Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 74

Văn bản gốc(Tây Tạng)

Trang 7 / 21 (50.000 ký tự/trang)
 གཞན་གྱི་ལྕེ་དབབ་པ་བཟློག་པ་དང་། སྡང་བ་གསུམ་གྱི་ལས་ཐོར་བུ་གསུམ་ནི། མཛའ་སྡུག་སྐྱེ་བོ་སྡང་བ་དང་། །ཞེས་པའི་སྒྲུབ་པའོ། །གོ་ཆ་ཆེན་མོ་ནི། བྲམ་ཟེ་ལ་སོགས་གཙེས་པ་དང་། །ཞེས་པའི་སྒྲུབ་པའོ། །རྩི་སྦྱོར་དབྱིག་གི་
ནོར་བུ་ནི། ཕན་ཚུན་མཐུན་པ་མ་ཡིན་དང་། །ཞེས་པའི་སྒྲུབ་པའོ། །དཔག་བསམ་གྱི་ཤིང་རྒྱས་པ་ནི། །ནོར་འགྲིབས་པས་ནི་ཕོངས་པ་དང་། །ཞེས་པའི་སྒྲུབ་པའོ། །སྦས་པའི་གའུ་ནི། འཇིགས་པ་དང་ནི་གནོད་པ་དང་། །ཞེས་པའི་སྒྲུབ་པའོ། །ཕྱིར་ལྡོག་འཁོར་ལོ་ནི་བྱད་སྟེམས་དང་ཞེས་པའི་
སྒྲུབ་པའོ། །གསེར་གྱི་རྒྱ་མཚོ་ནི། སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །ཞེས་པའི་སྒྲུབ་པའོ། །རྒྱལ་མཚན་རྩེ་མོ་ནི་ཚེ་འཕེལ་བའི་སྒྲུབ་པའོ། །དཔལ་ཡེ་ཤེས་ཕྲེང་བ་ནི། བསོད་ནམས་འཕེལ་བའི་སྒྲུབ་པའོ། །དེ་ལྟར་བརྒྱ་དང་ལྔ་ནི། བསྐྱེད་པའི་རིམ་པའི་སྒྲུབ་ཐབས་སོ། །
སྒྲ་ལ་གནས་པའི་བསམ་གཏན་དང་། སྒྲ་ལ་མི་གནས་པའི་བསམ་གཏན་དང་། སྒྲ་མཐར་གྱིས་པའི་བསམ་གཏན་གསུམ་ནི། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པའི་སྒྲུབ་ཐབས་སོ། །ཐེམ་ཡིག་གསང་བ་ཞེས་བྱ་བ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། །།

༄། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས་བཞུགས་སོ།། ༄༅༅།། །།ཁྲོ་བོ་ཆེན་པོ་རྡོ་རྗེ་གནམ་ལྕགས་འབར་བ་ནག་པོ་ལ་ཕྱག་འཚལ་ལོ། །དང་པོར་གནས་དབེན་པར་མཚམས་བཅད་དེ། དེ་ནས་མཎྜལ་བྱ་སྟེ། ཁྲོ་བོ་ཉིད་མཎྜལ་གྱི་
སྟེང་དུ་སྤྱན་དྲང་ཞིང་མཆོད་ཅིང་བསྟོད་དེ་བསྙེན་པ་བྱ། ལས་ཀྱི་དུས་སུ་བདག་ནི་ལྷར་བྱ་སྟེ། དང་པོ་སྟོང་པ་ཉིད་དུ་བསྒོམ། དེ་ནས་ཡན་ལག་བདུན་གྱིས་བསོད་ནམས་ཀྱི་ཚོགས་བསག་གོ། །དེ་ནས་འབྱུང་བ་རིམ་བརྩེགས་ཀྱིས་གཞལ་ཡས་ཁང་ཡང་གཞུང་བཞིན་དུ་བསྐྱེད། དེ་ནས་པཾ་ལས་པདྨ་
འདབ་མ་བརྒྱད་པ་བསམ། དེའི་ཐོག་ཏུ་མཾ་ལས་ཉི་མའི་དཀྱིལ་འཁོར་བསམ། དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་འོད་དང་ལྡན་པ་ཅིག་བསམ། འོད་ཀྱི་དབུས་ནས་སྔོན་པོ་འབྲུག་སྐད་དུ་གྲགས་འོད་དང་ལྡན་པ་ཅིག་བསམ། དེའི་འོད་ཕྱོགས་བཅུར་འཕྲོས་པ་ལས། ཕྱོགས་བཅུའི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་དོན་མཛད། སླར་ཚུར་འདུས་པ་ལས། ཨོཾ་ཨཱཿཧཱུྃ་སུ་པི་ཏྲི་ཞེས་པ་ལས། བདག་ཉིད་ཁྲོ་བོ་ཆེན་པོ་རྡོ་རྗེ་འབར་བ། སྐུ་མདོག་དབྱར་གྱི་ཆར་སྤྲིན་ལྟར་སྔོ་ནག་ཏུ་གནས་པ། ཁྲོ་གཉེར་རྒྱ་མཚོའི་རླབས་བཞིན་
གཙིགས་པ། མཆེ་བ་གཙིགས་པ། སྤྱན་གསེར་བཙོ་མ་ལྟར་དམར་སེར། སྨིན་མ་དམར་པོ་གྱེན་དུ་བསྐྱོད་པ། མཆུ་སྡེར་རྡོ་རྗེ་གནམ་ལྕགས་ལས་བྱས་པ། འདབ་གཤོག་ནམ་མཁའི་མཐའ་དང་མཉམ་པ། ཞལ་གསུམ། སྤྱན་དགུ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། སྦྲུལ་གྱིས་
རྐེད་ཆིངས་བྱས་པ། ཐོད་པའི་དབུ་རྒྱན་ཅན། གཡང་གཞི་རློན་པ་སྟོད་ལ་གསོལ་བ། སྟག་གི་གཡང་གཞིས་ཤམ་ཐབས་བྱས་པ། ཀླུའི་རྒྱལ་པོ་གཟི་ཅན་ཐོད་དུ་བྱས་པ། ཀླུའི་རྒྱལ་པོ་ཏཀྵ་ཀ་རྐེད་ཆིངས་བྱས་པ། ཀླུའི་རྒྱལ་པོ་སོག་མ་མེད་གདན་ཁྲིར་བྱས་པ་ཞབས་ཀྱིས་གཟིར་བ།
ཡན་ལག་སྦྲུལ་གྱིས་བརྒྱན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། བར་མ་གཉིས་གཡས་རལ་གྲི་གཡོན་སེང་ལྡེང་གི་ཕུར་བུ་བསྣམས་པ། གཡས་ཐ་མ་ན་གནམ་ལྕགས་ཀྱི་ཐོ་བ། གཡོན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། རྡོ་རྗེ་གནམ་ལྕགས་ཀྱི་ཕྲེང་བ་སེ་རལ་ཁར་

བྱས་པ། ཐོད་པ་སྐོམ་རློན་གྱི་ཕྲེང་བས་དོ་ཤལ་བྱས་པ། མེའི་སེར་བ་ཕབ་ནས་ཀླུའི་གནས་བསྲེགས་པ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ། སྤྲིན་ནག་འཁྱིལ་པའི་ནང་ན་བཞུགས་པ་ཅིག་ཏུ་བདག་བསྒོམ་མོ། །དེ་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་
གྱིས་བརླབ་པོ། །དེ་ནས་རྡོ་རྗེ་སྣ་ནན་བྱ་བ་ནི་བདག་བསྐྱེད་པའོ། །དེ་ནས་གཞན་བསྐྱེད་པ་ནི་མདུན་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་མཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་སྔོན་པོ་ལས་དམ་ཚིག་སེམས་དཔའ་བསྐྱེད་དེ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་། ཨོཾ་སུ་པི་ཏྲི་བཛྲ་དུནྟེ་
མ་ཧཱ་ཀྲོ་དྷ། མཎྜ་ལ་མ་ཧཱ་ཏེ་ཨཱ་བེ་ཤ་ཡ་ཨ་ཨཱ། ཕྱག་རྒྱ་བཞི་བྱའོ། །དེ་ནས་ཕྱི་ནང་གི་མཆོད་པ་སྔགས་ཀྱིས་དབུལ་ལོ། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ལ་ཁྲོ་བོ་ལ་དབུལ་ལོ། །ཨོཾ་སུ་བི་ཏྲི་བཛྲ་དུནྟེ་མ་ཧཱ་ཀྲོ་དྷ་བ་ལིཾ་བྷུཉྫ། ཁ་ཁ། ཁཱ་ཧི་ཁཱ་ཧི་ས་མ་ཡེ་སྭཱ་ཧཱ། དེ་ནས་བསྟོད་པས་
བསྟོད་དོ། །ཧཱུྃ་མེ་དཔུང་སྤྲིན་ནག་འཁྱིལ་པའི་ཀློང་དཀྱིལ་ནས། །ཀླུ་རྒྱལ་སོག་མེད་འཁྱིལ་པའི་གདན་སྟེངས་ནས། །ཁྲོ་རྒྱལ་རྡོ་རྗེ་གནམ་ལྕགས་འབར་བ་ནི། །ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་དང་མཉམ། །རྡོ་རྗེ་སྡེར་ཆེ་ན་
གདེངས་པ་ནི། གདུག་པའི་ཀླུ་རྒྱལ་སྙིང་འདར་ཅོད་པན་ས་ལ་འབྲུལ། །ཧཱུྃ་དང་ཕཊ་ཀྱི་གད་རྒྱངས་དྲག་པོ་ཡིས། །ཀླུ་གདོན་གདུག་པའི་སྙིང་འདར་མགོ་བོ་འགས། །ཁ་སྦུབ་བསྒྱེལ་ཏེ་ཁྲག་སྐྱུགས་གས་ནས་འཆི། །རྡོ་རྗེ་གནམ་ལྕགས་འབར་བའི་མཆུ་བདར་ནས། །ཀླུ་གདོན་གདུག་པའི་
སྙིང་ཁྲག་ཁོང་ནས་འཇིབ། །རལ་བ་ཁམ་ནག་གྱེན་དུ་གཡེངས་ནས་ཀྱང་། །མེ་ཡི་སེར་བས་ཀླུ་ཡི་ཕོ་བྲང་འཇོམས། །གཤོག་པ་གསེར་གྱི་སྤུ་གྲི་བརྡབས་ནས་ཀྱང་། །རྒྱ་མཚོ་གཤགས་ནས་ཀླུ་རྣམས་དུམ་བུར་གཏུབས། །སྒྲོ་འདབ་རྡོ་རྗེ་ལྕགས་ཀྱུ་འབར་བ་ཡིས། །གདུག་པའི་ཀླུ་
རྣམས་མ་ལུས་སྙིང་ནས་འདྲེན། །གཡས་ཀྱི་ཕྱག་རྒྱས་བྱུགས་པ་ཡིས། །ལྷ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །བནྡྷ་ཐོགས་པས་དབུ་ལ་བརྒྱན། །གཡོན་གྱི་ཕྱག་རྒྱས་བྱུགས་པ་ཡིས། །ཀླུ་ཆེན་བརྒྱད་ཀྱི་སྙིང་ཕྱུང་ནས། །རུས་སྦལ་ཁོག་པ་བཀང་ནས་གསོལ། །གཡས་ཀྱི་ཤེས་རབ་

རལ་གྲི་ཡིས། །ཀླུ་རྣམས་མ་ལུས་གཏུབ་པར་མཛད། །གཡོན་པ་སེང་ལྡེང་ཕུར་བུ་ཡིས། །ཀླུ་རྣམས་མ་ལུས་རྩད་ནས་གཅོད། །གཡས་ན་གནམ་ལྕགས་ཐོ་བ་ཡིས། །ས་བདག་ཕོ་མོ་རྡུལ་དུ་རློག །གཡོན་པ་ལྕགས་ཀྱུ་ཞགས་པ་ཡིས། །བཀའ་འདས་དགྲ་བགེགས་འཆིང་ཞིང་
སྡོམ། །རྡོ་རྗེ་འབར་བའི་བ་སྤུ་ནས། །མཁའ་ལྡིང་མཚོན་ཆའི་ཆར་བབ་ནས། །གདུག་པའི་ཀླུ་རྣམས་བརླག་པར་མཛད། །སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ་ནས་ཀྱང་། །སྲིད་པའི་མ་ཚོགས་འདར་ཞིང་སྡུད། །སྐུ་སྨད་སྟག་གི་ཤམ་ཐབས་གསོལ་ནས་ཀྱང་། །གདུག་པའི་ཀླུ་ལ་སྟག་
ལྟར་མཆོང་བར་བྱེད། །ཕྱག་ན་རྡོ་རྗེ་ཐུགས་ཀྱི་སྤྲུལ་པའི་སྐུ། །ཁྲོ་ཆེན་འབར་བ་ཆེ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཀླུ་གདུག་འདུལ་ལ་ཕྱག་འཚལ་བསྟོད། །ཨོཾ་སུ་པི་ཏྲི་བཛྲ་དུནྟ་མ་ཧཱ་ཀྲོ་དྷ་མི་ལི་མི་ལི་ཧཱུྃ་ཕཊ། ཅེས་བསྙེན་
པ་བྱའོ། །བསྙེན་པའི་ལེའུ་ཨི་ཐི།། །།སྒྲུབ་པའི་དུས་སུ་ཕྱག་རྒྱ་དང་པོ་གཉིས་ཀླུའི་གཉའ་བ་དང་མཁྲིག་མ་ནས་བཟུང་སྟེ། མཆུ་སྙིང་གར་བཙུགས་ཏེ་ཁྲག་འཇིབ་པར་བསམ་མོ། །ཀླུ་གཟིར་ཞིང་བསྐྲད་དེ་ཚར་བཅད་པ་ནི། རབས་ཆད་ཀྱི་ཐོད་པའམ་ལྕགས་སྣོད་དུ། བག་ཟན་ལས་
ཀླུའི་གཟུགས་སྣ་ཚོགས་བྱས། ཡུངས་ཀར་དང་མཚོན་བདར་བའི་ཕྱེ་མ་དང་། བདུག་པའི་རྫས་སྣ་ཚོགས་དང་། སྔགས་ཕྱག་རྒྱའི་ཏིང་ངེ་འཛིན་དང་བཅས་པས་ཚིག་ཅིང་སྐད་ངན་ཐོན་ཏེ་བྲོས་སོ། །ཕྱག་རྒྱ་ནི་མཐེ་བོང་གཉིས་སྦྲེལ་ཏེ་ནམ་མཁའ་ལྡིང་གི་གཤོག་པ་བཞིན་དུ་བྱས་ཏེ། ཨོཾ་ཏྲཾ་སྡུཾ་
ཁྲོཾ་ཧཱུྃ་ཕཊ། དེ་ཡིས་རྒྱ་མཚོ་གཤེགས་ནས་ཀླུ་གཏོན་ཏེ་ལྕགས་ཀྱུ་བསྒྲིལ་མའི་ཕྱག་རྒྱ་བྱས་ཏེ་ཧཱུྃ་ནཱ་ག་ཧཱུྃ་ཛ། གཉའ་བ་ནས་བཟུང་ནས་འོངས་པར་བསམ། ཨོཾ་བཛྲ་པ་ཏི་ག་རུ་ཌ་ཧཱུྃ་ཧཱུྃ་ཛཿཛཿརཿཙི་སྲི་ཛ་ཧཱུྃ་ཕཊ། ཕྱག་རྒྱ་ནི་མཐེ་བོང་གཉིས་རྩེ་སྤྲད་དེ་བསྒྲེངས། མཛུབ་མོ་གཉིས་གཅིག་ལ་གཅིག་
འཁྱུད། སྲིན་ལག་གཉིས་ནང་དུ་བསྐུམ། མཐེ་ཆུང་གཉིས་ཐད་ཀར་བརྐྱང་སྟེ། དཔྲལ་བའི་ཐད་ཀར་ཕྱག་རྒྱ་བྱས་ཏེ། མཚོག་མའི་ཐད་ཀར་ལན་གསུམ་བསྐོར་ཏེ་དགྲོལ་བས་དེ་ཉིད་དུ་ནམ་མཁའ་ལ་སྤྲིན་ནག་པོ་དང་སྔོན་པོ་འཁྲིགས་ཤིང་མཚོན་ཆའི་ཚུབ་མ་ཕྱོགས་ཀུན་ནས་ལངས་ཏེ།

གནས་ཐམས་ཅད་ཚིག་སྟེ། མི་བཟོད་ནས་ཆོ་ངེས་འདེབས་ཤིང་། ཨ་ལ་ལ་ཁྲོ་བོའི་རྒྱལ་པོ་ཅི་བསྒོ་བ་ཉན་ནོ་ཟེར་ནས་སྐྱབས་སུ་སོང་བར་བསམ་མོ། །ཏདྱ་ཐཱ། ཨོཾ་བི་ཕུ་ལེ་པྲ་བ་རེ་ནཱ་གེ་མ་ཧཱ་ནཱ་ག་ཧྲྀ་ད་ཡ་ཨ་བརྟེ་ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡ་ནེ། ཀཱི་མི་ཀཱི་མི། ནཱ་ག་གུ་ལ་བི་
དྷྭནྶ་ནི། ཧ་ན་ཧ་ན། སརྦ་ནཱ་ག་ཧྲྀ་ད་ཡ་ནི། དྷ་ར་དྷ་ར། སརྦ་དུཥྚ་ནཱ་ག་བྷ་བ་ན་ནི། པ་ཙ་ཡ་པ་ཙ་ཡ། སརྦ་དུཥྚཱན་ནཱ་གཱ་ནཱན། ཨ་ཀྲ་མ་ཨ་ཀྲ་མ། སུ་མིནྟྲ་ཡ། ས་ག་ར་བི་མ་ལེ། བི་ཏྲ་མེ་མ་ཧཱ་ནཱ་ག་ཏེ་ཛ་བ་རེ་སྭཱ་ཧཱ། དེ་ནས་ཀླུ་སྐྲག་པར་བྱའོ། །ཐུན་གྱི་ལེའུ་ཨི་ཐི།། །།གཉེན་ཀླུ་རིགས་དང་གདོན་
ཕལ་པ་ལ། གླང་རུ་རྟ་རྐང་དང་ཉ་མགོ་བྱ་རྟུག་དང་། སྐྲ་ཤད་དང་གུ་གུལ་ནག་པོ་དང་སྦྱར་ལ་བདུག་པར་བྱའོ། །ཨོཾ་བཛྲ་ཏིཥྛ་བཛྲ་ཧཱུཾ་ཕཊ། སེང་ལྡེང་དང་ལྕགས་ཀྱི་ཕུར་བུ་ལ་སུམ་འབུམ་བཟླས་ཏེ་སྙིང་གར་གདབ་པར་བྱའོ། །བུདྡྷ་ཡ། ཨོཾ་ཀཱི་ལི་མི་ལི། ཙནྡྲ་ཙནྡྲི་བཏྟ་ཡ་སྭཱ་ཧཱ། ཕུར་པའི་སྔགས་སོ། །
ཡུངས་ཀར་དང་ཏིལ་དང་སྐེ་ཚེ་དང་ཚོན་ཕྱེ་དང་བྱེ་མ་ལ་སུམ་འབུམ་བཟླས་ཏེ། བྲབ་ཅིང་གཟིར་བ་དང་ཚར་གཅད་པར་བྱའོ། །མནའ་བསྒགས་ཏེ་ཕྱིས་མི་ལྡང་བར་བྱའོ། །ཏདྱ་ཐཱ། ཨོཾ་ཛ་ཏ་ཛ་ན་ནཱ་ག་བི་ཛ་ཏིཥྛ་ཏིཥྛ་ས་ཙ་ར་སི་ཏི་སྭཱ་ཧཱ། དེ་ལྟ་བུ་ནི་གསང་ལས་ཐམས་ཅད་ལ་བྱའོ། །འབྱུང་པོ་བསྐྲད་
ཅིང་གསད་པར་འདོད་ན། ལྕགས་ཀྱུའི་ཕྱག་རྒྱས་དགུག་པར་བྱ། བདག་གི་ཛའི་འོད་ཟེར་གྱིས་ཀླུའི་ཁོང་དུ་བསྟིམ་པར་བྱའོ། །ཁོང་དུ་ཐིམ་པའི་ཛའི་འོད་ཟེར་སྨུག་ནག་ཏུ་གྱུར་པས། ཀླུ་ལ་མེ་འབར་ཏེ་ཀླུ་དང་བསྡོངས་པའི་འབྱུང་པོ་རྣམས་ཀྱང་འཐབ་ཅིང་སྐད་འབྱུང་སྟེ་འབྲོས་པར་འགྱུར་རོ། །མ་ཧཱ་
རུ་དྲ་རུ་དྲ་ཐ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་རྒྱ་ནི་སོར་མོ་ནང་དུ་བསྐུམ་སྟེ་གུང་མོ་གཉིས་རྩེ་སྤྲད་དེ་བཀུག་སྟེ་རྒྱག་པར་བྱའོ། །གང་ཞིག་ཀླུས་གཟིར་བ་ལ་སྟག་གི་མཆེ་བ་དང་། མཚོན་བདར་བའི་ཕྱེ་མ་དང་། གླང་རོང་ནག་པོའི་ཆུ་ནང་དུ་བསྐོལ་ལོ། །གར་ན་བར་བསྐུ་བར་བྱའོ། །རྡོ་རྗེ་འབར་བའི་སྔགས་ཀྱིས་བྱིན་
གྱིས་བརླབ་པར་བྱའོ། །ཡང་ན་ཁྱིའི་གཅིན་ལ་བྱའོ། །འབྱུང་པོའི་ལེའུ་སྟེ་ཨི་ཐི།། །།ཀླུ་ལ་མཆོད་པ་བྱ་ཞིང་དུག་དབྱུང་བ་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཀླུའི་གཟུགས་ཀྱིས་དགོད་པར་བྱའོ། །དེ་བཞིན་ཀླུ་སྨན་མཚོན་པ་བསག །དེ་ནས་ཀླུ་རྣམས་སྤྱན་དྲངས་ལ། །དཀར་གསུམ་

མངར་གསུམ་མཆོད་པ་འབུལ། ཨོཾ་བཛྲ་པཱ་ཎི་བྱ་བ་སརྦ་བིཏྟ་ནཱ་ག་རཱ་ཛ་སུཾ་བྷ་ནི་ཧཱུྃ། རྒྱལ་སྲས་ཐུགས་རྗེའི་མཆོག་མངའ་བའི། །འགྲོ་བའི་སྡུག་བསྔལ་བསལ་བ་དང་། །མཐོ་རིས་ཐར་པ་བསྒྲུབ་པའི་ཕྱིར། །གསང་སྔགས་དམ་ལས་མ་འདའ་ཞིག །ཁྱོད་ཀྱི་སེམས་ལས་འདས་གྱུར་ཏེ། །
བྱང་ཆུབ་བདེ་བ་བསྐྱེད་པ་དང་། །ཉོན་མོངས་སྡུག་བསྔལ་ཞི་བའི་ཕྱིར། །ཁྱོད་ལ་རབ་ཏུ་སྐྲག་པར་བྱ། །ཐམས་ཅད་བདེ་བའི་ས་བོན་ཏེ། །བདེ་བ་ཐམས་ཅད་འགྲུབ་པ་ཡིན། །དམ་ཚིག་འདི་ལས་འདས་གྱུར་ན། །འཆི་བདག་གི་ནི་གསལ་ཤིང་ལྟར། །རྡོ་རྗེའི་མཚོན་ཆ་རྣོན་པོ་ཡིས། །ཁྱོད་ཀྱི་ཡན་
ལག་གཅོད་པར་འགྱུར། །ཨོཾ་སྭ་ཏ་བཛྲ་ཧཱུྃ་ཀ་ར་དྲ་བ་དྲ་བ་བི་དྲཱ་བ་པི་ཡ་ན་ཤན་ན་ཧ་ན་ཧཱུྃ་ཕཊ། སྔགས་དེས་ཀླུའི་སེམས་ཀྱི་དཀྱིལ་འཁོར་ལ་འཁོར་བར་སྒོང་གིས་སོང་བར་བསམ་མོ། །སྔགས་དེས་ཀླུའི་སེམས་ལ་ཡོད་པའི་སྒྲིབ་པ་བྱང་ནས། ཆོས་ཐོས་པའི་སེམས་བྱང་ཆུབ་ཏུ་བརྟན་པར་གྱུར་
ནས། སྔོན་ཕྱག་ན་རྡོ་རྗེའི་བཀའ་རྗེས་སུ་དྲན་ནས། སློབ་དཔོན་ཡིན་སྙམ་ནས་ཚུར་མི་གནོད་པར་སྟོང་གྲོགས་བྱེད་པར་འགྱུར་རོ། །ཅི་བསྒོ་བ་ཉན་པར་འགྱུར་རོ། །མཆོད་པའི་ལེའུ་ཨི་ཐི།། །།དེ་བཞིན་དུ་ཆར་དབབ་པར་འདོད་ན། ཀླུ་སྒྲུབ་པ་དང་མཆོད་པ་གཞུང་བཞིན་བྱས། པདྨ་ཁ་
གསུམ་མཎྜལ་ལ། ཀླུ་ཡི་གཟུགས་ཀྱིས་དགོད་པར་བྱ། །དབུས་སུ་ཁྲོ་བོ་དེ་ཉིད་བསྒོམ། །འཁོར་གྱི་ཀླུ་རྣམས་མཆོད་ཅིང་བསྟོད། །དམ་ཚིག་དྲན་ཏེ་འབེབས་པར་འགྱུར། །དེ་ཡིས་ཕེབས་པར་མ་གྱུར་ན། །ཐོད་པ་ཤིན་ཏུ་དཀར་བ་ལ། །སོག་མེད་བསྐྱེད་ལ་གཟིར་བར་བྱ། །ལྕགས་སམ་
རབས་ཆད་ཐོད་པ་རུ། །ཀླུ་གཟུགས་བྲུབས་ཏེ་བདུག་ཅིང་གཟིར། །དེ་ཡིས་རབ་ཏུ་འབབ་པར་འགྱུར། །ཆར་གྱི་ལེའུ་ཨི་ཐི།། །།སེར་བ་ལ་ཐལ་ཆེན་དང་དུག་དང་ཡུངས་ཀར་དང་སྦྱིན་སྲེག་བྱས་པའི་ཐལ་བས་བྱའོ། །སེར་བའི་ལེའུ་ཨི་ཐི།། །།དགྲ་ལ་ཆུ་སྐོལ་གྱིས་བྱའོ། །དགྲའི་
ལེའུ་ཨི་ཐི།། །།བདག་བསྲུང་བ་ནི། ཏིང་ངེ་འཛིན་གྱིས་བྱའོ། །གཞན་བསྲུང་བ་ནི་སྐུད་པ་དང་སྔགས་དང་རྫས་ཀྱིས་བྱའོ། །བསྲུང་བའི་ལེའུ་ཨི་ཐི།། །།ནཱ་ག་ཙིཏྟ་རཀྟ་པི་པ་དོ་ས་མ་ཡེ་སྭཱ་ཧཱ། ཀླུའི་སྙིང་ཁྲག་དབུལ་ལོ། །ཨོཾ་ནཱ་ག་ཧ་ན་ཧ་ན་ཧཱུྃ་ཕཊ། ནཱ་ག་ད་ཧ་ད་ཧ་ཧཱུྃ་ཕཊ། ནཱ་ག་པ་ཙ་པ་

ཙ་ཧཱུྃ་ཕཊ། ནཱ་ག་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ནཱ་ག་ཤགྟི་ཛ་ལ་མཱ་ར་ཡ་ཧཱུྃ་ཕཊ། ཀླུ་བརྡུང་བའི་སྔགས་སོ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་སྒྲུབ་ཐབས། ཀླུ་འདུལ་བའི་ངན་ཐབས་བལ་པོའི་མན་ངག་རྒྱ་གར་གྱི་བླ་མ་མཻ་ཏྲི་པས་མཛད་པ་རྫོགས་སོ།།
༄༅༅། །རྒྱ་གར་སྐད་དུ། ཀྲོ་དྷ་རཱ་ཛ་ཨ་གུ་ཛྭ་ལ་ཨ་ཁ་བི་ར་ཛ་བཛྲ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །ཁྲོ་བོ་རྡོ་རྗེ་གནམ་ལྕགས་འབར་བ་ལ་ཕྱག་འཚལ་ལོ། །གཏུམ་དྲག་འཇིགས་པའི་སྒྲ་སྐད་
འབྲུག་སྒྲ་སྒྲོགས། །རྗེ་བཙུན་དེ་ལ་ཕྱག་འཚལ་ཏེ། དེ་ཡི་དཀྱིལ་འཁོར་ཆོ་ག་བྲི། །དད་པ་དང་ལྡན་པ། དམ་ཚིག་དང་རང་གི་བརྟུལ་ཞུགས་བསྲུང་བ་རྣམ་པར་རྟོག་པ་མེད་ཅིང་རྒྱུད་གཅིག་པ། བླ་མ་དང་རྡོ་རྗེ་གནམ་ལྕགས་འབར་བ་ལ་མཆོག་ཏུ་གུས་པའི་སློབ་མ་ཡོན་ཏན་དང་ལྡན་པས།
དང་པོ་མཎྜལ་དང་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས། བླ་མ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་ཁྲོ་བ་མེད་པ་སྔགས་དང་ཕྱག་རྒྱ་དང་རྒྱུད་ལ་མཁས་པ། ཐོས་པའི་ཕ་རོལ་ཏུ་སོན་པ། རྒྱུད་འདིར་དབང་ཐོབ་པ། དམ་ཚིག་དང་། སྡོམ་པ་དང་ལྡན་པ་དེས་ཁྲོ་བོ་བསྐྱེད་ལ་བསྙེན་པ་ལ་ཐུག་པར་
བྱས་ནས། སུ་པི་ཏྲིའི་སྔགས་འབུམ་བཟླས་པ་བྱ་བ་ནི་སྔོན་དུ་བསྙེན་པ། དེ་ནས་རྒྱུད་གཞན་ནས་གསུངས་པའི་གནས་ཡིད་དུ་འོང་བ། གང་ཡང་རུང་བར་སོང་ནས་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ཆུས་གཏོར་ཏེ། དེར་དཀྱིལ་འཁོར་བྱས་ཏེ། མཆོད་པ་དང་གཏོར་མ་བྱས་ཏེ། རང་གི་ཁྲོ་བོ་དང་
ལྷ་མོ་མཆོད་ལ། འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ནས། སའི་ལྷ་མོ་ལས་བླང་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་
ལྟར་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ལ། ཐལ་མོ་ས་ལ་བརྡབས་པ་ལས། སའི་ལྷ་མོ་སྐུ་ཕྱེད་ཙམ་འཐོན་ནས་འདུག་པ་ལས། ངས་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་བྱེད་པས། བདག་ལ་ས་བྱིན་ཅིག་ཅེས་བརྗོད་པ་ལས། ཁྱོད་དཀྱིལ་

འཁོར་གྱི་བདག་པོ་ཡིན་པས། དཀྱིལ་འཁོར་གྱིས་ཞེས་བརྗོད་ནས་ས་ལ་ཐིམ་པར་བསམ་མོ། །ས་བླང་བའི་རིམ་པའོ། །དེ་ནས་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དུ་གནས་ཏེ། དེ་ནས་སའི་ལྷ་མོ་ནམ་མཁའ་ལ་གཤེགས་པར་བསྒོམས་ལ། ས་བརྐོ་སྟེ་སའི་རོ་རྣམ་ལྔ་བསལ་ལ། །དེར་རིན་
པོ་ཆེ་ལྔ་དང་འབྲུ་ལྔ་དང་ལྡན་པའི་བུམ་པ་གཅིག་ལ་སླར་རང་གིས་ས་དགང་ངོ་། །དེ་ནས་དཀྱིལ་འཁོར་ཉིས་འགྱུར་དུ་སྤོས་ཆུའི་ཆག་ཆག་དང་བའི་རྣམ་པ་ལྔས་བྱུག་གོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་གནས་ནས། སྟོང་པ་ཉིད་སྔོན་དུ་འགྲོ་བས་ལྷའི་ང་རྒྱལ་བྱའོ། །
ས་གཞི་ཐམས་ཅད་སྟོང་པའི་རང་བཞིན་ལས། ཧཱུྃ་ལས་རྡོ་རྗེའི་ས་གཞིར་བསྒོམས་ནས། དེའི་དབུས་སུ་ང་རྒྱལ་གྱིས་གནས་པར་བྱས་ལ། ལྷའི་ང་རྒྱལ་ཅན་དག་གིས་དཀྱིལ་འཁོར་བྲིས་པར་གསོལ་བ་བཏབ་ནས། དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། རྡོ་རྗེ་སློབ་དཔོན་གྱི་
མིག་ཏུ་མ་དང་། ཨ་ལས་གྲུབ་པའི་ཉི་མ་དང་། ཟླ་བ་འོད་ཟེར་འབར་བ་དང་བཅས་པར་བསམས་ཏེ། རྐང་པའི་འོག་ཏུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་བ་དང་བཅས་པ་བསྒོམས་ནས་ལངས་ཏེ། བྱང་ཤར་གྱི་མཚམས་ནས་བསྐོར་བ་བྱས་ཏེ། རྡོ་རྗེའི་ལྟ་བ་དང་། །རྡོ་རྗེའི་འགྲོས་དག་གིས་བགེགས་
གཞོམ་པར་བྱའོ། །དེ་ནས་ཡང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། རྡོ་རྗེ་འབར་བའི་ང་རྒྱལ་དུ་བྱས་ནས། དེའི་སྙིང་གར་གནས་པའི་ས་བོན་ལས་བྱུང་བའི་ཁྲོ་བོའི་ཕུར་བུ་བསྐྱེད་ནས། བདག་གིས་སྐེ་ནས་བཟུང་ནས་ཕྱོགས་བཅུར་ཕུར་བུ་གདབ་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ།
སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། །བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ་པར་བྱའོ། །ས་གཟུང་བའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཁྲུ་གང་
བའི་དཀྱིལ་འཁོར་ཟླུམ་པོར་བྱས་ལ། ལྷའི་གྲངས་དང་མཉམ་པའི་དྲིའི་ཐིག་ལེ་བྱས་ལ། དེར་མེ་ཏོག་གི་ཚོམ་བུ་བཀྲམ་ལ་ས་བོན་ལས་ལྷར་བསྐྱེད་ལ། ནམ་མཁའི་ལྷ་བསྟིམས་ལ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ། ནམ་མཁར་བགེགས་བསྐྲད་ནས་བསྟིམས་ནས། མཆོད་བསྟོད་བདུད་

རྩི་མྱངས་ལ། གསོལ་བ་གདབ་པ་ནི། ཧཱུྃ་བཅོམ་ལྡན་རྡོ་རྗེ་གནམ་ལྕགས་འབར་བ་ནི། །རིག་སྔགས་བདག་པོ་ཕྱག་འཚལ་ལོ། །སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི་བར་འཚལ། །དེ་ནས་བྱིན་བརླབས་གནང་བ་མཛད་པར་གསོལ། །དགོངས་ཤིག་སངས་རྒྱས་སྡེ་དང་
ཚོགས། །ལྷ་རྣམས་བསྟན་ལ་མངོན་དགའ་བ། །དཀྱིལ་འཁོར་བྱིན་བརླབ་དངོས་གྲུབ་མཛོད། །ལེན་གསུམ་བརྗོད་དོ། །ལྷ་ལྷག་པར་གནས་པའོ། །དེ་ནས་གསེར་དང་དངུལ་ལ་སོགས་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལ་ལྷའི་གྲངས་དང་མཉམ་པའམ། ཡང་ན་གཉིས་ལ་སྣ་ཚོགས་
པདྨའི་སྟེང་དུ་རང་གི་མཚན་ཉིད་བྲི། ལས་ཀྱི་བུམ་པ་ལ་པདྨའི་དབུས་སུ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །གཙོ་བོའི་བུམ་པར་སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། དྲི་ཆུ་བདུད་རྩི་ལྔས་བཀང་ལ། བུམ་པ་གཞན་དུ་འང་དེ་བཞིན་ཏེ། མགུལ་ཆིངས་རས་ཟུང་གཅིག་གིས་བཅིང་བར་བྱའོ། །མེ་ཏོག་ཕྲེང་བ་དང་
གདུགས་ཀྱིས་བརྒྱན་ཏེ། གདུགས་དཀར་པོ་རེ་རེ་དབུབ་པར་བྱའོ། །ཙུ་ཏ་ལ་སོགས་ཏེ་འབྲས་བུ་དང་བཅས་པའི་ཤིང་གིས་ཁ་བརྒྱན་པར་བྱའོ། །དེ་ནས་གཙོ་བོའི་བུམ་པར་པདྨའི་སྐུ་བསྐྱེད། ཕྱག་རྒྱ་བཞི་དང་ལྡན་པར་བྱས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམས་ལ། མཆོད་
བསྟོད་དང་བཟླས་པ་བྱ། དམ་ཚིག་གི་ཁྲོ་བོ་དང་། ཡེ་ཤེས་ཀྱི་བདུད་རྩི་གཉིས་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱའོ། །དེ་ནས་བུམ་པ་གཞན་དུ་ཡང་ཤེས་པར་བྱའོ། །ལས་ཀྱི་བུམ་པ་ལ་པདྨའི་སྟེང་དུ་ལས་ཐམས་ཅད་པའི་ཁྲོ་བོ་བསྐྱེད་ལ། ཡེ་ཤེས་བཅུག་ལ་མཆོད་པ་དང་བཟླས་
པ་བྱས་ནས། མ་ཞུ་བར་སྐུར་བཞུགས་པར་བསྒོམས་ནས་མ་གྲུབ་བར་དུ་བགེགས་མ་རུངས་པ་བསྲུང་བར་གསོལ་བ་གདབ་བོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སློབ་མ་ཤར་ཕྱོགས་སུ་མཎྜལ་ཕུལ་ལ་དེར་འདུག་ལ། རྡོ་རྗེ་སློབ་དཔོན་གྱིས་གཙོ་བོའི་ང་རྒྱལ་བྱས་ལ་གསོལ་བ་
གདབ་བོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་

གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་གསོལ་བ་གདབ་བོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་པ་ནས་བཟུང་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་
ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བགྱི། །རྫོགས་པའི་སངས་རྒྱས་གང་འདས་དང་། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཚོགས་མཆོག་བཟང་པོ་འདི་མཁྱེན་ནས། །
དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པ། །སྐྱོབ་པ་རྡོ་རྗེ་གནམ་ལྕགས་འབར་བ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་ནས་ཀུན་མཁྱེན་ཐོབ་པའི་ཕྱིར། །བུ་ཡིས་བློ་གྲོས་
འདི་གྱིས་ཤིག །དེ་ནས་ཉན་པར་རྣ་བ་གཏོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ། དེ་ནས་བྱ་བའི་རྒྱུད་ལ་སོགས་པ་དང་ཐུན་མོང་གི་སྡོམ་པ་དང་། རྣལ་འབྱོར་བླ་ན་མེད་པའི་ཕས་ཕམ་པ་བཅུ་བཞི་དང་། སྡོམ་པ་དཔོག་པ་ལ་སོགས་པ་དག་ཀྱང་བྱའོ། །དེ་ནས་སློབ་
མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ཏེ། རྡོ་རྗེ་དང་འཁོར་ལོ་དང་པདྨ་དག་བསྐྱེད་དེ། དེ་དག་གི་ལྟེ་བར་ས་བོན་གསུམ་བསམ་ཞིང་། ཨོཾ་ཨཱཿཧཱུྃ་ཞེས་གནས་གསུམ་དུ་རྡོ་རྗེ་གཞག་པར་བྱའོ། །དེ་ནས་མཆོད་དེ་སོ་ཤིང་མེ་ཏོག་གི་ཕྲེང་བས་བརྒྱན་པ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་
བཏབ་ལ་སྦྱིན་ནོ། །སློབ་མས་རྩེ་འཆའ་ཞིང་རྩ་བ་བྲུད་ལ་དཀྱིལ་འཁོར་གྱི་དབུས་སུ་དོར་རོ། །ཞི་བ་ལ་སོགས་ཏེ་ལས་དང་དངོས་གྲུབ་ཀྱི་རྟགས་ཤེས་པར་བྱའོ། །སྲུང་སྐུད་ལ་བདུད་རྩི་འཁྱིལ་པའི་མདུད་པ་བོར་ཏེ། དཔུང་པ་གཡོན་པ་ལ་གདགས་པར་བྱའོ། །དེ་ནས་ཀུ་ཤ་ལ་ལས་
ཐམས་ཅད་པའི་སྔགས་ཀྱིས་བྱིན་ལ། ཤར་ལྷོ་མཚམས་སུ་མགོ་བསྟན་ལ་ཉལ་ཏེ་རྨི་ལམ་དྲན་པར་བྱའོ། །སློབ་མ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་ཡོལ་བའི་ནང་དུ་ལོག་ལ་མཆོད་བསྟོད་དང་བཟླས་པ་བྱའོ། །དེ་ནས་ནང་པར་དཀྱིལ་འཁོར་གྱི་ལྷ་ནམ་མཁར་བཏེག་ལ་ཐིག་གདབ་པར་བྱའོ། །

ཚོན་སྣ་ལྔའི་སྐུད་པ་སོ་སོར་སྟོང་པ་ཉིད་ལས་ཡི་གེ་ལྔར་གྱུར་པར་བསམ། དེ་ནས་དེ་དག་གཅིག་ཏུ་བསྒྲིལ་ལ། གསེར་ལ་སོགས་པའི་སྣོད་དུ་བཞག་ལ་བདུད་རྩི་ལྔའམ། སྤོས་ཆུས་བསངས་ཏེ་གཡས་གཡོན་དབུས་དང་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་རིམ་པར་བཀོད་དེ་བཞག །
དེ་ནི་དམ་ཚིག་གི་སྐུད་པའི་རིམ་པའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པའི་རིགས་ལྔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་འོད་དུ་གནས་པར་བསམས་ཏེ། རང་གི་མིག་གཉིས་སུ་ཉི་མ་བསམས་ཏེ། དེའི་སྟེང་དུ་ཛཿདམར་པོ་བསམ། དེ་ནས་མིག་གི་རྫི་མ་འདྲེན་པས། ཡེ་ཤེས་ཀྱི་སྐུད་
པ་ཛཿས་དྲངས་ནས་དམ་ཚིག་གི་སྐུད་པ་ལ་གཞུག་གོ། །དེ་ནས་མཆོད་པ་ལྔས་མཆོད་དོ། །ཡེ་ཤེས་ཀྱི་སྐུད་པའི་རིམ་པའོ། །དེ་ནས་སློབ་དཔོན་ནུབ་ཏུ་འདུག་ནས། སྐུད་པ་རྡོ་རྗེའི་ཁུ་ཚུར་གཡོན་པས་བཟུང་ལ། གཙོ་བོར་བསྒོམས་ལ། ལྟེ་བར་ཁུ་ཚུར་བཞག་ལ་ཛཿགསུམ་གྱིས་སློབ་མའི་
ལག་ཏུ་གཡས་པས་དྲངས་ཏེ་བྱིན་ལ། ཚངས་པའི་ཐིག་དང་པོ་གདབ་བོ། །ཨོཾ་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་གྱེན་དུ་བཏབ་པའི་སྒྲས་དེ་བཞིན་གཤེགས་པ་རྣམས་འགྲོ་བའི་དོན་གྱི་དུས་ལ་བབ་པོ་བར་བསྐུལ་ལོ། །དེ་ནས་ཚངས་ཐིག་གཉིས་པ་ཡང་དེ་བཞིན་དུ་གདབ་པར་བྱའོ། །དེ་ནས་
ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པས་བྱིན་གྱིས་བརླབས་ལ་སའི་ཐིག་བཏབ་ལ། དེའི་སྟེང་དུ་ཡེ་ཤེས་ཀྱི་ཐིག་བཏབ་ལ་སྔ་མའི་ཐིག་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་ལ་མཆོད་པ་བྱས་ལ་སླར་གཤེགས་སུ་གསོལ་ལོ། །དེ་ནས་ཚངས་པའི་ཐིག་དང་པོ་བཏབ་ལ་བྱ་
རོག་རྗེས་གཉིས་ལྷོ་བྱང་དུ་བྲིའོ། །དེ་ནས་གཉིས་པ་བཏབ་སྟེ། དེས་ཟུར་བཞིའི་བྱ་རྗེས་བཙལ་ལོ། །དང་པོ་ཤར་གདབ། དེ་ནས་ནུབ་གདབ། དེ་ནས་བྱང་། དེ་ནས་ལྷོ་གདབ། དེ་ནས་མེ་རླུང་གི་གྲུ་གདབ། སྲིན་པོ་དང་དབང་ལྡན་གདབ། དེ་ནས་ཆ་ཆེན་ཉི་ཤུར་བཏབ་ན་བདེ་བ་ཡིན། དེ་ལ་
དབུས་ཀྱི་ཕོ་བྲང་དང་སྒོ་རྟ་བབས་དང་བཅས་པའོ། །རྡོ་རྗེ་རབ་མེ་རི་གཉིས་བཅོ་བརྒྱད་མ་གཏོགས་ཕྱི་ནས་བཙལ་བ་ཐིག་གི་རིམ་པའོ། །དེ་ནས་ཚོན་སྣ་ལྔའི་རིམ་པར་བཞག་སྟེ། སྟོང་པ་ཉིད་ལས་ཡི་གེ་ལྔ་ལས་བསྐྱེད་དེ། དྲི་དང་བདུད་རྩིས་བསངས་ལ། དེ་ནས་སྔ་མ་བཞིན་དུ་ཡེ་ཤེས་ཚོན་འབར་

བའི་ལྟ་བས་སྔ་མ་བཞིན་དུ་བཀུག་ལ་བསྟིམ་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་སྟྭཾ་ཞེས་བཟླས། དེ་ནས་བྱང་ཤར་མཚམས་ནས་དཀར་པོ་དྲངས་ཏེ། མཛུབ་གང་བླ་མའི་ལག་པ་གཡོན་པས་བྲིའོ། །དེ་ནས། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ཀུན་སྒྲོལ་བྱེད་པ། །རྒྱལ་བ་རྡོ་རྗེ་གནམ་
ལྕགས་མཆུ་འབར་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་དེ། དེས་མཆོད་ལ་རིན་པོ་ཆེའི་སྣོད་ཀྱིས་བཀབ་ལ་གཞག་གོ། །དེ་ནས་དབུས་ནས་བྲི་བར་བྱ་སྟེ། རྡོ་རྗེ་རྩེ་ལྔ་རྒྱ་གྲམ་རྡོ་རྗེ་ར་བར་ལྡན་པ། དེ་ནི་དབུས་ཀྱི་དཀྱིལ་འཁོར་ཡིན། །དེ་ནས་ཕྱི་ཡི་ཟླུམ་པོ་ནི། །འཁོར་
ལོ་རྩིབས་བཅུའི་ལྟེ་བ་བྱ། །དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བ་བྱ། །གྲུ་ཆད་སྣམ་བུ་བཞི་དང་ལྡན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །དྲིལ་བུ་དང་ནི་འཕན་ལ་སོགས། །མེ་ཏོག་ཕྲེང་བ་རྣམས་ཀྱིས་བརྒྱན། །གྲྭ་རྣམས་དང་ནི་སྒོ་ཁྱུད་དུ། །རྡོ་རྗེ་རིན་ཆེན་སྤྲས་པ་དང་། །
དེ་བཞིན་ཟླ་བ་ཕྱེད་པས་བརྒྱན། །རྡོ་རྗེའི་ཕྲེང་བ་དང་པདྨའི་ཕྲེང་བ་བྱའོ། །མཚན་མ་དགོད་པ་ཡང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་རྡོ་རྗེ་དྲིལ་བུ་དགོད་པར་བྱ། ཤར་གྱི་རྡོ་རྗེའི་རྩིབས་རྩ་ལ་རལ་གྲི་བྲི། ལྷོའི་རྡོ་རྗེའི་རྩིབས་རྩ་ལ་སེང་ལྡེང་གི་ཕུར་བུ། ནུབ་ཀྱི་རྡོ་རྗེའི་རྩིབས་རྩ་ལ་གནམ་ལྕགས་ཀྱི་ཐོ་བ།
བྱང་གི་རྡོ་རྗེའི་རྩིབས་རྩ་ལ་ལྕགས་ཀྱུ་ཞགས་པ་དགོད་དེ། དེ་དག་ནི་ནང་གི་ཕྱག་རྒྱ་དགོད་པའོ། །འཁོར་ལོའི་རྩིབས་བཅུ་དགོད་པ་ནི། ཁྲོ་བོ་བཅུའི་ཕྱག་མཚན་དགོད་དེ་རྒྱུད་གཞན་དང་མཐུན། འཁོར་ལོའི་གྲྭ་བཞིར་ནང་གི་ལྷ་མོ་བཞིའི་ཕྱག་མཚན་དགོད། ལྷ་སྣམ་གྱི་གཞིར་ཕྱི་ཡི་ལྷ་མོ་
བཞིའི་ཕྱག་མཚན་དགོད། སྒོ་བཞིར་སྒོ་སྲུང་བཞིའི་ཕྱག་མཚན་དགོད་དེ་རྒྱུད་གཞན་དང་མཐུན། དཀར་པོ་སེར་པོ་དམར་པོ་དང་། །དེ་བཞིན་དུ་ནི་ལྗང་དང་སྔོ། །སྔོན་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པ་ཡིན། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོ་ཕྱོགས་སུ་ནི་སེར་པོ་ཆེ། །བྱང་ནི་
ལྗང་གུ་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ནག་པོ་མིག་སྨན་བཅག་དང་མཚུངས། །འདི་དག་ནི་དཀྱིལ་འཁོར་བྲི་ཞིང་ཕྱག་རྒྱ་དགོད་པའི་རིམ་པའོ། །དེ་ནས་བུམ་པ་དགོད་དེ། གཙོ་བོའི་བུམ་པ་དབུས་སུ་དགོད། ལས་ཀྱི་བུམ་པ་བྱང་ཤར་མཚམས་སུ་གཞག་སྟེ། ཁྱོད་ཀྱིས་

བགེགས་བསྲུང་བ་གྱིས་ཤིག་ཅེས་བརྗོད་ནས། བིགྷྣཱཾ་ཏ་ཀྲྀ་ཏ་བཟླས། བུམ་པ་གཞན་རྣམས་ནི་དང་པོ་ལྷ་གང་བསྒོམས་པའི་ཕྱོགས་སུ་གཞག་གོ། །དེ་ནས་སྦྱིན་སྲེག་གི་ཆོ་ག་ནི། སྒྲུབ་པའི་ཐབས་སུ་རྒྱས་པར་བཤད་པས་འདིར་མ་བྲིས་སོ། །དེ་ནས་མཆོད་པའི་རྫས་ནི།
མེ་ཏོག་སྣོད་ནི་བརྒྱ་འམ་སྟོང་ངམ་བཅུའོ། །བདུག་སྤོས་དང་མར་མེ་དང་དྲི་ཆབ་དང་། ཞལ་ཟས་ཀྱི་སྣོད་བརྒྱ་འམ། སྟོང་ངམ་བཅུ་ལས་ཉུང་དུ་མི་རུང་ངོ་། །ཨརྒྷཾ་དང་ཞལ་བསིལ་དང་རོལ་མོའི་བྱེ་བྲག་རྣམ་པ་སྣ་ཚོགས་པ་དུང་དང་། རྫ་རྔ་དང་། འཁར་རྔ་དང་། པི་ཝང་དང་། གླིང་བུ་དང་། ཌ་མ་
རུ་དང་། དྲིལ་བུ་གཡེར་ཀ་དང་། ཕེག་རྡོབ་པ་དང་། རྔ་རིངས་ལ་སོགས་པ་ཡང་འབྱོར་ཚད་དོ། །གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། འཕན་དང་། སྤྲིན་ཆེན་པོ་ལ་སོགས་པ་ཡང་བྲིའོ། །སློབ་མའི་གྲངས་དང་བསྟུན་པའི་གཏོར་མ་དུ་འབྱོར་པ་དང་། གཞན་ཡང་ལྷ་
རྣམས་ལ་འབུལ་བའི་ཚོགས་ཀྱི་རྫས་དང་། བདུད་རྩི་ལྔ་དང་། རས་ཟུང་དང་བཅས་པ་མཆོད་རྫས་འབྱོར་ཚད་པ་ཡང་གཞག་གོ། །མཆོད་པའི་རྫས་ཀྱི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་ཤེས་ནས་ནི། དེ་ནས་རྒྱན་གྱིས་བརྒྱན་པའི་
གུ་རུས་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་བྱས་ཏེ། མེ་ཏོག་གི་ཕྲེང་བ་སྔོན་པོ་བླངས་ཏེ་ཧཱུྃ་བཞིའི་སྔགས་ཟློས་ཤིང་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་ལན་གསུམ་བསྐོར་ཏེ། བལྟས་ལ་ཕྲེང་བ་དེ་བཅོམ་ལྡན་འདས་ལ་ཕུལ་ལ། ཡང་གར་བྱ་བའི་ཚུལ་གྱིས་རང་གི་མགོ་ལ་བཅིངས་
ནས་ཕྱག་བྱའོ། །རང་ལྷའི་རྣལ་འབྱོར་དུ་འཇུག་པར་བྱ་སྟེ། དང་པོར་ཁྲོ་བོ་གནོད་མཛེས་ཀྱིས་བགེགས་བསལ་བའི་སྦྱོར་བ་སྔོན་དུ་བྱས་ནས་བླ་མ་མཆོད་པ་དང་། སྟོང་པ་ཉིད་དང་། ཡེ་ཤེས་ཀྱི་ཡན་ལག་བསྒོམས་ནས། འབྱུང་བ་རིམ་བརྩེགས་དང་། གཞལ་ཡས་ཁང་བསྒོམ་པ་དང་། དམ་ཚིག་
བསྐྱེད་ལ་ཡེ་ཤེས་སྤྱན་དྲངས་ཤིང་བསྟིམས་ལ། མཆོད་བསྟོད་བདུད་རྩི་མྱང་བ་ཡན་ཆད་བྱས་ལ། གཏོར་མས་འབྱུང་པོ་ཐམས་ཅད་ཚིམ་པར་བྱས་ལ། དེ་ནས་སྒོམ་པ་སྔོན་དུ་འགྲོ་བས་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་དཀྱིལ་འཁོར་སློབ་དཔོན་གྱིས་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་དཀྱིལ་

འཁོར་དང་བསྲེས་ནས་བསང་གཏོར་དང་མཆོད་པ་དང་བདུད་རྩི་མྱང་བ་དང་། རས་ཟུང་ཐམས་ཅད་དབུལ་བར་བྱའོ། །མཆོད་པའི་རིམ་པའོ། །དེ་ནས་རང་དབང་བླངས་ལ། དཀྱིལ་འཁོར་ལྷ་ལ་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། སེམས་ཅན་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་
བྱའོ། །ཡང་། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་རྩེ་མོ་ནས་འབྱུང་བ་བཞིན་དུ་གསོལ་བ་བཏབ་ལ་དཔལ་མཆོག་དང་པོ་ནས་འབྱུང་བའི་གླུས་ཉེ་བར་བསྐུལ་བ་ཞེས་བྱ་སྟེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །
ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་
ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་
མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེ་གསལ་བ། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །
བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་ཀྱི་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་རབ་རྫོགས་མཛད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་
ལས་ཀུན་དུ་འབྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་

ཡིན་པའོ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོངས་གྱུར་ཅིག །དེ་ནས་སློབ་མ་ཕྱི་རོལ་ན་གནས་པའི་དྲུང་དུ། ལས་ཀྱི་སློབ་དཔོན་གྱིས་མར་མེ་གདོང་གཡོགས་སྤོས་ཆུ་རྣམས་བཤམས་ཏེ། སློབ་མ་རེ་རེ་ནས་བཀུག་ལ་མཎྜལ་ཕུལ་ལག་ན་
མེ་ཏོག་ཐོགས་པའི་སློབ་མས་གསོལ་བ་ལན་གསུམ་གདབ་བོ། །སངས་རྒྱས་རྣམས་ཀྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོ་ཁྲོ་བོར་བཅས་པ་ཡི། །ལ་སོགས་པ་བརྗོད་ཅིང་བསམས་ལ། གདོང་གཡོགས་ལ། རྡོ་རྗེ་ནས་བཟུང་སྟེ་ནང་དུ་གཞུག །དེ་ནས་སློབ་
དཔོན་གྱིས། དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་པ་ལ་སོགས་པས་གསོལ་བ་གདབ་བོ། །ཁྱོད་སུ་ཡིན་ཞེས་ཀྱང་དྲིའོ། །དཀྱིལ་འཁོར་གྱི་ལྷ་ལ་སྒོ་བཞི་ནས་ཕྱག་བྱེད་དུ་བཅུག །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བསྐྱེད་ལ། དེ་ནས་ཨཱ་ཁཾ་བཱི་ར་ཧཱུྃ། རྡོ་རྗེར་གྱུར་པའི་ཡིད་ཀྱིས་
སུ། །བྱང་ཆུབ་ཚོགས་ནི་རྫོགས་བྱའི་ཕྱིར། །ལག་པ་སྟོང་པས་མི་བྱའོ། །ཞེས་མེ་ཏོག་འཛིན་དུ་བཅུག་ལ། ཤར་སྒོར་སྟན་ལ་ཧཱུྃ་གིས་གཞག་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ནས། དགེ་བའི་རྩ་བ་བསྔོ་བའི་བར་དུ་བྱེད་དུ་བཅུག་ལ། དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། སངས་རྒྱས་
ཆོས་དང་དགེ་འདུན་ཏེ། །ཞེས་པ་ནས་མཆོད་པའི་ལས་ཀྱང་ཅི་ནུས་བགྱི་བའི་བར་དང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་ནས། །སྔགས་པས་འདི་དག་སྤངས་ནས་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར་གྱི་བར་དུ་ཕོག་ལ། སློབ་མས་གཙོ་བོ་འདི་ནི་
བདག་ལ་གསོན་ནས། སེམས་ཅན་མྱ་ངན་འདས་ལ་དགོད་ཀྱི་བར་དུ་བརྗོད་ལ་ཁས་བླང་ངོ་། །དེ་ནས་ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་གིས་བསངས་ལ། དེ་ནས་སརྦ་ཡོ་ག་ཙིཏྟོཏྤཱ་ད་ཡཱ་མི་ཞེས་པས་རྣལ་འབྱོར་དུ་སེམས་བསྐྱེད་ལ། དེའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་བསྐྱེད་དེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། བོ་དྷི་ཙིཏྟ་
བཛྲ་སིདྷྱ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་དེ། སྙིང་གར་རྡོ་རྗེ་གཞག་གོ། །དུས་འདིར་ཁྱོད་ཉིད་ནི་སངས་རྒྱས་གྲུབ་པར་གསུངས། གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ནན་ཏན་གནས་པར་བྱའོ། །རྡོ་རྗེ་གནམ་ལྕགས་འབར་

བའི་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བཀས་ཏེ་གཤེགས། །དེ་ནས་པདྨའི་སྣོད་ནས་དྲི་དང་བདུད་རྩི་ལྔའི་ཆུ་སྦྱིན་མགོར་རྡོ་རྗེ་བཞག་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུངས་ཤིག་
རྡོ་རྗེ་ཆུ་འཐུངས་ཤིག །ཨོཾ་བཛྲོ་ཏྐ་ཋ་ཋ་ཋ་ཋ། དེང་ནས་བརྩམས་ཏེ་ཁྱོད་ཀྱིས་རྡོ་རྗེ་གནམ་ལྕགས་འབར་བ་ང་ཡིན་གྱིས། ངས་གང་གྱིས་ཤིག་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས། སེམས་ཅན་དམྱལ་
བར་སྐྱེས་པར་གྱུར་ཏ་རེ། དམ་ཆུ་བླུད་པའི་རིམ་པའོ། །དེ་ནས་སློབ་མ་ཨ་མི་དེ་བར་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་བརྗོད་ནས་མན་ངག་ཇི་ལྟ་བ་བཞིན་དུ་ཡེ་ཤེས་དབབ་བོ། །དེ་ནས་མཐོང་བ་དྲི་
བར་བྱའོ། །དེ་ནས་མེ་ཏོག་དོར་བ་ནི། ཇི་ལྟར་དེ་བཞིན་བསོད་ནམས་ལྷའི། །རིགས་ཀྱི་བྱེ་བྲག་འདི་ལའོ། །རིགས་ཀྱི་ནང་ན་འདི་བཟང་ངོ་། །དེ་ཡི་དངོས་གྲུབ་འདི་འབྱུང་བས། །དེ་ཡི་བསོད་ནམས་རྗེས་འབྱུང་བའོ། །དེ་འདྲ་བའི་དཀྱིལ་འཁོར་འདི་ལའོ། །ཞེས་བརྗོད་ནས་མེ་ཏོག་དོར་བར་
བྱའོ། །པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པར་བྱའོ། །ལྷ་གང་ལ་འབེབས་པ་དང་། སྐུའི་སྟོད་སྨད་ལ་སོགས་པའི་བྱེ་བྲག་གིས་དངོས་གྲུབ་བཟང་ངན་དག་འབྱུང་བར་ཤེས་པར་བྱའོ། །མེ་ཏོག་དང་ལྟས་ཀྱི་རིམ་པའོ། །གདོང་གཡོགས་དགྲོལ་བ་ནི། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་
ནི་བརྩོན་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །ཧེ་བཛྲ་པཱ་ཤྱ། ཨོཾ་བཛྲ་ག་ཤན་ཙཀྵུ་ཙཀྵུ་པྲ་བེ་ཤ་ཕཊ། ཅེས་པས་གདོང་གཡོགས་དགྲོལ་ལོ། །དེ་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །བྱ་བ་ལ་སོགས་པ་བརྗོད་ལ་
ལྷ་ངོ་བསྟན་ཏོ། །དེ་ནས་བུམ་པ་རྣམས་ཀྱི་ཆུ་ལྷན་ཅིག་ཏུ་བསྡུས་ལ། སློབ་མའི་སྤྱི་བོར་དབང་བསྐུར་བ་སྦྱིན་ཏེ། ཨོཾ་ཨ་བྷི་ཥིཉྩ་སྤྱི་བོར་ཆུ་བླུགས་ལ་རིགས་ཀྱི་བདག་པོ་མི་བསྐྱོད་པས་བརྒྱན་པར་བསམ་མོ། །དེ་ནས་དབུ་རྒྱན་སྟོང་པ་ཉིད་ལས་བྲཱུྃ་ཛྲཱིཾ་ཨཱྃ་ཁྃ་ཧཱུྃ་ལས་རིགས་ལྔར་བསྐྱེད་དོ། །སངས་རྒྱས་

ལྔ་དེར་བཅུག་ལ་སློབ་མའི་མགོ་ལ་བཞག་ལ། ཨོཾ་རཏྣ་ཀུ་ལ་མུ་དྲ་ཨ་བྷི་ཥིཉྩཱ་མི་ཞེས་བརྗོད་དེ་དབུ་རྒྱན་གྱི་དབང་བསྐུར་རོ། །དེ་ནས་རྡོ་རྗེ་སྟོང་པ་ཉིད་ལས་པཾ་ལས་ཨ་མི་དེ་བར་བསྐྱེད། བཀུག་ལ་མཆོད་དེ་གྱུར་པ་ལས་རྡོ་རྗེར་བྱས་ལ་སྦྱིན་ནོ། །ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩཱ་
མི་ཞེས་པས་ལག་ཏུ་སྦྱིན་ནོ། །དེ་ནས་དྲིལ་བུ་སྟོང་པ་ཉིད་ལས་དོན་ཡོད་གྲུབ་པར་བསྐྱེད་པ་དང་། བཀུག་ལ་མཆོད་དེ་སླར་དྲིལ་བུར་བྱས་ལ། ལག་པ་གཡོན་པར་དྲིལ་བུ་གཏད་ལ། ཨོཾ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩཱ་མི་ཞེས་བདག་པོའི་དབང་སྦྱིན་ནོ། །དེ་ནས་རྡོར་དྲིལ་གཉིས་སློབ་མའི་མགོར་
བསྣོལ་ཏེ་བཞག་ནས། མིང་གི་དབང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཆོས་ཀྱི་རྣམ་པར་སྣང་བའི་བདག་ཉིད་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བྱིན་ལ་ཀྱེ་དཔལ་ཆེ་གེ་མོ་ཞེས་ལྷ་གང་ལ་མེ་ཏོག་བབས་པའི་ཞབས་ཀྱིས་མཚན་པའི་མིང་གི་དབང་བསྐུར་རོ། །
འདི་ནི་རིག་པའི་དབང་ལྔའོ། །རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། བདག་གཞན་དོན་ནི་རྫོགས་བྱེད་པ། །རྡོ་རྗེ་སློབ་དཔོན་དབང་ཡིན་ཏེ། །ཐུགས་རྗེའི་བདག་པོ་སྩལ་དུ་གསོལ། །ཞེས་ཞུས་པས་དེ་ནས་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་བསྐྱེད་ལ་མཆོད་དེ་སླར་རྡོ་རྗེར་བསྐྱེད་ལ།
ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་ཉིད་བདག །ཕྱག་ན་རྡོ་རྗེའི་སྐྱེས་བུའོ། །ཞེས་བརྗོད་ནས་རྡོ་རྗེ་སྦྱིན་ནོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །
རྟག་པར་ཁྱོད་ཀྱིས་གཟུང་བ་ཡིན། །རྒྱལ་བའི་བྱང་ཆུབ་མཆོད་པར་གྱིས། །ཞེས་དྲིལ་བུ་གཡོན་པར་སྦྱིན་ནོ། །སྲིད་པ་ངོ་བོ་ཉིད་ལས་དག །བརྗོད་ལ་དཀྲོལ་ལོ། །དེ་ནས་ལྷག་པར་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་སྦྱིན་ཏེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་ཞི་
བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །ཅེས་བརྗོད་ལ་གཞལ་ཡས་ཁང་དང་ལྷའི་རྣམ་པར་དག་པ་བསྟན་ཏེ། གདམས་ངག་བཞིན་ནོ། །དེ་ནས་རྗེས་གནང་སྦྱིན་པ་ནི། །འཇིག་རྟེན་ཁམས་ནི་མ་ལུས་པ། །སེམས་ཅན་ཀུན་ལ་ཕན་པའི་

ཕྱིར། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་བར་དུ་བསྐུར་རོ། དེ་ནས་དངོས་གྲུབ་ཀྱི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་འདུག །རྟག་ཏུ་ཁྱོད་ཀྱིས་གཟུང་བར་
གྱིས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །དེ་ནས་སློབ་མ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསྐྱེད་ལ་བླ་གོས་ཀྱི་མཐའ་མ་ལག་པ་གཡོན་པས་བཟུང་བའི་ཁུ་ཚུར་སྙིང་གར་བཟུང་ལ། གཡས་པ་མཆོག་སྦྱིན་དུ་བྱས་ལ། ལུང་བསྟན་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །
འཕགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། །རྡོ་རྗེ་འཛིན་པར་ལུང་བསྟན་གྱིས། །ཤེས་རབ་ཀྱི་ལུང་བསྟན་སྦྱིན་ནོ། །དེ་ནས་གསང་བའི་ཡེ་ཤེས་བསླབ་པ་ནི། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ཡང་སྡིག་མེད་དོ། །དེ་བས་འདོད་ཆགས་བྲལ་བར་བྱ། །ཁྱོད་ནི་ནམ་ཡང་མ་
བྱེད་ཅིང་། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་ཤི་བ་ཡོང་མིན་ཏེ། །སྡུག་བསྔལ་བསྲིས་པས་མྱ་ངན་འདས། །སྲིད་པ་གཏན་དུ་དངོས་གྲུབ་འགྱུར། །རང་བདག་ཡོངས་སུ་བོར་ནས་ནི། །དཀའ་ཐུབ་སྤྱད་པར་མི་བྱ་སྟེ། །ཇི་ལྟར་བདེ་བར་བསྒྲུབས་ནས་ནི། །སངས་རྒྱས་དངོས་གྲུབ་ཐོབ་པར་
འགྱུར། །དེ་ལྟར་སློབ་དཔོན་དཀྱིལ་འཁོར་ནི། །སྔགས་དང་རྒྱུད་ཀྱི་ཕྲིན་ལས་ཅན། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །སྙིང་རྗེའི་དབང་གིས་སེམས་ཅན་དོན། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་དག །བརྩོན་པར་བྲི་དང་རྒྱུད་ལ་ནི། །ཉན་དང་བསྒྲུབ་པ་དག་ཏུ་གྱིས། །ཞེས་གནང་བ་སྦྱིན་
ནོ། །དབང་དག་རྫོགས་ནས་དཀྱིལ་འཁོར་གྱི་ལྷ་དང་། བླ་མལ་སྒྲ་སྣ་ཚོགས་དང་། རོལ་མོའི་བྱེ་བྲག་གིས་མཆོད་ནས་བསྐོར་བ་བྱས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སྙིང་གར་བཀོད་ལ། ཚོགས་དང་ནང་གི་སྦྱིན་སྲེག་གིས་ཚིམ་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་གདོན། །བཟོད་
པར་གསོལ། ཨོཾ་ཨཱཿཧཱུྃ་མུཿས་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་ཕྱགས་ལ་དམན་མ་ལ་སོགས་པ་གཏོར་མ་དང་རོལ་མོས་ཆུ་བོ་ཆེན་པོར་དོར་རོ། །བདག་གིས་དཀྱིལ་འཁོར་ཆོ་ག་ལེགས་སྦྱར་བས། །བསྒྱུར་བ་བསོད་ནམས་གང་ཐོབ་པ། །དེ་ཡིས་ཁམས་གསུམ་འགྲོ་བ་

ཀུན། །དཔལ་ལྡན་གནས་སུ་འགྲོ་བར་ཤོག །ནོར་པར་གྱུར་ན་མཁྱེན་པ་རྣམས་ལ་བཟོད་པར་གསོལ། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་བླ་མ་མཻ་ཏྲི་
པས་མཛད་པ་རྫོགས་སོ།། །།པཎྜི་ཏ་བལ་པོ་དེ་བ་པུརྞ་མ་ཏི་དང་། བོད་ཀྱི་ལོ་ཙཱ་བ་མགར་ཆོས་ཀྱི་བཟང་པོས་བལ་པོའི་ཡུལ་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་པོ་སྒྲུབ་པའི་ཐབས། །
མགོན་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཀླུ་ལ་སོགས་པའི་རྒྱན་གྱིས་འཇིགས། །མགོན་པོ་གཤིན་རྗེ་གཤེད་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བདེ་བའི་སྟན་ལ་མཉམ་འདུག་སྟེ། །ཧཱུྃ་ནི་སྔོན་པོ་སྙིང་གར་དགོད། །དེས་བསྐྱེད་མཆོད་
པའི་ཁྱད་པར་གྱིས། །གུས་པས་གཙོ་བོ་ཡང་དག་མཆོད། །བྱས་ནས་དེ་ཡི་མདུན་དུ་ནི། །སྡིག་པ་བཤགས་པ་ལ་སོགས་བྱ། །འགྲོ་ཀུན་དངོས་པོ་མེད་པ་ཡི། །དེ་བཞིན་ཉིད་དུ་གསལ་པོར་བལྟ། །སྙིང་གའི་ས་བོན་གྱུར་ཚོན་བྱུང་། །ཞབས་ཀྱི་པདྨ་གཡོན་བརྐྱང་ཞིང་། །ཁྲོ་གཉེར་གཡོ་
བས་འཇིགས་པའི་གདོང་། །ཨོག་སྦུ་མགོ་སྐྱེས་སེར་ལ་མཛེས། །ཞལ་གསུམ་ལྕེ་ནི་འདྲིལ་བ་ལ། །འཇིགས་བྱེད་མཆེ་བ་གཙིགས་པ་ཅན། །ཁྲག་གི་མིག་ཅན་གསུས་པོ་ཆེ། །ཆར་སྤྲིན་སྔོན་པོ་ལྟ་བུའི་མདོག །ཉི་མའི་དཀྱིལ་དུ་གནས་པ་ཡི། །མ་ཧེ་ལ་ནི་གནས་པས་མཚོན། །མིའུ་ཐུང་ལྟ་བུ་
སྟག་ལྤགས་མནབས། །བདེ་བྱེད་ལ་སོགས་དྲེགས་པ་འཇོམས། །ཉི་མའི་འོད་ཟེར་མདངས་ཆེན་པོས། །ནམ་མཁའ་མ་ལུས་ཀུན་དུ་འགེངས། །འབར་བའི་ཕྲེང་བ་དྲག་པོ་འབར། །འཇིག་པའི་བསྐལ་པའི་མེ་ལྟ་བུ། །འཁོར་ལོ་རལ་གྲི་གཏུན་ཤིང་དང་། །གྲི་གུག་སྟ་རེ་ཞགས་པ་
བསྣམས། །གཡས་དང་གཡོན་པ་མིན་པ་ཡི། །ལྷ་ཡི་ཕྱག་དྲུག་རྟག་ཏུ་བསྣམས། །འཇིགས་མཛད་ཁྲོར་བཅས་རབ་ཏུ་གྲགས། །བདུད་ནི་འདུལ་བྱེད་གཤིན་རྗེ་གཤེད། །གུར་ནི་ཧཱུྃ་གིས་བཀང་བྱས་པ། །འཇིགས་དང་བྲལ་ནས་བསྒོམ་པར་བྱ། །སྟོང་ཕྲག་ཉི་ཤུའི་ཕྱེད་དུ་ནི། །སྔགས་

རྣམས་སྔགས་རིག་པས་རྟག་ཏུ། །བཟླས་ཏེ་ལུས་སོགས་མ་ཡེངས་པས། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །འདི་སྔོན་བསྙེན་པའི་ཆོ་ག་སྟེ། །གསང་སྔགས་གྲགས་པར་བྱས་པ་བསྟན། །དེ་ནི་ཤིན་ཏུ་མང་བའི་ཕྱིར། །ལས་དང་རྗེས་མཐུན་མ་བསྟན་ཏེ། །དེ་ནི་དངོས་གྲུབ་གང་འདོད་
པས། །རྒྱུད་དང་བླ་མའི་མན་ངག་ལས། །ལས་ཀུན་གྲུབ་པའི་འཁོར་ལོ་ནི། །དཔའ་བོས་འབད་པས་ཤེས་པར་བྱ། །བླ་མ་བཞེད་པའི་ཆོ་ག་རྟོགས་པ་ལས། །བདག་གིས་སྒྲུབ་ཐབས་བྱས་པའི་བསོད་ནམས་ཀྱིས། །མངོན་པར་འདོད་པའི་འབྲས་བུ་མྱུར་དུ་ནི། །འཇིག་རྟེན་ཐམས་ཅད་ཀྱིས་ནི་ཐོབ་
པར་ཤོག །འཕགས་པ་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་གསུངས་པའི་ཕྱོགས་གཅིག་པའི་སྒྲུབ་ཐབས་རྫོགས་སོ།། །།ཁྲོ་བོའི་རྒྱལ་པོའི་ཀླུ་རྣམས་ཀྱི། །ཁ་དོག་ལ་སོགས་མི་དྲན་གང་། །དེ་ཕྱིར་དེ་ཡི་ཆེད་དུ་ནི། །དེ་དག་ཁ་དོག་དབྱིབས་ཀྱང་བཤད། །དགའ་བོ་རིགས་ལྡན་
ནག་པོ་སྟེ། །སྒྲ་ནི་བཅིངས་ནས་གནས་པ་ཡིན། །ཏཀྵ་ཀ་ནི་གསེར་མདོག་སྟེ། །རྣ་བའི་རྒྱན་དུ་འབད་པས་བྱས། །པདྨ་ཆེན་པོ་ལག་གདུབ་སྟེ། །གསེར་ནི་བསྲེགས་པ་ལྟ་བུའི་མདོག །མཆོད་ཕྱིར་ཐོགས་སུ་བྱས་པ་ནི། ཀརྐོ་ཊ་སྟེ་དཀར་པོ་ཡིན། །བ་སུ་ཀི་ནི་སྐེ་རགས་ཏེ། །པདྨ་དམར་པོ་དྲི་
མེད་མདངས། །རྐང་གདུབ་པདྨ་དུང་ཡིན་ཏེ། །ཀུན་དུ་བནྡུ་ཀ་ཡི་མདོག །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཨོཾ་ཨཱཿཀྲོ་དྷ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་ཧཱུྃ། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་
ཧཱུྃ་ཕཊ།། ༄༅༅། །རྒྱ་གར་སྐད་དུ། ཧྱ་གྲཱི་ཝ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། འཕགས་པ་རྟ་མགྲིན་ལ་ཕྱག་འཚལ་ལོ། །བདེ་སྦྱིན་བཅོམ་ལྡན་རྟ་མགྲིན་ནི། །གཡོན་བརྐྱང་ཞབས་ཀྱིས་ཡང་དག་བཞུགས། །ཁམས་གསུམ་རང་བཞིན་གསུམ་སྤྱན་གསུམ། །
དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །དང་པོར་སྔགས་ནི་རབ་ཏུ་བརྗོད། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཱུྃ། ལན་གསུམ་བརྗོད་པས་སྣང་སྲིད་ཀྱི། །དངོས་རྣམས་ཐམས་ཅད་དག་པར་བསམ། །ཁྱད་པར་རང་ལུས་ཤེལ་སྒོང་ལྟར། །རང་སྙིང་རཾ་སེར་འོད་འཕྲོས་པས། །ཉི་དཀྱིལ་

སྟེང་དུ་ཧྲཱིཿདམར་པོ། །དེ་ལས་ཕྱོགས་བཅུར་འོད་འཕྲོས་པས། །ཞགས་པ་ལྕགས་ཀྱུ་ལྟར་འཕྲོས་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྟ་མགྲིན་བླ་མ་ལ་སོགས་པ། །མདུན་དུ་སྤྱན་དྲངས་རང་སྙིང་ག །ཧྲཱིཿལས་མཆོད་པའི་ལྷ་མོ་ནི། །བདུག་སྤོས་སེར་མོ་ཕྱག་
ན་སྤོས། །མེ་ཏོག་མ་ནི་ཨུཏྤལ་བསྣམས། །སྐུ་ནི་རབ་ཏུ་མཐིང་གར་བཞུགས། །མར་མེ་མ་ནི་སྐུ་མདོག་དམར། །ཕྱག་ན་རིན་ཆེན་སྒྲོན་མ་འཛིན། །དྲི་ཆབ་མ་ནི་ལྗང་གུ་སྟེ། །ལག་ན་གསེར་གྱི་བུམ་འཛིན་མ། །ཞལ་ཟས་མ་ནི་སྐུ་མདོག་དཀར། །ལག་ན་གསེར་གཞོང་བདུད་རྩིས་གང་། །ཨོཾ་
བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། གང་ཡང་བདག་གིས་དུས་ཀུན་དུ། །སྡིག་པ་བགྱིས་པར་གང་གྱུར་པ། །སྐྲག་ནས་རྨི་འདྲར་འཆགས་བགྱིད་ཅིང་། དེང་ནས་བརྩམས་ཏེ་འབྱུང་མི་
བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། །དམ་པའི་སྐྱབས་གསུམ་ལ་སྐྱབས་མཆི། །དེ་རྗེས་ཚངས་པའི་གནས་བཞི་བསྒོམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།
ལན་གསུམ་བརྗོད་བྱ་ཏིང་འཛིན་གྱིས། །ཆོས་ནི་ཐམས་ཅད་སྟོང་པར་བསམ། །དེ་ཡི་ངང་ལས་མཁའ་དཀྱིལ་དུ། །རཾ་སེར་འོད་འཕྲོས་ཉི་དཀྱིལ་དུ། །དེ་སྟེང་ཡི་གེ་ཧཱུྃ་ལས་ནི། །འཕྲོས་འདུས་རྡོ་རྗེ་རྩེ་ལྔ་པ། །རྡོ་རྗེ་ར་བས་གཞི་གུར། །དེ་ཡི་དབུས་སུ་ཉི་དཀྱིལ་འཁོར། །དེ་སྟིང་ཡི་གེ་བྷྲཱུཾ་དཀར་
བསམ། །དེ་ལས་འོད་ཟེར་བྱུང་བས་ནི། །ཤར་དང་ལྷོ་དང་ནུབ་དང་བྱང་། །དུང་དང་བཻ་ཌཱུརྱ་དང་ཤེལ། །གསེར་ལས་གྲུབ་པའི་རིམ་པ་བཞིན། །གྲུ་བཞི་པ་ལ་སྒོ་བཞི་པ། །གསེར་གྱི་ཀ་བ་བརྒྱད་ཀྱིས་བཏེག །རིན་ཆེན་དུ་མས་སྟེང་ནི་ཕུབ། །རིན་ཆེན་དུ་མ་འཕྱང་བའོ། །ཡང་ན་ཐོད་པའི་
གཞལ་ཡས་ཁང་། །སྟོང་གསུམ་སྟོང་ཆེན་རྒྱ་ཁྱོན་ཙམ། །སྟེང་ནི་ཞིང་གིས་རབ་ཏུ་བཀབ། །གྲུ་བཞི་པ་ནི་རབ་ཏུ་བཀོད། །སེང་ལྡེང་ཀ་བ་བརྒྱད་ནི་གནས། །ཐོད་པ་བརྒྱད་ཀྱིས་ཀ་ཞུ་བརྒྱན། །ཕྱི་དང་ནང་ནི་རབ་ཏུ་གསལ། །རང་ནི་རཾ་སེར་གཅིག་ཏུ་བསྒོམ། །རཾ་ལས་འོད་ཟེར་འཕྲོས་འདུས་པས།

ཉི་དཀྱིལ་སྟེང་དུ་ཧྲཱིཿདམར་པོ། །དེ་ལས་འོད་འཕྲོས་སེམས་ཅན་གྱི། །དོན་བྱས་འཕགས་པ་མཆོད་ནས་ནི། །སླར་ཡང་འོད་ནི་ཧྲཱིཿལ་ཐིམ། །དེ་ཉིད་ཞུ་བས་ཐོག་མ་ནས། །བསགས་པའི་སྒྲིབ་གཉིས་ཡེ་ཤེས་ཀྱི། །མེས་ནི་རབ་ཏུ་བསྲེགས་པར་བསམ། །ཡེ་ཤེས་མེ་ལས་འོད་འཕྲོས་
འདུས། །སྔར་བཞིན་རབ་ཏུ་བསྒོམ་པར་བྱ། །རང་ནི་བཅོམ་ལྡན་དཔལ་རྟ་མགྲིན། །དབུ་གསུམ་ཕྱག་དྲུག་སྐུ་མདོག་དམར། །དབུས་དང་གཡས་དང་གཡོན་དང་ནི། །དམར་དང་དཀར་དང་ནག་པོ་ཡི། །སྤྱན་གསུམ་དབུ་སྟེང་རྟ་མགོ་ཅན། །ལྗང་གུ་གསུམ་ནི་རབ་ཏུ་འཐོན། །ཚེམས་གཙིགས་
ཞལ་ནས་འབྲུག་ནི་སྒྲོགས། །ཐོད་སྐམ་ཐོད་བྱས་ཐོད་རློན་བརྒྱན། །ཡན་ལག་བྲང་འགྲོས་རབ་ཏུ་བརྒྱན། །སྟག་གི་ཤམ་ཐབས་གླང་ལྤགས་གྱོན། །ཕྱག་གཡས་རྡོ་རྗེ་གཡོན་ན་ཁྲབ། །གཡས་ཀྱི་གཉིས་པས་གསེར་ཞགས་བསྣམས། །གཡས་ཀྱི་ཐ་མ་སེང་ལྡེང་དབྱུག །གཡོན་
གྱི་གཉིས་པས་རལ་གྲི་འཛིན། །གཡོན་གྱི་ཐ་མ་སོར་མོ་ལས། །བྱ་ཁྱུང་བྱེ་བ་བྱེ་བ་འགྱེད། །ཞབས་ནི་དྲུག་གིས་ཀླུ་རྣམས་མནན། །བསྐལ་པའི་མེ་ལྟར་དབུས་ན་བཞུགས། །སྤྱི་བོ་མགྲིན་པ་སྙིང་ག་རུ། །ཨོཾ་ཨཱཿཧཱུྃ་དཀར་དམར་དང་གནག །སྙིང་གའི་རྡོ་རྗེ་རྩེ་ལྔ་ལས། །འོད་ཟེར་ཁ་དོག་
ལྔ་འཕྲོས་པས། །རྣམ་སྣང་མི་འཁྲུགས་རིན་འབྱུང་དང་། །ཚེ་དཔག་མེད་དང་དོན་ཡོད་གྲུབ། །མདུན་གྱི་མཁའ་ལ་སྤྱན་དྲངས་ལ། །ཨོཾ་དང་ཧཱུྃ་དང་ཏྲཱཾ་ཧྲཱིཿཨ། །སྤྱི་བོ་དཔྲལ་བ་རྣ་བ་གཡས། །ལྟག་པ་རྣ་བ་གཡོན་པ་རུ། བདུད་རྩིའི་བུམ་པས་དབང་བསྐུར་བསམ། །སྙིང་གའི་རྡོ་རྗེ་རྒྱ་གྲམ་ལས། །
ལྕགས་ཀྱུ་ལྟ་བུའི་འོད་འཕྲོས་པས། །ཡེ་ནས་གྲུབ་པའི་རྟ་མགྲིན་ནི། །ཉི་དཀྱིལ་བཞུགས་པས་སྤྱན་དྲངས་ལ། །རྒྱ་གྲམ་ལྗང་ལས་འོད་འཕྲོས་པས། །ལྷ་མོ་ལྔས་ནི་མཆོད་པ་འབུལ། །རྒྱ་གྲམ་དེ་ཡི་ཆང་པ་ལ། །ཛཿཧཱུྃ་བཾ་ཧོཿརབ་ཏུ་གསལ། །ཛཿལས་རྟ་མགྲིན་སྤྱན་དྲང་བྱ། །ཧཱུྃ་གིས་རབ་ཏུ་
གཞུག་པར་བྱ། །བཾ་གིས་རབ་ཏུ་བཅིང་བར་བྱ། །ཧོཿས་ནི་དེ་ལ་གཞུག་པར་བྱ། བསྒོམ་པས་དུབ་པར་གྱུར་ན་ནི། །བཟླས་པ་ཡང་ནི་བརྗོད་བྱ་སྟེ། །ཨ་ཚར་ཀ་ཚར་བཀོད་བྱས་ལ། །སྡེ་ཚན་དང་པོའི་བཅུ་གཉིས་པ། །སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། །དེ་ཉིད་ཀྱིས་ནི་གསུམ་པ་བཟུང་། །སྡེ་ཚན་

གསུམ་པའི་གསུམ་པ་བླང་། །སྡེ་ཚན་བདུན་པའི་གཉིས་པར་སྦྱར། །སྡེ་ཚན་གཉིས་པའི་དང་པོ་བླང་། །སྡེ་ཚན་དང་པོའི་བཅུ་གཉིས་པ། །སྡེ་ཚན་བདུན་པའི་གཉིས་པ་སྦྱར། །སྡེ་ཚན་བཞི་པའི་དང་པོ་བཟུང་། །དྲོད་ཀྱི་ཡི་གེ་བཞི་པ་བླང་། །མཐར་གནས་པ་ཡི་དང་པོ་བཟུང་། །
སྡེ་ཚན་གཉིས་པའི་གསུམ་པ་བླང་། །མཐར་གནས་ཡི་གེ་གཉིས་པ་སྦྱར། །སྡེ་ཚན་དང་པོའི་གསུམ་པས་བརྒྱན། །མཐར་གནས་བཞི་པོ་གཟུང་བར་བྱ། །དྲོད་ཀྱི་བཞི་པ་བླང་བྱས་ལ། །སྡེ་ཚན་དང་པོའི་ལྔ་པ་སྦྱར། །མཐར་གནས་གསུམ་པ་བླང་བྱས་ལ། །སྡེ་ཚན་དང་པོའི་ལྔ་པ་སྦྱིན། །ལན་
གཉིས་སུ་ནི་བརྗོད་པར་བྱ། །དྲོད་ཀྱི་བཞི་པ་གཟུང་བྱས་ལ། །སྡེ་ཚན་དང་པོའི་དྲུག་པ་སྦྱར། །སྡེ་ཚན་ལྔ་པའི་ལྔ་པ་སྦྱིན། །སྡེ་ཚན་ལྔ་པའི་གཉིས་པ་བླང་། །སྡེ་ཚན་གསུམ་པའི་དང་པོ་སྦྱིན། །ས་བོན་ཡི་གེ་འོད་འཕྲོས་པས། །ནམ་མཁའི་མཐའ་གཏུགས་རྟ་མགྲིན་དུ། །བཟླས་པས་དུབ་ན་ཡེ་
ཤེས་ནི། །སེམས་དཔའ་མདུན་དུ་སྤྱན་དྲངས་ལ། །ལྷ་མོ་ལྔས་ནི་སྔར་བཞིན་དུ། །ཡི་གེ་བརྒྱ་པ་བརྗོད་པར་བྱ། །དེ་རྗེས་བསྟོད་པ་ཡང་ནི་བརྗོད། །གཤེགས་ཕྱིར་ཛཿཛཿལན་གསུམ་བརྗོད། །རང་ནི་རྟ་མགྲིན་བསྒོམས་པ་ཡིས། །སྙིང་གར་ཉི་མའི་དཀྱིལ་འཁོར་དུ། །ཧྲཱིཿདམར་པོ་ལས་
ཕྱོགས་བཅུ་རུ། །ཕྱི་ནང་སྣོད་བཅུད་འོད་ཞུ་བས། །ཐམས་ཅད་རྟ་མགྲིན་རང་བཞིན་དུ། །འོད་ནི་རང་གི་ལུས་ལ་བསྡུ། །དམ་ཚིག་ཡེ་ཤེས་སེམས་དཔའ་ལ། །དེ་ནི་ཧྲཱིཿལ་རབ་ཏུ་བསྡུ། །དེ་ནི་དཀར་ལ་ཡུངས་ཀར་ཙམ། །དེ་ནི་རབ་ཏུ་དམིགས་མི་བྱ། །གསལ་ལ་མི་རྟོག་གཅིག་ཏུ་བསམ། །ལྷ་
ཡི་བུ་དང་ལྷ་ཀླུ་དང་། །བདག་གཞན་སྡུག་བསྔལ་ཞི་བ་དང་། །བགེགས་རིགས་གཞན་ནི་འདུལ་བ་དང་། །ལྷ་འདྲེ་མ་རུངས་འདུལ་བ་དང་། །ལྷ་འདྲེ་མཐུ་ཆེན་ཀླུ་མ་རུངས། །སེར་བ་བསྲུང་བར་འདོད་པ་ཡིས། །ཡུངས་ཀར་བརྒྱ་རྩ་བརྒྱད་དུ་བཟླས། །གཏོར་མ་གཏོང་བར་འདོད་པ་ཡིས། །
རང་ནི་ཡི་དམ་ལྷ་རུ་གནས། །སྙིང་གར་ཧྲཱིཿ་དམར་ཕྱོགས་བཅུ་ཡི། །འོད་འཕྲོས་སེམས་ཅན་རྟ་མགྲིན་བསྒོམ། །གཏོར་མའི་སྟེང་དུ་སྤྱན་དྲངས་ལ། །གཏོར་སྟེང་བཾ་དམར་པོ་ནི་བསམ། །དེ་ལས་འོད་འཕྲོས་བཾ་ལ་ཐིམ། །གཏོར་མ་རྣམ་པར་དག་བྱའི་ཕྱིར། །སརྦ་ཀ་རི་ལན་བདུན་བརྗོད། །དེ་ཉིད་

བདུད་རྩིར་བྱ་བའི་ཕྱིར། །ན་མཿསརྦ་ཏཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཉི་ཤུ་རྩ་གཅིག་ཅེས་བརྗོད་ལ། །ཡང་ན་ལན་བདུན་ཚན་བཞི་བརྗོད། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། སློབ་དཔོན་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། །།
དགེ་སློང་བ་རིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། རྟ་མགྲིན་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པས་དགོངས་ཤིང་རྟོགས་པའི་ཕྱིར་དངོས་པོ་ཐམས་ཅད་ནི་འདི་ལྟར་གདོད་མ་ནས་མ་སྐྱེས་
ཤིང་མི་གནས་པའི་ཕྱིར་རོ། །དེ་ནས་རི་རབ་ལྕོག་བརྒྱད་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། དེའི་དབུས་སུ་དཔག་ཚད་སྟོང་གི་ཚད་ཙམ་གྱི་འོད་ཀྱི་ཕུང་པོ་དེར་ཉེ་བར་གནས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ལུས་དང་ངག་དང་ཡིད་བྱིན་གྱིས་
བརླབ་པོ། །དེ་ནས་ནམ་མཁའ་ཁྱབ་པའི་ཉི་མའི་དཀྱིལ་འཁོར་སྤྲུལ་ལ། །དེ་ཉིད་དུ་ཧཱུྃ་ཡིག་འབར་བའི་རྣམ་པ་བསམ་པར་བྱའོ། །དེ་ནས། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱྃ། ཨོཾ་ཨཱཿཧཱུྃ་ཞེས་པ་འདི་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་རྣམ་པ་སྤྱན་དྲངས་ལ་བཞུགས་སོ། །ཡང་གཉིས་པ་ལ་ཧཱུྃ་ཡིག་གིས་རྟ་མགྲིན་བསྐུལ་ཞིང་སྤྱན་དྲངས་ལ་བཞུགས་སོ། །གསུམ་པ་ལ་ཧཱུྃ་ཡིག་གིས་བདག་ཉིད་རྡོ་རྗེ་རྟ་མགྲིན་གྱི་རང་བཞིན་ཅན་ཏེ། སྐུ་མདོག་དམར་པོ་འཇིགས་པར་མཛད་
པ། སྤྱན་གསུམ་པ། སྨ་ར་དམར་སེར་ཅན། དྲག་པོ། གསུས་པ་འཕྱང་བ། མཆེ་བ་གཙིགས་ཤིང་ཚེམས་ཀྱིས་མ་མཆུ་མནན་པ། མགོ་བོའི་ཕྲེང་བ་དང་རལ་བའི་ཅོད་པན་ཅན། འོད་དཔག་མེད་སྤྱི་བོར་བཞུགས་པ། ཞལ་གཉིས་པ། རྟ་ཞལ་སྔོན་པོ་ཧཱི་ཧཱིའི་སྒྲ་སྒྲོགས་པ།
སྲིད་རྩེའི་མཐར་ཐུག་པའི་ཚངས་པའི་སྒོ་ངའི་རྩེ་རྟ་ཞལ་གྱིས་མནན་པ། སྦྲུལ་བརྒྱད་ཀྱིས་བརྒྱན་པ། མིའུ་ཐུང་གི་རྣམ་པ་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། རྒྱན་ཀུན་གྱིས་བརྒྱན་པ། ལྷ་དང་ལྷ་མ་ཡིན་ཐམས་ཅད་བསྡིགས་པ་དང་དབྱིག་པ་འཆང་བའོ། །སྣ་ཚོགས་པའི་འོད་ཟེར་

གྱི་ཁ་དོག་སྤྲོ་བ་དང་བསྡུ་བ་སྔོན་བཞིན་བསམ་པར་བྱའོ། །བཅོམ་ལྡན་འདས་དེ་བསྒོམས་པ་ལས་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་ཀྱིས་གྲུབ་པ་མངོན་སུམ་དུ་འགྱུར་རོ་ཞེས་གསུངས་སོ། །
རྟོག་པ་བདུན་བརྒྱ་པ་ནས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་བཱ་རཱ་ཎ་སཱིའི་པཎྜི་པུ་རུ་ཥོཏྟ་མའི་ཞལ་སྔ་ནས་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་བཟང་པོས་ཉང་རོ་འཁྲིས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།
ཧ་ཡ་གྲཱི་བ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། རྟ་མགྲིན་ལ་ཕྱག་འཚལ་ལོ། །སྔར་གསུངས་པའི་ཆོ་གས་སྣ་ཚོགས་པདྨ་དང་ཉི་མ་ལ་ཡེ་ཤེས་ཧཾ་ཡིག་དམར་པོ་ལས་སྐྱེས་པའི་འཕགས་པ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་པ། ཕྱག་བརྒྱད་པ། སྤྱན་
གསུམ་པ། གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་སྔོན་པོ་དང་དཀར་པོའོ། །སྦྲུལ་གྱིས་བརྒྱན་ཅིང་འགྱིང་བས་བཞུགས་པ། ཞལ་དང་པོ་ཁྲོ་བོའི་མིག་གིས་བལྟ་བ། གཡས་ཀྱི་ཞལ་ནི་ལྗགས་འདྲིལ་བ། གཡོན་གྱི་ཞལ་ནི་ཚེམས་ཀྱིས་མ་མཆུ་མནན་པ། སྟག་གི་པགས་པའི་ཤམ་
ཐབས་ཅན་ནོ། །གཡས་ཀྱི་ཕྱག་བཞི་ན་རྡོ་རྗེ་དང་། དབྱིག་པ་དང་། ཕྱག་རྒྱ་དང་མདའོ། །གཡོན་གྱི་ཕྱག་བཞི་ཡིས་སྡིགས་མཛུབ་དང་། རང་གི་ནུ་མ་ལ་རེག་པ་དང་། པདྨ་དང་གཞུའོ། །ཅོད་པན་ལ་མི་བསྐྱོད་པ་བསམ་མོ། །འདི་ནི་རྟ་མཆོག་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཨོཾ་ཧཾ་ཧྱ་
གྲཱི་བ་སྭཱ་ཧཱ། ཞེས་པ་ནི་བཟླས་པའི་སྔགས་སོ། །རྟ་མགྲིན་གྱི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་ཡུལ་བཱ་རཱ་ཎ་སཱིའི་པཎྜི་ཏ་པུ་རུ་ཥོཏྟ་མའི་ཞལ་སྔ་ནས་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བླ་མ་དམ་པའི་བཀས་གཙུག་ལག་
ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧྱ་གྲཱི་བ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། རྟ་མགྲིན་ལ་ཕྱག་འཚལ་ལོ། །རྟ་མགྲིན་གྱི་ནི་སྒྲུབ་པའི་ཐབས། །དེ་ནས་ཡང་དག་

རབ་བཤད་བྱ། དང་པོ་རེ་ཞིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བདུད་རྩི་ལྔས་བྱུགས་ལ་ཇི་ལྟར་འདོད་པའི་སྟན་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་སྤྱོད་པ་ཐམས་
ཅད་ཀྱིས་ཡང་དག་པར་མཆོད་པ་དང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་ཡང་དག་པར་བརྗོད་དོ། །འདིའི་སྔགས་ཀྱིས་རང་དང་གཞན་སྟོང་པ་ཉིད་དུ་བསྒོམ་པར་
བྱའོ། །དེ་ནས་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ཐོད་པ་བདུད་རྩི་དང་བཅས་པ་དེར་བསམ་པར་བྱའོ། །དེར་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བསམ་པར་བྱ་བའི་སངས་རྒྱས་ནི་དྲག་པོ་ཞལ་བཞི་པ་ཞབས་བཞི་
པ། གཡས་པའི་ཞབས་བརྐྱང་བ། གཡོན་པའི་ཞབས་བསྐུམ་པའོ། །དཔའ་བོ་ཕྱག་བརྒྱད་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བ། གང་འདོད་པའི་དངོས་གྲུབ་ཀྱི་བདག་ཉིད་ཆེན་པོ་རྟ་མགྲིན་ནི། སྐུ་མདོག་དམར་པོ་མཆེ་བ་རྣོ་བ་གཙིགས་པ་སྤྱན་གསུམ་པ། རྩ་བའི་དང་གཡས་དང་
གཡོན་གྱི་ཞལ་ནི་དམར་པོ་དང་། །སྔོན་པོ་དང་དཀར་པོའོ། །སྤྱི་བོའི་རྟའི་ཞལ་གྱི་རྣམ་པ་དེའི་ཁ་དོག་ནི་ཤིང་པ་ལཱ་ཤ་བཞིན་ནོ། །ཐོད་པ་ཁྲག་དང་ཤ་ཆེན་པོས་གང་བ་སྔགས་རྣམས་ཀྱི་དབང་བསྐུར་བ་རབ་ཏུ་སྦྱིན་པར་བྱའོ། །རྟ་ཞལ་ལ་སོགས་པའི་དབུ་ལ་རྒྱན་ཐམས་ཅད་རྫོགས་པ། མགོ་བོའི་
ཕྲེང་བས་བརྒྱན་པའོ། །གཡས་ཀྱི་ཕྱག་རྣམས་ཀྱིས་ལྕགས་ཀྱུ་དང་། མདའ་དང་། ཐོད་པ་དང་རྡོ་རྗེའོ། །གཡོན་པ་རྣམས་ན་ཞགས་པ་དང་། གཞུ་དང་། ཁ་ཊྭཱཾ་ག་དང་། དྲིལ་བུའོ། །འདིར་སྒྲུབ་པ་པོས་དེ་འདྲ་བའི་བཅོམ་ལྡན་འདས་སུ་བསྒོམ་པར་བྱའོ། །མཆོད་པའི་བདག་ཉིད་བདུད་
རྩི་ལྔས་ཡང་དག་པར་མཆོད་པར་བྱའོ། །མདུན་དུ་བཞུགས་པའི་ལྷ་མོ་རྡོ་རྗེ་རྟ་མ་འཇིགས་མ་ཆེན་མོ་ཧྲཱིཿཡིག་ལས་ཡང་དག་པར་བྱུང་བ་ཞལ་གཅིག་མ། ཕྱག་བཞི་མ་གཡོན་ན་གཞུ་དང་ཐོད་པ་བདུད་རྩི་དང་བཅས་པའོ། །གཡས་ཀྱིས་མདའ་དང་རྩེ་གསུམ་མོ། །སྣ་ཚོགས་པའི་

སྐུ་ཡིད་དུ་འོང་བའི་གཟི་བརྗིད་ཅན། རྒྱབ་ཏུ་བཞུགས་པའི་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་ཧཾ་ལས་ཡང་དག་པར་བྱུང་བ། གཡོན་ན་ཁ་ཊྭཱཾ་ག་དང་། ཞགས་པ་ཆེན་པོ་འཛིན་པའོ། །གཡས་ན་ཐོད་པ་ཁྲག་གིས་གང་བ་དང་། དབྱིག་པའི་བརྟུལ་ཞུགས་འཆང་བའོ། །
ཀ་པཱ་ལའི་གདན་གྱི་དབུས་ན་བཞུགས་པ་སྐུ་མདོག་དམར་མོ་འབར་མ་ཆེན་མོ་མཚན་ནི་ཕག་མོར་བརྗོད་དོ། །གཡས་སུ་ནི་རྡོ་རྗེ་ཁྲོས་མ་ཐོད་པའི་གདན་ལ་ཡང་དག་པར་བཞུགས་མ། ཧྲཱིཿལས་ཡང་དག་པར་བྱུང་བའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡོན་ན་དུག་གིས་
གང་བའི་ཐོད་པ་དང་། ཞགས་པའི་རྒྱལ་མཚན་ནོ། །གཡས་སུ་ཌ་མ་རུ་དང་། དབྱིག་པའི་བརྟུལ་ཞུགས་འཆང་བའོ། །གཡོན་དུ་བཞུགས་པའི་ལྷ་མོ་ཁ་དོག་དཀར་མོ་ཕྱག་ན་རྡོ་རྗེ་ཅན་ཏེ། འདབ་མ་བཞི་རྣམས་ལ་བཞུགས་པའོ། །རྟ་མགྲིན་འཁོར་བཅས་ལ་མཆོད་པར་བྱའོ། །ལྷ་མོ་
ཐམས་ཅད་ཀྱི་དུག་དང་། དྲི་ཆུ་དང་བཅས་པས་སོ། །ཞབས་འོད་ཀྱི་ཕྲེང་བ་ལ་བཞུགས་ཤིང་མགོ་བོས་བརྒྱན་པ། སྤྱན་གསུམ་པ་མཆེ་བ་རྣོ་བ་གཙིགས་པ་འཇིགས་པར་མཛད་པ། གང་འདོད་པའི་དངོས་གྲུབ་ཀྱི་བདག་ཉིད་ཅན་ནོ། །སྔགས་ཀྱི་རྒྱལ་པོ་རྗེས་སུ་དྲན་ན་དེར་འདིའི་སྔགས་ནི།
ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿཨ་ཧཾ་ཨ་ཧ་ཨཾ་ཨཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། སྔགས་འདི་བསམ་པར་བྱའོ། །རྟག་ཏུ་བཟླས་པ་རྗེས་སུ་དྲན་པས། འབུམ་ཕྲག་གཉིས་དང་བྱེ་བ་ཕྲག་གཅིག་གིས་དེ་ནད་མེད་པར་འགྱུར་རོ། །གང་ཡང་སྔར་བསགས་པའི་སྡིག་པ་འཇོམས་པ་དང་། དུས་ཐམས་ཅད་དུ་རྣལ་འབྱོར་གྱི་
དབང་ཕྱུག་གིས་བསྲུང་བར་འགྱུར་རོ། །འདི་ཉིད་ཀྱི་ལྷ་མོ་རྟ་གདོང་མ་ནི་བརྟན་པ་སའི་དངོས་པོ་དང་། བྱམས་པ་འཕྲོ་བའི་སེམས་དང་མེ་ལོང་ལྟ་བུའི་རྣལ་འབྱོར་རོ། །གཡས་གཡོན་གྱི་ལྷ་མོ་ནི་ཆུ་དང་། སྙིང་རྗེ་དང་མཉམ་ཉིད་དང་མེ་དང་དགའ་བ་དང་། སོ་སོར་རྟོག་པའི་རང་བཞིན་ནོ། །
ལྷ་མོ་གླང་གདོང་མ་ནི་རླུང་གི་དངོས་པོ་དང་བཏང་སྙོམས་ཀྱི་སེམས་སུ་དྲན་ཞིང་བྱ་བ་རྗེས་སུ་གྲུབ་པའི་རྣལ་འབྱོར་རོ། །སྣ་ཚོགས་པའི་གཟུགས་ནི་སྣ་ཚོགས་པའི་ཚུལ་དུ་བརྗོད་དོ། །ཁ་དོག་སྔོན་མོ་ནི་གཉིས་སུ་མེད་པར་བྱེད་པ་ཆོས་ཀྱི་སྒྲ་སྒྲོགས་པ་བསྡིགས་པར་མཛད་པའོ། །ཁ་དོག་སེར་མོ་ནི་

དྲི་མ་མེད་པར་རྟོགས་སོ། །ཁ་དོག་དམར་མོ་ནི་ཆོས་རྣམས་ལ་ཆགས་པའི་སེམས་ཀྱིས་དེ་བཞིན་གཤེགས་པའོ། །ཞབས་བཞིའི་རྣམ་དག་ནི་འཕགས་པའི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །རྟའི་གདོང་པ་ནི་གཞན་པ་མེད་པའི་སེམས་ཀྱི་རང་བཞིན་འདི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་
དང་། ལམ་རྣམ་པར་དག་པར་གཞོལ་བར་མངོན་པར་བརྗོད་དོ། །རྒྱུའི་དེ་ཉིད་གང་ལ་ལྟ་བ་དང་། འབྲས་བུའི་དེ་ཉིད་ཀྱི་ཕྱག་རྒྱ་ནི་སངས་རྒྱས་བཅོམ་ལྡན་འདས་ཐར་པ་ལ་སྤྱན་གསུམ་གྱིས་གཟིགས་པའོ། །ཐོག་མ་མེད་པའི་ཡེ་ཤེས་ཀྱི་སེམས་དུད་འགྲོའི་ཞལ་དུ་བསྟན་ཏོ། །ཡིད་
སྦྱོང་བའི་རྣལ་འབྱོར་པས་རི་ལྟར་རྟག་ཏུ་གནས་པར་བྱའོ། །རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ་རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། པཎྜི་ཏ་པྲ་བྷཱ་ཀ་རས་མཛད་པ་རྫོགས་སོ།། །།རྒྱ་གར་ཡུལ་བཱ་རཱ་ཎ་སཱིའི་པཎྜི་ཏ་པུ་རུ་ཥོཏྟ་མའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་
ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བླ་མ་དམ་པའི་བཀས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་བའོ།། ༄༅༅། །འཕགས་པ་རྟ་མགྲིན་བསྒྲུབ་པར་འདོད་པས་ཐོག་མར་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་བི་ཤུདྡྷཿསརྦ་དྷརྨཱཿ
སྭ་བྷཱ་བ་བི་ཤུདྡྷོ྅ཧྃ་ཞེས་ལན་གསུམ་མམ་བདུན་བརྗོད་པས་སྣང་སྲིད་ཀྱི་དངོས་པོ་འདི་ཐམས་ཅད་དག་པར་བསམ་མོ། །ཁྱད་པར་དུ་བདག་གི་ལུས་ཤེལ་སྒོང་དག་པ་ལྟ་བུར་རྣམ་པར་དག་པར་བསམ་མོ། །དེ་ནས་རང་གི་སྙིང་གར་རཾ་སེར་པོ་ཅིག་ལས་འོད་འཕྲོས་ཤིང་འདུས་པ་ལས་
ཉི་མའི་དཀྱིལ་འཁོར་བསམ་མོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཅིག་བསམ་མོ། །དེ་ལས་འོད་ཟེར་ཞགས་པ་ལྟ་བུ་དང་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔལ་རྟ་མགྲིན་དང་བླ་མ་ལ་སོགས་པ་མདུན་དུ་སྤྱན་དྲངས་
ལ་རང་གི་སྙིང་གའི་ཡི་གེ་ཧྲཱིཿལས་མཆོད་པའི་ལྷ་མོ་བདུག་སྤོས་མ་ཕྱག་ན་སྤོས་ཐོགས་པ་དང་། མེ་ཏོག་མ་ཕྱག་ན་ཨུཏྤ་ལ་ཐོགས་པ་དང་། མར་མེ་མ་ཕྱག་ན་རིན་པོ་ཆེའི་སྒྲོན་མེ་ཐོགས་པ་དང་། དྲི་ཆབ་མ་གསེར་གྱི་བུམ་པའི་ནང་དུ་ག་པུར་གྱི་ཆུས་བཀང་བ་ཐོགས་པ་དང་། ཞལ་ཟས་མ་གསེར་

གྱི་གཞོང་པའི་ནང་དུ་བདུད་རྩི་རི་རབ་ཙམ་ཐོགས་པ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔལ་རྟ་མགྲིན་དང་བླ་མ་ལ་སོགས་པ་ལ་མཆོད་ལ་སྔགས་འདི་རྣམས་བརྗོད་དོ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿ
ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་བདག་གིས་དུས་ཀུན་དུ། །སྡིག་པ་བགྱིས་པར་གང་གྱུར་པ། །སྐྲག་ནས་རྨི་འདྲར་འཆགས་བགྱིད་ཅིང་། །དེང་ནས་བརྩམས་ནས་འབྱུང་མི་བགྱིད། །དགེ་བ་རྣམས་ལ་
རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། །དམ་པའི་སྐྱབས་གསུམ་ལ་སྐྱབས་མཆི། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚངས་པའི་གནས་རྣམས་
རིམ་གྱིས་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་ལ་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་སྟོང་པར་བསམ། དེ་ནས་ནམ་མཁའི་དཀྱིལ་དུ་རཾ་སེར་པོ་ལས་འོད་འཕྲོས་པ་ལས་ཉི་མའི་དཀྱིལ་འཁོར་ཅིག་བསམ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་
ཧཱུྃ་མཐིང་ག་ལས་འོད་འཕྲོས་པ་ལས་རྡོ་རྗེ་རྩེ་ལྔ་པ་ཅིག་བསམ། རྡོ་རྗེ་རྩེ་ལྔ་པ་དེ་ལས་འོད་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ར་བ་དང་དྲ་བ་ས་གཞི་གུར་དུ་བསམ། རྡོ་རྗེའི་ས་གཞིའི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བྷྲཱུཾ་དཀར་པོ་ཅིག་བསམ། དེ་ལས་འོད་འཕྲོས་པས་ཤར་
ཕྱོགས་དངུལ་ལས་གྲུབ་པ། ལྷོ་བཻ་ཌཱུརྱ་ལས་གྲུབ་པ། ནུབ་ཤེལ་དམར་པོ་ལས་གྲུབ་པ། བྱང་གསེར་ལས་གྲུབ་པ། སྒོ་བཞི་ཡོད་པ། གསེར་གྱི་ཀ་བ་བརྒྱད་ཀྱིས་བཏེག་པ་རིན་པོ་ཆེ་བཻ་ཌཱུརྱའི་ལྗོན་ཤིང་གིས་སྟེང་ཕུབ་པ། རིན་པོ་ཆེའི་འཕན་དུ་མ་འཕྱང་བའི་གཞལ་ཡས་ཁང་དུ་བསྒོམ་
པའམ། ཡང་ན་ཐོད་པའི་གཞལ་ཡས་ཁང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་ཁྱོན་ཙམ། སྟེང་ཞིང་ཆེན་གྱི་གཡང་གཞིས་བཀབ་པ། སྒོ་བཞི་ཡོད་པ། སེང་ལྡེང་གི་ཀ་བ་བརྒྱད་ལ་ཐོད་པས་ཀ་ཞུ་བྱས་པའི་ཀ་བ་བརྒྱད་ཀྱིས་བཏེག་པ་ཕྱི་ནས་བལྟས་ན་ནང་

གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བའི་གཞལ་ཡས་ཁང་ཅིག་ཏུ་བསྒོམ་མོ། །སྒྲུབ་པ་པོ་རང་གི་སེམས་ཡི་གེ་རཾ་ཅིག་ཏུ་བསྒོམ། རཾ་སེར་པོ་དེ་ལས་འོད་འཕྲོས་ཤིང་འདུས་པ་ལས་ཉི་མའི་དཀྱིལ་འཁོར་ཅིག་བསྒོམ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཧྲཱིཿདམར་པོ་ཅིག་ཏུ་བསྒོམ།
ཧྲཱིཿདམར་པོ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་གྱི་དོན་བྱས། འཕགས་པ་མཆོད་ནས་སླར་འོད་དེ་ཡི་གེ་ཧྲཱིཿལ་ཐིམ་པས་ཧྲཱིཿདེ་ཉིད་འོད་དུ་ཞུ་བ་ལས་ཚེ་ཐོག་མ་མེད་པ་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེག་པར་བསམ། ཡེ་ཤེས་ཀྱི་མེ་
འོད་འཕྲོས་པ་དང་། འདུས་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབུ་གསུམ་ཕྱག་དྲུག་པ། སྐུ་མདོག་དམར་པོ། དབུས་དམར་བ། གཡས་དཀར་པོ། གཡོན་མཐིང་ག །སྤྱན་གསུམ་པ། དབུ་གསུམ་གྱི་སྟེང་ན་རྟ་མགོ་ལྗང་གུ་གསུམ་ཡོད་པ། ཚེམས་གཙིགས་པ་
ཞལ་རེ་རེ་ནས་ཀྱང་འབྲུག་སྟོང་སྟོང་ལྡིར་བ། ཐོད་པ་སྐམ་པོ་ལྔའི་ཐོད་ཅན། ཐོད་པ་རློན་པའི་ཕྲེང་བས་སེ་རལ་ཁར་བརྒྱན་པ། སྦྲུལ་དཀར་ནག་གིས་ཡན་ལག་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་བྱས་པ། གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པ། ཕྱག་དྲུག་ལ་གཡས་པ་དང་
པོ་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་དང་པོ་ན་དུང་ཆེན་ཁྲག་གིས་བཀང་བ་བསྣམས་པ། གཡས་གཉིས་པ་ན་གསེར་གྱི་ཞགས་པ་བསྣམས་པ། གཡས་ཐ་མ་ན་སེང་ལྡེང་གི་དབྱུག་ཐོ་བསྣམས་པ། གཡོན་གཉིས་པ་ན་རལ་གྲི། གཡོན་གྱི་ཐ་མ་ན་སོར་མོ་ལྔ་ལ་མཐེ་བོ་ཆེ་ནས་བདེ་བར་
གཤེགས་པའི་རིགས་ཀྱི་བྱ་ཁྱུང་ག་རུ་ཌ་དཀར་པོ་བྱེ་བ་འགྱེད་པ། མཛུབ་མོ་ནས་རྡོ་རྗེའི་རིགས་ཀྱི་མཐིང་ག་བྱེ་བ་འགྱེད་པ། གུང་མོ་ནས་རིན་པོ་ཆེའི་རིགས་ཀྱི་སེར་པོ་བྱེ་བ་འགྱེད་པ། སྲིན་ལག་ནས་པདྨའི་རིགས་ཀྱི་དམར་པོ་བྱེ་བ་འགྱེད་པ། མཐེ་ཆུང་ནས་ལས་ཀྱི་རིགས་ལྗང་གུ་བྱེ་བ་འགྱེད་པ།
ཞབས་དྲུག་གིས་ཀླུ་ཐམས་ཅད་བརྫིས་པ། རྡོ་རྗེའི་གཤོག་པ་རེ་རེ་ནས་བྱ་ཁྱུང་ག་རུ་ཌ་བསམ་གྱིས་མི་ཁྱབ་པ་བྱེ་བ་འགྱེད་པ། བསྐལ་པ་མེ་ལྟར་འབར་བའི་ཡེ་ཤེས་ཀྱི་མེའི་ཀློང་དཀྱིལ་ན་བཞུགས་པར་བསམ། ཡང་ན་བཅོམ་ལྡན་འདས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ། ཕྱག་གཡས་

ན་སེང་ལྡེང་གི་དབྱུག་ཏོ། ཕྱག་གཡོན་པ་ན་སྡིགས་མཛུབ་འཕྱར་བ། ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཕྱག་མཚན་བསྒོམ། ལྕེ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ལ། སརྦ་ཀ་རི་ཞེས་བྱ་བའི་ཡིག་འབྲུ་རྡོ་རྗེ་རྩེ་ལྔ་པ་ལ་དགོད། སྙིང་ག་གཡོན་པར་ཉི་མའི་དཀྱིལ་འཁོར་གྱི་
སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམ། སྙིང་ག་གཡས་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལྗང་གུ་ཅིག་བསམ། སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་ཅིག་བསམ། མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ་ཅིག་བསམ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་
སྟེང་དུ་ཧཱུྃ་མཐིང་ག་ཅིག་བསམ། སྙིང་གའི་རྡོ་རྗེ་རྩེ་ལྔ་པ་ལས་འོད་ཁ་དོག་ལྔ་པ་ལྕགས་ཀྱུ་ལྟ་བུ་འཕྲོས། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་དང་། བཅོམ་ལྡན་འདས་མི་འཁྲུགས་པ་དང་། རིན་ཆེན་འབྱུང་ལྡན་དང་། ཚེ་དཔག་མེད་དང་། དོན་ཡོད་གྲུབ་པ་དེ་རྣམས་མདུན་
གྱི་ནམ་མཁའ་ལ་སྤྱན་དྲངས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཨོཾ་ཞེས་པས་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བསམ། ཧཱུྃ་ཞེས་པས་མི་འཁྲུགས་པས་དཔྲལ་བ་ནས་དབང་བསྐུར་བར་བསམ། ཏྲཱཾ་ཞེས་པས་རིན་ཆེན་འབྱུང་ལྡན་གྱིས་རྣ་བ་གཡས་པ་ནས་དབང་བསྐུར་བར་
བསམ། ཧྲཱིཿཞེས་པས་སྣང་བ་མཐའ་ཡས་ཀྱིས་ལྟག་པ་ནས་དབང་བསྐུར་བར་བསམ་མོ། །ཨ་ཞེས་པས་རྣ་བ་གཡོན་པ་ནས་དོན་ཡོད་གྲུབ་པས་བདུད་རྩིའི་དབང་བསྐུར་བར་བསམ་མོ། །སྙིང་གའི་རྡོ་རྗེ་རྒྱ་གྲམ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དེ་ནས་གྲུབ་པའི་དཔལ་རྟ་མགྲིན་ཉི་མའི་
དཀྱིལ་འཁོར་ལ་བཞུགས་པ་ཅིག་སྤྱན་དྲངས་ལ། རྒྱ་གྲམ་ལྗང་གུ་ལས་འོད་འཕྲོས་པས་མཆོད་པའི་ལྷ་མོ་ལྔ་བྱུང་བས་སྔ་མ་བཞིན་དུ་མཆོད་པར་བྱའོ། །རྒྱ་གྲམ་གྱི་ཆང་བ་ལ་ཛཿཧཱུྃ་བཾ་ཧོཿབསམས་ལ་ཛཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་དཔལ་རྟ་མགྲིན་སྤྱན་དྲངས་ལ། ཧཱུྃ་ལས་འོད་འཕྲོས་པས་ཡེ་
ཤེས་སེམས་དཔའ་ལ་ཕོག་པས་བདག་ལ་ཞུགས། བཾ་ལས་འོད་འཕྲོས་པས་བཅིངས། ཧོཿལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་དགྱེས་པའི་ཚུལ་དུ་བཞུགས་པར་བསམ། སྐུ་ལ་གཏད་ལ་བསྒོམ་པས་དུབ་ན་