Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 74

Văn bản gốc(Tây Tạng)

Trang 6 / 21 (50.000 ký tự/trang)
ནོ། །དེ་ལྟར་རྒྱུ་སྐར་འདི་དག་གིས་ནི་ལེགས་པ་དང་ཉེས་པ་དང་། འཇིག་རྟེན་གྱི་འཁྲུལ་འཁོར་སྣ་
ཚོགས་སྟོན་པས་གཙོ་ཆེའོ། །རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ། དུས་འཛིན་བཟང་པོ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཕ་རོལ་གྱི་བྱད་སྟེམས་ལས་
གྲོལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དུར་ཁྲོད་ཀྱི་རས་ལ་ཁྱི་ནག་པོའི་ཁྲག་གིས་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་བྲིས་ཏེ། ལྟེ་བར་ཆེ་གེ་སྟཾ་བྷ་ཡ་བྲི། རྩིབས་རྣམས་ལ་ཁྲོ་བོ་བཅུའི་སྔགས་མགོ་ནང་དུ་བསྟན་པ་བྲི། མུ་ཁྱུད་ནང་མ་ལ་ཨཱ་ལི་མགོ་ནང་དུ་བསྟན་པ་

བྲི། ཕྱི་མ་ལ་ཀཱ་ལི་མགོ་ནང་དུ་བསྟན་པ་བྲིས་ལ་བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་ལ་འཁོར་ལོ་ལ་རབ་ཏུ་གནས་པ་བྱས་ལ། ཁྲོ་བོ་བཅུའི་སྔགས་ལ་སྟོང་ཕྲག་ལྔ་བཟླས་ལ། དེ་ནས་གཡུལ་གྱེས་པའི་ས་དང་། དུར་ཁྲོད་ཀྱི་ས་དང་། གྲོག་མཁར་གྱི་ས་དང་།
ཕུང་ཤུལ་གྱི་ས་ལས་མཆོད་རྟེན་ཁྲུ་གང་བ་རིམ་པ་ལྔ་བྱས་ལ། དེའི་ནང་དུ་ཡང་གྲོ་ག་ལ་ལིངྒ་བྲིས་ལ་ལྕེ་ཕྱིར་ཕྱུང་ལ་ལྕེ་ལ་དུག་གི་ཕུར་པ་རྒྱ་མདུད་ནུབ་པར་བཏབ་ལ། ཆེ་གེ་མོའི་བྱད་ཁ་རྣམས་བཟློག །བྱོལ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་མཐའ་མ་བསྐོར། མཆོད་རྟེན་གྱི་བྲེའི་ནང་དུ་
གཞུག་གོ། །བདག་ཉིད་ཀྱི་མལ་འོག་ཏུ་དོང་གྲུ་གསུམ་པ་བྲུས་ལ་ནང་དུར་ཁྲོད་ཀྱི་སོལ་བས་བྱུགས་ལ། འཁོར་ལོ་དེ་ཕུར་བུ་བཅུ་གསུམ་གྱིས་བརྒྱངས་ལ་དེའི་སྟེང་དུ་ནས་ནག་མོ་དང་སྲན་མ་དང་། ཡུངས་ནག་རྣམས་བཀྲམ་ལ། དེའི་སྟེང་དུ་མཆོད་རྟེན་མགོ་མཇུག་བཟློག་ལ་གཞག་
གོ། །དེ་ནས་ནང་རྣམས་སུ་དུག་ཤིང་གི་ཚེར་མས་དགང་ངོ་། །ཁ་དུར་ཁྲོད་ཀྱི་གཡམ་པ་ལ་རི་རབ་གླིང་བཞི་དང་བཅས་པས་མནན་ནོ། །དེ་ནས་ལྷམ་འབོབ་དང་། ཡུགས་ས་མོའི་ཞབས་མ་བཏིང་ལ་ས་བདག་གི་ཞལ་དབྱུང་ངོ་། །བདག་ཉིད་ཉལ་བའི་ཚེ་ཨོཾ་ཧ་ར་ཧ་ར་བཛྲ་ཆེ་གེ་མོའི་བྱད་
སྟེམས་ཤ་ཏྲཱུཾ་ཧཱུཾ་ཧཱུཾ་ཞེས་ཁྲོ་བོ་བཅུའི་སྔགས་ལ་བཏགས་ལ། ཇི་ལྟར་འགྲུབ་པའམ་མ་ཆག་པར་བཟླས་སོ། །དུས་བཞིར་གཏོར་མ་ཆུང་བ་བཅུ་ཕྱོགས་བཅུར་འཕང་ཞིང་ཁྲོ་བོ་བཅུ་ལ་དམོད་བཙུགས་ཤིང་མ་ཉེས་པའི་རབས་བརྗོད་འཇིག་རྟེན་གྱི་ལྷ་འདྲེ་རྣམས་ལ་དམ་པ་དར་ཞིང་དཔང་གཟུགས་
པ། ཕྱོགས་རྣམས་སུ་སེང་ལྡེང་གི་ཕུར་བུ་རེ་ལ་ཁྲོ་བོ་བཅུའི་སྔགས་བྲིས་ལ་དཔལ་ཆེ་གེ་བྱད་སྟེམས་མཱ་ར་ཡ་བཟློག་སོད་བྱོལ་ཞེས་བྲིས་ལ་བདག་ཉིད་ཀྱི་གནས་ཁང་གི་ཕྱོགས་མཚམས་དང་། སྟེང་འོག་ཏུ་གདབ་པོ། །ཕུར་བུ་དེ་དག་ཀྱང་ཁྲོ་བོ་བཅུར་མངའ་གསོལ་ལ་གཏོར་མ་རེ་བཏང་། ཉ་སྟོང་
ལ་ཕུར་བུ་དེ་གཟི་བརྗིད་བསྐྱེད་དོ། །གཏོར་མ་གཏང་བའི་དུས་སུ་ཡུངས་ཀར་དང་དུག་སྣ་ལ་སྔགས་བཟླས་ལ་ཕྱོགས་མཚམས་སུ་གཏོར་རོ། །དུར་ཁྲོད་དུ་ཡང་སྐབས་སུ་མནན་པ་བྱའོ། །སྐབས་སུ་གཏོར་མ་དང་བསྒྲུབ་བྱའི་ལིངྒ་ཆུ་ལ་བསྐུར་རོ། །སྐབས་སུ་མེ་ལ་བསྲེག་གོ། །དེ་ལྟར་བྱས་

པས་གདོན་ཐམས་ཅད་ཁ་འཆིང་བར་འགྱུར་རོ། །བྱད་སྟེམས་ཐམས་ཅད་སྦོད་གཏོང་བྱེད་པ་དེ་ཉིད་རང་ལ་ངེས་པར་བཟློག་པར་ངེས་སོ། །བྱད་སྟེམས་ཐམས་ཅད་གཅོད་པ་དང་། ཕུར་ཁ་ཐམས་ཅད་བཟློག་པའི་ཕྱིར་བཟློག་པའི་འཁོར་ལོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་
རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །མི་བཟད་གདོན་གྱིས་ཉེན་པའི་སེམས་ཅན་ལ་ཕན་ཐོགས་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཀླུ་ཆེན་པོ་བརྒྱད་མཆོད་པར་འདོད་པའི་དཀྱིལ་འཁོར་སྔ་མ་བཞིན་དུ་བཞེངས་ལ་
རལ་གྲི་དང་། མདའ་རྣམས་ཀྱིས་མཐའ་མ་བསྐོར་ལ། དབུས་སུ་གཙོ་བོའི་བུམ་པ་བཙུགས་ལ། གཟུངས་ཐག་གིས་གདགས། པདྨའི་འདབ་མ་རྣམས་ཀྱི་སྟེང་དུ་ཀླུ་སོ་སོའི་གཟུགས་བརྙན་བཀོད་པ་དང་། སོ་སོའི་གཏོར་མ་དཀར་གསུམ་མངར་གསུམ་དང་། རྩི་སྨན་སྣ་ཚོགས་པ་
དང་ལྡན་པར་ཡང་བཤམ་མོ། །དཀོན་མཆོག་དང་ཀླུ་རྣམས་མཆོད་པའི་ལྷ་བཤོས་དང་། མར་མེ་ལ་སོགས་པ་མཆོད་པའི་བྱེ་བྲག་ཅི་འབྱོར་པ་རྣམས་བཤམ་མོ། །ཕྱོགས་སྐྱོང་དང་བགེགས་རྣམས་ལ་གཏོར་མ་བཤམ་ཞིང་གཏང་ངོ་། །དེ་ནས་ཀླུ་ཆེན་པོ་རྣམས་སོ་སོའི་གནས་སུ་སྤྱན་
དྲང་བ་ནི། ཧཱུཾ་རྒྱ་མཚོ་ཡངས་པའི་དཀྱིལ་འཁོར་ནས། །མཐའ་ཡས་འཇོག་པོ་ཀརྐོ་ཊ། །ཨུ་ལི་ཀ་དང་ནོར་རྒྱས་དང་། །པདྨ་དང་ནི་བ་སུ་ན། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །བཙུན་མོ་རྣམས་ཀྱིས་མགུལ་ནས་འཁྱུད། །ཡབ་ཡུམ་སྲས་དང་བཅས་པ་རྣམས། །འདིར་གཤེགས་
སྤྱན་འདྲེན་མཆོད་པར་འབུལ། ཨོཾ་ཕུཿསྭཱ་ཧཱ། ས་མ་ཡཱ། དེ་ནས་བསྟོད་ཅིང་གཏོར་མ་དབུལ་བ་ནི། ཧཱུྃ་ཤར་ཕྱོགས་ཀླུ་རྒྱལ་མཐའ་ཡས་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་
གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །ལྷོ་ཕྱོགས་ཀླུ་རྒྱལ་འཇོག་པོ་ནི། །ཞལ་གཅིག་ཕྱག་གཉིས་རོ་སྨད་སྦྲུལ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་

ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །ནུབ་ཕྱོགས་ཀླུ་དབང་ཀརྐོ་ཊ། །ཞལ་གཅིག་ཕྱག་གཉིས་རོ་སྨད་སྦྲུལ། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་པདྨ་
ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །བྱང་ཕྱོགས་ཀླུ་རྒྱལ་ཨུ་ལི་ཀ །ཞལ་གཅིག་ཕྱག་གཉིས་རོ་སྨད་སྦྲུལ། །སྐུ་མདོག་དམར་སྐྱ་འོད་ཟེར་འབར། །
ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །ཤར་ལྷོར་ཀླུ་རྒྱལ་ནོར་རྒྱས་ནི། །ཞལ་གཅིག་ཕྱག་གཉིས་རོ་སྨད་སྦྲུལ། །སྐུ་མདོག་སེར་
སྐྱ་འོད་ཟེར་འབར། །ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །ལྷོ་ནུབ་ཀླུ་རྒྱལ་དུང་སྐྱོང་ནི། །ཞལ་གཅིག་ཕྱག་གཉིས་རོ་སྨད་སྦྲུལ། །
སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །ནུབ་བྱང་ཀླུ་རྒྱལ་པདྨ་ནི། །ཞལ་གཅིག་ཕྱག་
གཉིས་རོ་སྨད་སྦྲུལ། །སྐུ་མདོག་སྔོ་སྐྱ་འོད་ཟེར་འབར། །ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །བྱང་ཤར་ཀླུ་རྒྱལ་བ་ར་ཎ། །
ཞལ་གཅིག་ཕྱག་གཉིས་རོ་སྨད་སྦྲུལ། །སྐུ་མདོག་དམར་སྔོ་འོད་ཟེར་འབར། །ཕྱག་མཚན་པདྨ་ཞགས་པ་བསྣམས། །སྤྱི་གཙུག་ཡིད་བཞིན་ནོར་བུ་དང་། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །

སོ་སོའི་ཡུམ་གྱི་སྐུ་མདོག་ནི། །རང་རང་ཡབ་དང་མཐུན་པ་ལ། །རིན་ཆེན་ཕྲེང་བའི་དོ་ཤལ་ཅན། །གཡས་གཡོན་ཡབ་ཀྱི་མགུལ་ནས་འཁྱུད། །ཁ་རླངས་དུག་ཏུ་འཁྱིལ་བར་བྱེད། །དེ་ལ་མཆོད་ཅིང་བསྟོད་པར་བགྱི། །དེ་དག་སོ་སོའི་སྲས་རྣམས་ནི། །སྐུ་མདོག་འདི་འདྲ་མ་ངེས་ཏེ། །
མཛེས་ཤིང་སྡུ་གུ་འོད་འབར་བ། །ལ་ལ་ཆུ་སྲིན་ཁ་ནས་འབྱུང་། །དེ་བཞིན་སྦྲུལ་དང་སྦལ་པ་དང་། །ཆུ་གླང་ཆུ་རྟ་ཁ་ནས་འབྱུང་། །སྣ་ཚོགས་འགྱུར་བའི་གཟུགས་རྣམས་ལ། །མཆོད་པ་འབུལ་ཞིང་བསྟོད་པར་བགྱིད། །གཞན་ཡང་ཀླུ་བྲན་འབུམ་གྱི་ཚོགས། །བྱོལ་སོང་གཟུགས་
བརྙན་སྣ་ཚོགས་སྟོན། །འདབ་ཆགས་ཚོགས་དང་ལྟོས་འགྲོ་དང་། །རྐང་མངས་དང་ནི་རྐང་མེད་དང་། །སྡིག་སྲིན་གཟུགས་བརྙན་སྟོན་པ་ལ། །མཆོད་ཅིང་བསྟོད་ནས་གཏོར་མ་འབུལ། །བདག་གི་ལས་ཀྱི་འབྲས་བུ་རྣམས། །ཇི་ལྟར་འདོད་པ་ཇི་བཞིན་དུ། །ཁྱེད་ཀྱིས་འདོད་དོན་
གྲུབ་པར་མཛོད། །ཅེས་ཀླུ་བརྒྱད་ཀྱི་སྙིང་པོ་བརྒྱ་རྩ་བཟླས་ལ་གཏོར་མ་གཏོང་ཞིང་སྙིང་པོ་རྒྱས་བསྡུས་ཀྱི་བུམ་པའི་ཆུས་ཁྲུས་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་གསོལ་ལོ། །ཀླུ་ཆེན་པོ་བརྒྱད་མཆོད་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་ཐར་བར་བྱེད་པ། དཔལ་མར་
མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུ་ཆེན་པོ་རྣམས་བསྒྲུབས་ཏེ་མི་བཟད་པ་ཙི་ཙི་ཛྭ་ལའི་ནད་ལས་ཐར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ་མཆོད་
པ་ཇི་ལྟར་འབྱོར་པ་བཞིན་བཤམས་ལ། །གཙོ་བོའི་བསྙེན་པ་ཅི་རིགས་པར་བཟླས་ལ། མཆོད་པ་དང་བསྟོད་པ་བྱ། དེ་ནས་ཀླུ་ཆེན་པོ་རང་བཞིན་གྱི་གནས་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྤྱན་དྲངས་ལ། དེ་ལ་མཆོད་པ་དབུལ་ལོ། །དེ་ནས་ཀླུ་བརྒྱད་ཀྱི་གཏོར་མ་ལ་བཾ་ལས་ཡེ་ཤེས་
ཀྱི་ཆུ་རྒྱུན་བབས་ཏེ་སྔ་མ་ལྟར་ཕུལ་ལ། དེ་ནས་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་དེ་བདག་ཉིད་རྡོ་རྗེ་རྣམ་འཇོམས་ཀྱི་ང་རྒྱལ་དང་ལྡན་པས་ལག་མཐིལ་གཉིས་སུ་བསྒོམས་པས། དེ་ནས་ཁ་སྦྱར་ཏེ་ཕུད་ཅེས་པ་ལན་འབུམ་བཟླས་ཏེ། ཀླུ་རྣམས་ལ་འོ་མ་རྩི་སྨན་སྣ་ཚོགས་པས་མཆོད་ཅིང་། དུག་

ཐམས་ཅད་ཕྱུངས་ཤིག་ཅེས་སྨན་གྱིས་མཆོད་པ་རྒྱས་པར་དབུལ་ལོ། །དེ་ལྟར་བསྙེན་པ་རྫོགས་ནས། སྒྲུབ་པ་དངོས་ནི་ཀླུ་ཆེན་པོ་བརྒྱད་ལ་སོགས་པ་བག་ཟན་ལས་ཀླུའི་གཟུགས་སྣ་ཚོགས་པ་བྱས་ཏེ། བཙག་རམས་ལ་སོགས་པས་བསྒྱུར་ལ། ཁམ་ཕོར་ཁ་
སྦྱོར་དུ་བཅུག་སྟེ། རྩི་སྨན་དང་། འོ་མ་དང་ལྡན་པས་ཀླུ་བརྒྱད་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས། བསྟོད་པ་ཅི་རིགས་པར་བྱས་ལ། གང་འདོད་པའི་ས་ཕྱོགས་སུ་དཀྱིལ་འཁོར་དང་བཅས་པ་སའི་གཏིང་དུ་སྦའོ། །དེ་ལྟར་བྱས་པས་ཀླུ་རྣམས་ཀྱིས་ལེགས་པ་སྟེར་བར་འགྱུར་རོ། །ཀླུ་
སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ་ཅེས་བྱ་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུ་རྣམས་ཀྱི་གདོན་ལས་གྲོལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་བཞིན་
དུ་བྲིས་ལ། གཙོ་བོའི་བུམ་པ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་ལ། དཀྱིལ་འཁོར་གྱི་དབུས་སུ་གཞག །དེ་ནས་བག་ཟན་ལ་ཀླུ་ཆེན་པོ་བརྒྱད་ཀྱི་གཟུགས་སོར་བཞི་པ་ཐལ་མོ་སྦྱར་བ་ཚོན་གྱིས་བསྒྱུར་ཏེ། སོ་སོའི་གནས་སུ་བུམ་པ་ལ་ཁ་བསྟན་ལ་གཞག་གོ། །དེ་ནས་
དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་སྦྲུལ་ནག་པོ་བརྒྱད། རྩངས་པ་དམར་པོ་བརྒྱད། སྦལ་པ་སེར་པོ་བརྒྱད། སྡིག་པ་སྔོན་པོ་བརྒྱད། ཉ་ལྗང་གུ་བརྒྱད། ལྕོང་མོ་དམར་མོ་བརྒྱད། སྡོམ་ནག་པོ་བརྒྱད། བྱ་དཀར་མོ་བརྒྱད། གླང་དམར་པོ་བརྒྱད། ཆུ་སྲིན་སྔོན་པོ་བརྒྱད།
ར་དཀར་མོ་བརྒྱད། སྲམ་སྔོན་པོ་བརྒྱད། རྟ་སྨུག་པོ་བརྒྱད། སྒོ་བཞིར་ཤར་དུ་སྟག་སྐྱ་བོ། ལྷོར་སེང་གེའི་མགོ་ཅན། ནུབ་ཏུ་བ་ལང་གི་མགོ་ཅན། བྱང་དུ་བྱི་ལའི་མགོ་ཅན་ཕྱོགས་ཀྱི་ཁ་དོག་དང་མཐུན་པའོ། །མུ་ཁྱུད་ཀྱི་སྟེང་དུ་ཀླུ་བརྒྱད་ཀྱི་ཆུང་མ་རལ་པ་ཅན་མདོག་ཁྲ་བོ་བརྒྱད་
གཞག་གོ། །མུ་རན་རྣམས་སུ་བྱོལ་སོང་གི་གཟུགས་སྣ་ཚོགས་ལ་ཚོན་སྣ་ཚོགས་པས་བསྒྱུར་ལ་གཞག་གོ། །སྲོག་ཆགས་དེ་དག་ནི་གཙོ་བོ་ལ་བཀའ་ཉན་པའི་ཚུལ་གྱིས་བལྟའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་ཁམ་ཕོར་གཙང་མའམ། རིན་པོ་ཆེའི་སྣོད་དུ་

བ་དམར་མོའི་འོ་མ་སྦྲང་རྩི་དང་། ཀ་ར་དང་། བུ་རམ་ལ་སོགས་ཏེ། མངར་སྣ་རྣམས་དང་། ནཱ་ག་གེ་སར་ལ་སོགས་པའི་ཀླུ་སྨན་སྣ་ཚོགས་བླུགས་ཏེ། དར་ལྗང་གུས་ཕུབ་ལ་གཞག་གོ། །ཀླུའི་གཏོར་མ་ཉི་ཤུ་རྩ་གཅིག་ཕྱོགས་གཏོར་དང་། བགེགས་གཏོར་ཀྱང་གཞན་
དང་མཐུན་པར་བསག་གོ། །རིན་པོ་ཆེ་དང་བལ་ཚོན་སྣ་ཚོགས་པ་ཡང་སོབས་སུ་འབུལ་ལོ། །དེ་ནས་ཛཿཧཱུཾ་བཾ་ཧོཿས་ཀླུ་རྣམས་གཟུགས་བརྙན་ལ་བཅུག་སྟེ་དེ་དག་མཆོད་པར་བྱའོ། །མེ་ལོང་གི་ནང་དུ་གཟུགས་བརྙན་གསལ་བར་བྱས་ལ། ནད་པའི་ལུས་ལ་རྨ་བྱས་བྱབས་
ཏེ། མེ་ལོང་གི་གཟུགས་བརྙན་དང་དཀྱིལ་འཁོར་གསལ་བར་བྱས་ལ། འོ་མ་སྦྲེང་ཞིང་སྐབས་སུ་དུག་འདོན་པའི་ཆོ་ག་བྱའོ། །སྔ་མ་བཞིན་བསྟོད་ཅིང་། སྙིང་པོ་ཤིན་ཏུ་བསྡུས་པའི་གཤམ་ལ། ཀླུ་བརྒྱད་ཀྱི་སྙིང་པོ་བཟླས་སོ། །དེ་ལྟར་བརྒྱ་སོང་ཞིང་ཀླུ་རྣམས་ལ་སྨན་དབུལ་
བ་ནི། ཀྭ་ཡེ་ཀླུ་ཆེན་པོ་བརྒྱད་པོ་ཚུར་ཉོན་དང་། །ང་ནི་རྡོ་རྗེ་རྣམ་འཇོམས་ཏེ། །རིག་སྔགས་གྲུབ་པས་ཡས་དོར་ཏེ། །ཀླུ་རྣམས་ང་ཡི་བཀའ་ལ་ཉོན། །ང་ཡི་བཀའ་ལ་མི་ཉན་ན། །རྡོ་རྗེ་འཛིན་པའི་རྡོ་རྗེ་འདིས། །ཀླུ་ཡི་སྙིང་ལ་མེ་སྦར་ནས། །མགོ་ལུས་བྱེ་མས་སྲེག་པར་བྱེད། །དེ་བས་ང་
ཡི་བཀའ་ཉོན་ཅིག །ཧཱུཾ་གདུག་པའི་ནད་རྣམས་གདོན་པའི་ཕྱིར། །ཀླུ་རྒྱལ་རྣམས་ལ་མཆོད་པར་འབུལ། །ནཱ་ག་གེ་སར་བདུད་རྩི་འབུལ། །ནཱ་ག་པུས་པའི་བདུད་རྩི་འབུལ། །རྒྱ་མཚོ་ལྦུ་བའི་བདུད་རྩི་འབུལ། །གླ་གོར་ཞོ་ཤའི་བདུད་རྩི་འབུལ། །མཁལ་མ་ཞོ་ཤའི་བདུད་རྩི་འབུལ། །
སྙིང་ཞོ་ཤ་ཡི་བདུད་རྩི་འབུལ། །པུ་ཤེལ་ཙེ་ཡི་བདུད་རྩི་འབུལ། །ཀཎྜ་ཀ་རིའི་བདུད་རྩི་འབུལ། །མཁལ་སྲན་བྲེ་ཡི་བདུད་རྩི་འབུལ། །ཅུ་གང་དཀར་པོའི་བདུད་རྩི་འབུལ། །གུར་ཀུམ་དག་གི་བདུད་རྩི་འབུལ། །འོམ་བུ་དག་གི་བདུད་རྩི་འབུལ། །དབང་པོ་ལག་པའི་བདུད་རྩི་འབུལ། །ཆུ་
སྲིན་སྡེར་མོའི་བདུད་རྩི་འབུལ། །རྡོ་རྒྱུས་དཀར་པོའི་བདུད་རྩི་འབུལ། །ཐལ་ཀ་རྡོ་རྗེའི་བདུད་རྩི་འབུལ། །དཀར་གསུམ་དག་གི་བདུད་རྩི་འབུལ། །མངར་གསུམ་དག་གི་བདུད་རྩི་འབུལ། །ཞེས་བརྗོད་ཅིང་ཀླུ་རྣམས་ཀྱི་སྙིང་པོ་བརྒྱ་ཚར་རེ་བཟླས། དེ་ནས་ཀླུ་གསོ་བའི་ཆོ་ག་ནི། ཧཱུྃ་ནཱ་ག་

གེ་སར་སྨན་ཕུལ་བས། །ཀླུ་ཡི་གློ་ནད་སོས་གྱུར་ཅིག །ནཱ་ག་བུས་པའི་སྨན་ཕུལ་བས། །ཀླུ་ཡི་མཆིན་ནད་སོས་གྱུར་ཅིག །རྒྱ་མཚོ་ལྦུ་བའི་སྨན་ཕུལ་བས། །ཀླུ་ཡི་དབུགས་ནད་སོས་གྱུར་ཅིག །གླ་གོར་ཞོ་ཤའི་སྨན་ཕུལ་བས། །ཀླུ་ཡི་ཀླད་ནད་སོས་གྱུར་ཅིག །
མཁལ་མ་ཞོ་ཤའི་བདུད་རྩི་ཡིས། །ཀླུ་ཡི་མཁལ་ནད་སོས་གྱུར་ཅིག །སྙིང་ཞོ་ཤ་ཡི་སྨན་ཕུལ་བས། །ཀླུ་ཡི་སྙིང་ནད་སོས་གྱུར་ཅིག །པུ་ཤེལ་ཙེ་ཡི་སྨན་ཕུལ་བས། །ཀླུ་ཡི་སྐྲ་ནད་སོས་གྱུར་ཅིག །ཀཎྜ་ཀ་རིའི་སྨན་ཕུལ་བས། །ཀླུ་ཡི་རྐང་ནད་སོས་གྱུར་ཅིག །མཁལ་སྲན་ཁྲ་
བོའི་སྨན་ཕུལ་བས། །ཀླུ་ཡི་ཁ་ནད་སོས་གྱུར་ཅིག །ཅུ་གང་དཀར་པོའི་སྨན་ཕུལ་བས། །ཀླུ་ཡི་སོ་ནད་སོས་གྱུར་ཅིག །གུར་གུམ་དག་གི་སྨན་ཕུལ་བས། །ཀླུ་ཡི་རྒྱུ་ནད་སོས་གྱུར་ཅིག །འོམ་བུ་དག་གི་སྨན་ཕུལ་བས། །ཀླུ་ཡི་ཁོང་ནད་སོས་གྱུར་ཅིག །དབང་པོ་ལག་པའི་སྨན་
ཕུལ་བས། །ཀླུ་ཡི་ཡན་ལག་སོས་གྱུར་ཅིག །ཆུ་སྲིན་སྡེར་མོའི་སྨན་ཕུལ་བས། །ཀླུ་ཡི་སེམས་ནད་སོས་གྱུར་ཅིག །རྡོ་རྒྱུས་དཀར་པོའི་སྨན་ཕུལ་བས། །ཀླུ་ཡི་ཆུ་རྒྱུས་ཉམས་པ་སོས་གྱུར་ཅིག །ཐལ་ཀ་རྡོ་རྗེའི་སྨན་ཕུལ་བས། །ཀླུ་ཡི་གསང་ནད་སོས་གྱུར་ཅིག །དཀར་
གསུམ་བདུད་རྩི་ཕུལ་བ་ཡིས། །ཀླུ་ཡི་གཟི་མདངས་ཉམས་པ་སོས་གྱུར་ཅིག །མངར་གསུམ་བདུད་རྩི་ཕུལ་བ་ཡིས། །ཀླུ་རྣམས་ལུས་ཤེད་རྫོགས་གྱུར་ཅིག །ཅེས་སྨན་གྱིས་ལུས་ནད་རྣམས་བསལ་ནས། ཀླུའི་དུག་དབྱུང་ཞིང་གདོན་ལས་དགྲོལ་བའི་ཆོ་ག་ནི། མེ་ལོང་གི་དཀྱིལ་
འཁོར་ལ་རྩི་མཆོད་འབུལ་བ་ནི། རྨ་བྱས་དུག་བྱབ་ཅིང་འདི་སྐད་དོ། །ནཱ་ག་གེ་སར་སྨན་གྱི་མཆོག །ནཱ་ག་གེ་སར་འདི་ཕུལ་བས། །ཀླུ་ཡི་ནད་རྣམས་སོས་གྱུར་ཅིག །ཀླུ་ཡི་ནད་རྣམས་སོས་པ་བཞིན། །མི་ཡི་ནད་རྣམས་སོས་གྱུར་ཅིག །ཀླུ་ཡི་ནད་རྣམས་སོས་ནས་ཀྱང་། །ཀླུ་རྣམས་
མདངས་དང་ལྡན་གྱུར་ཅིག །ཀླུ་རྣམས་མདངས་དང་ལྡན་ནས་ཀྱང་། །མི་རྣམས་མདངས་དང་ལྡན་གྱུར་ཅིག །ཀླུ་རྣམས་མདངས་དང་ལྡན་ནས་ཀྱང་། །ཀླུ་ཡི་དུག་རྣམས་ཕྱིར་ཕྱུང་ཤིག །དུག་འདི་ས་ཡི་ནང་དུ་སོང་། །རེག་པའི་དུག་རྣམས་ཕྱིར་ཕྱུང་ཤིག །ཁ་རླངས་དུག་རྣམས་ཕྱིར་

ཕྱུང་ཤིག །དུག་རྣམས་ས་ཡི་ནང་དུ་སོང་། །དེ་བཞིན་ཆུ་དང་མེ་དང་རླུང་། །འབྱུང་བ་བཞི་ལ་དུག་སོང་ཅིག །ཅེས་བརྗོད་ཅིང་ཕུད་ཕུད་ཅེས་དུག་གི་རླངས་པ་སྔོན་དམར་དུ་འབྱུང་ཞིང་། རྨ་བྱས་བྱབས་ལ་མེ་ལོང་ལ་བསྟིམ་མོ། །སྨན་ཀུན་ལ་ཚིག་དེ་ཀུན་སྦྱར། དེ་ལྟར་སྙིང་པོ་སྟོང་ཚར་
ཞིང་དེ་ལྟར་གདོན་དགྲོལ་གྱི་ཆོ་ག་ཚིག་ཏུ་བརྗོད་ཅིང་། དུག་གདོན་ནོ། །ནད་པའི་ལུས་མགོ་མཇུག་ཏུ་སྨྱག་ཤད་ཀྱི་ལྕུག་མའམ། བལ་པོ་སེའུའི་ལྕུག་མས་བརྡེག་གོ། །རྨ་དང་ཤུ་བ་ཡོད་པ་རྣམས་ལ་ཁྲུས་བྱའོ། །དེ་ནས་ཀླུ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་གཏང་ངོ་། །བགེགས་
དང་ཕྱོགས་སྐྱོང་རྣམས་ལ་ཡང་གཏོར་མ་གཏང་ངོ་། །དེ་ནས་དཀྱིལ་འཁོར་གཟུགས་དང་བཅས་པ་དེ་ཆུ་ཀླུང་ཆེན་པོའམ། ཡང་ན་སའི་གཏེར་དུ་སྦའོ། །དེ་ནས་ཚེ་དབང་བསྐུར་ཞིང་བཀྲ་ཤིས་གསོལ། ཁྲུས་བྱ་ཞིང་སྙིང་པོ་རྒྱས་བསྡུས་གང་མོས་ལ་བརྒྱ་རྩ་བརྒྱད་ཟློས་སུ་གཞུག་གོ། །
མི་ཤིགས་པ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ལ་གཞག་གོ། །ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་བསང་བ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུའི་གདོན་
བསྲུང་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ང་རྒྱལ་དང་དུས་ཐམས་ཅད་དུ་མི་འབྲལ་བར་བྱས་ཏེ། རྒྱལ་པོའི་རིགས་ཀྱི་གདོན་གྱིས་ཟིན་པ་ལ་རྒྱུད་རྫོགས་པ་ལ་འབད་པར་བྱ་ཞིང་རྟག་ཏུ་ཁྲུས་བྱའོ། །རྗེའུའི་རིགས་ལ་སྙིང་པོ་བསྡུས་པ་
ལ་འབད་པར་བྱ་ཞིང་། རྟག་ཏུ་དབང་བསྐུར་བར་བྱའོ། །བྲམ་ཟེའི་རིགས་ཀྱིས་ཟིན་པ་ལ་སྙིང་པོ་བསྡུས་པ་ལ་འབད་པར་བྱ་ཞིང་རྟག་ཏུ་སྦྱིན་སྲེག་བྱའོ། །དམངས་རིགས་ཀྱི་གདོན་གྱིས་ཟིན་པ་ལ། རྒྱུད་འཁྲུག་པ་བཟླས་ཤིང་འཇིག་རྟེན་གྱི་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་
བའོ། །གདོལ་པའི་ནད་ཀྱིས་ཟིན་པ་རྣམས་ལ་ནི་རྒྱུད་དུམ་བུར་བཟླས་ཤིང་གདོན་དགྲོལ་གྱི་ཆོ་ག་རྟག་ཏུ་བྱའོ། །ཤ་རོ་དང་རྨ་དང་ཤུ་བ་གཙོ་ཆེ་བ་རྣམས་ལ་ནི་གུ་གུལ་དང་། སྦྲང་རྩི་དང་ཚིལ་ཆེན་རྣམས་ལ་སྔགས་བཏབ་ལ་བྱུག་གོ། །བེམས་དང་སྦྲིད་དང་རབ་ཏུ་ཚ་བ་རྣམས་ལ་ནི། ཙནྡན་

དཀར་པོ་དང་། ག་བུར་དང་། ཀ་ར་རྣམས་ལ་སྔགས་བཏབ་ལ་བཏུང་ངོ་། །ཤའི་ནད་རྣམས་ལ་བ་བླ་དང་། སྙིང་ཞོ་ཤ་དང་། ཙི་ཏ་དང་། ལྡོང་རོས་རྣམས་ལ་སྔགས་བཏབ་ལ་བྱུག་གོ། །རུས་པའི་ནད་རྣམས་ལ་ནི་འབྲུག་རུས་དང་དངུལ་ཆུ་ལ་བསྔགས་ལ་བྱུག་གོ། །
སྨིན་མ་བྱི་བ་ལ་སོགས་པ་བ་སྤུའི་ནད་རྣམས་ལ་ནི། །འབྲས་བུ་གསུམ་བསྲེགས་པའི་ཐལ་བ་ལ་བསྔགས་ལ་བྱུག་གོ། །མདོར་ན་ཚ་བའི་ནད་རྣམས་ཀྱིས་ཟིན་པ་ལ་ནི། བསིལ་བའི་སྨན་རྣམས་ལ་བསྔགས་ལ་བྱུག་གོ། །གྲང་བའི་གདོན་གྱིས་ཟིན་པ་ལ་ནི་ཚ་བའི་སྨན་རྣམས་ལ་བསྔགས་
ལ་ཆང་དང་སྦྱར་ལ་ལྟོར་གཏོང་། སྔགས་ཟློས་པའི་ཚེ་རང་གི་སྙིང་གི་དཀྱིལ་དུ་ཡིག་འབྲུ་རྣམས་ལས་འོད་ཟེར་ཞི་རྒྱས་ཀྱི་ཁ་དོག་ལྟར་དམིགས་ལ། སྤྲོས་པས་ཀླུའི་དུག་རྣམས་ཕྱིར་འཐོན་ཏེ། དེའི་རྗེས་ལ་ལུས་མགོ་མཇུག་རྡོ་རྗེ་རྩེ་གསུམ་པས་གཏམས་པར་དམིགས་ལ་བཟླས་སོ། །
རྡོ་རྗེ་དེ་དག་ལས་ཀྱང་བསྐལ་པའི་མེ་སྣ་ཚོགས་ལ་དམིགས་ཏེ། མེ་དེ་དག་ལ་སྔགས་ཀྱི་རང་སྒྲ་ཐོགས་པ་མེད་པར་གྲག་ལ་དམིགས་ཏེ་བཟླས་སོ། །སྔགས་བཟླས་པའི་མཆིལ་མ་རྣམས་ཀྱང་ཁྲོ་ཆུ་ཁོལ་མར་དམིགས་སོ། །སྐབས་སུ་གདུག་པ་ཅན་རྣམས་ཚར་གཅད་པའི་ཕྱིར། ཡེ་
ཤེས་འདུས་པའི་ཁྲོ་ཆུང་ཡུངས་འབྲུ་ཙམ་རྡོ་རྗེའི་ཁ་ནས་འཐོན་ཏེ། གྲངས་མེད་པར་འཕྲོས་ཏེ་ཁ་དོག་སྔོན་པོ་གཡས་རྡོ་རྗེ་གཡོན་བུམ་པ་བཟུང་བས་མེ་སྟག་འཕྲོས་པས་གདུག་རྩུབ་རྣམས་ཚར་བཅད། བསྐལ་པའི་མེ་སྣ་ཚོགས་འཕྲོས་པས། རང་གནས་སྒྲའི་བསམ་གཏན་ཕྱོགས་
ཐམས་ཅད་ནས་རྒྱུན་མ་ཆད་པར་སྒྲོགས་པས་ཀླུའི་གྲོང་ཁྱེར་དཔག་ཏུ་མེད་པ་རླག་པར་བྱེད་པ་དེ་དག་མེ་རི་དང་མེ་དཔུང་གི་དཀྱིལ་ན། ཀླུ་གདུག་པ་ཅན་གྱི་རང་སྲོག་དང་། བུ་དང་བུ་མོ་དང་ཆུང་མ་དང་གཡོག་རྣམས་སྲེག་པར་བྱེད་པ། དེ་ལྟ་བུའི་ཁྲོ་ཆུང་གི་གཟི་བརྗིད་ཀྱིས། ཀླུའི་རྒྱལ་པོ་
རྣམས་རབ་ཏུ་སྐྲག་སྟེ། ཐལ་མོ་སྦྱར་ནས་བཀའ་ཉན་ཅིང་ཀླུའི་དུག་རྣམས་རང་གི་ལུས་ལ་རྔུབ་པར་དམིགས་སོ། །དེ་ལྟར་ལས་ཇི་ལྟར་འདོད་པ་བཞིན་དུ་བྱས་ནས་སླར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟིམས་ལ་གཞག་གོ། །དེའི་ཕྱི་ནང་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་

སྨོས་ནས། ཁྲོ་བོ་དེ་དག་གི་རྡོ་རྗེ་ཞེས་སྨོས་པའོ། །དེ་ལྟར་བྱེད་པ་ནི་ཀླུའི་གདོན་ཐམས་ཅད་སྲུང་བར་བྱེད་པ་དང་། བརླག་པར་བྱེད་པའི་ལས་ཀྱི་སྦྱོར་བའོ། །དེ་དག་ཀླུའི་གདོན་ལས་བསྲུང་ན་སྔགས་ཀྱི་མགོ་ལ་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་བཟླས་སོ། །ཞི་བར་བྱེད་ན་ཞབས་ལ་ནཱ་ག་
སྭཱ་ཧཱ་ཞེས་བཟླས་སོ། །རྒྱས་པར་བྱེད་ན་ཞབས་ལ་ནཱ་ག་སརྦ་ལོ་ཀི་ཕཊ་ཅེས་པའོ། །དབང་དུ་བྱེད་ན་ནཱ་ག་ཨ་ལ་ཡ་ཧཱུཾ་ཞེས་པའོ། །གསོད་ན་ནཱ་ག་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པའོ། །གནོན་ན་ནཱ་ག་སྟཾ་བྷ་ཡ་ནཾ། སྲེག་ན་ནཱ་ག་ཛྭ་ལ་རཾ་ཧཱུྃ། སྐྲོད་ན་ནཱ་ག་ཨུ་ཙ་ཏ་ཡ་ཕཊ། འགུགས་ན་ནཱ་ག་པ་ཡཾ་ཛ།
ཀླུའི་འཁྲུན་ཐག་གཅོད་ན་ནཱ་ག་ཡ་ཧི་ས་ར་ན་ཕཊ་ཅེས་པ་རྣམས་སྔགས་ཀྱི་མཐའ་རྟེན་དུ་ཤེས་པར་བྱའོ། །དེ་ལྟར་བྱས་པས་གདུག་པ་ཀླུའི་དུག་པ་མ་ལུས་པར་བརླག་པར་འགྱུར་བར་ངེས་སོ། །ཀླུའི་གདོན་ལས་ཐར་བར་བྱེད་པའི་ལས་ཀླུའི་སྲོག་མེ་དབལ་གྱི་འཁོར་ལོ་ཞེས་བྱ་བ། ཀླུའི་
རྣམ་པར་འཇོམས་པའི་སྙིང་གཟེར་དུ་བཀོད་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ཀྱི་ནད་མི་བཟད་པ་དྲག་པོ་ཞི་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། སེང་
ལྡེང་གི་ལོ་མ་བརྡུངས་ཏེ། བཙིར་བའི་ཁུ་བ་ལ་བཟླས་པ་སྟོང་ཕྲག་བདུན་བཟླས་ན། འབྲུམ་བུ་མེ་དབལ་ནག་པོ་ཤིན་ཏུ་མི་བཟད་པའི་ནད་ཞི་བར་འགྱུར་རོ། །ཨ་ལ་ཀའི་ལོ་མ་འབྲས་བུ་དང་བཅས་པའི་ཕྱེ་མར་བྱས་ནས་སྔ་མ་བཞིན་དུ་བཟླས་ནས། བླུད་ན་གག་ལྷོག་དང་འབྲས་མི་བཟད་
པ་ཞི་བར་ངེས་སོ། །གླ་རྩི་དང་བཙན་དུག་སྔགས་ཀྱིས་ཟིན་པ་ལ་སྔ་མ་ལྟར་བཟླས་ནས་བླུད་ན་མཛེ་ནད་མི་བཟད་པ་རྣམས་ཞི་བར་ངེས་སོ། །སོ་མ་ར་ཛ་དང་། ཙནྡན་དཀར་པོ་དང་། ཕག་པའི་མཁྲིས་པ་དང་། རྨ་བྱའི་སྒོ་ང་སེར་པོ་ལ་སྔ་མ་ལྟར་བཟླས་ནས་བླུད་ན། དུག་ནད་མི་བཟད་
པ་ལས་ཐར་བར་ངེས་སོ། །དར་ཡ་ཀ་དམར་པོ་དང་། སྐྱེར་པའི་ཁཎྜ་ལ་སྔ་མ་ལྟར་བཟླས་ནས་བླུད་ན་མཁྲིས་པ་ཤ་ཡའི་ནད་མི་བཟད་པ་ཞི་བར་འགྱུར་རོ། །འབྲས་བུ་གསུམ་པ་དང་པ་ལ་ཤ་དང་། ཙི་ཏྲ་ཀའི་ཁུ་བ་ལ་སྔ་མ་ལྟར་བླུད་ན་སྨྱོ་འབོག་གི་ནད་རྣམས་ཞི་བར་འགྱུར་རོ། །ཁྱིའི་རུས་

པ་དང་ག་པུར་གྱི་ཆུ་དང་བཟང་དྲུག་གི་མེ་ཏོག་རྣམས་ལ་སྔ་མ་ལྟར་བཟླས་ནས་བླུད་ན། རིམས་ཀྱི་ནད་མི་བཟད་པ་རྣམས་ཞི་བར་འགྱུར་རོ། །མི་བཟད་པའི་ནད་ཞི་བར་བྱེད་པ་གསེར་གྱི་རྒྱ་མཚོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།།
༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཚེ་འཕེལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་དཔའ་བོ་གཅིག་པའི་དཀྱིལ་འཁོར་བཞེངས་ཏེ། བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཆང་ལ་སོགས་པའི་ཆང་
རིགས་སྣ་ཚོགས་བླུགས་ལ་དེའི་ནང་དུ་ཟས་དཔག་ཏུ་མེད་པ་དང་། བུམ་པའི་སྙིང་པོ་རྣམས་བླུགས་ལ་ལྷའི་མཚན་མ་གདབ། ཚེ་བཤོས་ཟླ་གམ་ལ་བུ་རམ་ལ་སོགས་པའི་རོ་མཆོག་སྣ་ཚོགས་པས་བརྒྱན་ལ། ཚོན་སྣ་ལྔའི་སྐུད་པས་གཟུངས་ཐག་གདགས། མདའ་བྱ་རྒོད་མ་ལ་
དར་ལེ་བརྒན་གྱི་འཕུར་ལྕེ་བཏགས་ལ་སྐབས་སུ་གཡབ། དཀྱིལ་འཁོར་གྱི་མཐའ་མར་རྩྭ་དཱུར་བའི་གཅལ་དགྲམ། བཀྲ་ཤིས་ཚེ་འཕེལ་གྱི་རྫས་ཞོ་དང་། བིལ་བ་དང་། ལི་ཁྲི་ལ་སོགས་པ་རྣམས་ཀྱང་བཞག །དེ་ནས་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་དང་། བར་ཆད་བསལ་བའི་
དོན་དུ་གཏོར་མ་བཟང་པོ་ཡང་གཞག་གོ། །དེ་ནས་རྡོ་རྗེ་རྣམ་འཇོམས་སྐུ་མདོག་དཀར་པོར་བསྒྱུར་ཏེ་སྤྱན་དྲང་བ་དང་། ཡེ་ཤེས་སེམས་དཔའ་བསྟིམ་པ་དང་། མཆོད་པ་དང་བསྟོད་པ་བྱ། དེ་ནས་བུམ་པ་དང་པདྨའི་སྙིང་པོ་འདབ་མ་བརྒྱད་པའི་སྟེང་དུ་ལྷ་མོ་བརྒྱད་སྐུ་མདོག་དང་། ཕྱག་
མཚན་གསལ་བར་བསྐྱེད་ལ། ཚེའི་བདག་པོ་བརྒྱད་པོའི་སྔགས་བརྒྱ་ཕྲག་རེ་བཟླས་ལ། དེ་ནས་བསྟོད་པ་ནི། ཤར་གྱི་ཕྱོགས་ནས་རྡོ་རྗེ་ཚེ་འཕེལ་ཆེན་མོ་ནི། །ལྷ་མོ་ཆེན་མོ་དཀར་ཤམ་མ། །སྐུ་མདོག་མཐིང་ག་རིན་ཆེན་འོད། །ཚེ་སྐྱོབ་ཆེན་མོ་གདུགས་འཛིན་མ། །ཚེ་དང་དཔལ་གྱི་
ལས་མཛད་མ། །ཤར་གྱི་ཕྱོགས་ཀྱི་ཚེ་ཁུག་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །ལྷོ་ཕྱོགས་ཚེ་འཕེལ་མངའ་བདག་ནི། །ལྷ་མོ་ཆེན་མོ་མདངས་ཅན་མ། །སྐུ་མདོག་མཐིང་སེར་འོད་འབར་མ། །རིན་ཆེན་ཚེ་སྤྱོད་ཆེན་མོ་སྟེ། །ཕྱག་ན་པདྨ་འདབ་བརྒྱད་བསྣམས། །ཚེ་དང་

དཔལ་གྱི་ལས་མཛད་མ། །ལྷོ་ཡི་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །ནུབ་ཕྱོགས་ཚེ་འཕེལ་མངའ་བདག་ནི། །ལྷ་མོ་ཆེན་མོ་སྐྱེས་ཆེན་མ། །པདྨའི་ཚེ་སྤྱོད་ཆེན་མོ་སྟེ། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཚེ་དང་དཔལ་
གྱི་ལས་མཛད་མ། །ནུབ་ཀྱི་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །བྱང་ཕྱོགས་ཚེ་འཕེལ་མངའ་བདག་ནི། །ལྷ་མོ་ཆེན་མོ་ཡིད་བཟངས་མ། །ལས་གྲུབ་ཚེ་ཡི་ལས་མཛད་མ། །སྐུ་མདོག་ལྗང་གུ་རིན་ཆེན་འབར། །ཕྱག་ན་ཚེ་སྤྱོད་དུང་ཕོར་འཛིན། །ཚེ་དང་དཔལ་
གྱི་ལས་མཛད་མ། །བྱང་གི་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །ཤར་ལྷོ་ཚེ་ཡི་མངའ་བདག་མོ། །ལྷ་མོ་ཆེན་མོ་དབྱངས་མཁན་མོ། །སྣ་ཚོགས་ཚེ་སྤྱོད་ཆེན་མོ་སྟེ། །སྐུ་མདོག་དཀར་མོ་རིན་ཆེན་འབར། །ཕྱག་ན་ཚེ་ཡི་འཁོར་ལོ་བསྣམས། །ཚེ་དང་དཔལ་
གྱི་ལས་མཛད་མ། །ཤར་ལྷོའི་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །ལྷོ་ནུབ་ཚེ་ཡི་མངའ་བདག་མོ། །ལྷ་མོ་ཆེན་མོ་འོད་ལྡན་མ། །སྣ་ཚོགས་ཚེ་སྤྱོད་ཆེན་མོ་ནི། །སྐུ་མདོག་མཐིང་ག་འོད་ཟེར་འབར། །ཕྱག་ན་ཚེ་ཡི་རྒྱལ་མཚན་བསྣམས། །ཚེ་དང་དཔལ་གྱི་
ལས་མཛད་མ། །ལྷོ་ནུབ་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །ནུབ་བྱང་ཚེ་ཡི་མངའ་བདག་མོ། །ལྷ་མོ་ཆེན་མོ་དྲི་མེད་ནི། །སྣ་ཚོགས་ཚེ་སྤྱོད་ཆེན་མོ་སྟེ། །སྐུ་མདོག་དམར་པོ་རིན་ཆེན་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །ཚེ་དང་དཔལ་གྱི་ལས་
མཛད་མ། །ནུབ་བྱང་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །བྱང་ཤར་ཚེ་ཡི་མངའ་བདག་མོ། །ལྷ་མོ་ཆེན་མོ་ཡིད་གཞུངས་མ། །སྣ་ཚོགས་ཚེ་སྤྱོད་ཆེན་མོ་སྟེ། །སྐུ་མདོག་ལྗང་གུ་རིན་ཆེན་འབར། །ཕྱག་ན་ཚེ་འཕེལ་རོ་ཧི་ཏ། །ཚེ་དང་དཔལ་གྱི་ལས་མཛད་མ། །
བྱང་ཤར་ཕྱོགས་ཀྱི་ཚེ་ཁུགས་ལ། །རྣལ་འབྱོར་བདག་གི་ཚེ་སྤེལ་ཅིག །ཨོཾ་བུདྡྷ་ཨོཾ་བྷྲཱུཾ། ཧཱུཾ་བཛྲ་ཧཱུྃ་བྷྲཱུཾ། སྭཱ་རཏྣ་སྭཱ་བྷྲཱུཾ། ཨཱཿཔདྨ་ཨཱཿབྷྲཱུཾ། ཧཱ་ཀརྨ་ཧཱ་བྷྲཱུཾ་ཞེས་ཡེ་ཤེས་ཚེ་རྒྱུན་བདག་དང་སེམས་ཅན་ཐམས་ཅད་ལ་རྒྱས་པར་དམིགས་ལ། སྙིང་པོ་བསྡུས་པ་ལ་བཟླས་པ་བྱ། རྒྱུད་སྟོང་ཕྲག་ལྔ་

བཟླས། གོས་དཀར་པོ་དྲི་མ་མེད་པ་གོན་ལ། གཞན་ལ་བྱེད་ན་དབང་། རང་ལ་བྱེད་ན་ལུས་ཐམས་ཅད་རང་བཞིན་གྱི་རྡོ་རྗེ་ཆེན་པོ་གཅིག་ཏུ་བྱིན་གྱིས་བརླབས་ལ། ཁ་ཟས་རྟག་ཏུ་ར་མཉེ་བ་དང་། འོ་མ་བསྟེན། འབྲས་བུ་གསུམ་ལ་སྨན་མར་རྟག་པར་གཏོང་ངོ་། །ཁ་ཟས་
ལྷག་མ་ཚེ་བཤོས་འབའ་ཞིག་དང་། ཚེ་སྐྱེམས་ལ་ཟས་སྐོམ་བྱའོ། །ཉིན་མཚན་དུ་རྒྱུད་རྫོགས་པར་ཁ་ཏོན་བྱའོ། །རྟག་ཏུ་རྡོ་རྗེ་རྣམ་པར་འཇོམས་པ་ཡིད་ལ་བྱ། ཚེ་འཕེལ་བའི་དོན་དུ་དགེ་འདུན་ལ་སྟོན་མོ་བྱ་ཞིང་བྲམ་ཟེ་རྣམས་ལ་ཡོན་དབུལ། རྟག་ཏུ་ཚེའི་དཀྱིལ་འཁོར་བཞེངས།
མཆོད་པ་དང་བསྟོད་པ་དང་། སེམས་བསྐྱེད་པ་དང་། སྡིག་པ་བཤགས་པ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། རྗེས་སུ་ཡི་རང་བ་དང་། སྨོན་ལམ་གདབ་པ་རྣམས་བྱའོ། །དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ལ་བརྩོན་པར་བྱའོ། །རྟག་ཏུ་ཁྲུས་བྱ་ཞིང་གོས་གཙང་མ་
བགོ་བར་བྱའོ། །དེ་ལྟར་རྒྱུན་དུ་བྱས་ན་རྣལ་འབྱོར་པ་དེའི་ལུས་ཀྱི་སྐོགས་པ་རིམ་པ་བདུན་བརྗེ་བ་དང་། སྐྲ་དཀར་དང་གཉེར་མ་མེད་པ་དང་། སོ་དང་སེན་མོ་བརྗེ་བ་ལ་སོགས་པའི་རྟགས་དང་ཡོན་ཏན་མང་པོ་འབྱུང་བ་ཡིན་ནོ། །ལུས་གཞོན་ཞིང་སྣུམ་བག་དང་ལྡན་པར་འགྱུར་བ་ཡིན་ནོ། །
དེའི་ཚེ་ཡང་སྒྲུབ་པ་པོ་རབ་ཀྱིས་ཉི་ཟླ་ཇི་སྲིད་གནས་ཀྱི་རིང་ལ་ཐུབ་པོ། །འབྲིང་གིས་འབུམ་ཕྲག་རྩ་གཉིས་སུ་ཐུབ་པར་ངེས་སོ། །ཐ་མས་སྟོང་ཕྲག་བཅོ་བརྒྱད་ཐུབ་པར་ངེས་སོ། །སྐབས་སུ་ཡི་གེ་བརྒྱ་པ་འབུམ་ཕྲག་རེ་བཟླས་ཤིང་གཤེགས་སོ། །བླ་མ་ལ་ཡོན་དབུལ། དགོས་པའི་བྱ་བ་
མ་ཡིན་པ་གང་ཡང་མི་བྱ། དེ་ལྟར་བྱས་ན་ཚེ་འཕེལ་བར་ངེས་སོ། །ཚེ་འཕེལ་བའི་སྒྲུབ་ཐབས་རྒྱལ་མཚན་གྱི་རྩེ་མོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསོད་ནམས་རྒྱ་ཆེན་པོ་
འཕེལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་སུམ་ཅུ་རྩ་ལྔའི་དཀྱིལ་འཁོར་བཞེངས་ལ། བུམ་པ་ཡང་ལྷའི་གྲངས་དང་མཉམ་པ་ལ། སོ་སོའི་མཚན་མས་བཏབ་ལ་དར་སྣ་ཚོགས་པའི་

མགུལ་ཆིངས་ཀྱིས་གདགས་སོ། །དཀྱིལ་འཁོར་གྱི་ཕྱོགས་བཞིར་ཀུན་དུ་ཤུག་པ་དང་སྨྱུག་མ་དང་། འདམ་བུ་དང་སེང་ལྡེང་གི་ཤིང་གི་ལོ་མ་དང་འབྲས་བུར་བཅས་པ་རིམ་པར་འཁོར་བར་གཟུགས་སོ། །སྟེང་ནས་དར་དམར་པོའི་ཡོལ་བས་དགབ། གནས་ཁང་གི་ལོགས་
རྣམས་སུ་ཡང་དེ་བཞིན་གཤེགས་པའི་སྐུ་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་དང་། ལུགས་སུ་བླུགས་པ་ལ་སོགས་པའི་རྟེན་རྣམས་དགྲམ། པུསྟི་དང་གླེགས་བམ་ལ་སོགས་པ་ཡང་དགྲམ། དེ་ནས་མཆོད་པའི་བྱེ་བྲག་སྤོས་ཀྱི་རེང་བུ་སྟོང་། ཡོན་ཆབ་སྟོང་། མར་མེ་སྟོང་།
བཤོས་གཙང་སྟོང་། མེ་ཏོག་སྟོང་། གཏོར་མ་དེ་སྙེད་ཅིག་ཏུ་བཤམ་མོ། །ཤར་དུ་གདུགས་རྒྱ་ཤོག་ལས་བྱས་པ་དཀར་པོ་སྟོང་། ལྷོར་བ་དན་སེར་པོ་སྟོང་། ནུབ་ཏུ་རྒྱལ་མཚན་སྟོང་། བྱང་དུ་འཕེན་ཁ་དོག་སྣ་ཚོགས་སྟོང་བཤམས་ལ་གནས་ཁང་གི་མཐའ་མ་ཐམས་ཅད་དུ་རྩྭ་ཀུ་ཤ་
དང་དཱུར་བས་ཁྱབ་པར་དགྲམ་མོ། །སྔགས་པ་དམ་ཚིག་དང་ལྡན་པ་དགུའམ་བཅུ་གཅིག་གོ། །གཅིག་གིས་ཤར་ཕྱོགས་སུ་རྒྱུད་སྟོང་ཕྲག་གཅིག་ཀླག །གཅིག་གིས་ལྷོ་ཕྱོགས་སུ་ཆུ་གཏོར་སྟོང་ཕྲག་གཅིག་གཏང་། གཅིག་གིས་ནུབ་ཏུ་ཆུ་སྦྱིན་སྟོང་ཕྲག་གཅིག་གཏང་། གཅིག་
གིས་བྱང་དུ་མཆོད་རྟེན་སྟོང་གདབ། གཅིག་གིས་ཤར་ལྷོ་ནས་མཆོད་པ་བྱ། གཅིག་གིས་ལྷོ་ནུབ་ནས་བསྟོད། གཅིག་གིས་ནུབ་བྱང་ནས་གཏོར་མ་གཏང་། གཅིག་གིས་བྱང་ཤར་དུ་ཡི་གེ་བརྒྱ་པ་སྟོང་ཕྲག་གཅིག་བཟླས། བདག་ཉིད་ཀྱིས་སྙིང་པོ་རྒྱས་བསྡུས་ལ་ཅི་རིགས་རྒྱུན་མ་
ཆད་པར་བྱའོ། །འབྲུག་གི་ཉི་མ་ལ་གཏད་ལ་ཞག་གསུམ་དུ་དེ་ལྟར་བྱ་སྟེ། བཟའ་བ་དང་བཏུང་བའི་བྱེ་བྲག་སྣ་ཚོགས་པ་ལ་ལོངས་སྤྱད། གནས་ཁང་གི་ཕྱོགས་བཞི་དབུས་དང་ལྔར་འབུམ་ལྔ་ཀླག་པ་ལ་སོགས་པ་དགེ་སྦྱོར་གྲུབ་ཚད་དུ་བྱའོ། །བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་
དྲངས་ལ་སྡིག་པ་མི་དགེ་བའི་ལས་ཅི་བྱས་པ་རྣམས་བཤགས་སོ། །དེའི་འོག་ཏུ་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གྲུབ་ན་གཞན་ལ་སྟོན་མོ་རྒྱ་ཆེ་བ་བྱ། དེ་ནས་འབྲུག་གི་ཉི་མ་ལ་གཏོར་མ་ལ་སོགས་པའི་རྫས་རྣམས་འབབ་ཆུ་ཆེན་པོ་ལ་བསྐྱལ་ལོ། །གྲོང་ཁྱེར་གྱི་ཤར་ཕྱོགས་སུ་དུང་

སྣ་ཚོགས་པའི་སྒྲ་ཆེན་བསྒྲག་ཅིང་གདུགས་དང་རྒྱལ་མཚན་བསྒྲེང་། ལྷོ་རུ་རྔ་སྣ་ཚོགས་པའི་སྒྲ་བསྒྲག་ཅིང་བ་དན་བསྒྲེང་། ནུབ་ཏུ་ཆ་ལང་དང་། གཎྜཱིའི་སྒྲ་དང་། ཅང་ཏེའུའི་སྒྲ་བསྒྲག་ཅིང་། རྟ་དང་གླང་པོ་ལ་ཞོན། བྱང་དུ་དྲིལ་བུ་དང་ཕེག་རྡོབ་ཀྱི་སྒྲ་སྒྲོག་ཅིང་
དར་སྣ་ཚོགས་པ་ཕྱར་རོ། །དེ་ནས་ཚོགས་ཅི་རིགས་པར་བསག་ཅིང་བཤགས་པ་རྣམས་བྱའོ། །དེ་ལྟ་བུའི་ཆོ་ག་ལན་གསུམ་མམ་བདུན་བྱས་ན། རྣལ་འབྱོར་པ་དེའི་བསོད་ནམས་ཕྱོགས་ཐམས་ཅད་དུ་ཤིང་སྐམ་པོ་ལ་མེ་འབར་བ་བཞིན་དུ་འགྲོ་བར་ངེས་སོ། །བསོད་ནམས་འཕེལ་
བར་བྱེད་པའི་དཔལ་ཡེ་ཤེས་ཀྱི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་པའོ།། ༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་
པ་ལ་མན་ངག་གསུམ། སྒྲ་ལ་གནས་པའི་བསམ་གཏན་གྱིས། འགྲོ་བ་རྣམས་ཀྱི་ལས་མཐའ་གཅད་པ་ནི་སྒྲ་ནི་གཉིས་ཏེ། སྟོང་པའི་སྒྲ་དང་ཕྲེང་བའི་སྒྲའོ། །སྟོང་པའི་སྒྲ་ལ་དྲུག་ལུས་ངག་ལ་གནས་པ་དང་། ཡུལ་ལ་གནས་པ་དང་། སེམས་ལ་གནས་པ་དང་། ཤེས་བྱ་རང་
གཤིས་ལ་གནས་པ་དང་། དུས་ལ་གནས་པ་དང་། རང་གི་འགྱུར་བྱེད་ལ་གནས་པའོ། །དེ་ཡང་ལུས་ངག་ཡིད་ལ་སྟོང་པའི་སྒྲ་དེ་ཇི་ལྟར་གནས་ན། སྐྱེ་བ་མེད་པའི་ཆོས་ཉིད་ཟབ་མོ་ལས། ལུས་སྐྱེ་བ་ཆོ་འཕྲུལ་དུ་བསྟན། དེ་ཡང་སྐྱེ་བ་མེད་པར་ཅིས་ཤེས་ན། ཆོས་ཉིད་སྟོང་པ་རྒྱུ་
མེད་པའི་ཕྱིར། རྐྱེན་ལུས་ངག་གི་ཚོགས་པ་རང་ས་ན་གནས་པས། རང་སར་གྲོལ་བ་རྐྱེན་སྒྲ་རང་སངས་ངོས་གཟུང་མེད་པར་བརྗོད་པ་མེད་པའི་སྐྱེ་མཆེད་དུ་གཏན་ལ་ཕེབས་སོ། །དེ་ལྟར་ལུས་སྐྱེ་བའི་ཆོ་འཕྲུལ་ཅིས་ཤེས་ན། སེམས་ལ་གདོས་པ་མེད་པས་སྡུག་བསྔལ་ངོས་གཟུང་དང་བྲལ་
བས། ངག་སྒྲ་བསྒྱུར་གྲག་སྟོང་རང་ཡལ་བས་བརྗོད་པ་རང་སྟེང་དུ་ཆོད་པས་ལྟ་བ་ངོས་གཟུང་དང་བྲལ་བའོ། །དེ་ལྟར་བྲལ་བས་ཡིད་ཀྱི་དྲན་པ་སྒོ་འགགས་ཏེ་བསམ་བྱ་སྒྲ་དང་དབྱིངས་སུ་ནུབ་པ་ཞེས་བྱའོ། །ཡུལ་ལ་གནས་པའི་སྒྲ་གནས་ཀྱི་བསམ་གཏན་ནི། ཡུལ་བྱུང་བ་བཏབ་པས་

སྒྲ་གནས་པ་སྟོང་གསལ། ཆོས་ཉིད་ཟབ་མོ་སྒོ་ལྔ་ལ་ཤར་བས་ཐག་མཉམ་འདས་བློ་དང་བྲལ་བས་ལྷ་ངོས་གཟུང་དང་བྲལ་བའོ། །སེམས་སྒྲ་ལ་གནས་པའི་བསམ་གཏན་ནི། དྲན་པ་བྱུངས་ཐེབས་པས་བྱུངས་སོ། །གཞི་ལ་གཞག་སྟེ་བཞག་པས་ཡུལ་སེམས་དང་བྲལ་བས་
ཕྱག་རྒྱ་ཐོད་རྒལ་དུ་ལ་བཟླ་བ་ཞེས་བྱའོ། །ཤེས་བྱ་རང་གཤིས་སྒྲ་ལ་གནས་པའི་བསམ་གཏན་ནི། རྩད་གཅད་པས་ལྟ་བ་སྟོང་པ་གཞི་མེད་ལམ་སྒྱུར་བས། ཆོས་ཉིད་སྒྱུ་མ་ལ་གཟུགས་མེད། སྒྲ་ཕྱིར་འབྲེངས་པས་འཁོར་ཕྲེང་བ་ལ་མི་ལྟོས་པའོ། །དུས་སྒྲ་ལ་གནས་པའི་བསམ་
གཏན་ནི། ཤེས་པའི་དུས་དང་རྟོགས་པའི་དུས་དང་། ལ་བཟླ་བའི་དུས་སོ་ཞེས་པ་ནི་རྩད་ཆོད་པས་ཚིག་ཁོང་དུ་ཐིམ་པའོ། །རྟོགས་པའི་དུས་ནི་འཁོར་ཅན་བདག་མེད་པའོ། །ལ་ཟློས་པའི་དུས་ནི་ཆོས་ཉིད་གཞི་ཐོག་ཏུ་ཕེབས་པའོ། །རང་གི་འགྱུར་བྱེད་སྒྲ་ལ་གནས་པའི་བསམ་གཏན་ནི།
ལུས་གནད་ལ་ཕབ་པས་སྐྱེ་བ་རང་སར་ཡལ། སེམས་གནད་ལ་ཕབ་པས་འཁོར་འདས་ལྟོ་སྦྱོར། དེ་ཡང་སྟོང་པ་ནི། རྒྱུ་སྟོང་པས་རྐྱེན་རང་སར་ཡལ། རྐྱེན་སྟོང་པས་འབྲས་བུ་ལ་རེ་བ་མེད་པའོ། །ཕྲད་པའི་སྒྲ་ལ་ལྔ་སྟེ། བསྐྱེད་པའི་རིམ་པ་རྗེས་འཛིན་པའི་སྒྲ་ལ་གནས་པའི་བསམ་
གཏན་དང་། སེམས་གནས་པར་བྱེད་པའི་ལུས་ངག་གི་འཁོར་ལོ་ཕྲེང་བ་སྒྲ་ལ་གནས་པའི་བསམ་གཏན་དང་། རང་བཞིན་དག་པ་ཆོས་ཉིད་ཕྲེང་བ་སྒྲ་ལ་གནས་པའི་བསམ་གཏན་དང་། རིམ་པ་རྫོགས་པ་ཆོས་ཉིད་ལམ་དུ་བྱེད་པ་སྒྲ་ལ་གནས་པའི་བསམ་གཏན་ནོ། །བསྐྱེད་པའི་རིམ་
པའི་རྗེས་འཛིན་པའི་སྒྲ་ལ་གནས་པའི་བསམ་གཏན་ནི། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱི་དུས་ཙམ་ན། ལྷ་རྣམ་པ་དྲུག་ལ་གྲགས་པ་སྒྲའི་ལྷ་ལ་གནས་པའི་ཚེ་ཕྱི་རོལ་དུ་གྲགས་པ་མ་ཡིན་པར་ཆོས་ཉིད་རང་སྒྲ་སྔགས་ཀྱི་ཕྲེང་བ་ལྷ་ལྟ་བུ་ནི་མ་ཡིན། རང་གནས་བསམ་གཏན་མི་
གཡོང་རང་ཐོག་ཏུ་སྒྲ་ཕབ་སྟེ། དེ་ཉིད་བྱུང་བ་ཡང་རང་བྱུང་དུ་བྱུང་ལ། གནས་པ་ཡང་རང་བྱུང་དུ་གནས་ཏེ། སོང་བ་ཡང་རང་བྱུང་གི་ངང་ལ་གནས་པས་བུམ་པ་སྟོང་པ་ཉིད་སྤྲོས་པ་ནས། སྔགས་ཀྱི་རང་སྒྲ་སྟོང་པ་ཉིད་དུ་སྤྲོས་པས། བཅུད་ཆོས་ཉིད་བདེ་གསལ་གཉིས་མེད་ཀྱི་ཉམས་སུ་ཤར་

བས་ན་སློབ་མ་ལ་ངེས་ཤིས་སྐྱེ་བའོ། །བསྐྱེད་པའི་དུས་བཞིན་དུ་རང་རྒྱུད་རྗེས་སུ་བསྒྲུབ་པ་ནི་མ་ཡིན་ན། དེས་ན་ལྷ་སྟོང་པས་གཟུགས་བརྙན་སངས་རྒྱས་སྤྱོད་ཡུལ་དུ་ཤར་བས། གཟུགས་ཙམ་ལ་ཡང་མི་གནས་པས་སེམས་ཉིད་སྟོང་པ་སངས་རྒྱས་ཀྱི་སྤྱོད་ཡུལ་
གྱི་དོན་དུ་བྱུང་བའོ། །ཡི་གེ་འབྲུ་རྣམས་མ་བྱུང་མ་སྐྱེས་རང་ས་ན་གསལ་བ་ནི་བསམ་གཏན་ནོ། །ཡི་གེ་ཕྲེང་བའི་སྒྲ་ལ་གནས་པའི་བསམ་གཏན་ནི། སྒྲུབ་པ་པོ་བདག་ཉིད་སྟན་བདེ་བའི་སྟེང་དུ་རྐང་པ་སྐྱིལ་ཀྲུང་བཅས་པ་ལག་པ་མཉམ་གཞག་ཏུ་བཅས། མིག་སྣ་རྩེར་ཕབ་སྟེ། སེམས་
ཨཱ་ལིའི་ཕྲེང་བ་ཁ་དོག་དཀར་པོ་མྱུར་དུ་འཁོར་བ་ལ་བློ་ཕབ་ནས། སྟོང་པའི་ངང་ལ་གནས་ནས། སྣང་བ་གསལ་བ་རང་ཤེས་ལ་ཉམས་སུ་མྱོང་བས་སྣང་སྟོང་རྗེས་འཛིན་མེད་པས་གྲོལ་བ་ཞེས་བྱའོ། །དེ་ལ་དམིགས་པའི་ཚུལ་ནི་འཁོར་བ་ལ་དམིགས་པ་བདེ་གསལ་གྱི་བསམ་གཏན། རང་བཞིན་
གནས་སུ་འཕྲོ་བའི་ཚུལ་གྱིས་གནས་པས། ཡིད་ཀྱི་འགྱུ་བ་གསལ་བ་ཉིད་དུ་གནས་པའི་བསམ་གཏན་དུ་གནས་པའོ། །འཕྲོས་པའི་ཚུལ་ལ་དམིགས་པས་སྐྱེ་བ་མེད་པའི་ཆོས་ཉིད་ཟབ་མོ་ལ་གནས་པའོ། །སེམས་གནས་པར་བྱེད་པ་ལ་ལུས་ངག་གི་འཁོར་ལོའི་ཕྲེང་བ་སྒྲ་ལ་
གནས་པའི་བསམ་གཏན་ནི། ལུས་ལྷའི་ཕྲེང་བས་བསྐོར་བས་བག་ཆགས་བསགས་པའི་ལུས་ཟུང་འཇུག་ལྷའི་བསམ་གཏན་དུ་གནས་པས་ངག་གི་ལུས་དང་སེམས་ལ་མ་བཅིངས་པས་ངག་བདག་ཏུ་འཛིན་པའི་ལྟ་བའི་ཕྲེང་བས་གྲོལ། ངག་བཟླས་པ་སྒྲའི་ཕྲེང་བས་བསྐོར་བས་རྣམ་སྨིན་དྲག་པོའི་ངག་
གྲག་པ་སྒྲའི་བསམ་གཏན་དུ་གནས་པས། ངག་གི་ལུས་དང་སེམས་ལ་མ་བཅིངས་པས། ངག་བདག་ཏུ་འཛིན་པའི་ལྟ་བ་ལས་གྲོལ། ཏིང་ངེ་འཛིན་ཟབ་མོའི་ཕྲེང་བས་བསྐོར་བས་རྣམ་རྟོག་མཚན་མའི་ཡིད། ཆོས་ཉིད་ཟབ་མོའི་སྤྱོད་ཡུལ་དུ་གནས་པས་ཡིད་ཡུལ་དུ་མ་ལ་མ་བཅིངས་པས། ཡིད་
བདག་ཏུ་ལྟ་བ་ལས་གྲོལ་བའོ། །རང་བཞིན་དག་པ་ཆོས་ཀྱི་ཕྲེང་བ་སྒྲ་ལ་གནས་པའི་བསམ་གཏན་ནི། སྣང་བ་བཅོས་མ་ལས་གྲོལ་བའི་ཚུལ་གྱིས་རང་བཞིན་རང་དག་ཏུ་བཞག་པས་རྐྱེན་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གཏན་ལ་ཕེབས་ཏེ། འཁོར་འདས་རང་སོ་ལ་གནས་པས་གཉིས་འཛིན་ཤེས་

པ་ནང་དུ་ལོག་ནས་གཅིག་དང་དུ་མའི་ཐ་སྙད་ལས་འདས་པའོ། །དྲན་པའི་ཡུལ་མ་བཅོས་པར་རང་སར་བཞག་པས་སེམས་འགྱུ་བ་ཡིན་ཐོག་ན་གནས་པས་རྟོག་མེད་དུ་འགྱུ་བའི་སྒྲོ་འདོགས་ནང་དུ་ཆོད་དེ། མ་བཅོས་བསམ་བྲལ་གྱི་བསམ་གཏན་བསམ་ངོ་ཡིན་སྙམ་པ་ལས་འདས་པའོ། །རིམ་པ་
ཆོས་ཉིད་ལམ་དུ་བྱེད་པ་སྒྲ་ལ་གནས་པའི་བསམ་གཏན་ནི་དད་པ་དང་ལྡན་པའི་གང་ཟག་གིས། སྔོན་དུ་བསྐྱེད་པའི་རིམ་པ་དཔའ་བོ་གཅིག་པའམ། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམས་པ་ལས། ཐུན་དང་པོ་བྱས་ལ། དེ་ནས་ཐུན་གཉིས་པ་ལ་ཆོས་ཉིད་ཟབ་མོའི་རྫོགས་པའི་རིམ་པ་
བསྒོམ་པ་ནི་ལས་དང་པོ་པའི་བསླབ་པར་བྱ་བའི་རིམ་པ་དང་། གནས་པ་དག་པ་བསླབ་པར་བྱ་བའི་རིམ་པའོ། །ལས་དང་པོ་པའི་དུས་ན་ལུས་ལ་ལྷའི་གོ་ཆར་བཅུག་པས་ལུས་ངག་གི་བར་ཆོད་བསལ་ནས་ངག་གཟུངས་སྔགས་ཀྱི་ཕྲེང་བ་དང་ངོ་སྤྲད་དེ། ངག་གི་ནུས་པ་རྫོགས་པར་བྱ་བ་དང་། རང་དོན་དུ་ངག་གི་
སྡིག་པ་མི་དགེ་བ་དག་པ་ལ། གཞན་དོན་དུ་གཞན་གྱི་ངག་གི་བར་ཆོད་སེལ་ནུས་པའོ། །ཡིད་ཀྱི་ནུས་པ་རྫོགས་པ་གཞན་དོན་དུ་ཡིད་ཀྱི་བར་ཆོད་སེལ་ནུས་པའོ། །དེ་ལྟར་ན་འདི་ཉིད་ལས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པ་དང་། གཞན་དོན་དུ། ཚེ་དང་བསོད་ནམས་འཕེལ་བར་
འགྱུར། །ཞེས་པའོ། །དེ་ལ་ལས་དང་པོ་པས་བྱ་བའི་རིམ་པ་ནི། སྔ་དྲོ་ལྷ་མཆོད་པ་དང་ཉིན་གུང་བཟླས་པ་བྱ། ཕྱི་འཕྲེད་རྫོགས་པ་བསྒོམ་པ་སྟེ། ནམ་ལ་ཡང་དེ་ག་ལྟར་ཕྱེ་ལ་བསྒོམ་མོ། །དེ་ལྟར་བྱས་པས་ནུས་པ་གསུམ་ངེས་པར་འཐོབ་བོ། །ཇི་སྲིད་དུ་ནུས་པ་གསུམ་མ་ཐོབ་ཀྱི་བར་ལ་ནི། རྫོགས་
པའི་རིམ་པ་འབའ་ཞིག་ལ་འཇོལ་ཉོག་ཏུ་སྒོམ་དུ་རུང་བ་ཡང་མ་ཡིན་ནོ། །གནས་པ་དག་པས་བསླབ་པར་བྱ་བའི་རིམ་པ་ནི། ཐུན་དང་པོ་ཙམ་མ་ཡིན་པས་ཉིན་ཞག་ཕྲུགས་གཅིག་ལ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཐུན་གཅིག་བསྒོམ་སྟེ། དེ་ནས་ཁ་བཤལ་ཁྲུས་བྱས་ལ། རྫོགས་པའི་རིམ་པ་
བསྒོམ་པ་ནི། སྟན་བདེ་བའི་སྟེང་དུ་ལུས་ཇི་ལྟར་རིགས་པས་བཅོས་ལ་བདག་ཉིད་ཀྱི་ལྕེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་འོད་ཟེར་བརྒྱ་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དེའི་མཐའ་མར་ཡི་དམ་གྱི་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བས། དེའི་ཕྱི་རིམ་དུ་ཨཱ་ལི་གཡོན་སྐོར། དེའི་ཕྱི་རིམ་དུ་ནི་ཀཱ་

ལིའི་ཕྲེང་བ་གཡས་སྐོར། དེ་ལྟར་ཕྲེང་བ་གསུམ་པོ་དེ་ལ་དམིགས་ལ་སེམས་ཕབ་སྟེ་གནས་པས་ལུས་ངག་ཡིད་གསུམ་གྱི་ཉེས་པ་གསུམ་བཅོམ། དེ་ཉིད་བཅོམ་པས་ཕྲེང་བ་དང་པོ་ལ་དམིགས་པས། རྡོ་རྗེ་རྣམ་པར་འཇོམས་པའི་སྤྲུལ་སྐུ་ཐོབ་ལ། གཉིས་པས་ལོངས་སྐུ་ཐོབ།
གསུམ་པས་ཆོས་སྐུ་ཐོབ་བོ། །ཧཱུྃ་གི་འོད་ཟེར་ལ་དམིགས་པས་སྐུ་གསུམ་དབྱེར་མི་ཕྱེད་པ་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་ཐོབ་པའོ། །དེ་ཡང་དམིགས་པ་ཇི་ལྟར་དམིགས་ན་དང་པོ་སྟོང་པའི་ངང་ལས་ཧཱུྃ་ཞེས་བསྲུང་བ་བྱ། གཉིས་པ་ལུས་ངག་གི་སྡིག་པ་སྦྱོང་བའི་དོན་དུ། མཆོད་བསྟོད་
བཤགས་པ་བྱ། གསུམ་པ་རྫོགས་པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པ་དང་། ཆུ་གཏོར་དང་ཚ་ཚ་གདབ་པ་དང་། ཆུ་སྦྱིན་གཏང་། བཞི་པ་ཆོས་ཉིད་ཟབ་མོ་འཇོལ་ཉོག་ཏུ་སྤྱོད་པའི་ཕྱིར། ཕྲེང་བ་དང་པོ་ལ་རྨི་ལམ་ལྟ་བུར་དམིགས། གཉིས་པ་ལ་ཆུ་ཟླ་ལྟ་བུར་དམིགས། གསུམ་པ་ལ་
ནམ་མཁའ་ལྟ་བུར་དམིགས། ཧཱུྃ་ལ་དམིགས་པ་གཉིས་པའི་ཆ་ལ་ཅིར་ཡང་མ་གྲུབ་པར་དམིགས་སོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའི་དོན་ཡིན། སྒྲ་ལ་གནས་པའི་བསམ་གཏན་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་
པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྒྲ་ལ་མི་གནས་པའི་བསམ་གཏན་གྱིས། འགྲོ་བ་གཉིས་རྒྱུད་ཀྱི་འཁོར་ལོ་རྒྱུན་བཅད་པའི་མན་ངག་ཆོས་ཉིད་སྒྲ་ལ་མི་གནས་པའི་དོན་བསྟན་པ་ནི་གསུམ། དམིགས་པ་ཡོངས་སུ་དག་པའི་བསམ་གཏན་དང་། དམིགས་པ་རྗེས་གཅོད་པའི་སྒྲ་ལ་མི་གནས་པའི་བསམ་
གཏན་དང་། དམིགས་པ་མཐའ་ལ་འགག་པའི་སྒྲ་ལ་མི་གནས་པའི་བསམ་གཏན་ནོ། །དམིགས་པ་ཡོངས་སུ་དག་པའི་སྒྲ་ལ་མི་གནས་པའི་བསམ་གཏན་ནི། བསྐྱེད་པའི་རིམ་པ་ཆོས་ཉིད་སྐྱེ་མེད་དུ་རང་དག་པས་ལྷ་དང་ཡིག་འབྲུའི་འཛིན་པ་རང་ལོག་པས་ལུས་སྒྲ་ལ་མི་གནས་ཏེ། བྱ་བྱེད་འཁོར་བའི་རྒྱུ་
རྐྱེན་བཟློག་གོ། །དེ་ཉིད་ལོག་པས་ལུས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་རྫོགས་པས་བསྐྱེད་པའི་རིམ་པ་བདག་ཏུ་བཅིངས་པའི་སྣང་བ་རང་འགག་གོ། །དམིགས་པ་རང་དག་ན་ཀུན་རྫོབ་ལ་དམིགས་པ་དག་པས། དོན་དམ་པའི་ཆོས་ཉིད་ཡིན་མིན་གྱི་མཐའ་ལས་འགགས་སོ། །ལྷ་དང་གཞལ་ཡང་ཁང་

རྟེན་དང་། བརྟེན་པའི་ཚུལ་ལས་ལོག་པས་རྫོགས་པའི་ཆོས་ཉིད་ཡིན་མིན་གྱི་མཐའ་འགགས་ཏེ། སྒྱུ་མ་ཆོས་ཉིད་དུ་གྱུར་པའོ། །སྣང་བ་འཁོར་ཅན་དག་པས་ན་དེ་ཁོ་ན་ཉིད་ཀྱི་བསམ་གཏན་ཞེས་བྱའོ། །སྟོང་པས་བདག་སྟོང་གཞན་སྟོང་གཉིས་ཀ་མ་ཡིན་པ་སྟོང་པས་ན་སྟོང་ཉིད་སྒྲ་ལ་མི་གནས་པའི་བསམ་
གཏན་ནོ། །དམིགས་པ་རྗེས་གཅོད་པའི་སྒྲ་ལ་མི་གནས་པའི་བསམ་གཏན་ནི། ཐུན་མོང་དུ་བསླབ་པར་བྱ་བའི་རིམ་པ་དང་། མཆོག་ཏུ་དམིགས་པ་གཅད་པར་བྱ་བའི་རིམ་པའོ། །ཐུན་མོང་གི་གང་ཟག་དད་པ་དང་ལྡན་པ་གཅིག་གིས་དང་པོར་ཚོགས་ཇི་ལྟར་བསག་པ་སྔོན་དུ་འགྲོ་བའི་མན་ངག་དང་གཉིས་པ་ལུས་བཅོས་
པ་བསམ་གཏན་སྐྱེ་བའི་ཡན་ལག་དང་། གསུམ་པ་རྣམ་པར་རྟོག་པ་མི་གནས་པར་སེམས་དྲི་མ་དང་བྲལ་བའི་མན་ངག་དང་། བཞི་པ་ཉམས་ཇི་ལྟར་སྐྱེ་བའི་བོགས་འདོན་པའི་མན་ངག་དང་། ལྔ་པ་ཆོས་ཉིད་སྒྲ་ལ་མི་གནས་པ་འབྲས་བུའི་ཡིན་ལུགས་སམ་ཐོབ་ལུགས་གཏན་ལ་དབབ་པའོ། །དེ་ཡང་གང་ཟག་
འདོད་སྲེད་ལས་བློ་ལོག་པ་དགེ་སྦྱོར་ལ་བློ་ཁེལ་བ་གཅིག་གིས། སྔོན་དུ་ཚོགས་བསགས་པ་ནི་ཆོས་དང་ཟང་ཟིང་གི་སྦྱོར་བ་ལ་ཇི་ལྟར་འབྱོར་པ་བྱ། དེ་ལ་མདུན་གྱི་ནམ་མཁའ་ལ་རང་གི་བླ་མ་དང་། དཀྱིལ་འཁོར་རྫོགས་པར་སྤྱན་དྲངས་ཏེ། བདུན་རྣམ་པར་དག་པ་ལན་ཅིག་བྱའོ། །དེ་ནས་ཁྱད་པར་དུ་མཆོད་པ་དང་
བསྟོད་པ་དང་བཤགས་པ་ལན་བདུན་ནམ་བཅུ་གཅིག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བླ་མར་བཅས་པ་འོད་དུ་ཞུ་ནས། བདག་གི་ལུས་མགོ་མཇུག་ཏུ་བསྟིམས་ལ། བདག་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས་སླར་གསོ་བ་ཡེ་ཤེས་ཀྱི་ལུས་སུ་ལངས་ཏེ། ཡི་དམ་གྱི་སྒྱུ་ལུས་སུ་གཟུང་ངོ་། །དེ་ནས་བདག་
ཉིད་ཀྱིས་བདག་ཉིད་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་བསོག་གོ། །དངོས་དང་དངོས་པོ་ཡིན་པ་ལ་སོགས་པས་གཞན་ཚོགས་རྫོགས་པར་བྱའོ། །ལུས་སེམས་བཅོས་པ་ནི་དེ་ལྟར་ཚོགས་རྫོགས་པར་བྱས་ལ། དེ་ནས་ལུས་བདེ་ལུགས་སུ་བཅོས་ལ། སྐད་ཅིག་དང་པོ་ལྷའི་རྣལ་འབྱོར་དུ་བྱའོ། །གཉིས་པ་འོད་ཟེར་གྱི་
ཕུང་པོར་བྱའོ། །གསུམ་པ་སྟོང་པ་ཉིད་དུ་བྱའོ། །བཞི་པ་སླར་ཡེ་ཤེས་ཀྱི་ལུས་སུ་ལངས་ལ། སེམས་ཉིད་དེ་ལ་འཁོར་བའི་ཚུལ་དུ་བལྟས་པས་འཁོར་འདས་ཀྱི་འབྲེལ་བ་ཆད། བརྐྱང་བའི་ཚུལ་གྱིས་བལྟས་པས་ཉག་གཅིག་གྲལ་དུ་ཆུད་པའོ། །དེ་ཡང་སེམས་བཅོས་པའི་གནད་ནི་འགྱུ་བ་ཧུར་ཕྱུང་བ་དང་། དྲན་པ་

ཡས་སྤུར་བ་དང་། གསལ་བ་ཕུགས་རྡིབ་པ་དང་། གནས་པ་ཡུལ་དབྱུང་བའོ། །ཆོས་ལུགས་ནི་ནམ་མཁའ་ལ་ངོས་གཟུང་། ཁོང་དུ་ལམ་དྲང་གནས་སུ་གཟུད་པའོ། །གསུམ་པ་རྣམ་པར་རྟོག་པ་མི་གནས་པར་སེམས་དྲི་མ་དང་བྲལ་བའི་མན་ངག་ནི། རླུང་གིས་བདེ་ས་བཙལ། ཡེ་ཤེས་མཚམས་
དབྱེ། རྟོག་པའི་མགོ་ཕུར་དྲན་རིག་ལྷུག་པར་གཞག །ཕྱི་ཡུལ་རྣམ་པར་རྟོག་པའི་མིང་མེད། དེ་ཉིད་ལས་བཅོས་ས་མ་རྙེད་པས་ནང་སེམས་ལ་རྣམ་པར་རྟོག་པའི་མིང་མེད། དེ་ཉིད་གསལ་བ་རང་གསལ་ལ། དག་པ་རང་དག་ཏུ་འདུག་པས་ཕྱི་ནང་དུ་རྟོག་པའི་ཞེན་པ་ཙམ་དུ་ཡང་མི་གནས་པའོ། །བཞི་པ་ཉམས་ཇི་
ལྟར་སྐྱེ་བ་དང་། བོགས་འདོན་པའི་མན་ངག་ནི། དང་པོ་དྲན་པ་ཙམ་ཆོས་ལུགས་ཀྱི་རྩིས་ཟིན་ཉམས་ཡིད་ལ་བྱུང་བས། ལུས་ངག་གི་གསལ་བ་ཤས་ཆེ་བ། གཉིས་པ་སེམས་ལམ་སྲོལ་དུ་སྣང་བའི་མཚམས་ཤེས་པའི་ཉམས་ལྡོག་པ་ཡིད་ལ་བྱུང་བས། རྟོག་པའི་སྒོ་འགགས་ཏེ་བདེ་བ་ཤས་ཆེ། གསུམ་པ་
སེམས་ཀྱི་བྱུང་ཚོར་ཤེས་པས་རང་གི་སེམས་ལས་བྱུང་བས། རང་སེམས་ཚད་ལ་ཕེབས་པས་གནས་པ་ཤས་ཆེ། བཞི་ལ་འགྱུ་བ་ཡང་དག་པས་ཉམས་ལ་ཤེས་རབ་ལྔ་འབྱུང་བས། ཉོན་མོངས་པའི་ཕུགས་རྡིབ་པས་སྟོང་པ་ཤས་ཆེ། ལྔ་པ་ཡུལ་སེམས་ལ་དབང་ཐོབ་པའི་ཉམས་ཆོས་ཉིད་ལས་བྱུང་བའི་
བསམ་གཏན་ལ་འཕོ་འགྱུར་མེད་དེ། བདེ་སྟོང་གསལ་བ་གསུམ་དུས་གཅིག་ལས་མི་བདེ་མི་སྲིད་པའོ། །དེ་ལྟ་བུའི་ཉམས་རང་རྒྱུད་ལ་མ་སྐྱེས་ན་ལུས་གཅུད་པའི་འཁོར་ལོ་སྣ་ཚོགས་བྱ། སེམས་རྒྱ་བསྐྱེད་ཅིང་ཁོང་བསྐྱུང་ངོ་། །དེ་ལྟར་བྱས་པས་ཆོས་ལས་སུ་མ་སོང་བས་ཡེ་ཤེས་ལས་ཡེ་ཤེས་སུ་
དག་པའི་ཉམས་སུ་མྱོང་བ། རྣལ་འབྱོར་པའི་རྒྱུད་ལ་རང་གསལ། རང་ཤར་དུ་འབྱུང་བར་ངེས་སོ། །ལྔ་པ་ཆོས་ཉིད་སྒྲ་ལ་མི་གནས་པ་འབྲས་བུའི་ཡིན་ལུགས་སམ། ཐོབ་ལུགས་གཏན་ལ་དབབ་པ་རྟོག་པ་དུ་མའི་སྒྲ་ལ་ཤེས་པ་མི་གནས་པས་ཡུལ་ཆོས་ཉིད་དུ་གྱུར་པའོ། །གྲག་པ་སྒྲ་ཚིག་གི་སྒྲ་ལ་མི་གནས་
པས། རྣམ་རྟོག་ཆོས་ཉིད་དུ་འགྱུར་བའོ། །གྲག་པ་ཡུལ་སྣང་གི་སྒྲ་ལ་དབང་པོ་མི་གནས་པས་མྱོང་བ་ཆོས་ཉིད་དུ་གྱུར་པའོ། །དེ་ལྟར་སྒྲ་ལ་མི་གནས་པ་མཐོང་བས་སྐུ་གསུམ་གྱི་རྒྱས་ཐེབས་པས། གསལ་བ་རང་ཤེས་སུ་ཟིན་པས་འབྲས་བུ་འཁོར་བར་ལྡོག་མེད། གནས་པ་སྐུ་གསུམ་དུ་ཟིན་པས། དགོངས་

པ་བཅོས་པ་མེད་པས་འབྲས་བུ་བདེན་པ་ཡ་མ་བྲལ། བདེ་བ་སྐུ་གསུམ་གྱི་རྩིས་ཟིན་པས། བསྐྱེད་རྫོགས་ཀྱི་མཚོམས་མེད་དེ་འབྲས་བུ་ཟུང་འཇུག་སྟོང་པ་ཁོ་ན་གནས་པའོ། །མཆོག་ཏུ་དམིགས་པ་བཅད་པའི་རིམ་པ་ནི་འཇུག་པ་བསྐྱེད་པའི་ཡན་ལག་དམིགས་བཅད་པས། རང་སེམས་ལ་དཀྱིལ་འཁོར་རྙེད་པ་དང་།
ལྷ་ལ་དམིགས་པ་བཅད་པས་ལུས་ཀྱི་བཟློག་མཚམས་ཤེས་པ་དང་། ཡི་གེ་འབྲུག་སྒྲའི་དམིགས་པ་བཅད་པས་ངག་གི་ནུས་པ་རྙེད་པ་དང་། འཕྲོ་འདུ་ཁ་དོག་གི་དམིགས་པ་བཅད་པས་ཡིད་ཀྱི་བདེ་བ་ཐོབ་པའོ། །འཇུག་པ་སྐྱེད་པའི་ཡན་ལག་ནི་ཚད་མེད་པ་བསྒོམ་པ་དང་། སྟོང་པ་བསྒོམ་པ་ལ་སོགས་པ་སྟེ། དེ་
དག་རྣམས་རང་ཞི་རང་དག་ཏུ་རྣལ་འབྱོར་པའི་རྒྱུད་ལ་ཁྱེར་བར་སེམས་ཉིད་སྟོང་པ་འོད་གསལ། རང་བཞིན་སྐྱེ་མེད་རྟོགས་པས་བསྒོམ་བྱ་ཆོས་ཉིད་ལས་བློ་བཟློག །དེ་ལ་བློ་མི་གནས་པས་ཆོས་ཉིད་ཟབ་མོ་རང་རྟགས་ཀྱི་འཁོར་ལོ་ལས་ལྟ་བའི་ས་མེད་པའོ། །ལྷ་ལ་དམིགས་པ་ནི་དུས་ཐམས་ཅད་དུ་ཡི་དམ་གྱི་ལྷ་བསྒོམ་
པ་ལམ་དུ་བྱེད་པ་སྟེ། དེ་ཉིད་རང་རྒྱུད་དུ་འཛིན་པའི་དམིགས་པ་བཅད་པས་ལུས་ལ་ཞེན་པ་རང་རྒྱུད་དུ་འཛིན་པའི་ཡུལ་གང་ལ་བདག་ཏུ་སེམས་པ་དེ་ཉིད་ལམ་བྱུང་དུ་སྣང་བས་འཁོར་རྐྱེན་དམིགས་པ་ཐ་དད་དུ་བྱུང་བས། རང་བཞིན་དུ་བློ་ཆོས་ཉིད་རང་སྒྲ་ལ་མི་གནས་ཁྱད་པར་དུ་ཡིད་ལ་བྱེད་པའི་དམིགས་པ་རང་ཆོད་པས་
སེམས་ཆོས་ཉིད་སྒྲ་ལ་མི་གནས་ཏེ། ཆོས་སྐུ་ལུས་ཀྱི་བཟློག་མཚམས་ཤེས་པས་སྟོང་པ་ཉིད་སྒྲ་དབང་དུ་མ་གྱུར་པའི་ཆོས་ཉིད་དུ་གྱུར་པའོ། །ཡི་གེའི་འབྲུའི་སྒྲ་ནི་ཕྱིའི་སྣང་བ་བེམས་པོ་རྣམས་ལ་སྔགས་ཀྱི་སྒྲའི་དམིགས་པ་ཐ་དད་པ་ན་ཕྱག་མཚན་སྟོང་གསལ་སྒྲའི་དམིགས་པ། འཕྲོ་འདུ་འོད་ཀྱི་སྒྲའི་དམིགས་
པའོ། །དེ་རྣམས་འགྱུ་མེད་རྩ་སྟོང་དུ་གཅད་པས་རང་རྐྱེན་ཡུལ་དུ་མ་ཞེན། ཡུལ་འགགས་པས་སྒྲ་ཚིག་སྔགས་སུ་གསལ་ལ། བརྗོད་པ་ཕྲེང་ལུགས་སུ་རྫོགས་པས། ངན་ལམ་སྲོལ་དུ་ཆུད་པས་ཅི་བྱས་སྔགས་ཚིག་ཏུ་གསལ་ཙམ་ན་བདག་རྐྱེན་འགག་པ་ནི། ངག་ལ་དབང་ཐོབ་པའོ། །འཕྲོ་འདུ་ཁ་
དོག་གི་དམིགས་པ་ནི། ཞི་བ་དཀར་པོར་དམིགས་པ་དང་། རྒྱས་པ་ལ་སེར་པོ། དབང་དམར་པོ། དྲག་པོ་ལྗང་གུ་ལ་སོགས་པ་དེ་རྣམས་སྣང་བ་རང་དག་ཏུ་བཅད་པས་རྒྱུ་དང་རྐྱེན་ཡོངས་སུ་དག་པས་ཚད་དུ་ཁ་དོག་རང་རྒྱུད་དུ་ཞེན་པ་ལས་བློ་བཟློག །དེ་ཉིད་ལོག་པར་ངོ་ཤེས་པས་རྟག་ཏུ་བྱ་བ་བྱེད་པ་ལྟ་བ་

འགག །དེ་ཉིད་འགགས་པས་ཡིན་ལུགས་སྟོང་པར་ངོ་ཤེས་གཏན་ལ་ཕེབས་པས། ཡིད་ཀྱི་འཇུག་པ་རང་སར་གྲོལ་བས་ཡིད་རང་བྱུང་དུ་བདེ་ལ། སྣང་ལུགས་རང་ཤར་དུ་གཏན་ལ་ཕེབས་པས་གསལ་བ་རང་གི་ཆོས་ཉིད་དུ་གཏན་ལ་ཕེབས། ཡིད་ཀྱི་དམིགས་པ་
རང་ཆོད་པས་ཡིད་ཉིད་རང་སྣང་དུ་བདེ་བའོ། །དེ་ལྟར་སྒྲ་གང་ལ་མི་གནས་ན། བསྐྱེད་པའི་རིམ་པ་དམིགས་པ་ཡན་ལག་དང་བཅས་པ་ལ་མི་གནས་པས་ཆོས་ཉིད་སྒྲ་རང་གྲོལ་གྱི་བསམ་གཏན་ཞེས་བཏགས་ཀྱང་འགལ་བ་མེད་དོ། །སྔགས་ཀྱི་སྒྲ་ལ་མི་གནས་པའི་ཕྱིར་འཇིག་རྟེན་གྲགས་འཛིན་གྱི་སྒྲ་ལ་
སོགས་པ་ལ་ལྟ་ཅི་སྨོས་ཏེ། ཆོས་ཉིད་རྣམ་པར་དག་པའི་རང་སྒྲ་དོན་ཚད་མ། རྟགས་ཚད་མ། དོན་རྟགས་ཚད་ལ་ཕེབས་པས་དམིགས་པ་སྒྲའི་ཞེན་པ་ལས་རང་ལོག་པས་ཆོས་ཉིད་དུ་མཐོང་། སྐུ་གསུམ་སླར་མི་ལྡོག་པས་སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱའོ། །དེའི་ཕྱིར་ཆོས་ཉིད་ཟབ་མོ་སངས་
རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་རྣལ་འབྱོར་པའི་རང་རྒྱུད་དང་གཉིས་འབྲེལ་པའོ། །སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་པའི་འཁོར་རྐྱེན་དྲུངས་ནས་འདོན་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་
པ་ལ་ཕྱག་འཚལ་ལོ། །མཐར་གྱིས་པའི་མན་ངག །སྒྲ་མཐར་གྱིས་པའི་བསམ་གཏན་སྐྱེ་བའི་རིམ་པ་རྫོགས་པའི་རིམ་པ་སྒྲུབ་པ་པོའི་ལུས་སེམས་ཀྱི་འབྲེལ་པ་གཅད་པ་ནི། ལུང་ལྡན་བླ་མའི་མཚན་ཉིད་ལ། སྒྲ་མཐར་མན་ངག་གི་བཅུད་གསལ་བ། སྣོད་ལྡན་དད་ཅན་གྱི་ནང་ཁེངས་ཏེ། རང་གཞན་
གཉིས་ཀྱི་དོན་རྫོགས་པས་རྫོགས་པའི་སངས་རྒྱས་ཀྱི་ཐ་སྙད་ཅན། ལུས་སེམས་ཀྱི་འབྲེལ་པ་མི་གནས་སོ། །ཆོས་ཉིད་ཟབ་མོ་སྣང་བ་འདི། སངས་རྒྱས་ཀྱི་སྤྱོད་ཡུལ་དུ་འཁྱེར་བར་འདོད་པས། ལུང་ལས་ཇི་ལྟར་གསུངས་པའི་བླ་མ་མཚན་ཉིད་དང་ལྡན་པ་མཆོག་ཏུ་གཅེས་སོ། །དེ་ལྟ་བུའི་བླ་མ་ལ་
སྙིང་པོ་ཟབ་མོའི་མན་ངག་སངས་རྒྱས་ནས་བརྒྱུད་པ་མ་སྟོངས་པ། གནད་དུ་འགྲོ་བའི་ཚེགས་ཆུང་བ་སློབ་མ་སྣོད་དང་ལྡན་པ་སྒྲུབ་པ་ལ་བརྩོན་ཞིང་དད་པ་དང་ལྡན་པས་མཐར་གྱིས་གནས་པའི་བསམ་གཏན་གྱིས། ལུས་སེམས་འབྲེལ་པ་གཅད་པའི་བསམ་གཏན་ལ། བློ་བཀལ་ནས་བསྒྲུབས་ན་རང་དང་

གཞན་གཉིས་ཀའི་དོན་འབྱུང་བ་ནི། ནང་དུ་ཆོས་ཉིད་སྒྲའི་མཐའ་ལས་གྲོལ་བས། རང་དོན་རིམ་གྱིས་རྫོགས་ལ། ཕྱི་ཆོས་ཉིད་སྒྲ་ལ་མཐར་གྱིས་གནས་པ་མ་ཡིན་ཏེ། དོན་དམ་པའི་རང་བཞིན་དུ་གནས་པས་གཞན་དོན་རིམ་གྱིས་རྫོགས་པས་ན། དེ་ལ་སངས་རྒྱས་ཐ་སྙད་ཅེས་བྱའོ། །དེ་ལྟ་བུའི་བསམ་
གཏན་གྱི་ཡན་ལག་འཇུག་པའི་མཚན་ཉིད་དང་ལྡན་པ་སྔོན་དུ་བྱས་ནས། ད་ནི་བསམ་གཏན་གྱི་དངོས་གཞི་ལུས་སེམས་འབྲེལ་པ་གཅད་པ་ནི་དགུ་སྟེ། ལུས་འཕོ་བའི་རྟ་ལ་བརྟེན་ནས་ལུས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་རིམ་པ་དང་། དེ་ནས་རང་སེམས་ངོས་བཟུང་ནས་སྐྱོན་དང་ཡོན་ཏན་གྱི་རྣམ་པ་བཙལ་
བ་དང་། དེ་ནས་སེམས་ཀྱི་གནས་པ་བཙལ་བ་དང་། གནས་པ་རང་ཐོག་ཏུ་གཞག་པ་དང་། དེ་ལྟར་གནས་ནས་མི་གནས་པའི་ཡེ་ཤེས་སུ་ལ་བཟླ་བ་དང་། ལ་བཟླ་བ་རང་སེམས་དང་འབྱོར་པའི་དུས་བརྩི་བ་དང་། སེམས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་རིམ་པ་དང་། དེ་ཉིད་མཐར་ཐུག་བསམ་གཏན་
གྱི་མན་ངག་ཏུ་མ་སོང་ན་ཇི་ལྟར་བཅོས་པའི་རིམ་པ་དང་། སྒྲའི་མཐའ་མི་ཞེན་པར་ལྟ་བའི་དོན་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པ་དང་། སེམས་ཀྱི་བྱ་བའི་རྣམ་པ་ལས་ཡིད་འབྱུང་བའི་བླ་མས། སྒྲ་མཐར་གྱིས་བསམ་གཏན་དུ་ངེས་པར་སྒྲོལ་བའི་ཚད་བསྟན་པའོ། །དང་པོ་ལུས་འཕོ་བའི་རྟ་ལ་བརྟེན་ནས་ལུས་
ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་རིམ་པ་བསྟན་པ་ནི། ལུས་འབྱུང་བ་རང་རྐྱེན་ལས་འཕོས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་ལོངས་ཅི་དགར་སྤྱོད་པ་དང་། ལྷའི་སྐུ་མདོག་དང་བཞུགས་ཚུལ་ལ་འཕོས་པས་ཐ་མལ་པའི་བག་ཆགས་ཀྱི་རྒྱུན་གཅད་པ་དང་། ཆོས་ཉིད་སྒྱུ་མས་ཡེ་ཤེས་སྒྱུ་མར་འཕོས་པས་
ལུས་སེམས་ཀྱི་འབྲེལ་པ་རྒྱུན་བཟློག་པའི་གནད་དོ། །འབྱུང་བ་རྐྱེན་ལ་འཕོ་བ་ནི་རྟག་ཏུ་འབྱུང་བ་བཞིའམ་ལྔའི་རྣལ་འབྱོར་དུ་བྱ་སྟེ། སའི་རྣལ་འབྱོར་ནི་ལུས་སྣ་ཚོགས་པའི་ཁྲུས་དང་། བུམ་པའི་ཆོ་ག་བྱ། དེ་ལྟར་ཆུ་དང་མེ་དང་རླུང་དང་ཁྲུས་བྱ་ཞིང་ལུས་ལ་བུམ་པའི་ཆོ་ག་བྱ་ཞིང་། ནམ་མཁའི་ཁྲུས་ནི་ལུས་
གཅེར་བུར་ཕྱུང་ལ་བདུད་རྩི་ལྔས་ཁྲུས་རྟག་ཏུ་བྱ། དེ་ཡང་སའི་རྣལ་འབྱོར་བྱེད་པའི་དུས་ན། ས་སྣ་ཚོགས་པ་ལ་རིག་སྔགས་བཟླས་པ་བརྒྱ་རྩ་བརྒྱད་བྱས་ན། ཉིན་རེ་ལ་ལུས་ལ་ལན་གསུམ་གསུམ་དུ་བྱུག་ཅིང་། ལུས་མགོ་མཇུག་ཏུ་བསྐུ་མཉེ་བྱའོ། །ཆུ་ནི་ཁྲུས་ཆོག་དང་མཐུན། མེ་ནི་ཤིང་སྣ་ཚོགས་པའི་

ཡམ་ཤིང་དང་། བུམ་པའི་ནང་དུ་བཅུག་སྟེ་སྔགས་གོང་ལྟར་བཟླས་ལ་བུམ་པའི་ནང་དུ་མར་དང་ལྡན་པའི་མེ་བཏང་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྲ་དང་ཁ་སྤུ་ལ་སོགས་པ་རྣམས་བསྲེག །རླུང་གི་རྣལ་འབྱོར་བུམ་པའི་ནང་དུ་ཕྱོགས་བཞི་ཀའི་རླུང་གིས་བཀང་སྟེ།
སྔགས་བཟླས་ལ་གང་ནས་རླུང་བྱུང་བའི་ཕྱོགས་སུ་ཁ་བལྟས་ལ་ཁྲུས་ཀྱི་ལས་བྱའོ། །ནམ་མཁའི་ནི་བདུད་རྩིའི་ཁྲུས་བྱས་ལ། ནམ་མཁའ་ལ་བུམ་པའི་ཁྲིའི་སྟེང་དུ་བཞག་ལ་ཕྱོགས་ཀུན་ནས་རིག་སྔགས་ཀྱི་ལྷའི་སྔགས་ཀྱིས་ཐུན་གྱིས་བྲབ་པོ། །དེ་ལྟར་བྱས་པས་ལུས་ཀྱི་སྡིག་པ་ཏིལ་འབྲུ་ཙམ་
ཡང་མེད་པར་དག་སྟེ། དེ་ལྟར་ལན་གྲངས་བརྒྱ་རྩ་བརྒྱད་བྱས་ན། ལུས་ལ་གནས་མི་སྲིད་དོ། །དེ་ལྟར་རྒྱུན་དུ་བྱས་ན་ཐུན་མོང་དུ་ལུས་འབྱུང་བ་ལ་དབང་སྒྱུར་ནུས་པ་དང་། མཆོག་ཏུ་རྡོ་རྗེ་འཛིན་པའི་སྐུ་ཐོབ་པས་རྟགས་དང་ཆོ་འཕྲུལ་སྣ་ཚོགས་ལ་ལོངས་སྤྱོད་པའོ། །ལྷའི་སྐུ་མདོག་དང་བཞུགས་ཚུལ་
ལ་འཕོ་བ་ནི་བསྐྱེད་པའི་རིམ་པ་དང་འདྲ་སྟེ། ཐ་མལ་པའི་ལུས་ཀྱི་ཞེན་པ་ལ་སོགས་པས་ཡེ་ཤེས་ལྷའི་སྐུར་བཞེངས་པས་ལུས་ཀྱི་ཞེན་པའི་སྡིག་པ་གནས་མི་སྲིད་དོ། །ཆོས་ཉིད་སྒྱུ་མས་ཡེ་ཤེས་སྒྱུ་མའི་ནང་དུ་འཕོ་བ་ནི། ལུས་ཡོད་མ་མྱོང་བས་སྟོང་པར་གསལ་བས་ཆོས་ཉིད་ལས་འགྲོ་ས་
མེད་དོ། །དེ་ཉིད་ལས་རང་བཞིན་མེད་པས་རྒྱུན་ཀུན་བརྟགས་སུ་གྲུབ་མ་མྱོང་བས་ཕུང་པོ་གནས་གྱུར་ཏེ། དེ་ཉིད་མཚན་མ་རྫས་གྲུབ་ཡོད་མི་སྲིད་པས་ཡེ་ཤེས་སྒྱུ་ལུས་སུ་གནས་པའོ། །དེ་ལྟར་གནས་པ་ལུས་སྟོང་པ་རང་བཞིན་མེད་པར་སྣང་ལ། སྡིག་པ་རྒྱུ་མེད་པས་སྟོང་པས་གོས་པ་མེད་དོ། །དེ་
ཡང་འགྱུར་བའི་དུས་ན་སའི་རྡོ་རྗེ་སེར་པོ་རྒྱ་ཁྱོན་དཔག་ཏུ་མེད་པར་སྣང་བ་དང་དེ་བཞིན་དུ་ཆུའི་རྡོ་རྗེ་དཀར་པོ་མེའི་དམར་པོ། རླུང་གི་ལྗང་གུའོ། །ནམ་མཁའི་མདོག་མཐིང་ག་རྒྱ་དང་ཁྱོན་དཔག་ཏུ་མེད་པ་ལྡང་བར་བྱའོ། །ལྷའི་སྐུར་ལྡང་བ་ཉིད་དུ་ལྡང་བ་དང་། གསུམ་ནི་སྐུ་གསུམ་དུ་གྲོལ་བའི་གནད་དོ། །
རང་སེམས་ངོས་གཟུང་ལ་ཡོན་ཏན་བཙལ་བ་ནི། དེ་ལྟར་བྱས་པའི་ལུས་གསུམ་གྱི་དུས་ན་སེམས་ཇི་ལྟར་གནས་ན། འབྱུང་བའི་དུས་ན་རྒྱུ་རྐྱེན་ཡ་བྲལ་དུ་གནས་པའོ། །འབྱུང་བ་ལྔས་བཅིངས་པའི་སྐྱོན་མེད་པས་འབྱུང་བ་ལྔའི་རྐྱེན་རྡོ་རྗེ་འཛིན་པའི་སྐུ་ཡོན་ཏན་སྣ་ཚོགས་སུ་ཤར་བའོ། །ལྷའི་དུས་ན་

འགྲོ་བ་རང་རྒྱུད་དུ་འཛིན་པའི་ཞེན་པ་རང་དག་ཏུ་གནས་པས། ཕུང་པོ་ལྔས་བཅིངས་པའི་སྐྱོན་མེད་དེ། ཤ་ཁྲག་རྡོས་པའི་རྐྱེན་རྡོ་རྗེ་འཛིན་པའི་གདུང་གི་ཡོན་ཏན་སྣ་ཚོགས་སུ་ཤར་བའོ། །ཡེ་ཤེས་ཀྱི་དུས་ན་ཆོས་ཉིད་ལ་བདག་ཏུ་རྟོག་པ་མི་གནས་པས། དམིགས་པས་བདག་གི་ཆོས་ཉིད་ལ་ཞེན་པའི་སྐྱོན་
མེད་པས་འཕྲལ་རྐྱེན་དྲི་མའི་སྐྱོན་རྣམས་འཇོམས། རྡོ་རྗེ་འཛིན་པའི་ཐུགས་ཀྱི་ཡོན་ཏན་སྣ་ཚོགས་སུ་ཤར་བའོ། །སེམས་ཀྱི་གནས་བཙལ་བ་ནི། ཕྱི་ཡུལ་ལ་བཙལ་བ་དང་ནང་སེམས་ལ་བཙལ་བའོ། །ཕྱི་ཡུལ་ནི་སྒོ་ལྔའི་ཡུལ། དབང་པོ་འཛིན་སྣང་དུ་གང་ཤར་ཀྱང་དེ་ཉིད་ལ་མི་སེམས་མི་རྟོག་པ་ནི་
སེམས་ཀྱི་གནས་ཏེ། མདོར་ན་ཡུལ་དུ་སྣང་ཚད་ལ་སེམས་གནས་སོ། །ནང་ལུས་ལ་གནས་པ་བཙལ་བ་ནི། རྐང་མཐིལ་ནས་སྤྱི་གཙུག་ཏུ་ལུས་མགོ་མཇུག་ཏུ་ཁྱབ་པར་གནས་ཀྱང་ཁྱད་པར་ལུས་ཀྱི་འཁོར་ལོ་བཞི་ལ་གནས་ལ། བསམ་གཏན་གྱི་དུས་ན་སྤྱི་བོ་བདེ་བ་ན་གནས་སོ། །ལུང་
དུ་མ་བསྟན་པའི་དུས་ན་སྙིང་ག་ན་གནས་སོ། །ཉོན་མོངས་པ་སྤྱོད་པའི་དུས་ན་མགྲིན་པ་ན་གནས་སོ། །གཉིད་ཀྱི་དུས་ན་ལྟེ་བ་ན་གནས་སོ། །གནས་པ་རང་ཐོག་ཏུ་གཞག་པ་ནི་ཐ་མལ་པའི་དུས་ན་རང་སྣང་རང་ཤར་དུ་གཞག །ལྷ་བསྒོམ་པའི་དུས་ན་གསལ་སྟོང་དབྱེར་མེད་དུ་གཞག །བསམ་གཏན་ལ་
གནས་པའི་དུས་ན་རྒྱུ་བ་དེ་རྐྱེན་གཞག །ལ་བཟླ་བའི་དུས་ན་གཅེར་བཞག་གཅེར་གྲོལ་དུ་གཞག་གོ། །གནས་པ་མི་གནས་པའི་ཡེ་ཤེས་སུ་ལ་བཟླ་བའི་དུས་སུ་ནི། སེམས་དེ་དང་པོ་མི་གནས་པར་བྱ། དེ་ནས་གནས་པ་དེ་ཐུན་སྤོས་ཏེ། སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བསླབ་པར་
བྱའོ། །གཉིས་པ་ཡུལ་དང་ཤེས་པ་རྩ་མེད་དུ་གཏང་། གསུམ་པ་ངོ་བོ་ངོས་གཟུང་མེད་པ་བདག་ཏུ་འཛིན་པ་རང་འགག་པའོ། །ལ་བཟླ་བ་རང་སེམས་དང་འབྱོར་པའི་དུས་རྩི་བ་སེམས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བ་ནི། མི་གནས་པ་གནས་པར་རང་གི་སེམས་ལ་འབྱོར་པའི་དུས་ནི། དང་པོ་ཡུལ་ནི་བདག་
ཉིད་མི་གནས་པའོ། །དེའི་དུས་སུ་སེམས་ནི་ཡང་ནས་ཡང་དུ་དགུག་པ་ལ་མཁས་པའོ། །གཉིས་པ་ཡུལ་ཤེས་ཀྱི་རྩ་བ་འདོར་བའི་དུས་ནི་དྲན་པ་རྒྱུན་འགགས་ནས་རླུང་ཕྱི་ནང་དུ་འགྱུར་བ་མེད་པའོ། །དེའི་དུས་སུ་སེམས་ཡང་ནས་ཡང་དུ་འཕང་བ་ལ་མཁས་པར་བྱའོ། །གསུམ་པ་ངོ་བོ་ངོས་གཟུང་གི་

འཛིན་པ་རང་འགགས་པའི་དུས་ནི་ཆོས་དང་གང་ཟག་ལ་མི་གནས་པར་བསམ་གཏན་ལ་ཆེད་དུ་བྱེད་པ་རྒྱུན་ཆད་པའོ། །དེའི་དུས་སུ་སེམས་ཡང་ནས་ཡང་དུ་སྦྱར་བ་ལ་མཁས་པར་བྱའོ། །མཐར་ཐུག་པ་བསམ་གཏན་གྱི་རྣལ་འབྱོར་དུ་སོང་ན་བཅོས་པ་ནི། ལུས་ལ་ཙནྡན་ལྡེ་
གུས་བྱུགས་ལ། ཡན་ལག་ཧཱུྃ་དང་ལྡན་པར་བྱ། སེམས་རླུང་གི་འགྲོ་འོང་ལ་སྦྱར་བར་བྱས་ཏེ། གསལ་བར་ཉམས་སུ་མྱོང་བའི་ཤེས་པ་བདེ་གསལ་རང་ཐོག་ཏུ་ཆོད། དེ་སྟོང་པ་རྗེས་མེད་དུ་གྲོལ། །དེ་ཉིད་མཐའ་གང་དུ་དམིགས་པ་དང་བྲལ་བའི་ཉམས་སུ་མྱོང་བ་རྣལ་འབྱོར་པའི་རྒྱུད་ལ་སྐྱེ་བར་
ངེས་སོ། །སྒྲའི་མཐའ་ལ་མི་ཞེན་པའི་ལྟ་བ་དོན་རྣལ་འབྱོར་པའི་རྒྱུད་ལ་སྐྱེ་བ་ནི། ཕྱི་ནང་གི་དམིགས་པ་ནི་ཆེད་དུ་བྱེད་པ་ལ་བློ་ལོག་པས། ཀུན་རྫོབ་ཏུ་ཆོས་ཅན་ཐུན་མོང་དུ་ལྟ་བའི་དོན་རྒྱུད་ལ་བརྟེན་པ་དམིགས་པ་ཙམ་ལས་རང་རྒྱུད་ལ་ཞེན་པ་མེད་པས་དོན་དམ་པར་ཆོས་ཉིད་ཁྱད་པར་ལྟ་བའི་དོན་རྒྱུད་ལ་
བརྟེན་པའོ། །དེ་ལྟར་དམིགས་པ་སྒྲའི་རྣམ་པ་ལ་ཞེན་པ་འཇུག་པ་རང་འགགས་པས་དོན་དམ་དང་ཀུན་རྫོབ་གཉིས་སུ་མེད་པའི་སྒྲ་ཙམ་དུ་ཡང་འཇུག་པ་དེ་བྲལ་བའི་ལྟ་བའི་དོན་རྒྱུད་ལ་བརྟེན་པའོ། །སེམས་ཀྱི་བྱ་བའི་རྣམ་པ་ལས་ཡིད་བྱུང་བའི་དུས་སྒྲ་མཐར་གྱིས་བསམ་གཏན་དུ་ངེས་བར་གྲོས་པའི་ཚད་
ནི་བསྐྱེད་རྫོགས་གཉིས་ཀའི་སེམས་ཀྱི་བྱ་བ་རྣམས་རང་དག་སྟེ། འཁོར་བ་འདོད་པའི་བློ་གནས་མི་སྲིད་པའོ། །དེ་ལྟར་མི་གནས་པས་བསམ་གཏན་ཟབ་མོ་འགྲོ་ཉལ་འདུག་པའི་རྣམ་པ་གང་དུ་ཡང་འདུག་ཀྱང་། དེ་ཉིད་ལས་མ་གཏོགས་པ་གཞན་གྱི་སེམས་མེད་པ་ནི་ཚད་དེ། དེ་ལྟར་གནས་པས་
བསམ་པ་ཡིད་དགེ་བ་ཞེས་བྱ་བ། དེ་ཉིད་ལས་མི་འགྱུར་བར་བརྟན་པས་སེམས་ལྡང་བ་སྟེ། དེ་ཉིད་ལས་མ་གཏོགས་པར་གཞན་སེམས་མེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཉིད་པས་སེམས་ཅན་གྱི་མིང་མེད་དོ། །སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་བ་གཅད་པ། སློབ་དཔོན་
ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་པའི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྷུན་པོ་རི་རབ་ཟོམ། །རྒྱུད་དོ་ཅོག་གི་བརྒྱ་རྩ་བརྒྱད། །དེ་ཡི་རྩ་བར་འདི་གསུངས་པ། །

སྒྲུབ་པའི་ཐབས་ནི་བརྒྱ་དང་བརྒྱད། །ལོ་གྲངས་རེ་རེའི་འདོད་པའོ། །འདི་ཉིད་ལ་ནི་རྣམ་པ་གཉིས། །རྒྱུད་ཀྱི་རྩ་བ་གཞིར་བླངས་ནས། །བསྐྱེད་པ་ཉིད་དང་རྫོགས་པའོ། །བསྐྱེད་པ་ལ་ནི་བརྒྱ་དང་ལྔ། །རྫོགས་པའི་རིམ་པ་བསྒྲུབ་པ་གསུམ། །འདི་ཉིད་རྩ་བའི་རྗེས་འབྲངས་པའོ། །དེ་ལ་
ཐོག་མར་དབང་བསྐུར་ནི། །རྟེན་གྱི་གང་ཟག་སྨིན་བྱའི་ཕྱིར། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དབང་བསྐུར་རིམ་པ་གཉིས་སུ་བཤད། །འདས་པ་ལ་ནི་བརྒྱད་ཡིན་ནོ། །འཇིག་རྟེན་དབང་བསྐུར་རྣམ་པ་དྲུག །སྤྱི་ཡི་དབང་དང་བཅོ་ལྔ་ཡིས། །མ་སྨིན་པ་རྣམས་སྨིན་པར་བྱེད། །དེ་
ཡི་སྡོམ་ནི་འདི་ལྟ་སྟེ། །དེ་ལ་སྒྲུབ་ཐབས་བརྒྱ་དང་བརྒྱད་གསུངས་པ་ལ། འཇིག་རྟེན་འདིའི་བློ་དོར་བ་རྣམས་ལ་འདས་པའི་དབང་བརྒྱད་བསྐུར་ཏེ། བློ་རྒྱ་ཆེ་བ་སྤྲོས་པ་ལ་དགའ་བ་རྣམས་དང་། ལྷ་སུམ་ཅུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་དོན་གཉིས་རྫོགས་པར་འདོད་པས། ཁྲོ་བོ་བརྒྱད་ཀྱི་
དཀྱིལ་འཁོར་དུ་དབང་བསྐུར། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པར་འདོད་པས། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། བདུད་འདུལ་བར་འདོད་པས། ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་དབང་བསྐུར། རང་གི་དོན་བསྒྲུབ་པར་འདོད་པས། དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་
བསྐུར། ཤེས་རབ་འཕེལ་བར་འདོད་པས། ཡབ་ཡུམ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡེ་ཤེས་སྔོན་དུ་བསྒྲུབ་པར་འདོད་པས། རིགས་ཀྱི་ཁྲོ་བོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར། མཆོག་གི་ལས་བསྒྲུབ་པར་འདོད་པས། སྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བསྙེན་
བསྒྲུབ་བྱའོ། །འཇིག་རྟེན་པ་ལ་དྲུག་སྟེ། འཇིག་རྟེན་གྱི་འདོད་པ་ཉེ་བར་འདོད་པ་རྣམས་ཀྱིས་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ཏུ་དབང་བསྐུར་ཏེ། འཇིག་རྟེན་པའི་མཐུ་དང་རྫུ་འཕྲུལ་འདོད་པས་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར། དཔལ་དང་དབང་ཕྱུག་འདོད་པས་རྒྱལ་པོ་ཆེན་
པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། སྟོབས་དང་གྲགས་པ་འདོད་པས་གཟའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། སྙན་པ་དང་ལེགས་པར་འདོད་པས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ནད་དང་གདོན་ཞི་བར་འདོད་པས་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་

བསྐུར། དབང་བསྐུར་བཅུ་བཞི་པོ་དེ་དག་གི་ལས་ཀྱི་རིམ་པ་ལ་སྟོན་པ་དབང་བསྐུར་བའི་ཆོ་ག་དང་བཅོ་ལྔ་ནི། དབང་བསྐུར་དམ་པར་གསོལ་ཅིག་ཅེས་རྒྱུད་ཀྱི་སྒྲུབ་པར་ཕྱུང་བའོ། །ལྷག་མ་གཟའི་ལས་ཀྱི་བྱེ་བྲག་བདུན་ཡོད་པ་ལས། གཟའི་གདོན་ལས་གྲོལ་བར་
བྱེད་པ་རིན་པོ་ཆེའི་གྲོལ་བྱེད་དང་། གཟའ་ངན་པ་བཟློག་པ་རྒྱ་མཚོའི་སྤྲིན་དང་། གཟའ་བརྒྱད་ཀྱི་ལས་མ་གྲུབ་པ་གྲུབ་པར་བྱེད་པ་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་དང་། བསྒྲུབ་བྱ་གཟའི་བྱད་དུ་གཞུག་པའི་འཁོར་ལོ་ཅན་དང་བཅས་པ་དང་། ཐོག་གིས་དགྲ་བསད་པ་དྲག་ཤུལ་ཅན་དང་།
ལོ་ཐོག་འཇོམས་པར་བྱེད་པ་ཆུ་ཐིགས་དང་། འགལ་བ་སྐྲག་པར་བྱེད་པའི་ལས་སྣ་ཚོགས་སུ་བསྟན་པ་མགལ་མེའི་འཁོར་ལོ་དང་བདུན་ལ། རྒྱ་མཚོ་སྤྲིན་དང་། རིན་པོ་ཆེ་གྲོལ་བྱེད་དང་། འདོད་པ་རབ་ཏུ་སྦྱིན་པ་དང་གསུམ་མོ། །གཟའ་དང་ཞེས་པའི་སྒྲུབ་པ་པོ་འཁོར་ལོ་ཅན་དང་། དྲག་
ཤུལ་ཅན་དང་། ཆུ་ཐིགས་དང་མགལ་མེའི་འཁོར་ལོ་བཞི་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པའི་བསྒྲུབ་པའོ། །རྒྱུ་སྐར་གྱི་ལྷག་མ་གཉིས་ལ། རྒྱུ་སྐར་ངན་པ་ཟློག་པར་བྱེད་པ་བདུད་རྩི་སྤྲིན་དང་། རྒྱུ་སྐར་གྱི་ལས་སྣ་ཚོགས་སྒྲུབ་པར་འདོད་པ་དུས་འཛིན་བཟང་པོ་དང་གཉིས་
ནི་རྒྱུ་སྐར་དང་ཞེས་པའི་སྒྲུབ་པའོ། །ལྷ་བརྒྱད་ཀྱི་ལྷག་མ་གཉིས་ལ། འཇིག་རྟེན་པའི་ལྷ་ཉེ་བར་བྱེད་པ་དོན་དྲུག་ནི། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པའི་སྒྲུབ་པའོ། །ཚོགས་ཀྱི་བདག་པོའི་སྒྲུབ་པ་དབུལ་མོ་གཏེར་སྦྱིན་ནི་ཕོངས་པའི་སྒྲུབ་པའོ། །ཀླུའི་ལྷག་མ་བརྒྱད་ལས་ཡམས་ལས་
ཐར་བར་བྱེད་པ་ཡིད་བཞིན་ནོར་བུ་དང་། ཀླུ་སྒྲུབ་པ་རིན་པོ་ཆེ་དབྱིག་སྒྲུབ་དང་། ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འབྱིན་གསང་བ་དང་། ཀླུའི་གདོན་ལས་ཐར་པར་བྱེད་པ་ཀླུ་སྲོག་མེ་དབལ་གྱི་འཁོར་ལོ་དང་བཞི་ནི་མི་བཟད་གདོན་གྱིས་ཉེན་པའི་སྒྲུབ་པའོ། །བསྒྲུབ་བྱ་ཕྱད་དུ་
གཞུག་པའི་སྲོག་གཅོད་སྤུ་གྲི་དང་། རིམས་ཀྱིས་དགྲ་བསད་པ་རལ་གྲིའི་འཁོར་ལོ་དང་། རྨུགས་པའི་ལས་གཟི་མདངས་ཆེན་མོ་དང་གསུམ་མོ། །སེམས་ཅན་རྨུགས་པར་བྱེད་པའི་ལས་ཀྱི་མཐའོ། །ཆར་དབབ་པ་བདུད་རྩིའི་རྒྱུན་དང་། ཆུ་གཏོར་གྱིས་ཀླུ་ལ་སོགས་པའི་གདོན་

རྣམས་མཉེས་པར་བྱེད་པ་བདུད་རྩིའི་རྒྱ་མཚོ་གཉིས་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་སྒྲུབ་པའོ། །སེར་བ་སྲུང་བ་འབྱུང་བ་རྒྱུན་གཅོད་དང་། བྱིས་པ་གདོན་ལས་ཐར་བར་བྱེད་པ་མེའི་འཁོར་ལོ་གཉིས་ནི་སེམས་ཅན་ཐམས་ཅད་སྲུང་བར་བྱེད་པའི་སྒྲུབ་པའོ། །རྡོ་རྗེ་རང་རྟགས་ཀྱི་སྒྲུབ་པ་
བདུན་ལ། སྒྲུབ་པ་ངེས་པའི་ཆོ་ག་ནི་མི་ཆོད་པའི་མན་ངག་གི་སྒྲུབ་པ་ནི་མི་ཤིགས་པའི་སྒྲུབ་པའོ། །ཡོ་ག་པྲ་སེ་ན་དྲག་པ་ནི་བདེན་པ་ཞེས་པའི་སྒྲུབ་པའོ། །འདོད་པའི་དོན་དུས་ལ་ངེས་པའི་སྒྲུབ་པ་ནི། སྲ་བ་ཞེས་པའི་སྒྲུབ་པའོ། །དབང་པོ་དང་ལྡན་པ་ནི་བརྟན་པ་ཞེས་བྱ་བའི་སྒྲུབ་པའོ། །
འདོད་པའི་གཏན་ཚིགས་ཐོགས་པ་མེད་པ་ནི། ཐོགས་པ་མེད་པ་ཞེས་བྱ་བའི་སྒྲུབ་པའོ། །མནའ་ལས་རྒྱལ་བ་དང་། ཚོང་ལས་རྒྱལ་བ་དང་། ཕ་རོལ་གྱི་སྡེ་ཕམ་པར་བྱེད་པ་དང་། གདོན་དང་ནད་ལས་རྒྱལ་བ་དང་བཞི་ནི། ཐམས་ཅད་དུ་མ་ཕམ་པའི་སྒྲུབ་པའོ། །མངོན་སྤྱོད་ཀྱི་སྦྱིན་
སྲེག་ནི་སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ། །རྒྱུན་གཅོད་སྤུ་གྲི་ནི། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པའོ། །ཡེ་ཤེས་འདུས་པའི་ཐོ་བ་ནི། ལས་ཐམས་ཅད་འཇོམས་པར་བྱེད་པའི་སྒྲུབ་པའོ། །གསེར་གྱི་རི་བོ་ནི་རིག་སྔགས་ཐམས་ཅད་གནོན་པར་བྱེད་པའི་སྒྲུབ་པའོ། །ཕྱིར་
བཟློག་གསང་བ་དང་། རྡོ་རྗེ་རྣོན་པོ་དང་། ཉེ་བའི་ལས་ཕྱི་མ་གསུམ་ནི་གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པའོ། །ལྷའི་གདོན་ལས་ཐར་བར་བྱེད་པ་དང་། འབྱུང་པོ་དང་། དྲི་ཟ་དང་། ཚངས་པ་དང་། སྲིན་པོ་དང་། ཤ་ཟ་དང་། ཀླུ་དང་། ལོག་འདྲེན་གྱི་དང་། བརྗེད་བྱེད་ཀྱི་དང་། སྨྱོ་བྱེད་ཀྱི་དང་།
ལྷ་མ་ཡིན་གྱི་དང་། གཞོན་ནུའི་དང་། གནོད་སྦྱིན་གྱི་གདོན་ལས་ཐར་བར་བྱེད་པ་དང་བཅུ་གསུམ་ནི། གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་སྒྲུབ་པའོ། །རྡོ་རྗེ་ཐོ་བ་ནི་གདོན་ཐམས་ཅད་རླག་པར་བྱེད་པའི་སྒྲུབ་པའོ། །རྡོ་རྗེ་ལྕགས་ཀྱུ་ནི་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པའི་སྒྲུབ་པའོ། །ཡིད་བཞིན་
ནོར་བུ་འོད་འབར་བ་ནི། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་སྒྲུབ་པའོ། །རྡོ་རྗེ་བེ་ཅོན་ནི་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་སྒྲུབ་པའོ། །རིན་པོ་ཆེ་གཏེར་སྒྲུབ་ནི་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའི་སྒྲུབ་པའོ། །ཞི་བའི་སྦྱིན་སྲེག་ནི་ཞི་བའོ། །རྒྱས་པ་ནི་རྒྱས་པའོ། །ཇག་ཆིངས་འཕྲུལ་

ཡིག་དང་། རླུང་གི་ཞགས་པ་གཉིས་ནི་སེམས་ཅན་ཐམས་ཅད་རེངས་པར་བྱེད་པའི་སྒྲུབ་པའོ། །བཀྲ་ཤིས་ཉི་མ་ནི། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་གྱི་སྒྲུབ་པའོ། །གསལ་བའི་སྣང་བ་དང་། དགྲ་ལས་རྒྱལ་བ་དང་། དྲི་མ་དང་བྲལ་བའི་སྤྱོད་བྱེད་དང་།
པདྨ་རྒྱས་པ་དང་། རྡོ་རྗེ་རྒྱལ་མཚན་དང་ལྔ་ནི། སེམས་ཅན་དབང་པོ་ཉམས་པ་དང་ཞེས་པའི་སྒྲུབ་པའོ། །ཁྲུས་ཀྱི་ཆོ་ག་ནི། བཀྲ་ཤིས་བུམ་པ་སྤྱི་བླུགས་ནས་ཞེས་པའི་སྒྲུབ་པའོ། །རབ་ཏུ་གནས་པ་ནི་བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ཞེས་པའི་སྒྲུབ་པའོ། །རྒྱུན་གྱི་འཁོར་ལོ་དང་། དུག་བསལ་
བའི་མེ་ལོང་དང་། རང་བྱུང་འཇིགས་བྲལ་གསུམ་ནི་ཚེ་ཟད་པ་ཞེས་པའི་སྒྲུབ་པའོ། །པདྨ་དབྱིག་སྒྲུབ་དང་བཅུད་ལེན་གཉིས་ནི། ཚེ་ཉམས་དང་ཞེས་པའི་སྒྲུབ་པའོ། །དཔག་བསམ་སྡོང་པོ་དང་རིན་པོ་ཆེ་ལས་ཀྱི་ཕྲེང་བ་དང་། ལས་ཚོགས་སྟོང་རྒྱས་གསུམ་ནི། ཕུན་སུམ་ཚོགས་མིན་གང་ཆགས་
དང་། །ཞེས་པའི་དོན་ཏོ། །འགྱུར་བྱེད་ཆེན་མོ་དང་།