །གཏེར་སྦྱིན་གཏེར་འཆང་མང་པོ་ཀུན་གྱི་རྗེ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་ པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །བགེགས་ལ་མངའ་མཛད་དངོས་གྲུབ་མཆོག་སྟོན་པ། །ལོག་འདྲེན་ཚར་གཅོད་ལྷ་རྣམས་ཀུན་གྱི་རྗེ། །བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་ བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །འོད་ཆེན་འཇིག་རྟེན་གླིང་བཞིར་སྣང་མཛད་པ། །གཟའ་སྐར་སྟོང་གི་ལྷ་མང་ཀུན་གྱི་རྗེ། །ལྷ་ཡི་རྒྱལ་པོ་འཁོར་དང་བཅས་པ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་ གཤེགས་སུ་གསོལ། །ས་ལ་མངའ་མཛད་ས་བདག་ཀུན་གྱི་རྗེ། །ས་ཡི་ལྷ་མོ་བརྟན་མ་ཡང་། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །གཉིས་མེད་དོན་ལ་རིག་པ་ཤར་མཛད་ཅིང་། །ཐུགས་དམ་རྒྱུད་བསྐུལ་ལྕགས་ཀྱུ་ཕྱོགས་བཅུར་ འབར། །ཞི་བ་བདུད་བཞི་འདུལ་མཛད་དཀར་མོའི་སྐུ། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །ཡོན་ཏན་རྒྱས་པ་གསེར་འོད་འོད་ཟེར་འཕྲོ། །ལོག་འདྲེན་བགེགས་འཆིང་ཞགས་པ་ཕྱོགས་བཅུར་འཕེན། །ཡོན་ཏན་ཚོགས་རྒྱས་འཆིང་བྱེད་ཞགས་པ་མ། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་ གསོལ། །ཐམས་ཅད་དབང་སྡུད་དམར་མོ་ལྕགས་སྒྲོག་སྡོམ། །གྲུབ་པ་སྡུད་ཅིང་འབྱུང་པོའི་ཚོགས་རྣམས་སྡོམ། །ཁམས་གསུམ་དབང་དུ་སྡུད་པའི་ལྕགས་སྒྲོག་མ། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །སྣ་ཚོགས་ལས་ལས་གྲུབ་པའི་ལྗང་གུ་དགྱེས། །བདེ་གཤེགས་ ཚོགས་མཉེས་མཆོད་པའི་དྲིལ་བུ་འབར། །ལས་དང་ཉོན་མོངས་བདུད་འདུལ་ཐལ་བྱེད་མ། །འགྲོ་བའི་དོན་དུ་མཆོད་ཅིང་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀ་རུ་ཎི་ཀ་ཡ་དྲྀ་ཤྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། བཛྲ་ཨཾ་གུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ གྷཎྜེ་ཧོཿ། །དེ་ནས་གཉིས་སུ་མེད་པར་བསྟིམ་པ་དང་། །ཡེ་ཤེས་དཀྱིལ་འཁོར་དབྱེར་མེད་བསྲེས། །བརྟན་པར་བཞུགས་སུ་གསོལ་བ་ནི། །ཧཱུཾ་རིན་ཆེན་སྣ་བཞི་གྲུབ་པའི་དཀྱིལ་འཁོར་འདིར། །མ་ཆགས་པདྨ་འབུམ་གྱི་གདན་བཏིང་སྟེ། །རིན་ཆེན་ཁྲི་དང་ཉི་ཟླ་གསལ་བའི་རྒྱན། །དངོས་སུ་ འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །བདག་ཅག་དད་པའི་ཡིད་ཀྱིས་མངོན་སྤྲུལ་ཏེ། །རིམ་བཞིན་བདེ་ཡངས་ཉིད་དུ་བཞུགས་སུ་གསོལ། །བཛྲ་ཏིཥྛ་ལྷན། ཕྱག་བཙལ་བ་ནི། ཨེ་མ་ཧོ། །ཕྱོགས་བཅུའི་སངས་རྒྱས་ཐུགས་ནི་རབ་ཏུ་རྒྱ་ཆེ་སྟེ། །འགྲོ་བ་ཀུན་ལ་ཁྱབ་མཛད་རྡོ་རྗེ་རྣམ་འཇོམས་ ཉིད་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །ཕྱོགས་བཅུའི་ཁྲོ་བོ་རྒྱལ་བ་རྣམས། །ཉོན་མོངས་དུག་གསུམ་སྡུག་བསྔལ་གྱིས། །གཟིར་བའི་འགྲོ་བ་མ་ལུས་པ། །ཕྲིན་ལས་དྲག་པོའི་དྲེགས་པས་འདུལ་མཛད་པ། །ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །ཕྱོགས་ བཞི་དཔལ་ལྡན་རྒྱལ་ཆེན་བཞི། །སྲིད་རྩེ་རིན་ཆེན་མཐའ་ཡས་ནས། །དྲི་མེད་བདུད་རྩིའི་ཆར་འབེབས་པའི། །ཕྱོགས་བཞིའི་ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །ཕྱོགས་ཀྱི་ལྷ་མོ་བཀྲ་ཤིས་བརྒྱད་རྣམས་ཀྱིས། །ཐུགས་མཆོག་འགྲོ་དོན་མ་ལུས་བདུད་ལས་རྒྱལ། །ཐུགས་ རྗེས་དབང་བསྐུར་ཆོས་སྒྲ་ཤེས་རབ་ཐབས། །མི་མཐུན་ཕྱོགས་ལ་ཡོན་ཏན་བཀྲ་ཤིས་པ། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །ཕྱོགས་བཅུ་འདུལ་བའི་དབང་ཕྱུག་སྐུ་སྤྲུལ་པ། །ཕྱོགས་བཅུའི་བགེགས་རྣམས་མང་པོ་ཚར་གཅོད་ཅིང་། །མཐོ་རིས་གནས་ནས་ འཁོར་ལོས་སྒྱུར་མཛད་པ། །ཕྱོགས་སྐྱོང་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། །ཚད་མེད་བཞི་པོ་མཐར་ཕྱིན་ལྷུན་གྲུབ་རྟགས། །ཕྱག་རྒྱ་བཞི་ཡི་ངང་དུ་ཐུགས་རྗེས་སྤྲུལ། །འགྲོ་དྲུག་སེམས་ཅན་གནས་ནས་སྤྲུལ་མཛད་པའི། །སྒོ་སྐྱོང་འཁོར་དང་བཅས་ལ་ཕྱག་འཚལ་ལོ། ། དེ་ནས་མཆོད་པ་ལྔ་ཕུལ་ཏེ། སློབ་མ་དཀྱིལ་འཁོར་འཇུག་པ་ཉིད། །ཆོ་ག་ཇི་ལྟར་འདོད་བཞིན་བརྩམ། །དེ་རྗེས་དཀྱིལ་འཁོར་ལྷ་ཚོགས་ལ། །བསྟོད་པ་ཉིད་ནི་འདི་སྐད་དབུལ། །ཧཱུཾ་བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས། །ཐུགས་རྗེ་ཉི་ཟླའི་འོད་པས་འཚེར། །ངན་སོང་ཐམས་ཅད་རྣམ་ པར་སྦྱོང་། །དེ་ཉིད་སྒྲིབ་པ་སེལ་མཛད་པ། །པདྨ་འཁོར་ལོའི་དཀྱིལ་འཁོར་ལ། །ཤིན་ཏུ་མཛེས་པའི་རྩིབས་མ་བརྒྱད། །ནང་གི་སྙིང་པོ་རྡོ་རྗེ་གཙོ། །དཔའ་བོ་ཐུབ་པ་བཞུགས་པ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །ཕྲིན་ལས་བཞི་ཡི་ཁྱད་པར་གྱི། །པདྨ་འཁོར་ལོར་བཅས་ པ་ལ། །རོལ་མོ་སིལ་སྙན་རྣམས་ཀྱིས་མཆོད། །རིན་ཆེན་སྟེགས་བུ་འདི་དག་ནི། །གྲུ་བཞིར་ལྡན་ཞིང་སྒོ་བཞི་གདོད། །དབུས་ཀྱི་པདྨ་གེ་སར་ལ། །བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས། །སྐུ་མདོག་ལྗང་སེར་འོད་ཟེར་འབར། །རྒྱ་གྲམ་ཕྱོགས་མེད་ཐུགས་ཀར་འཛིན། ། དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་ཕྱོགས་གཙོ་བོ་མཐའ་ཡས་ནི། །སྐུ་མདོག་མཐིང་ག་འབར་བའི་འོད། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། །རྡོ་རྗེ་རྩེ་དགུ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་ལྷོ་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་དམར་པོ་འོད་ཟེར་འབར། ། ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། །རྡོ་རྗེ་རྒྱ་གྲམ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ལྷོ་ཕྱོགས་ཁྲོ་བོ་གནོད་མཛེས་ནི། །སྐུ་མདོག་སེར་པོ་འབར་བའི་འོད། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། །རྡོ་རྗེ་ཐོ་བ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། ། ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན། །སྐུ་མདོག་ལྗང་གུ་འབར་བའི་འོད། །ཕྱག་དྲུག་རྡོ་རྗེ་དབྱུག་ཏོ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་ནི། །སྐུ་མདོག་དམར་པོ་འོད་ཟེར་འབར། །པདྨ་བརྩེགས་པ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་ འབུལ། །བྱང་ཕྱོགས་གཏུམ་པོ་དབང་ཕྱུག་ནི། །སྐུ་མདོག་སྨུག་ནག་འབར་བའི་འོད། །ཕྱག་དྲུག་མཚོན་ཆ་སྣ་ཚོགས་ཏེ། །རྡོ་རྗེ་རྩེ་དགུ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། །བྱང་ཤར་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་སྔོ་ནག་འབར་བའི་འོད། །ཕྱག་དྲུག་མཚོན་ ཆ་སྣ་ཚོགས་ཏེ། །བེ་ཅོན་འབར་བ་ཐུགས་ཀར་འཛིན། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ནེ་ལེ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །སྐུ་ མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་པི་ཝང་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ཆུ་སྲིན་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །བྱང་ཕྱོགས་རྒྱལ་པོ་རྣམ་ ཐོས་སྲས། །སྐུ་མདོག་ལྗང་གུ་འོད་འབར་བ། །ཕྱག་མཚན་ཕྱག་ན་དོང་ཙེ་བརྩེགས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་ཕྱོགས་ལྷ་མོ་དཀར་ཤམ་མ། །སྐུ་མདོག་མཐིང་ག་འོད་འབར་བ། །ཕྱག་ན་བཀྲ་ཤིས་གདུགས་འཛིན་ཅིང་། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་སྨད་ལྷ་མོ་ དབྱངས་མཁན་མ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་འཁོར་ལོ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ལྷོ་སྟོང་ལྷ་མོ་མདངས་ཅན་མ། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་པདྨ་འདབ་བརྒྱད་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ལྷོ་སྨད་ ལྷ་མོ་འོད་ལྡན་མ། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་རྒྱལ་མཚན་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ནུབ་སྟོད་ལྷ་མོ་སྐྱེས་ཆེན་མ། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་བུམ་པ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ནུབ་ སྨད་ལྷ་མོ་དྲི་མ་མེད། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །བྱང་སྟོད་ལྷ་མོ་ཡིད་བཟངས་མ། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་བཀྲ་ཤིས་བུད་དུང་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །བྱང་ སྨད་ལྷ་མོ་ཡིད་གཞུངས་མ། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་གསེར་གྱི་ཉ་མོ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་ཕྱོགས་ལྷ་དབང་བརྒྱ་བྱིན་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་གདེངས་པ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། ། ཤར་ལྷོ་དྲང་སྲོང་མེ་ལྷ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་རིན་ཆེན་ཕྲེང་བ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་གཤིན་རྗེའི་དབྱུག་ཏོ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་ འབུལ། །ལྷོ་ནུབ་སྲིན་པོ་བདེན་བྲལ་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་ན་རལ་གྲི་རྣོན་པོ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ནུབ་ཕྱོགས་ཆུ་ལྷའི་བདག་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་ཀླུ་ཡི་ཞགས་པ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་ འབུལ། །ནུབ་བྱང་རླུང་ལྷ་དབང་ལྡན་ནི། །སྐུ་མདོག་དུད་ཀ་འོད་ཟེར་འབར། །ཕྱག་ན་རིན་ཆེན་བེ་ཅོན་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །བྱང་ཕྱོགས་གནོད་སྦྱིན་ཀུ་བེ་ར། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་གནོད་སྦྱིན་དབྱུག་པ་འཛིན། །དེ་ ལ་བསྟོད་དེ་མཆོད་པ་འབུལ། །བྱང་ཤར་དབང་ལྡན་བགེགས་ཀྱི་བདག །སྐུ་མདོག་དཀར་སེར་འོད་ཟེར་འབར། །ཕྱག་ན་ཏྲི་ཤཱུལ་རྩེ་གསུམ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །སྟེང་ཕྱོགས་ཉི་ཟླ་ཚངས་པ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཨུཏྤལ་འབར་བ་རྣམས། །དེ་ལ་བསྟོད་དེ་ མཆོད་པ་འབུལ། །འོག་ཕྱོགས་ས་ཡི་ལྷ་མོ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ཤར་སྒོའི་རྡོ་རྗེ་ལྕགས་ཀྱུ་མ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ལྕགས་ཀྱུ་བསྣམས། །དེ་ལ་ བསྟོད་དེ་མཆོད་པ་འབུལ། །ལྷོ་སྒོ་རྡོ་རྗེ་ཞགས་པ་མ། །སྐུ་མདོག་སྔོན་མོ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ཞགས་པ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །ནུབ་ཕྱོགས་རྡོ་རྗེ་ལྕགས་སྒྲོག་མ། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་ལྕགས་ སྒྲོག་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །བྱང་ཕྱོགས་རྡོ་རྗེ་དྲིལ་བུ་མ། །སྐུ་མདོག་ལྗང་སེར་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་དྲིལ་བུ་བསྣམས། །དེ་ལ་བསྟོད་དེ་མཆོད་པ་འབུལ། །དེ་ལ་དབང་བསྐུར་ཆོ་ག་ལས། །ཇི་ལྟར་གསུངས་པའི་དབང་རྣམས་སྦྱིན། །བཟོད་གསོལ་ སྨོན་ལམ་གདབ་པ་ཉིད། །དེ་ནས་ལྷ་རྣམས་སོ་སོ་ཡི། །ཐུགས་ཀའི་ས་བོན་ལ་བསྡུས་ཏེ། །གཤེགས་གསོལ་དམིགས་མེད་རྒྱས་བཏབ་ལ། །དེ་ནས་དགའ་སྟོན་དབུགས་ཕྱུང་སྟེ། །རིག་པའི་ལས་དང་གཟེངས་ཡང་བསྟོད། །དེ་ནས་གཏོར་མ་བྱིན་བརླབས་ཏེ། །མགོན་པོའི་གཏོར་ མ་བཏང་བ་ནི། །སྔགས་ཀྱིས་སྤྱན་དྲངས་ཡེ་ཤེས་གཞུག །པཾ་ལས་གྱུར་པ་སོ་སོ་ཡི། །སྐུ་མདོག་ཕྱག་མཚན་སོ་སོར་དམིགས། །དེ་ནས་འཛབ་དང་བསྙེན་པ་འབུལ། །དེ་ཡི་སྔགས་ནི་འདི་དག་བཟླས། །རྡོ་རྗེ་ལྕེ་ལས་ཡང་དག་ཕྱུང་། །ཨོཾ་ཨེ་ཧྱེ་ཧི་ཧ་ན་ཧ་ན་བྷིནྡ་བཛྲ་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་བཛྲཱ་ ན་ལ་བྷིནྡ་ན་མཎྜ་ལ་བུདྡྷ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་བཛྲཱ་ཀཱ་ལ་དཎྜ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་བཛྲ་ཀི་རི་ཊི་སྟཾ་རཀྵ་ས་དེ་བ་ཏ་ཡཻ་སྭཱ་ཧཱ། ཨོཾ་ཨེ་ཧྱ་ཧི་ནཱ་ག་བཛྲ་ཨཱ་ན་ཡ་སརྦ་དྷ་ན་དྷ་ནྱ། སརྦ་ན་མ་ནི་མུཀྟཱ་ལཾ་ཀ་ར་དྷ་ར་སརྦ་ནཱ་ག་ན་ར་ནི་ཙ་བཛྲ་དྷ་ར་ཡ། ས་མ་ཡཱ་མ་ནུ་སྨཱ་ར་ཨ་ཀཌྜྷྱ་ཨ་ཀ་ཌྜྷྱ་བནྡྷ་ བནྡྷ་ཧ་ར་ཧ་ར་པྲ་ཎ་ན་མ་ཧཱ་ཙྪེ་ད་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་བཛྲ་ཨ་ནི་ལ་མ་ཧཱ་བཻ་ག །ཨཱ་ན་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་ཀུ་བེ་ར་ཡཀྵཱ་དྷི་བ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་དྷི་དྷུ་བྷི་ན་བཛྲ་ཤཱུ་ལ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཕྲི་ཉི་བྷྱཿསྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་ན་མཿས་མནྟ་བུདྡྷ་ན་མཿ། ཧེ་ཤོརྱ་པྲ་ཏོ་ཛྱོ་ཏི་ར་མཱ་ཡ་ སྭཱ་ཧཱ། ལྷ་རྣམས་སོ་སོའི་ཕྱག་རྒྱ་ཡིས། །མཆོད་ཡོན་ལ་སོགས་གཏོར་མ་ལ། །སྔགས་ནི་བདུན་ཙམ་ཅིག་དག་གིས། །ངེས་པར་འབུལ་དང་བསྟབས་པར་བྱའོ། །དེ་ནས་མགོན་པོ་མཉེས་པ་ཡི། །ཚིག་འདི་རྣམས་ཀྱང་བརྗོད་པར་བྱའོ། །ཧཱུཾ་ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ། ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ཡང་། །བདག་གི་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་བ་འདེབས། ། གསན་ནས་ཕན་གདགས་ཕྱིར་ནི་འདིར་སྤྱོན་ཅིག །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་ གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་ གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། ། རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྲུང་རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ ཅིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། ། མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་གདོན་བཅས་ལ། །མཆོད་པར་བགྱིད་ཅིང་ཕྱག་ཀྱང་འཚལ། །ཤར་གྱི་ཕྱོགས་ནས་བརྒྱ་བྱིན་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། ། མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་འབྱུང་པོའི་བདག་པོ་ལྷ་དང་ནི། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་རྣམས་གནོད་སྦྱིན་ཚོགས་དང་བཅས། །སོ་སོ་སོ་སོར་ཕུལ་བ་ འདི་དག་ཀུན། །སོ་སོ་སོ་སོའི་ཕྱོགས་སུ་བཞེས་ནས་ཀྱང་། །སྡེ་དང་དཔུང་བཅས་བུ་སྨད་འཁོར་བཅས་དང་། །གཏོར་མ་བདུག་པ་མེ་ཏོག་བདུག་སྤོས་རྣམས། །རབ་ཏུ་དགྱེས་ནས་བཞེས་ཏེ་བསྣམས་ནས་གསོལ། །དེ་ནས་འབྱུང་པོ་བགེགས་ལ་ཡང་། །གཏོར་མ་དག་ནི་སྦྱིན་པར་བྱ། །ཧཱུཾ་ འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་ཡུལ་གནས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་གནས་དང་། །རི་རྣམས་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་གང་དག་གནས་པ་དང་། །རྫིང་དང་མཚོ་ དང་ལུ་མ་ལྟེང་ཀ་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་ནགས་ཚལ་དང་། ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་དང་། །མུ་སྟེགས་སྤྱི་གནས་དྲང་སྲོང་སྡེ་གནས་དང་། །གཙུག་ལག་ཁང་ཆུ་གླང་ཆེན་ཁང་པ་ དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །སྲང་དང་ཁྱམས་དང་གྲོང་གི་འདུན་ས་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དང་། །དུར་ཁྲོད་དག་དང་ནགས་ཚལ་ཆེན་པོ་དང་། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང་། །དགོན་པ་ནགས་ཆེན་རབ་ཏུ་འཇིགས་པ་དང་། །གླིང་ མ་བཟང་པོ་དག་ན་གང་གནས་དང་། །རབ་ཏུ་དགྱེས་ཤིང་གོ་གོ་གནས་རྣམས་སུ། །མེ་ཏོག་ཕྲེང་བ་བྱུག་སྤོས་བདུག་པ་དང་། བསྟོད་དང་མར་མེ་གཏོར་མ་གུས་འབུལ་བས། །འདི་དག་བཞེས་ནས་སོ་སོར་གནས་ནས་གསོལ། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །དེ་ནས་ རིགས་དྲུག་སོ་སོའི་གཏོར་མ་གཏང་། །དབང་རྫོགས་བཀྲ་ཤིས་སྨོན་ལམ་གདབ། །དཀྱིལ་འཁོར་བསྡུ་བ་མཁས་པས་བརྩམ། །ཁྲུས་ཀྱི་ཆོ་ག་ཇི་ལྟ་བར། །ཁྲུས་བྱས་རོལ་མོའི་ལས་བྱའོ། །རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་ སོ།། ༄༅།།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། ། བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་བདག་གིས་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བུམ་པ་སློབ་མ་ ལྷག་གནས་བྱ། །མཎྜལ་དག་ལ་རྣམ་ལྔས་བྱུགས། །དེ་ནས་མེ་ཏོག་རྣམ་ལྔ་དགོད། །མཆོད་དང་འབྱུང་པོ་གཏོར་མ་བཤམས། །རིན་ཆེན་བུམ་པར་རྩ་ལྔ་བླུགས། །གང་ཡིན་མཚན་བྲིས་རས་མགུལ་བཅིང་། །དྲི་ཞིམ་འབྲས་བཅས་ཤིང་གིས་བརྒྱན། །བཾ་ལས་རིན་ཆེན་བུམ་པ་བསམ། ། དེ་མགྲིན་ཉི་ཟླ་རང་སྔགས་བསམ། །དེ་ལས་འོད་འཕྲོས་བདུད་རྩི་གཞུག །དེ་ནས་ཅི་རིགས་པར་ནི་བཟླས། །སློབ་མ་ཁྲུས་བྱས་བཤགས་སོགས་བྱ། །དེ་ནི་ལྷག་པར་གནས་པའོ། །ཞག་གི་དོན་ནི་འདི་ལྟ་སྟེ། །མཎྜལ་བྱུགས་ལ་མཆོད་པ་དང་། །གཏོར་མ་བཤམས་ལ་སྔ་མ་བཞིན། །དེ་ནས་ མཎྜལ་དག་ལ་ནི། །ལྷ་གང་ཡིན་པའི་མཚན་མ་དགོད། །བདག་ཉིད་བསྐྱེད་ནས་དཀྱིལ་འཁོར་མཚན། །གང་ཡིན་ལྷ་རུ་བསྐྱེད་པར་བྱ། །དེ་ལ་མཆོད་དང་བསྟོད་པ་བྱ། །དེ་ནས་སྔགས་ཀྱང་ཅི་རིགས་བཟླས། །དེ་ནས་བུམ་པ་གོང་བཞིན་ནོ། །དེ་ནས་སློབ་མ་ཁྲུས་ བྱས་ལ། །རིགས་མཐུན་དར་གྱིས་གདོང་ཡང་དགབ། །སློབ་དཔོན་ལ་ནི་ཕྱག་ཀྱང་བྱ། །ཡོལ་བའི་ནང་དུ་རྡོ་རྗེས་དྲངས། །དེ་ལ་མེ་ཏོག་གཏོར་དུ་གཞུག །གདོང་གཡོགས་བཀྲོལ་ལ་ཆུ་དབང་བསྐུར། །དེ་ནས་སྔགས་དང་བསྒོམ་པའི་ལུང་། །བྱིན་ལ་མཆོད་དང་གཏོར་མ་བཏང་། །ལྷ་ གཤེགས་མཚན་མ་བསྡུ་བར་བྱ། །དེ་ནི་སྐུ་ཡི་དབང་བསྐུར་རོ། །པདྨ་བཛྲ་བདག་གིས་མཛད་པ་རྫོགས་སོ།། ༄༅། །རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དམ་ཚིག་སྤྱོད་པའི་ངེས་པས་ནི། །མི་སྨྲ་བ་དང་མི་བྱ་ཉིད། །སྦ་བ་དང་ནི་དེ་བཞིན་མཆོད། །ཚིམ་བྱ་ ཡིད་ལ་རྣམ་པར་བསྒོམ། །མཁས་པས་གསད་བྱ་རྨོངས་བྱ་ཉིད། །བརྒྱད་པོ་འདི་དག་བསྲུང་བྱས་ན། །དམ་ཚིག་ཏུ་ནི་ཡོངས་སུ་གྲགས། །ཅི་ཞིག་མི་སྨྲ་ཞེ་ན་ནི། །སྔགས་དང་རྒྱུད་ཀྱི་རང་བཞིན་ཅན། །དམ་ཚིག་སྤྱོད་དང་འདྲེ་བ་དང་། །བརྫུན་དུ་སྨྲ་བ་རྩུབ་པའི་ཚིག །འཁྱལ་ཚིག་ གང་ཡང་སྨྲ་མི་བྱ། །ཅི་ཞིག་མི་བྱ་ཞེ་ན་ནི། །ཕྲ་མ་སྲོག་ཆགས་འཚེ་བ་དང་། །གཏམ་གཞན་རྣམས་ནི་བརྙས་པ་དང་། །སྒྱུ་དང་ཕྲག་དོག་ང་རྒྱལ་དང་། །རྐུ་དང་གཡོ་ནི་བྱ་བ་མིན། །ཅི་ཞིག་སྦ་བར་བྱ་ཞེ་ན། །རང་སྔགས་སྔགས་ཀྱི་ནོར་བུ་དང་། །ཆང་དང་རྫས་ཀྱི་འདུ་བ་དང་། །བདེན་དངོས་ སྤྱོད་དང་གྲོལ་བ་དང་། །དངོས་གྲུབ་མཚན་མ་སྦ་བར་བྱ། །ཅི་ཞིག་མཆོད་པར་བྱ་ཞེ་ན། །བྱིས་པ་ནད་པ་བུད་མེད་རྒན། །དམན་དང་མགོན་མེད་སྨད་པ་དང་། །བསྙེན་གནས་དཀའ་ཐུབ་ཀྱིས་ཉོན་མོངས། །འཕགས་པའི་དགེ་འདུན་དག་ཀྱང་མཆོད། །ཅི་ཞིག་ཚིམ་པར་བྱ་ཞེ་ན། །སློབ་ དཔོན་མེད་དང་ཕ་མ་དང་། །ལྷ་དང་ཞིང་གི་བདག་པོ་དང་། །དུར་ཁྲོད་པ་ཡི་འབྱུང་པོ་དང་། །མཁའ་འགྲོ་མ་རྣམས་ཚིམ་པར་བྱ། །ཅི་ཞིག་བསྒོམ་པར་བྱ་ཞེ་ན། །དཀོན་མཆོག་གསུམ་དང་དེ་བཞིན་བདག །ཕྱག་རྒྱ་ཡེ་ཤེས་རང་གི་ངོས། །ཆ་བཅས་པ་དང་ཆ་མེད་པ། །བླ་མ་སྔགས་ ཀྱང་བསྒོམ་པར་བྱ། །ཅི་ཞིག་གཞོམ་པར་བྱ་ཞེ་ན། །ཆགས་དང་གཏི་མུག་དེ་བཞིན་སྨན། །ལེ་ལོ་དེ་བཞིན་མི་དགའ་དང་། །དད་པ་མེད་དང་དེ་བཞིན་བརྐམ། །དབང་པོའི་གདོན་ཡང་གཞོམ་པར་བྱ། །ཅི་ཞིག་རྨོངས་པར་བྱ་ཞེ་ན། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །སྡང་དང་ ཕྲ་མ་ཅན་དང་གདུག །རྒྱལ་པོ་འཁོར་དང་སྡིག་ཅན་དང་། །མི་སྲུན་དག་ཀྱང་རྨོངས་པར་བྱ། །དམ་ཚིག་འདི་དག་བསྲུང་བར་བྱ། །བསྲུངས་ནས་དངོས་གྲུབ་སྟེར་བར་བྱེད། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །བྱང་ཆུབ་ སེམས་ཀྱང་གཏོང་མི་བྱ། །གནོད་པར་བྱེད་ལ་བྱང་སེམས་བསྐྱེད། །རྡོ་རྗེའི་སྤུན་ལ་བསྙེན་བཀུར་བྱ། །དད་པ་མེད་པ་རབ་ཏུ་སྨོད། །སློབ་དཔོན་ལ་ནི་བརྙས་མི་བྱ། །ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། །བླ་མ་ལ་ནི་ཡོན་ཡང་དབུལ། །དངོས་པོའི་ཁྱད་པར་གང་དང་གང་། །མཉེས་ཕྱིར་ དེ་ལ་དབུལ་བར་བྱ། །དེ་བཞིན་བཟའ་བའི་བྱེ་བྲག་རྣམས། །ཕོངས་པ་མེད་པར་དབུལ་བར་བྱ། །གལ་ཏེ་དེ་ལ་བརྙས་གྱུར་ན། །སངས་རྒྱས་ཐམས་ཅད་བརྙས་དང་མཚུངས། །དུས་མིན་འཆི་བར་འགྱུར་བ་ནི། །གླེན་པ་དགྲ་དང་རྐུན་པོ་དང་། །དེ་བཞིན་གདོན་དང་རིམས་ཀྱིས་ཐེབས། ། རྒྱལ་པོའི་ཆད་དང་ཕྲ་མེན་དང་། །མེ་དང་ཆུ་དང་སྟག་དང་དུག །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །སེམས་ནི་ཁྲོ་བར་མི་བྱ་ཞིང་། །ནམ་ཡང་ཤེས་རབ་ཉམས་མི་བྱ། །རྟག་ཏུ་ཁྱོད་ནི་དེ་ལྟར་སྲུངས། །ཞེས་བརྗོད་པར་བྱའོ། །སློབ་དཔོན་པདྨས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་བཞེངས་ཏེ། ཐོག་མར་སའི་ཆོ་ག་ཇི་ལྟ་བ་བཞིན་རྫོགས་པར་བྱས་ལ། དེ་ནས་སྟ་གོན་གྱི་ཆོ་ག་ཇི་ལྟར་རིགས་པར་བྱས་ལ། དེ་ནས་ཐིག་དང་ཚོན་གྱི་ཆོ་ག་མ་ནོར་བར་རྫོགས་པར་བྱས་ལ། བུམ་པ་དགུ་ལ་ལྷ་སོ་སོའི་མཚན་མ་གདབ། དཀྱིལ་འཁོར་རྩིབས་བརྒྱད་པ་སེར་པོ་བྲི། ལྟེ་བ་ལྗང་གུ་རྩིབས་མཆན་དམར་པོ་མུ་ཁྱུད་དཀར་པོ་ལ་རྡོ་རྗེ་ར་བ་ནག་པོར་ བྱའོ། །གྲུ་ཆད་ལྗང་གུར་བྱ། སྒོ་རིགས་དང་འདྲ་བ་ལ་མེ་རི་དང་། རྡོ་རྗེའི་ར་བ་མཛེས་པས་བསྐོར་བ་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་ལྟེ་བར་རྡོ་རྗེ་རྣམ་པར་འཇོམས་པའི་མཚན་མ་བྲི། རྩིབས་ལ་ཁྲོ་བོ་བརྒྱད་ཀྱི་མཚན་མའོ། །གོ་རིམས་མ་ནོར་བར་བྲི་བར་བྱའོ། ། དེ་ནས་བུམ་པ་རྣམས་ལྷ་སོ་སོའི་གནས་སུ་བཞག་སྟེ་མཆོད་པ་དབུལ་བར་བྱའོ། །སོ་སོའི་བུམ་པ་ལ་ཁྲོ་བོ་སོ་སོའི་ཕྱག་རྒྱ་བཅིང་། སྤྱན་དྲངས་ལ་སྔགས་ཀྱིས་གཉིས་སུ་མེད་པར་བསྟིམས་ལ། དེ་ནས་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བསྲེ་བར་བྱས་ལ། དེ་དག་གི་སྐུ་ མདོག་དང་། ཕྱག་མཚན་དཀྱིལ་འཁོར་གྱི་བི་དྷི་ནས་འབྱུང་བ་བཞིན་གསལ་བར་བྱའོ། །ལྷ་སོ་སོའི་ཐུགས་གནས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན་ཉི་མའི་དཀྱིལ་འཁོར་དེ་གཉིས་ཀྱི་བར་ན་སྔགས་སོ་སོའི་རང་སྒྲ་དང་བཅས་པས་དམིགས་ལ། དབུས་ཀྱི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་ པ་ཤར་དུ་མཐའ་ཡས། ཤར་ལྷོར་བདུད་རྩི་འཁྱིལ་པ། ལྷོར་གནོད་མཛེས། ལྷོ་ནུབ་ཏུ་ཁྲོ་བོ་མངོན་མཐོ། ནུབ་ཏུ་རྟ་མགྲིན། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། བྱང་དུ་གཏུམ་པོ། བྱང་ཤར་དུ་གཤིན་རྗེ། སྒོ་རྣམས་སུ་སྒོ་མ་གཞན་དང་འདྲའོ། །དེ་ལྟར་སོ་སོར་བུམ་པའི་ནང་དུ་གསལ་ བར་བསྐྱེད་ལ། སྒྲུབ་པ་པོ་བདག་ཉིད་ཀྱིས་ཁྲུས་བྱས་གོས་གསར་པ་གྱོན་ལ་ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ་བཟླས་པ་ལ་འཇུག་པར་བྱའོ། །ལྷ་སོ་སོའི་ཐུགས་ཀའི་ཉི་ཟླའི་བར་གྱི་སྔགས་ཀྱི་རང་སྒྲ་དང་། བདག་ཉིད་ཀྱིས་བརྗོད་པའི་སྒྲ་དང་འཁོར་བར་དམིགས་ཏེ་བཟླས་ སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། ཨོཾ་དྷུ་ན་དྷུ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་བཛྲ་ཧཱུཾ་ཕཊ། ཨོཾ་དྷ་ར་དྷ་ར་བཛྲ་ཧཱུཾ་ཕཊ། ཨོཾ་དྷཱ་ར་ཡ་དྷཱ་ར་ཡ་བཛྲ་ཧཱུཾ་ཕཊ། ཨོཾ་དཱ་རུ་ཎ་དཱ་རུ་ཎ་བཛྲ་ཧཱུཾ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་བཛྲ་ ཧཱུཾ་ཕཊ། ཅེས་བུམ་པ་རེ་རེ་ལ་སྟོང་ཕྲག་རེ་བཟླས་ཏེ། བརྒྱ་བརྒྱའི་བར་དུ་པཱུ་ཛ་ལྔ་ལྔ་དབུལ་ལོ། །ཏིང་ངེ་འཛིན་གྱིས་ལྷ་འོད་དུ་ཞུ་ཆུ་དང་གཉིས་སུ་མེད་པར་བསྲེ་བར་བྱའོ། །དེ་ཉིད་ལས་འོད་འཕྲོས་པས་རང་གཞན་གྱི་དོན་རྫོགས་པར་བྱའོ། །དེ་ནས་དབང་བསྐུར་བའི་ཆོ་ག་ནས་འབྱུང་བ་བཞིན་ དུ་བསྐུར་རོ། །བཀྲ་ཤིས་གསོལ། བགེགས་རྣམས་ལས་རྒྱལ་བར་བྱ་བའི་ཕྱིར་དང་། ཆུས་བྲབ་པ་དང་། རྨ་བྱའི་སྒྲོས་བྱབ་པ་དང་། མེ་ལོང་གིས་ཕྱི་བ་དང་། དཱུར་བས་བརྡེག་པར་བྱའོ། །སརྦ་གྲ་ཧེ་སྭཱ་ཧཱ། སརྦ་དུར་སྭཔྣ་སྭཱ་ཧཱ། སརྦ་བི་ཀ་ལཱ་སྭཱ་ཧཱ། སརྦ་ཛྭཱ་རེ་སྭཱ་ཧཱ། དེ་ལྟར་འདི་ དཀྱིལ་འཁོར་དུ་དབང་བསྐུར་ནས་ནད་དང་གདོན་ལ་སོགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སློབ་དཔོན་དཔལ་མར་མེ་མཛད་ཀྱིས་རྒྱུད་ལ་བརྟེན་ནས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་ པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ཏེ། ས་ཆོག་དང་སྟ་གོན་ལ་སོགས་པ་རྫོགས་པར་བྱ་སྟེ། སྟེགས་བུ་གྲུ་བཞི་ ཚད་དང་ལྡན་པ་ལ་ཐིག་བཏབ་ལ། ཚོན་དགྱེ་སྟེ། པདྨ་འདབ་མ་བརྒྱད་པ་དམར་པོ་ལ་ལྟེ་བ་སྔོན་པོ་པདྨ་བཅས་པ་མུ་ཁྱུད་སེར་པོ་ལ། ཨ་དཀར་པོས་བསྐོར་བ་ཁྱམས་དང་སྒོ་རིགས་དང་འདྲ་བ་བྲི་བའོ། །བུམ་པ་དགུ་རྒྱན་རྣམས་ཀྱིས་ལེགས་པར་བརྒྱན་པ་ལ་གཙོ་བོ་ནས་བརྩམས་ཏེ། ལྷ་སོ་སོའི་ཕྱག་མཚན་གུར་གུམ་དང་མཚལ་བསྲེས་ལ་གདབ་པོ། །སྒོ་བཞི་ལ་སེང་ལྡེང་གི་ཕུར་པ་བཞི་བཙུགས་ལ་དར་ལེ་བརྒན་གྱི་ཅོད་པན་གདགས་སོ། །དེ་ནས་ལྷ་མོ་དང་གཙོ་བོ་དང་དེ་དག་སོ་སོའི་སྔགས་དང་ཕྱག་རྒྱ་དཀྱིལ་འཁོར་གྱི་ཆོ་ག་ནས་འབྱུང་བ་བཞིན། སྤྱན་དྲངས་ལ་སོ་ སོའི་བུམ་པའི་ནང་དུ་བཞུགས་སུ་གསོལ་ཏེ། ལྟེ་བའི་བུམ་པ་ལས་རྡོ་རྗེ་རྣམ་འཇོམས་སྐུ་མདོག་སྔོན་པོ་ཕྱག་གཉིས་ཀྱིས་ཐུགས་ཀར་བུམ་པ་འཛིན་པ། བུམ་པའི་ཁ་སྣ་ཚོགས་རྡོ་རྗེས་བཅད་པ། སྐུ་ལ་རཏྣའི་རྒྱན་སྣ་ཚོགས་པས་བརྒྱན་པ། དབུ་ལ་དོན་ཡོད་གྲུབ་པས་བརྒྱན་པར་བསྒོམ། ཤར་དུ་པདྨ་ལ་མུ་ཏིག་དཀར་པོས་ཕྱག་གཉིས་ཐུགས་ཀར་དཔལ་བེའུ་འཛིན་པའོ། །ཤར་ལྷོར་འཇོམས་བྱེད་དཀར་མོ་འཁོར་ལོ་བསྣམས་པའོ། །ལྷོར་རྒྱས་པ་སྔོན་མོ་ཕྱག་གཉིས་པདྨ་བསྣམས་པའོ། །ལྷོ་ནུབ་ཏུ་རྣམ་རྒྱལ་སྔོན་མོ་ཕྱག་གཉིས་སྟག་གི་རྒྱལ་མཚན་བསྣམས་པའོ། ། ནུབ་ཏུ་ལྷ་མོ་དཀར་ཤམ་དམར་མོ་ཕྱག་གཉིས་གདུགས་འཛིན་པའོ། །ནུབ་བྱང་དུ་མདངས་ཅན་མ་དམར་མོ་ཕྱག་གཉིས་གསེར་གྱི་བུམ་པ་འཛིན་པའོ། །བྱང་དུ་ཡིད་གཞུངས་མ་ལྗང་སེར་ཕྱག་ན་དུང་བསྣམས་པའོ། །བྱང་ཤར་དུ་ཡིད་བཟངས་མ་ལྗང་སེར་ ཕྱག་གཉིས་ན་གཡུང་དྲུང་འཁྱིལ་པ་བསྣམས་པའོ། །ལྷ་མོ་དེ་དག་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའོ། །དབུ་ལ་དོན་ཡོད་གྲུབ་པའམ་རྣམ་འཇོམས་ཀྱིས་བརྒྱན་པའོ། །ལས་དང་རྡོ་རྗེ་ངེས་པར་རྫོགས་པ་རྣམས་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དེ་དག་གི་ཐུགས་ཀར་ ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ་ལིའི་ཕྲེང་བ་ལས་སོ་སོའི་སྔགས་ཀྱི་རང་སྒྲ་གྲག་པར་དམིགས་ཏེ། དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་སོ་སོའི་སྔགས་དང་ཕྱག་རྒྱས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། མཆོད་པ་དང་བསྟོད་པ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་ལ་ སོགས་པ་བྱས་ལ། དེ་ནས་བདག་ཉིད་ཁྲུས་བྱས་ལ་གོས་སར་པ་གྱོན་ཏེ་བཟླས་པ་བརྩམ་པར་བྱའོ། །དེ་ཡང་བུམ་པར་ལྷ་སོ་སོའི་ཐུགས་ཀའི་སྔགས་ཀྱི་རང་སྒྲ་དང་། ཕྱི་རོལ་དུ་འབྱུང་བ་སྣ་ཚོགས་པའི་རང་སྒྲ་དང་། བདག་ཉིད་ཀྱིས་བརྗོད་པའི་རང་སྒྲ་དང་གསུམ་ལ་དམིགས་ལ། ཨོཾ་མ་ ཏི་སྠི་ར་བཛྲ་ཧཱུཾ་ཕཊ། ཨོཾ་ཤྲུ་ཏིསྠི་ར་བཛྲ་ཧཱུཾ་ཕཊ། ཨོཾ་པྲ་ཏི་སྠི་ར་བཛྲ་ཧཱུཾ་ཕཊ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཧཱུྃ་ཕཊ། ཨོཾ་ཨ་མོ་གྷ་བཛྲ་ཧཱུཾ་ཕཊ། ཨོཾ་ཨེ་ཧྱེ་ཧི་བཛྲ་ཧཱུཾ་ཕཊ། ཨོཾ་ཤཱི་བྷྲཾ་བཛྲ་ཧཱུཾ་ཕཊ། ཨོཾ་དྷ་ས་བྱ་བཛྲ་ཧཱུཾ་ཕཊ། ཅེས་བུམ་པ་རེ་ལ་བརྒྱ་རྩ་བརྒྱད་ཕུལ་ཏེ། མཆོད་པ་ལྔའི་རྫས་རྡོ་རྗེའི་ཆུས་བསང་གཏོར་བྱས་ ཏེ་དབུལ་བ་དང་། གཙོ་བོ་དང་ལྷ་མོ་བརྒྱད་ཀྱིས་དྲངས་ཏེ། སོ་སོའི་སྤྱན་དྲང་བ་དང་། བཞུགས་སུ་གསོལ་བ་དང་། ཕྱག་བཙལ་བ་དང་། བསྟོད་པ་བྱའོ། །དེ་ལྟར་རྫོགས་ནས་ཕྱོགས་སྐྱོང་རྣམས་དང་བགེགས་རྣམས་ཀྱི་གཏོར་མ་བཏང་ལ་བསྟོད་པ་བྱ་སྟེ། རྣམ་དག་རྗེས་སུ་དྲན་པར་བྱའོ། ། དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། རྡོ་རྗེ་དྲིལ་བུ་དང་ཆུ་དང་། ཅོད་པན་ལ་སོགས་པའི་དབང་བསྐུར་ལ། བ་ལིཾ་སྒྲ་སྣ་ཚོགས་པས་བཏང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་བཀྲ་ཤིས་གསོལ། བླ་མ་ལ་ཡོན་འབུལ་ལོ། །ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔལ་མར་མེ་ མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་སའི་ཆོ་ག་ལ་སོགས་པ་ སྔོན་དུ་སོང་བས། ས་སྟེགས་གྲུ་གསུམ་མེ་ལོང་གི་ངོས་ལྟར་བྱས་ལ། ཐིག་གདབ་སྟེ་དབུས་ལྟེ་བ་མུ་ཁྱུད་ཀྱིས་བསྐོར་ལ་ལྟེ་བ་ལྗང་གུ་མུ་ཁྱུད་དམར་པོ་སྣ་ཚོགས་པདྨས་བསྐོར། གྲུ་ཆད་ལྗང་གུ་བར་ཁྱམས་གཉིས་པ་དཀར་སེར་སྒོ་དང་སྒོ་ཁྱུད་དུ་བཅས་པ་བྲིས་ལ། མཚན་ཉིད་དང་ལྡན་ པའི་བུམ་པ་ལ་གི་ཝང་གིས་མཚན་མ་རྡོ་རྗེ་རྒྱ་གྲམ་ཕྱོགས་གཅིག་མེད་པ་བཏབ་ལ་ལས་ཐམས་ཅད་པའི་བུམ་པ་ལ་སྐུ་དཀར་གྱིས་སྣ་ཚོགས་རྡོ་རྗེ་བྲིས་ལ་བྱང་དུ་བཞག །པཱུ་ཛ་ཇི་ལྟར་འབྱོར་པ་དང་བ་ལིཾ་བཤམ། ལག་པ་གཉིས་རྡོ་རྗེ་བཅིངས་ལ་མཐེ་བོང་བསྒྲེངས་ལ་སྲིན་ལག་སྦྱར་ཏེ་མཛུབ་མོ་ ཕྱིས་ནས། ནས་གང་གིས་མ་རེག་པ་བྱས་ལ་མཐེའུ་ཆུང་བླང་ལ། ཨོཾ་བཛྲ་ཛྭ་ལཱ་ན་ལཱ་ཡ་ཧཱུྃ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་བཟླས་པའི་བུམ་པའི་ནང་དུ་པཾ་དང་མཾ་ལས་པདྨ་ཉི་མ་བརྩེགས་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སེར་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་རྡོ་རྗེ་རྒྱ་གྲམ་ ཕྱོགས་གཅིག་མེད་པས་ཁ་བཅད་པ། ཐུགས་ཀར་འཛིན་པ། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། ཞལ་ཡིད་ཙམ་ཁྲོ་བ་ཡན་ལག་སྦྲུལ་རིགས་བཞིས་བརྒྱན་པ་བསྐྱེད་དོ། །དེའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དོན་གཉིས་ བྱས་ནས། ཨོཾ་བཛྲ་ཛྙཱ་ན་ཧཱུཾ་སྭཱ་ཧཱ། ཧཱུཾ་ཞེས་བརྗོད་པས་ཡེ་ཤེས་སེམས་དཔའ་འདྲ་བ་ཟླ་བའི་གདན་ལ་བསྐྱེད་ལ་དེ་ཉིད་ལ་མཆོད་པ་དང་གཏོར་མ་བྱའོ། །དེའི་ཐུགས་ཀའི་ཧཱུཾ་ལ་དམིགས་ཏེ། བདག་ཉིད་ཁྲུས་བྱ་བ་དང་། གོས་བརྗེ་བ་ལ་སོགས་པ་བྱ་སྟེ། སྙིང་པོ་བརྒྱ་རྩ་བརྒྱད། བསྡུས་པ་ལ་སྟོང་ཕྲག་ གཅིག །ཤིན་ཏུ་བསྡུས་པ་ལ་སྟོང་ཕྲག་བཟླས་ཏེ། སློབ་མ་ལ་སྲུང་སྐུད་གདགས་པ་དང་། དམ་ཚིག་དང་སྡོམ་པ་འབོགས་པ་ལ་སོགས་པ་བྱ་སྟེ། དཀྱིལ་འཁོར་དུ་གཞུག །གཟུངས་ཉི་ཤུ་རྩ་གཅིག་བཀླག་ཏུ་གཞུག །དེ་ནས་ལྷ་ངོ་བསྟན། དབུགས་དབྱུང་། གཟེངས་བསྟོད། དབང་བསྐུར། ལག་ ཏུ་རྡོ་རྗེ་དང་དྲིལ་བུའི་སྒྲས་དཀྱིལ་འཁོར་བསྐོར། དབང་རྫོགས་པར་བྱིན་ལ་གོས་བརྗེ་། ཟས་ཀྱི་རྣལ་འབྱོར་བྱའོ། །དེ་ཡང་མཆོད་པ་དབུལ་བ་དང་། གཏོར་མ་བཏང་། དཀྱིལ་འཁོར་བསྡུ། བཀྲ་ཤིས་གསོལ། སློབ་མ་ལ་ཆོས་བཤད། སློབ་མས་བླ་མ་ལ་ཡོན་དབུལ། བདེན་པའི་ཚིག་བརྗོད་དོ། །དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩི་བུམ་པའི་ཆོ་ག་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཡབ་ཡུམ་གཉིས་སུ་མེད་ པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཡབ་ཡུམ་གྱི་དཀྱིལ་འཁོར་བཞེངས་ཏེ། ས་སྟེགས་གྲུ་བཞི་པ་མེ་ལོང་གི་ངོས་ལྟར་བྱས་ལ་ཐིག་བཏབ་ལ་ ཚོན་དགྱེ་སྟེ། དབུས་སུ་འཁོར་ལོ་རྩིབས་བཞི་པ་དཀར་པོ། མུ་ཁྱུད་སེར་པོ་མདུང་རྩེ་གསུམ་པས་བསྐོར་བ། དེའི་ཕྱི་རིམ་པདྨ་བཅུ་དྲུག་པ་དམར་པོ། མུ་ཁྱུད་སེར་པོ་ཕུར་བུས་བསྐོར་བ། གྲུ་ཆད་ལྗང་གུ་མུ་ཁྱུད་དང་བཅས་པ་མཐའ་མ་མེ་རིས་བསྐོར་བ། གྲྭ་རྣམས་སུ་བུམ་པ་བཟང་པོ་བྲི་བར་བྱའོ། ། དེ་ལྟར་བྲིས་ལ་དཀྱིལ་འཁོར་གྱི་མཐའ་མ་རྣམས་སུ་ཤུ་གུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་གཟུགས་སོ། །དེ་དག་ཀྱང་རས་ཀྱི་སྐུད་པ་སྒྲིལ་མས་སྦྲེལ་ལོ། །མཚན་ཉིད་དང་ལྡན་པའི་བུམ་པ་གཉིས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འཁོར་ལོ་དང་པདྨའི་སྟེང་དུ་གཞག་གོ། །བུམ་པ་གཉིས་ལ་ཡང་ དར་ཚོན་སྣ་ལྔས་སྦྲེལ་ལོ། །དཀྱིལ་འཁོར་གྱི་ཁོ་ར་ཁོར་ཡུག་ཏུ་རྩྭ་ཀུ་ཤ་གསར་པ་བཏིང་བའི་སྟེང་དུ་སྤོས་ཆུ་དང་འོ་མའི་ཆུས་བསང་བར་བྱའོ། །དེ་ནས་ཁྲུས་ཀྱི་ཆོ་ག་ནས་བྱུང་བ་བཞིན་དུ་ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ་བདག་ཉིད་ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་ བསླང་ལ་མཐེའུ་ཆུང་ནང་དུ་བསྐུམ་ལ། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བརྗོད་པས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སེར་པོ་རྒྱན་སྣ་ཚོགས་པས་བརྒྱན་པ། དར་གྱི་ཅོད་པན་དང་མུ་ཏིག་གི་དྲ་བས་བརྒྱན་པ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། ཐུགས་ཀ་ནས་ཁྲོ་ཆུང་མེ་ལྟར་འབར་བ། དཔག་ཏུ་མེད་པ་འཕྲོ་བ་ཡབ་ཞལ་བགྲད་ལྗགས་འགྱུ་བ་ཕྱག་གཡས་བུམ་པའི་སྟེང་ན་ཁྲོ་བོའི་ཞལ་གཉིས་ཕྱུང་བ། གཡོན་རྡོ་རྗེ་དང་ལྕགས་ཀྱུ་ལྷན་ཅིག་ཏུ་འཛིན་པ་བསྐྱེད་དོ། །དེ་ནས་ལག་པའི་སོར་མོ་བསྣོལ་སྲིན་ལག་གཉིས་བསྒྲེངས་ལ་མཐེ་ བོང་དང་། མཛུབ་མོ་གཉིས་སྦྱར་ལ། ཨོཾ་བཛྲ་དྷ་ར་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཅེས་བརྗོད་པས་ཡུམ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་རྒྱན་སྣ་ཚོགས་པས་བརྒྱན་པ་གཡས་ལྕགས་སྒྲོག་རྡོ་རྗེ་རྩེ་གསུམ་པས་མཚན་པ་བསྣམས་ཏེ་ཡབ་ལ་འཁྱུད་པ་གཡོན་བདུད་རྩིའི་བུམ་པས་ཆུ་རྒྱུན་འབེབས་པ་ཡབ་ཀྱི་ བུམ་པ་དང་གཉིས་མེད་དུ་བསྐྱེད་དོ། །དེ་ནས་སྒྲུབ་པ་པོ་དམ་ཚིག་དང་ལྡན་པ་བཞིས་ཕྱོགས་བཞི་ནས་མཆོད་པ་དང་བསྟོད་པ་བྱས་ལ་བགེགས་ཞི་བར་བྱ་བའི་དོན་དུ་གཏོར་མ་རེ་རེ་བཏང་། དེ་ནས་ཡབ་ཡུམ་གྱི་ཡེ་ཤེས་སེམས་དཔལ་ལ་དམིགས་ལ་ཤུག་པ་རེ་ལ་རྒྱུད་རེ་བཏོན་ལ། གཡས་ན་ས་གཅིག་ ཅིག་ལ་བསྐོར་བ། དེ་ལྟར་བཞི་རྫོགས་པ་དང་རེ་རེ་ལ་དབང་དུ་གྱུར་པའི་སྦྱིན་སྲེག་བྱའོ། །དེའི་དུ་བ་ལ་སློབ་མ་བདུགས་ཏེ་ཁྲུས་རེ་ཡང་བྱའོ། །དེ་ནས་དབང་ལུགས་བཞིན་དུ་བསྐུར་རོ། །གཏོར་མ་བཏང་། དཀྱིལ་འཁོར་བསྡུ། བཀྲ་ཤིས་གསོལ། ཁྲུས་རེ་ཡང་བྱའོ། །སློབ་མས་བླ་མ་ལ་ ཡོན་དབུལ་ལོ། །ཡབ་ཡུམ་གཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བདེ་སྦྱིན་དམ་པ་ཞེས་བྱ་བ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རིགས་ཀྱི་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བར་ འདོད་པའི་གང་ཟག་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་རིགས་ཀྱི་ཁྲོ་བོ་བཞིའི་ང་རྒྱལ་དང་ལྡན་པས་སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས་དཀྱིལ་འཁོར་གྲུ་གསུམ་པ་རབ་ཏུ་མཉམ་པ་ལ། ཐིག་དང་ཚོན་གྱིས་ལུགས་བཞིན་བྱས་ལ། དབུས་སུ་གྲུ་གསུམ་ནག་པོ་ ལ་ཟླ་གམ་དམར་པོ་མུ་ཁྱུད་ལྗང་གུས་བསྐོར་བ་འཁོར་ལོ་རྩིབས་བཞི་པ་སེར་པོ་རྩིབས་མཆན་དམར་པོ་མུ་ཁྱུད་དཀར་པོ་སྣ་ཚོགས་རྡོ་རྗེའི་ར་བས་བསྐོར་བ། སྒོ་བཞི་རིགས་དང་མཐུན་པ་ཁྱམས་དང་འདོད་ཡོན་གྱིས་མཛེས་པར་བྱས་ལ་མུ་ཁྱུད་དང་མེ་རི་དང་ཐོད་སྐམ་དང་། རྡོ་རྗེའི་ར་བས་མཛེས་པར་བྱས་པ་བྲིས་ལ། ལྷ་སོ་སོའི་མཚན་མ་གདབ་བོ། །དེ་ནས་བུམ་པ་མཚན་ཉིད་དང་ལྡན་པ་ལྔ་ལ་ལས་ཐམས་ཅད་པའི་སྔགས་ཀྱི་ཕྱག་རྒྱས་བསངས་ལ། གཙོ་བོ་དང་ཁྲོ་བོ་བཞིའི་མཚན་མས་བཏབ་ལ། ལྷ་སོ་སོའི་གནས་སུ་བཞག་གོ། །ཤིང་གདུག་པ་ཅན་ལས་བྱས་པའི་ཕུར་བུ་ བཞི་ལ་དར་མཐིང་ནག་གི་ཅོད་པན་གདགས། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་ཤར་སྒོར་བཙུགས་ལ་རྡོ་རྗེ་རིགས་ཀྱི་ལས་ཐམས་ཅད་པའི་ཁྲོ་བོར་བསྐྱེད་དོ། །ཨོཾ་ཙྪིནྡྷ་ཙྪིནྡྷ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་པས་ཕུར་བུ་གཅིག་ལྷོ་སྒོར་བཙུགས་ལ་རིན་པོ་ཆེའི་རིགས་ཀྱི་ ལས་ཐམས་ཅད་པའི་ཁྲོ་བོར་བསྐྱེད་དོ། །ཨོཾ་ཙུ་རུ་ཙུ་རུ་ཙཎྜ་ལི་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་པས་པདྨའི་རིགས་ཀྱི་ལས་ཐམས་ཅད་པའི་ཁྲོ་བོར་བསྐྱེད་ལ་ནུབ་སྒོར་གཟུགས་སོ། །ཨོཾ་བྷནྡྷ་བྷནྡྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྱང་སྒོར་བཙུགས་ལ་ལས་ཀྱི་རིགས་ཐམས་ཅད་པའི་ཁྲོ་བོར་བསྐྱེད་དོ། ། དཀྱིལ་འཁོར་གྱི་གྲྭ་བཞི་ལ་གཏོར་མ་ཤ་སྣ་ཚོགས་པ་དང་ལྡན་པ་བཞི་བཞག །གཞན་ཡང་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་བཤམ། ཕྱོགས་སྐྱོང་བ་དང་བགེགས་ལ་སོགས་པའི་གཏོར་མ་བཏང་ཞིང་བར་ཆད་བསལ་བའི་སྦྱོར་བ་བྱའོ། །དེ་ནས་སྔགས་པ་བདག་ཉིད་ཀྱིས་བདུད་རྩི་འཁྱིལ་ པའི་སྔགས་ཀྱིས་དཀྱིལ་འཁོར་བསངས་ཏེ། ལག་པ་རྡོ་རྗེ་རྩེ་གསུམ་པ་ལྟར་བྱ་སྟེ། གཡོན་འཁོར་ལོའི་སྣོད་ཐུགས་ཀར་འཛིན་པར་བྱས་ལ་ཤར་གྱི་བུམ་པ་ལ་དམིགས་ཏེ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བརྗོད་པས། ཁྲོ་བོ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མཐིང་ནག་ ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་རྩེ་གསུམ་པ་གདེངས་པ་འཕྱར་བ། གཡོན་པས་འཁོར་ལོས་མཚན་པའི་ཐོད་པ་ཐུགས་ཀར་འཛིན་པ། རལ་པ་ཁམ་ནག་གྱེན་དུ་འཁྱིལ་པ། ཐོད་པ་དང་སྦྲུལ་གྱིས་བརྒྱན་པ། རིགས་ལྔས་དབུ་བརྒྱན་པ། སྤྱན་གསུམ་པ་ཞལ་བགྲད་པ་ཞིང་ ཆེན་གྱི་ཡོལ་བས་བསྐོར་བ་ལ་དར་ནག་གི་འཕུར་ལྕེས་བརྒྱན་པ། སྟག་དང་གཟིག་དང་། གཅན་གཟན་སྣ་ཚོགས་པས་སྐུ་སྨད་བརྒྱན་པ་བུམ་པར་བསྐྱེད་དོ། །ལྷོ་ཕྱོགས་ཀྱི་བུམ་པ་ལ་དམིགས་ཏེ། ཨོཾ་ཙྪིནྡྷ་ཙྪིནྡྷ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བརྗོད་པས་ཀཱི་ལ་ཡ་སེར་ནག་ཞལ་ གཅིག་ཕྱག་གཉིས་པ་གཡས་རིན་པོ་ཆེའི་སྙེ་མ་འཛིན་པ། གཡོན་ཕུར་བུ་ཐུགས་ཀར་འདྲིལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྔ་མ་བཞིན་དུ་བསྐྱེད་དོ། །ནུབ་ཀྱི་བུམ་པ་ལ་དམིགས་ལ་གཡས་པ་སྡོང་པོ་ལྟར་བྱས་ལ། གཡོན་ཕུར་པ་ལྟར་བྱས་ལ། ཨོཾ་ཙུ་རུ་ཙུ་རུ་ཙཎྜ་ལི་ཀཱི་ལི་ཀཱི་ལཱ་ ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བརྗོད་པས་དམར་པོ་ཀཱི་ལི་ཀཱི་ལཱ་ཡ་དམར་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་མེ་འབར་བ། གཡོན་ཕུར་བུ་ཐུགས་ཀར་འདྲིལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྔ་མ་བཞིན་དུ་བསྐྱེད་དོ། །བྱང་དུ་གཡས་ན་རིན་པོ་ཆེའི་དབྱུག་ཏོ་འཕྱར་བ་ལྟར་བྱས་ལ། གཡོན་ ཕུར་པ་ལྟར་བྱས་ལ། ཨོཾ་བནྡྷ་བནྡྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བརྗོད་པས་གཏུམ་པོ་ཀཱི་ལ་ཡ་མདོག་ལྗང་ནག་གཡས་རིན་པོ་ཆེའི་དབྱུག་ཏོ་ཐོད་པས་མཚན་པ་འཛིན་པ། གཡོན་ཕུར་བུ་ཐུགས་ཀར་འཛིན་པ་སྔ་མ་དང་འདྲ་བར་བསྐྱེད་དོ། །དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་ལོ་གཡོན་ཕུར་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཨོཾ་ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ་སྭཱ་ཧཱ་བསྐྱེད་དོ། །དེ་ནས་ལྷ་སོ་སོའི་སེམས་དཔའ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་ཁ་གྱེས་པའི་བུམ་པར་ཧཱུཾ། དེ་ལ་སོ་སོའི་སྔགས་ཀྱིས་བསྐོར་བའི་རང་སྒྲ་ལ་དམིགས་ལ། བཟླས་པ་བརྩམ་པར་བྱའོ། །ཨོཾ་ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ་བནྡྷ་བནྡྷ། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བུམ་པ་རེ་རེ་ལ་སྟོང་ཕྲག་གསུམ་བཟླས་ཏེ། བརྒྱ་ བརྒྱའི་བར་དུ་པཱུ་ཛ་དབུལ་ལོ། །དེ་ལྟར་རྫོགས་ནས་སློབ་མ་ལ་ལས་ཀྱི་བུམ་པའི་ཁྲུས་ནས་གཏོར་ལ། གོས་གསར་པ་གོན་ལ་ཕྲེང་བ་དང་མེ་ཏོག་བཟུང་ལ་དཀྱིལ་འཁོར་དུ་གཞུག་པ་དང་། མེ་ཏོག་གང་ལ་ཕོག་པའི་ལྷ་ངོས་བསྟན་པ་དང་། དབང་བསྐུར་བར་བྱའོ། །དེ་ནས་གཏོར་མ་སིལ་ སྙན་སྣ་ཚོགས་པ་དང་བཅས་པས་ནགས་ཚལ་གྱི་གླིང་དུ་བསྐྱལ་ལོ། །དེ་ནས་སློབ་མའི་དོན་དུ་དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་ལན་བདུན་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ། བཀྲ་ཤིས་གསོལ། སྦྱིན་སྲེག་ཐལ་བ་མནན་ལས་བྱས་ལ་སྦྱར། བླ་མ་ལ་ཡོན་དབུལ་ཚོགས་ཇི་ལྟར་རིགས་པ་བསགས། བཟླས་པ་ཇི་ལྟར་བྱ་བའི་ལུང་བསྟན་པ་བཟླས་པ་ལ་དུས་ཐམས་ཅད་དུ་བརྩོན་པར་བྱ། སྲུང་བའི་འཁོར་ལོ་ཡང་མགུལ་དུ་གདགས་སོ། །བདུད་རྩི་ཐབ་སྦྱོར་ཞེས་བྱ་བ་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཟབ་མོ་དཔལ་མར་མེ་མཛད་བཟང་པོས་མཛད་ པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཡིད་དང་མཐུན་པར་སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས་སྒོ་མ་བཞིའི་དཀྱིལ་འཁོར་ བཞེངས་ཏེ། ས་སྟེགས་དཀྱིལ་འཁོར་གྲུ་གསུམ་མཉམ་ཞིང་ཆགས་ཀྱིས་འཐས་པར་བྱས་ཏེ་ཐིག་བཏབ་ལ་ཚོན་བཀྱེ་སྟེ། དབུས་པདྨ་འདབ་མ་བཞི་པ་སྟེ་ལྟེ་བ་ལྗང་གུ་པདྨ་རིགས་ཀྱི་མདོག་ལྟེ་བའི་མུ་ཁྱུད་ནག་པོ་རྡོ་རྗེ་ར་བ་དཀར་པོས་བསྐོར་བ། གོང་རས་དམར་པོ་མུ་ཁྱུད་སེར་པོ་སྣ་ཚོགས་ པདྨས་མཚན་པ། སྒོ་བཞི་རྟ་བབས་སུ་ཡོད་པ་བྲིས་ལ། མཚན་ཉིད་དང་ལྡན་པའི་བུམ་པ་ལྔ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྷ་སོ་སོའི་མཚན་མ་བཏབ་ལ་སོ་སོའི་གནས་སུ་བཞག །སྒོ་བཞིར་ཕུར་བུ་བཞི་ལ་དར་ལེ་བརྒན་གྱི་ཅོན་པན་བཏགས་ལ་གཟུགས། དེ་ཡང་རས་ཀྱི་སྐུད་པ་ལ་ རྨ་བྱའི་མདོངས་ཀྱིས་སྦྲེལ་ལོ། །པཱུ་ཛའི་བྱེ་བྲག་ལྔ་ལྔ་བཤམ། ཕྱོགས་སྐྱོང་བའི་གཏོར་མའི་ཚོགས་ལེགས་པར་བཤམས་ལ། དེ་ནས་དབུས་ཀྱི་བུམ་པ་ལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་གུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་ཉིད་ཀྱི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ལ་བཞུགས་སུ་ གསོལ་བ་དང་། དེ་ནས་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཤ་སྭཱ་ཧཱ། ཨོཾ་བཛྲ་སྤོ་ཊ་སྭཱ་ཧཱ། ཨོཾ་བཛྲ་གྷཎྜེ་སྭཱ་ཧཱ་ཞེས་སོ་སོའི་བུམ་པ་ལ་དམིགས་ཏེ། ལན་ཉི་ཤུ་རྩ་གཅིག་ཏུ་བརྗོད་པས་ཤར་ཕྱོགས་ཀྱི་བུམ་པར་པདྨ་དང་ ཟླ་བའི་སྟེང་དུ། ཛཿལས་ལྷ་མོ་མདོག་དཀར་མོའི་ལག་ན་ལྕགས་ཀྱུ་ཐོགས་པ་ཞལ་བག་ཙམ་ཁྲོ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྲ་སེར་པོ་གྱེན་ལ་བརྫེས་པ། སྤྱན་དམར་པོ་བསྐྱེད་དོ། །ལྷོར་ཧཱུཾ་ལས་ལྷ་མོ་སེར་མོ་རྒྱན་སྣ་ཚོགས་པས་བརྒྱན་པ། ཕྱག་ན་རྡོ་རྗེ་ཞགས་པ་རྩེ་གསུམ་པས་ མཚན་པ་ཐོགས་པ་ཐོད་པས་བརྒྱན་པ་བསྐྱེད་དོ། །ནུབ་ཏུ་བཾཾ་ལས་ལྷ་མོ་དམར་མོ་ཕྱག་ན་ལྕགས་སྒྲོག་ཉི་ཟླས་མཚན་པ་བསྐྱེད་དོ། །བྱང་དུ་ཧོཿལས་ལྷ་མོ་ལྗང་སེར་ལག་ན་དྲིལ་བུ་དཀྲོལ་བ་བསྐྱེད་ལ། དེ་དག་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་ཡེ་ཤེས་སེམས་དཔའ་ སྤྱན་དྲངས་ལ། ཡེ་ཤེས་སེམས་དཔའི་སྙིང་གར་སོ་སོའི་ས་བོན་ལ་སོ་སོའི་སྔགས་ཀྱི་ཕྲེང་བས་བསྐོར་བའི་སྔགས་ཀྱི་རང་སྒྲ་ལ་དམིགས་ཏེ། བདག་ཉིད་ཀྱིས་ཁྲུས་བྱས་ལ་བཟླས་པ་བྱའོ། །ཨོཾ་ཛ་ཡེ་སྭཱ་ཧཱ། ཨོཾ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་ཨ་ཛི་ཏེ་སྭཱ་ཧཱ། ཨོཾ་ཛྭཱ་ལ་སྭཱ་ཧཱ་ཞེས་སོ་སོའི་བུམ་པ་ལ་ དམིགས་ཏེ། ཁྲི་ཕྲག་རེ་བཟླས་ཏེ་སྟོང་གིས་མཆོད་པ་འབུལ། སྤྱན་དྲང་བ་དང་བཞུགས་སུ་གསོལ་བ་དང་། ཕྱག་བཙལ་བ་དང་བསྟོད་པ་རེ་བྱ། དེ་ལྟར་བཟླས་པ་བྱས་ལ་ལྷ་སོ་སོ་འོད་དུ་ཞུ་ཆུ་བདུད་རྩིར་གྱུར་པ་ལས་ལྷ་མོ་གྲངས་མེད་པ་འཕྲོས་པ་ལས། ཕྱི་ནང་གི་དབང་བདག་ལ་བསྐུར་ བར་དམིགས་ལ། དེ་ནས་སློབ་མ་བསྐྱེད་པ་ལ་སོགས་པ་བྱས་ལ་དཀྱིལ་འཁོར་དུ་གཞུག་པ་དབང་བསྐུར་བར་བྱའོ། །དེ་ནས་བ་ལིཾ་གཏང་། བཀྲ་ཤིས་གསོལ། དཀྱིལ་འཁོར་བསྡུ། སློབ་མས་བླ་མ་ལ་ཡོན་དབུལ། སྒོམ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །རིན་པོ་ ཆེ་དྲི་མ་མེད་པ་ཞེས་བྱ་བ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་ སའི་ཆོ་ག་རྣམས་རྫོགས་པར་བྱས་ལ། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་བཞེངས་ལ། ས་སྟེགས་གྲུ་གསུམ་མཉམ་ཞིང་ཆགས་ཀྱིས་འཐས་པར་བྱ་ཞིང་། དེ་ནས་ཐིག་ལེའུ་ཙེ་དགུར་བཏབ་ལ་ལེའུ་ཙེ་ལྔ་པ་གྲུ་བཞི་སྒོ་བཞི་པ། དབུས་ཀྱི་ལེའུ་ཙེ་དཀར་པོ་ཤར་ལྗང་ལྷོ་ནག་པོ། ནུབ་ དམར་པོ་བྱང་སེར་པོ་དེའི་བར་གྱི་རྩིག་པ་སྔོན་པོ་ལ་གསེར་གྱི་དོང་ཙེ་བརྩེགས་པ། གྲྭ་རྣམས་སུ་བུམ་པ་དམར་པོ་དཔག་བསམ་གྱི་ཤིང་དང་། ནོར་བུའི་ནང་ན་ཆུ་འབབ་པ་བྲི། གྲུའི་དུམ་བུ་ལྗང་གུར་བྱ། སྒོ་རིམ་དང་འདྲ་བ་བྲིས་ལ་བུམ་པ་ལྔ་ལ་སོགས་པ་སྐུ་མདོག་མཐུན་པའི་ཚོན་གྱིས་བསྒྱུར་ལ། སོ་སོའི་ཕྱག་མཚན་བཏབ་ལ་སོ་སོའི་གནས་སུ་བཞག་ལ་སྐུད་པ་སྔོན་དམར་གྱིས་སྦྲེལ་ལ། ཕྱོགས་མཚམས་སུ་མེ་ལོང་གི་ཕྲེང་བ་དང་། དར་སྣ་དང་། དྲིལ་བུ་གཡེར་ཁའི་དྲ་བས་བྲེས་སོ། །སྟེང་ནས་རས་དཀར་པོའི་གདུགས་ཀྱིས་བཀབ་ལ། རྒྱན་སྣ་ཚོགས་པས་ བརྒྱན་པར་བྱའོ། །ཤོག་བུ་ལ་རྒྱལ་པོ་ཆེན་པོ་བཞིའི་གཟུགས་བྲིས་ལ་མདའ་ལ་བཏགས་ལ་གནས་སུ་གཟུགས་སོ། །དེ་ནས་བགེགས་བསྐྲད་པ་ལ་སོགས་པ་བྱས་ལ་དབུས་ཀྱི་བུམ་པ་ལ་དཔལ་རྡོ་རྗེ་རྣམ་འཇོམས་སྐུ་མདོག་དཀར་པོར་གྱུར་ཏེ་བུམ་པའི་ཕྱག་རྒྱས་སྤྱན་དྲངས་ཏེ་སྔགས་བརྒྱ་རྩ་ བརྒྱད་བརྗོད་ལ་པཱུ་ཛ་ལ་སོགས་རྫོགས་པར་དབུལ། དེ་ནས་ཤར་ཕྱོགས་ཀྱི་བུམ་པར་རཱ་ཛ་ཡུལ་འཁོར་སྲུང་སྤྱན་དྲངས་ཏེ། ལག་པ་གཡོན་པ་པི་ཝང་ལེན་པ་ལྟར་བྱས་ལ་ཨོཾ་ཌྷྲྀ་སྭཱ་ཧཱ་ཞེས་པ་བརྒྱ་བརྗོད་པས་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེང་གེའི་གདན་གྱི་སྟེང་དུ། ཡུལ་འཁོར་ སྲུང་ལྗང་གུ་རིན་པོ་ཆེའི་རྒྱན་རྣམས་ཀྱིས་བརྒྱན་པ། དར་གྱི་ལྷབ་ལྷུབ་དང་བསེའི་རྨོག་ཞུ་གསོལ་བ། ཕྱག་གཡས་པས་པི་ཝང་འཛིན་པ་གཡོན་གྱིས་ལེན་པ་བསྐྱེད་དོ། །ལྷོའི་བུམ་པར་འཕགས་སྐྱེས་པོ་སྤྱན་དྲངས་ཏེ། བསྐྱེད་པ་ནི་ལག་པ་གཡས་པའི་མཛུབ་མོ་དང་གུང་མོ་སྦྱར་ཏེ་བསྒྲེངས་ ལ། ཨོཾ་བཱི་སྭཱ་ཧཱ་ཞེས་བརྒྱ་བརྗོད་པས། འཕགས་སྐྱེས་པོ་སྐུ་མདོག་ནག་པོ་དར་གྱི་ལྷབ་ལྷུབ་དང་རིན་པོ་ཆེ་དང་བསེའི་རྨོག་ཞུ་གསོལ་བ། ཕྱག་ན་རལ་གྲི་བསྣམས་པ་སྔ་མ་བཞིན་དུ་བསྐྱེད་དོ། །ནུབ་ཀྱི་བུམ་པར་སྤྱན་མི་བཟང་སྤྱན་དྲངས་ཏེ་བསྐྱེད་པ་ནི་གཡོན་པའི་མཛུབ་མོ་ཞགས་པ་ལྟར་བྱ་ སྟེ། ཨོཾ་ཀྵ་སྭཱ་ཧཱ་ཞེས་པ་བརྒྱ་བརྗོད་པས་སྤྱན་མི་བཟང་སྐུ་མདོག་དམར་པོ་དར་ལ་སོགས་པས་བརྒྱན་པ། སྦྲུལ་མགོ་བདུན་གྱིས་བསྐོར་བ་སྤྱན་དམར་ལ་འབུར་བ། ཕྱག་ན་ཆུ་སྲིན་དང་ཞགས་པ་བསྣམས་པ་བསྐྱེད་དོ། །བྱང་གི་བུམ་པ་ལ་རྣམ་ཐོས་སྲས་སྤྱན་དྲངས་ཏེ་བསྐྱེད་པ་ནི། ལག་པ་གཉིས་ཀྱིས་མཐེ་བོང་གཟེ་མོའི་རྣ་བ་ལྟར་བྱས་ལ། ཨོཾ་བཻ་སྭཱ་ཧཱ་ཞེས་བརྗོད་པས་རྣམ་སྲས་མདོག་སེར་པོ་གསེར་བཙོ་མ་འདྲ་བ་དར་ལ་སོགས་པས་བརྒྱན་པ་ཕྱག་ན་ནེའུ་ལེའི་རྐྱལ་པ་གསེར་གྱི་དོང་ཙེས་བཀང་བ་བསྐྱེད་དོ། །དེ་ནས་སྒྲུབ་པ་པོ་བདག་ཉིད་ཀྱིས་ཁྲུས་བྱས་ལ། གོས་གསར་ པ་གྱོན་ཏེ། བཟླས་པ་བྱ་བ་ནི་ལྷ་དེ་དག་གི་སྙིང་གའི་དཀྱིལ་འཁོར་གྱི་སྔགས་ཀྱི་རང་སྒྲ་ལ་སོགས་པ་དམིགས་ཏེ། ཨོཾ་ཙ་ར་ནི་ཙ་ར། ཨོཾ་ཧ་ར་ཧ་ར། ཨོཾ་ས་ར་ས་ར་སྭཱ་ཧཱ། ཨོཾ་མཱ་ར་ཡ་སྭཱ་ཧཱ། ཨོཾ་བི་དཱ་ར་ཡ་སྭཱ་ཧཱ་ཞེས་བུམ་པ་རེ་ལ་ཁྲི་ཕྲག་རེ་སོ་སོའི་ལས་ཀྱི་སྔགས་བཟླས་ཤིང་དེ་ཉིད་ མཆོད་པ་ལ་སོགས་པ་བྱ་སྟེ། དབང་བསྐུར་བ་ལྟར་དབང་བསྐུར་རོ། །གཏོར་མ་གཏོང་བ་ལ་སོགས་པ་སྤྱིར་འདྲའོ། །རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ ལ་ཕྱག་འཚལ་ལོ། །ཕྱོགས་སྐྱོང་བ་བཅུའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་ཕྱོགས་སྐྱོང་བ་རྣམས་ཀྱི་དཀྱིལ་འཁོར་བཞེངས་ཏེ། སའི་ཆོ་ག་ལ་སོགས་པ་དབང་བསྐུར་བ་བཞིན་བྱས་ལ། དཀྱིལ་འཁོར་ གྲུ་གསུམ་ཤིན་ཏུ་མཉམ་ཞིང་ལེགས་པར་བྱས་ལ་ཐིག་བཏབ་སྟེ། དབུས་སུ་གྲུ་བཞི་པ་དམར་པོར་བྱའོ། །དེའི་ཕྱི་རོལ་དུ་སྣམ་བུ་གྲུ་བཞི་པ་རིན་པོ་ཆེའི་ཁང་བུ་བཅུ་དང་བཅས་པ་བྲིའོ། །སྒོ་ནི་རིགས་དང་མཐུན་པར་བྲིས་ལ་བུམ་པ་བཅུ་གཅིག་རྒྱན་རྣམས་ཀྱིས་བརྒྱན་ལ། ལྷ་སོ་ སོའི་གནས་སུ་བཞག་སྟེ། བཅུ་པོའི་མགུལ་བར་དར་སྣ་ཚོགས་པས་སྦྲེལ་རྨ་བྱ་དང་མེ་ལོང་གིས་བྲིའོ། །གཙོ་བོའི་བུམ་པ་ལ་གཟུངས་ཐག་བཞི་བཏགས་ལ། དཀྱིལ་འཁོར་གྱི་སྒོ་བཞི་རྡོ་རྗེ་བཞི་ལ་བརྟོད་ལ་བཞག་གོ། །དཀྱིལ་འཁོར་གྱི་མཐའ་རྣམས་སུ་ཧོམ་བཅུ་བརྩིགས་ལ་ བགེགས་རྣམས་ཀྱི་མིང་བྱང་དང་བཅས་པ་བྱ་སྟེ་ཅི་རིགས་པའི་སྦྱིན་སྲེག་བྱའོ། །མཆོད་པའི་བྱེ་བྲག་ཅི་འབྱོར་པ་དང་། རབ་ཏུ་གཙང་མའི་བ་ལིཾ་ཆེན་པོ་བཅུ་གཅིག་གིས་དཀྱིལ་འཁོར་གྱི་མཐའ་མ་བསྐོར་ལ་བཞག་གོ། །གཏོར་མ་དེ་དག་རེ་རེ་ལ་ལྷ་བཤོས་དང་མར་མེ་དང་སྤོས་དང་ཤོག་ཤོག་གི་ གདུགས་རེ་དང་། དར་དམར་པོའི་བ་དན་དང་། རྨ་བྱའི་རྒྱལ་མཚན་དང་། སེང་གེ་རེ་གཟུགས་སོ། །ཞི་བ་དང་རྒྱས་པ་དང་དབང་དང་དྲག་ཤུལ་གྱི་སྙིང་པོ་ཇི་ལྟར་རིགས་པས་མཐའ་བརྟེན་པར་བྱ་སྟེ། དེ་ནས་བགེགས་བསལ་བ་ལ་སོགས་པའི་ཆོ་ག་རྫོགས་པར་བྱས་ལ་དབུས་སུ་རྡོ་རྗེ་ རྣམ་འཇོམས་སྐུ་མདོག་དམར་པོར་བསྒྱུར་ལ་བྱའོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱིས་སྤྱན་དྲང་ངོ་། །དེ་ནས་ཕྱོགས་སྐྱོང་བའི་སོ་སོའི་ཕྱག་རྒྱས་སོ་སོའི་བུམ་པར་སྤྱན་དྲངས་ཏེ་གོ་རིམས་ཀྱིས་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་ཨི་སྭཱ་ཧཱ། ཨོཾ་ཨ་ སྭཱ་ཧཱ། ཨོཾ་ཡ་སྭཱ་ཧཱ། ཨོཾ་རི་སྭཱ་ཧཱ། ཨོཾ་ཡཾ་སྭཱ་ཧཱ། ཨོཾ་བྷུ་སྭཱ་ཧཱ། ཨོཾ་ཨིཾ་སྭཱ་ཧཱ། ཨོཾ་ཨ་སྭཱ་ཧཱ། དེ་དག་གི་མཐའ་ཡང་ཛ་དང་ཧཱུཾ་དང་ཕཊ་དང་སྟེ། སྡེ་བཞི་ཞི་རྒྱས་ཀྱིས་དབྱེའོ། །དེ་ལྟར་སོ་སོའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་བརྒྱ་བྱིན་སེར་པོ་ལག་ན་རྡོ་རྗེ་ཐོགས་པ་བཙུན་མོ་དང་ལྷན་ཅིག་ ཏུ་གླང་པོ་ཆ་ཞོན་པ་བསྐྱེད་དོ། །མེ་ལྷ་ནི་དྲང་སྲོང་གི་ཆ་ལུགས་དང་དབྱུ་གུ་དང་། རིལ་བ་སྤྱི་བླུགས་དང་། བགྲང་ཕྲེང་དང་བླུགས་གཟར་ཐོགས་པ་མདོག་དམར་པོ་ར་ལ་ཞོན་པ་བསྐྱེད་དོ། །གཤིན་རྗེ་མདོག་ནག་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བེ་ཅོན་ཐོགས་པ་མ་ཧེ་ལ་ཞོན་པ་བསྐྱེད་དོ། ། ལྷོ་ནུབ་ཀྱི་བུམ་པར་བདེན་བྲལ་མདོག་དམར་པོ་མཆེ་བ་གཙིགས་པ། ལག་ན་རལ་གྲི་ཐོགས་པ་མི་ལ་ཞོན་པ་བསྐྱེད་དོ། །ནུབ་ཏུ་ཆུ་ལྷ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཞགས་པ་ཐོགས་པ་བུམ་པ་སྔོན་པོའི་སྟེང་ན་འདུག་པ་བསྐྱེད་དོ། །ནུབ་བྱང་དུ་རླུང་ལྷ་མདོག་དུད་ ཀ་བསིལ་ཡབ་ཐོགས་པ་འཁོར་ལོ་ལ་ཞོན་པ་བསྐྱེད་དོ། །བྱང་དུ་ཀུ་བེ་ར་མདོག་སྣ་ཚོགས་པ་དབྱུག་ཏོ་ཐོགས་པ་རྟ་ལ་ཞོན་པ་བསྐྱེད་དོ། །བྱང་ཤར་དུ་དབང་ལྡན་མདོག་དཀར་པོ་ལ་མགྲིན་པ་སྔོ་བ་གླང་མཆོག་སྔོན་པོ་ལ་ཞོན་པ་ལག་པ་བཞི་ལ་སྦྲུལ་སེ་རལ་ཁར་ཐོགས་པ་གཅིག་གིས་རལ་གྲི་ གཅིག་ན་མདུང་རྩེ་གསུམ་པ། གཡས་ཡུམ་དཀའ་ཐུབ་ཟློག་མ་ལ་འཁྱུད་པ་ལག་པ་གཅིག་གིས་དམ་པ་སྦྱིན་པ་བསྐྱེད་དོ། །སྟེང་དུ་ཟླ་བ་ནི་མདོག་དཀར་པོ་པདྨ་ཐོགས་པ་བསྐྱེད་དོ། །ངང་པ་ལ་ཞོན་པ་མདུན་དུ་བུད་མེད་རྔ་མའི་བསིལ་ཡབ་ཐོགས་པ་བསྐྱེད་དོ། །དེ་ཉིད་ཀྱི་བུམ་པར་ཉི་མ་ མདོག་དམར་བར་བསྐྱེད་དོ། །ལག་པ་ན་པདྨ་ཐོགས་པ་བསྐྱེད་དོ། །ཡང་དབང་ལྡན་གྱི་འོག་སྟེ་འོག་གི་ཕྱོགས་སུ་སའི་ལྷ་མོ་ལྟེ་བ་མན་ཆད་དམར་མོ་ཡན་ཆད་གསེར་ལས་གྲུབ་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་ལག་ན་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐོགས་པ། སྦྲུལ་ལ་ཞོན་པ་བསྐྱེད་དོ། ། དེ་ལྟར་བསྐྱེད་ལ་ཨ་ལས་བྱུང་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སོ་སོའི་སྙིང་པོ་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པ་དེ། དེ་ཀུན་གྱི་སྙིང་ག་ནས་སོ་སོའི་སྔགས་ཀྱི་ཕྲེང་བ་ལ་དམིགས་ལ། བཟླས་པ་བརྩམ་པར་བྱའོ། །ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི་བནྡྷ་བནྡྷ་སྭཱ་ཧཱ་ཞེས་བུམ་པ་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། མཆོད་པ་དང་། ཕྱོགས་སྐྱོང་དང་གཙོ་བོ་ལ་བསྟོད་པ་ལ་སོགས་པ་ཅི་རིགས་པར་བྱས་ལ་རོལ་མོ་ དང་། སིལ་སྙན་རྣམས་ཀྱིས་རབ་ཏུ་མཉེས་པར་བྱ་ཞིང་སྤོས་དང་འོ་མ་ལ་སོགས་པས་མཆོད་པའམ་སྦྱིན་སྲེག་བྱའོ། །དེ་ནས་སློབ་མ་ལས་ཐམས་ཅད་པའི་བུམ་པས་ཁྲུས་ཆུ་ནས་བཏོན་ནས་གོས་གསར་པ་གྱོན་ཏེ་མཎྜལ་དབུལ་བ་ལ་སོགས་པ་བྱ་སྟེ། དཀྱིལ་འཁོར་དུ་འཇུག་པ་དང་། མེ་ཏོག་གཏོར་བ་དང་། གང་ལ་ཕོག་པའི་སྐུ་མདོག་དང་ཕྱག་མཚན་བསྟན་ཅིང་། དེ་ཉིད་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་ཟློས་སུ་གཞུག་གོ། །དེ་ནས་སྒྲ་རྣམ་པ་སྣ་ཚོགས་དང་བཅས་པས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་བཞིན་དུ་ཆོ་གའི་ལྷག་མ་མ་ལུས་པར་བྱའོ། །དེ་ནས་ཡང་མཆོད་ ཡོན་ལ་སོགས་པ་ཕུལ་ནས་གཏོར་མའི་ཆོ་ག་རྒྱས་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པ་ཡང་ཚུལ་བཞིན་དུ་བྱས་ལ་གཏོར་མ་དེ་དག་ལ་དར་སྣ་ཚོགས་དང་གདུགས་དང་བཅས་པས་སྣང་གསལ་སྤང་སྟེ་རི་མཐོན་པོའམ་ནགས་ཚལ་སྟུག་པོར་བསྐྱལ་ལོ། །དུང་ལ་སོགས་པའི་སྒྲ་སྣ་ ཚོགས་པ་དང་ལྡན་པ་དང་། སྒྲུབ་པ་པོ་རྣམས་ཀྱང་རྒྱན་སྣ་ཚོགས་པས་བརྒྱན་པ་ལ། ལག་པ་དང་རྐང་པའི་གར་དང་ལྡན་པས་ཉི་མ་རྩེ་ཤར་ལ་བསྐྱལ། ནང་དུ་ལོག་ལ་བགེགས་མནན་པའི་ཆོ་ག་བྱ། དེ་ནས་བཀྲ་ཤིས་གསོལ། དཀྱིལ་འཁོར་བསྡུ། བླ་མ་ལ་ཡོན་དབུལ་ལོ། །བསོད་ ནམས་རྫོགས་པའི་དོན་དུ་སྟོན་མོ་བྱ། ཆོ་གའི་ལྷག་ཆད་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་བཟླས། ལྷ་རྣམས་སློབ་མ་དང་གཉིས་སུ་མེད་པར་བསྟིམ། སྙིང་པདྨ་འདབ་མ་བརྒྱད་པའི་ནང་དུ་བཞུགས་པར་བྱའོ། །སློབ་མས་བླ་མ་ལ་ཡོན་ཕུལ་ལ་དགའ་བ་དང་ཡི་རང་བར་བྱའོ། །ཕྱོགས་ སྐྱོང་བ་བཅུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་ དམ་ཚིག་དང་ལྡན་པས་གནས་ཡིད་དང་མཐུན་པར་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ཏེ་སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས་ས་སྟེགས་གྲུ་བཞི་པ་ལ་ཤིན་ཏུ་མཉམ་པར་བྱ་སྟེ། ཐིག་བཏབ་ལ་ཚོན་རྩི་སྣ་སོགས་པས་དཀྱིལ་འཁོར་ལེའུ་ཙེ་དགུ་པ་ལ་སོ་སོའི་མདོག་དང་མཐུན་པ་སྒོ་ བཞི་དང་བཅས་པ་བྲི་བར་བྱའོ། །དེ་ནས་བུམ་པ་དགུ་ལ་སོ་སོའི་མཚན་མ་བཏབ་ལ་གནས་སུ་གཞག་པར་བྱའོ། །གྲྭ་རྣམས་སུ་ཕུར་བུ་དང་རྡོ་རྗེ་སྐུད་པས་སྦྲེལ་ལ་མཁས་པས་གཟུགས་སོ། །དེ་ལྟར་བྱས་པ་སོ་སོའི་གནས་སུ་མཚན་མ་བྲིས་ཏེ། ངོས་བཞིར་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་ དང་། རྒྱ་གྲམ་བྲིའོ། །དབུས་སུ་རྣམ་འཇོམས། ཤར་དུ་པ་བ་སངས། ནུབ་ཏུ་ཟླ་བའི་མཚན་མ། ལྷོར་ཕུར་བུ། བྱང་དུ་ལྷག་པ། ཤར་ལྷོར་མིག་དམར། ལྷོ་ནུབ་ཏུ་སྒྲ་གཅན་འཛིན། ནུབ་བྱང་དུ་ཉི་མ། བྱང་ཤར་དུ་སྤེན་པའི་མཚན་མ་བྲིའོ། །སྒོ་རྣམས་སུ་ལྕགས་ཀྱུ་ཞགས་པ་ལྕགས་ སྒྲོག་དྲིལ་བུ་བྲིའོ། །དེ་ནས་སོ་སོའི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ཏེ། ལག་པ་གཉིས་འཁོར་ལོ་ལྟར་བྱས་ལ། ཨོཾ་ན་མཿཙཎྜ་བཛྲ་པཱ་ཎ་ཡེ་ཧཱུཾ་ཞེས་བརྗོད་པས། དབུས་སུ་རྣམ་འཇོམས་སྐུ་མདོག་དཀར་པོ་གཡས་འཁོར་ལོ་གཡོན་བུམ་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ བསྐྱེད་དོ། །ལག་པ་གཡས་པ་བཀན་ལ་པདྨའི་ཚུལ་དུ་བསྟན་ལ། ན་མོ་ར་ཏི་བི་ཡ་སརྦ་སྭ་ཏ་ལྷ་ཏ་ཀ་ར་ཧི་ཧི་ཀ་སྭཱ་ཧཱ་ཞེས་བརྗོད་པས། ཤར་གྱི་བུམ་པ་ལ་པ་བ་སངས་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྐྱེད་དོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་མཐེ་བོང་དང་མཛུབ་མོ་ སྦྱར་ཏེ་ཟླ་གམ་གྱི་ཚུལ་དུ་བསྟན་ལ། ན་མཿཙནྡྲཱ་ཡ་ཤི་ཏ་ཧ་པྲ་བྷ་བ་མ་ལི་ནི་སྭཱ་ཧཱ་ཞེས་བརྗོད་པས། ནུབ་ཏུ་ཟླ་བ་མདོག་དཀར་པོ་ངང་པ་ལ་ཞོན་པ་ལག་པ་ན་པདྨ་ཐོགས་པ་དྲུང་ན་བུད་མེད་རྔ་ཡབ་ཐོགས་པ་བསྐྱེད་དོ། །ལག་པ་གཡོན་པའི་ཁུ་ཚུར་བཅངས་ལ། ལག་པ་གཡས་པ་དམ་པ་སྦྱིན་ པའི་ཚུལ་དུ་བྱས་ལ། ན་མོ་དེ་བ་གུ་རུ་བྷ་ཀི་ཤ་ཡ་ས་ར་ས་ཏྱེ་ན་ཧ་ག་རི་རི་སྭཱ་ཧཱ་ཞེས་བརྗོད་པས། ལྷོར་ཕུར་བུ་སྐུ་མདོག་དཀར་པོ་ཟླ་བའི་སྟེང་ན་འདུག་པ་དར་སེར་པོའི་སྟོད་གཡོགས་གྱོན་པ། ལག་པ་གཡོན་པ་ན་གླེགས་བམ་ཐོགས་པ། གཡས་ཆོས་སྟོན་པ་འདྲ་བ་བསྐྱེད་དོ། །ལག་པ་གཉིས་ ཁུ་ཚུར་བཅངས་པ་བྲང་དུ་བཞག་ལ། ན་མོ་ཡུ་བཱ་རཱ་ཛཱ་ཡ་སརྦ་སཏྭ་པ་ཙ་ལ་ཡ་སྭཱ་ཧཱ་ཞེས་བརྗོད་པས། བྱང་དུ་གཟའ་ལག་པ་མདོག་སེར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་ཨུཏྤལ། གཡས་དམ་པ་སྦྱིན་པ། པདྨའི་གདན་ལ་འདུག་པར་བསྐྱེད་དོ། །གཡས་པ་ཁུ་ཚུར་བཅངས་ལ་ མཛུབ་མོ་དང་གུང་མོ་མཚན་མའི་ཚུལ་དུ་བྱས་ལ། ན་མོ་བྷུ་སུ་ཏ་རཀྟ་མ་བྱ་སྲི་ཡ་གརྟ་ཨ་པ་ར་ན་ཡ་སྭཱ་ཧཱ། ཞེས་བརྗོད་པས། ཤར་ལྷོར་མིག་དམར་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་རལ་གྲི་གཡོན་ཆད་གྲི་ཐོགས་པ་བསྐྱེད་དོ། །ལག་པ་གཡོན་བཀན་ལ་སྣོད་ཀྱི་ ཚུལ་དུ་བསྟན་ལ། ན་མོ་བྷི་ཤ་མ་གེའུ་སྨྲ་ཤི་ཛ་ལི་ཏ་ཨ་ཙ་ཤ་སྭཱ་ཧཱ་ཞེས་བརྗོད་པས།ལྷོ་ནུབ་ཏུ་སྒྲ་གཅན་མདོག་དུད་ཀ་མིའི་མགོ་ལ་རོ་སྨད་སྦྲུལ་དུ་འཁྱིལ་པ་ལུས་མིག་གིས་ཁེངས་པ། གཡས་མདའ་གཞུ་གཡོན་རིན་པོ་ཆེའི་སྣོད་འཛིན་པ་བསྐྱེད་དོ། །ལག་པ་གཉིས་ཁུ་ཚུར་ བཅངས་ལ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་བརྐྱང་སྟེ། ནམ་མཁའི་ཚུལ་དུ་བྱ་སྟེ། ཨོཾ་མ་ཀ་ཤོ་པ་ཡ་སྭཱ་ཧཱ་ཞེས་བརྗོད་པས། ནུབ་བྱང་དུ་ཉི་མ་མདོག་དམར་པོ་རྟ་ལ་ཞོན་པ་ལག་པ་གཉིས་པདྨ་ཐོགས་པ་བསྐྱེད་དོ། །གཡས་ཐལ་མོའི་ཚུལ་དུ་བྱས་ལ་ན་མོ་བྷ་ཧིང་ག་མ་མ་ཧཱ་ཡཱ་ན་ ཀ་ས་སྭཱ་ཧཱ་ཞེས་བརྗོད་པས། བྱང་ཤར་དུ་སྤེན་པ་མདོག་ནག་པོ་གོས་དམར་པོ་གྱོན་པ་གཡས་རལ་གྲི་གཡོན་ཞགས་པ་ཐོགས་པ་བསྐྱེད་དོ། །སྒོ་རྣམས་སུ་གཞན་དང་མཐུན་པའི་སྒོམ་བསྐྱེད་དོ། །ཁྱམས་རྣམས་སུ་རྒྱུ་སྐར་རྣམས་བསྐྱེད། དེ་དག་ལ་ཛཿཧཱུཾ་བཾ་ཧོཿཡེ་ཤེས་སེམས་དཔའ་དགུག་ པ་དང་གཞུག་པ་དང་བཅིང་བ་དང་གཉིས་སུ་མེད་པར་བསྟིམ་པར་བྱས་ལ། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཟླ་བའི་དཀྱིལ་འཁོར་ལ་དམིགས་ཏེ་བསྙེན་པ་བསྐྱར་བ་ནི། ཨོཾ་ཤུ་སྭཱ་ཧཱ། ཨོཾ་སོ་སྭཱ་ཧཱ། ཨོཾ་བྲྀ་སྭཱ་ཧཱ། ཨོཾ་བུ་སྭཱ་ཧཱ། ཨོཾ་ཨཾ་སྭཱ་ཧཱ། ཨོཾ་ར་སྭཱ་ཧཱ། ཨོཾ་ཨ་སྭཱ་ཧཱ། ཨོཾ་ས་སྭཱ་ཧཱ། དེ་དག་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ལ། དེ་ནས་མཆོད་པ་དང་བསྟོད་པ་བྱ་སྟེ། གཟའ་བརྒྱད་རྒྱུ་སྐར་དང་བཅས་པའི་གཏོར་མ་ལ་ཡང་བསྟོད་དོ། །དེ་ནས་མཆོག་གི་བཟླས་པ་བརྩམ་པར་བྱའོ། །སོ་སོའི་བཟླས་པ་བུམ་པ་ལ་དམིགས་ཏེ། ཨོཾ་མ་ཧཱ་ཀཱ་ལེ་བེ་ ག་ར་ཎ་ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི་ཏིང་ག་ལེ་ད་ཧ་ད་ཧ་ཏེ་ཛོ་བ་ཏི། ཏི་ལི་ཏི་ལི་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་རེ་རེ་ལ་སྟོང་ཕྲག་རེ་རེ་བཟླས་སོ། །གཙོ་བོ་ནི་སོ་སོའི་ལས་དང་སྦྱོར། ལས་སུ་བྱེད་ན་གོང་མའི་སོ་སོའི་སྙིང་པོ་ལ་ཁྲི་ཕྲག་རེ་བསྐྱལ་ལ་ཡང་སྦྱར་རོ། །དབང་བསྐུར་ན་ཐ་མ་རྣམས་ཀྱིས་ བྱའོ། །བརྒྱ་བརྒྱའི་བར་དུ་གཟའ་རྣམས་ལ་པཱུ་ཛ་བྱའོ། །