Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 74

Văn bản gốc(Tây Tạng)

Trang 5 / 21 (50.000 ký tự/trang)
ཀྱི་མཛད་པ་མ་ལུས་པར་བྱས་ནས་བདག་གི་མིག་ལ་ཐིམ་པས། སངས་རྒྱས་ཀྱི་སྤྱན་དྲི་མ་མེད་པ་ཐོབ་ཅིང་ཡོངས་སུ་དག་པར་མཁྱེན་པ་ཐམས་ཅད་ཡོངས་སུ་རྫོགས་པར་
དམིགས་ཤིང་། ཨུཏྤལ་སྔོན་པོ་དང་སྐྱེར་ཁཎྜ་ལ་སྙིང་པོ་རྒྱས་བསྡུས་ཀྱི་སྔགས་ཅི་རིགས་པར་བཟླས་ཤིང་བྱུག་གོ། །ཚག་པ་ལ་ནི་སྤངས་མ་ལ་བཟླས་ཤིང་བྱུག་གོ། །རབ་རིབ་ཅན་རྣམས་ལ་ནི་ཨ་རུ་རའི་ཁུ་བ་ལ་བསྔགས་ཏེ་བྱུག་གོ། །ལིང་ཐོག་ཅན་རྣམས་ལ་མཚལ་དང་ཅོང་ཞིའི་ཁུ་
བ་ལ་བསྔགས་ལ་བྱུག་གོ། །ཤ་མཛེར་དང་ཟུག་ཆེ་བ་རྣམས་ལ་ཀ་ར་དང་མིའི་འོ་མ་ལ་བཟླས་ལ་བྱུག་གོ། །དེ་ལྟར་བྱས་པས་གདོན་དང་ནད་གང་ཡིན་པ་ཡང་ཞི་བར་ངེས་སོ། །མིག་གི་དབང་པོ་ཉམས་པ་གསོ་བའི་ཆོ་ག་གསལ་བའི་སྣང་བ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་

མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྣ་བའི་དབང་པོ་ཉམས་ཤིང་རྣ་བ་གསོ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཞག་གསུམ་སྨྱུང་བར་གནས་ཤིང་གོས་གསར་པ་གྱོན་ལ་ཁྲུས་ཀྱི་ཆོ་
ག་བརྒྱ་རྩ་བརྒྱད་བྱས་ལ། དེའི་རྗེས་ལ་བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་གུར་དམིགས་ལ་བདག་ཉིད་ཀྱི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་པས། ཕྲིན་ལས་བཞིའི་འདོད་པ་རྣམས་ཡོངས་སུ་རྫོགས་པར་བྱས་པས། དེ་
ནས་ཡང་འོད་འཕྲོས་པས་སྔར་དང་འདྲ། དེ་ནས་འོད་འཕྲོས་པས་སྒྲའི་ལྷ་མོ་གྲངས་མེད་པ་འཕྲོས་ཏེ། དེ་དག་རེ་རེ་ལས་ཀྱང་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ཏེ། སྣང་བ་ཐམས་ཅད་སྒྲའི་ལྷ་མོ་ཞལ་ནས་སྒྲ་སྙན་པ་སྣ་ཚོགས་པ་བརྗོད་པས། ཕྱག་ན་སྒྲ་སྙན་པའི་བྱུང་ཁུངས་པི་ཝང་དང་།
གླིང་བུ་དང་། རྫ་རྔ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བསྣམས་ཤིང་དེ་ཉིད་ཀྱི་སྒྲས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་མཆོད་པའི་བྱེ་བྲག་སྤྲིན་རྣམ་པར་བྱེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་ནས། སླར་ཡེ་ཤེས་ཀྱི་འོད་ཕུང་ཆེན་པོ་གཅིག་ཏུ་གྱུར་ནས། བདག་ཉིད་ལ་
བསྐོར་བ་ལན་གསུམ་བྱས་ནས་བདག་གི་སྙིང་གའི་ས་བོན་ལ་ཐིམ་ནས། དེ་ཉིད་ཐིམ་པས་ལུས་ངག་ཁྲོ་བོ་རྡོ་རྗེ་རྣམ་འཇོམས་ཀྱི་ང་རྒྱལ་དུ་དམིགས་ལ། ཚོགས་རྫོགས་པར་བྱ། དེ་ནས་ཡང་འོད་འཕྲོས་པས་ལྷ་མོ་དེ་དག་གིས་གོང་ལྟར་སེམས་ཅན་གྱི་དོན་བྱས་ནས། ཡང་ཡེ་ཤེས་ཀྱི་འོད་
ཕུང་པོ་ཆེན་པོ་གཅིག་ཏུ་གྱུར་ནས། བདག་གི་སྙིང་གའི་ས་བོན་ལ་བསྟིམ་པ་སྔ་མ་དང་འདྲའོ། །དེ་ནས་ལན་གཅིག་འཕྲོས་ནས་དོན་གཉིས་རྫོགས་པར་བྱས་ནས་བདག་གི་རྣ་བ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྙན་རྣམ་པར་དག་པ་དྲི་མ་མེད་ཅིང་འོད་གསལ་བ་ཡེ་ཤེས་ཀྱི་མཁྱེན་པ་རྫོགས་
པར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ཅི་རིགས་པར་བཟླས་སོ། །རྣ་བ་ན་བ་རྣམས་ལ་ཁུག་ཆོས་ཆེན་པོའི་ཕྱེ་མ་དང་། རྩི་མར་ལ་བཟླས་ཏེ་བླུགས། འོན་ཞིང་སྒྲ་མི་ཐོས་པ་རྣམས་ལ་འབྲུ་མར་དང་རུ་རྟ་ལ་བཟླས་ཏེ་བྱུག་གོ། །ཟུག་ཆེ་ཞིང་གཟེར་བ་རྣམས་ལ་མར་སྣ་ཚོགས་དང་སྦྲང་རྩི་ལ་བཟླས་

ལ་རྩ་རྣམས་ལ་བྱུགས་ཏེ་ཉི་མ་ལ་སྲེག་གོ། །རྣ་བའི་དབང་པོ་ཉམས་པ་དང་དེའི་ནད་གསོ་བའི་ཆོ་ག །སྒྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྣའི་ནད་གསོ་
བར་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་ཁྲུས་ཀྱི་ཆོ་ག་ལན་གྲངས་བརྒྱ་རྩ་བརྒྱད་བྱས་ཏེ། དེ་ནས་རྡོ་རྗེ་རྣམ་འཇོམས་ཀྱི་ང་རྒྱལ་དུ་གནས་པའི་ཐུགས་ཀའི་ས་བོན་ལས་འོད་སྔ་མ་ལྟར་འཕྲོས་པ་ལས་དོན་གཉིས་བྱས་པའི་ཐ་མ་དྲིའི་ལྷ་མོ་རྣམས་བདག་ཉིད་ཀྱི་སྣ་ལ་ཐིམ་པས་
སངས་རྒྱས་ཐམས་ཅད་ཀྱི་ཤངས་དྲི་མ་མེད་པ་ཡོངས་སུ་དག་པ་ཡེ་ཤེས་ཚོགས་པའི་ཕུང་པོ་ལས་གྲུབ་པ་མཁྱེན་པའི་ཡེ་ཤེས་གོ་མ་འགགས་པ་སངས་རྒྱས་ཀྱི་མཁྱེན་པ་དང་ལྡན་པར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ཅི་རིགས་པར་བཟླས་སོ། །དེ་ལྟར་སྣ་ཚུབ་པ་རྣམས་ལ་འབྲུ་མར་ལ་བཟླས་
ལ་བླུགས་སོ། །ཁྲག་འབབ་ཅིང་དབུགས་སྟོང་པ་བཀབ་ན་ཙནྡན་དཀར་པོ་ལ་བཟླས་སོ། །ཟུག་ཆེ་བ་རྣམས་ལ་གི་ཝང་འོ་མ་ལ་སྦྱར་བ་ལ་བཟླས་ཤིང་སྣ་ཕུག་ཏུ་བླུགས་སོ། །སྣའི་དབང་པོ་ཉམས་པ་དང་ན་བ་གསོ་བ་དྲི་མ་དང་བྲལ་བའི་སྦྱོང་བྱེད་ཅེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་
མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལྕེའི་དབང་པོ་ཉམས་ཤིང་ན་བ་གསོ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གོས་གསར་པ་གོན་ཏེ་སྨྱུང་བར་གནས་པར་བྱས་ལ་ཁྲུས་ཀྱི་ཆོ་ག་ལན་ཉི་ཤུ་རྩ་གཅིག་བྱས་ཏེ།
དེ་ནས་རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། སྙིང་གའི་ས་བོན་ལས་འོད་སྔ་མ་ལྟར་ལན་གསུམ་དུ་འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་བྱས་པའི་གཞུག་ལ་རོའི་ལྷ་མོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རོ་སྣ་ཚོགས་འཛིན་པ་རྣམས་བདག་ཉིད་ཀྱི་ལྕེ་ལ་ཐིམ་པས་སངས་རྒྱས་ཐམས་
ཅད་ཀྱི་ལྗགས་རིང་ཞིང་ཡངས་པ་ཡེ་ཤེས་འདུས་པ་ལས་བྱུང་བ། མཁྱེན་པ་མ་འགགས་པར་གསལ་བར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ཅི་རིགས་པར་བཟླས་པ་བྱའོ། །དེ་ལྟར་ཡང་སྐྲངས་པ་རྣམས་ལ་རྒྱ་ཚ་ལ་བཟླས་པ་བྱ་སྟེ་བྱུག་གོ། །བརྡ་མི་ཤེས་པ་རྣམས་ལ་ཤིང་ཀུན་ལ་བཟླས་སོ། །

ཚ་ཞིང་ཟུག་དང་ལྡན་པ་རྣམས་ལ་འབྲས་བུ་གསུམ་གྱི་ཁུ་བ་དང་ག་པུར་གྱི་ཆུ་ལ་བཟླས་སོ། །གྲང་ཞིང་སེར་ཀ་དང་ལྡན་པ་རྣམས་ལ་ཚ་བ་གསུམ་དང་ཙནྡན་གྱི་ཆུ་ལ་བཟླས་སོ། །ལྕེའི་དབང་པོ་ཉམས་པ་གསོ་བའི་ཆོ་ག་པདྨ་རྒྱས་པ་ཞེས་བྱ་བ། སློབ་དཔོན་ཡེ་
ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལུས་ཀྱི་དབང་པོ་ཉམས་ཤིང་ན་བ་གསོ་བའི་ཆོ་ག་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གོས་གསར་པ་དྲི་མ་མེད་པ་བགོས་ཏེ་ཞག་གསུམ་སྨྱུང་བར་
གནས་ཏེ། ལུས་ཀྱི་དབང་པོ་གང་ན་ཡང་ཁྲུས་ལན་གྲངས་བདུན་ནམ་བཅུ་གཅིག་གམ། ཉེར་གཅིག་གམ། སུམ་ཅུ་རྩ་གཉིས་སམ། བརྒྱ་རྩ་བརྒྱད་དམ། སྟོང་ཕྲག་གཅིག་གམ། ཁྲི་ཕྲག་གཅིག་ལ་སོགས་པ་ན་བའི་རིགས་དང་སྦྱར་ལ་བྱའོ། །དེ་ནས་དེའི་འོག་ཏུ་རྡོ་རྗེ་རྣམ་པར་
འཇོམས་པའི་ང་རྒྱལ་དུ་བྱས་ཏེ། རང་གི་སྙིང་གའི་ས་བོན་ལས་འོད་ཕྲིན་ལས་བཞི་གང་མོས་པའི་ཁ་དོག་ཏུ་འཕྲོས་པས་རེག་བྱའི་ལྷ་མོ་ཁ་དོག་འོད་ཟེར་དང་མཐུན་པ་ཕྱག་ན་རེག་བྱའི་ལྷ་མོ་བྱེ་བྲག་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་མཆོད་པའི་སྤྲིན་
གྱིས་གཏིབས་ནས་མཉེས་པར་བྱ་སྟེ། ཡེ་ཤེས་ཀྱི་འོད་ཕུང་པོ་ཆེན་པོ་གཅིག་ཏུ་གྱུར་ནས་སླར་བདག་གི་སྙིང་གའི་ས་བོན་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྡུས། དེ་ནས་ཡང་འཕྲོས་ནས་ལྷ་མོར་གྱུར་པས་སེམས་ཅན་གྱི་དོན་བྱས་ནས་ཡང་སྙིང་གར་འོད་དུ་གྱུར་
ནས་ཐིམ་མོ། །དེ་ལྷ་མོ་སྤྲོས་ནས་ལྷ་མོ་དེ་དག་ཀྱང་བདག་གི་ལུས་ལ་ཐིམ་པས། ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར་དག་པ་དྲི་མ་མེད་པའི་ཡེ་ཤེས་ཀྱི་ལུས་སུ་སོང་སྟེ། སངས་རྒྱས་སྐུའི་མཁྱེན་པ་རྫོགས་པར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ལ་ཅི་རིགས་པར་བཟླས་སོ། །
དེ་ཡང་ལུས་ཀྱི་སྟོད་ན་ན་ཆུ་ལ་བཟླས་སོ། །སྨད་ན་ན་དྲི་ཆུ་ལ་བཟླས་སོ། །ཚ་ན་གི་ཝི་ལ་བཟླས་སོ། །གྲང་ན་བུ་རམ་གྱི་ཁུ་བ་ལ་བཟླས་སོ། །མགོ་ན་ན་རྡོ་རྒྱུས་ལ་བཟླས་སོ། །སྐེ་དང་མཇིང་པ་ན་ན་ཉའི་མཁྲིས་པ་ལ་བཟླས་སོ། །ལག་པ་ན་ན་སྟག་ཚེར་བ་ལ་བཟླས་སོ། །ཕོ་མཆིན་མ་

བདེ་ན་བཅའ་སྒ་ལ་བཟླས་སོ། །གློ་སྙིང་མ་བདེ་ན་ཅུ་གང་རྒྱ་མཚོ་གསེར་གྱི་བྱེ་མ་ལ་བཟླས་སོ། །ཡི་ག་འཆུས་ན་སེ་འབྲུ་དང་གུར་གུམ་ལ་བཟླས་སོ། །སྦོས་ན་རྒྱམ་ཚ་ལ་བྱའོ། །བཤང་གཅི་ཆེ་ཆུང་འདོམ་ན་སྡིག་སྲིན་ལ་བྱའོ། །རྒྱུ་མ་ན་ན་སྐྱེར་བའི་ཁཎྜ་ལ་བྱའོ། །མཁལ་མ་ན་
ན་གསེར་གྱི་པུད་པུ་ལ་བྱའོ། །པུས་མོ་ན་ན་ཙནྡན་ལྡེ་གུ་ལ་བྱའོ། །རྐང་པ་ན་ན་ལི་ཤི་ལ་བྱའོ། །འཁྲུ་ན་སྦྲང་རྩི་དང་ཨུཏྤལ་ལ་བྱའོ། །སྐྱུག་ན་ན་ལེ་ཤམ་གྱིས་བྱའོ། །གཟེར་བ་ལ་ཆུ་དཀྱིལ་གྱི་རྡོ་བ་གྲང་མོ་ལ་བྱའོ། །རྩིབ་ལོགས་ན་བ་ལ་ལག་མཐིལ་གཡོན་པ་ལ་བསྔགས་ཤིང་
གླན་ནོ། །གྲེ་བ་ན་ན་རྒུན་འབྲུམ་ལ་བཟླས་སོ། །ཆུ་སོ་ན་ན་དོང་ག་དང་ལན་ཚ་ལ་བཟླས་ཤིང་དུགས་བྱའོ། །རིམས་ལ་ཆུ་དང་ཙནྡན་དཀར་པོ་ལ་བཟླས་ནས་བྱའོ། །འབྲུམ་བུ་ལ་ག་བུར་དང་སེང་ལྡེང་གི་ཁུ་བ་ལ་བཟླས་སོ། །ཀླད་གཟེར་ལ་ཨ་ཀ་ལའི་ཁུ་བ་ལ་བཟླས་སོ། །མཛེས་ཟིན་པ་ལ་ནི་
གུ་གུལ་དང་བྷ་ས་ལི་དང་འབྲས་ཀྱི་ཐལ་བ་ལ་བཟླས་སོ། །གདོན་དྲག་པོས་ཟིན་པ་རྣམས་ལ་སྨྱག་ཤད་ཀྱི་ལྕུག་མ་དང་། བལ་པོ་སེའུའི་ལྕུག་མ་དང་། ཀླུ་ཤིང་གི་ལྕུག་མ་ལ་བྱའོ། །འབྲས་ལ་ས་འདག་ཚིལ་ཆེན་གྱི་ཁུ་བ་བསྲེས་ལ་བྱའོ། །མཚོན་གྱིས་བཏབ་པ་རྣམས་ལ་པ་ལ་ཤའི་
ལོ་མས་བྱའོ། །སྐྲངས་པ་ལ་ཚ་སྣ་དང་ལུམ་བུའི་ཕྱེ་མས་བྱའོ། །ཤུ་བ་ལ་དུར་བྱིད་དང་ཤུ་དག་ལ་བྱའོ། །ཞ་གྲུམ་དང་སྐུར་པོ་ལ་སེང་ཕྲོམ་དང་ཚ་བའི་ཡུངས་མོ་ལ་བྱའོ། །ལྷོག་པ་དང་ཕོལ་ལ་རབ་གནས་བྱས་པའི་ཚ་ཚ་རྙིང་པའི་ས་དང་། དུག་སྣ་ཚོགས་ལ་བཟླས་སོ། །ཆུ་རྒྱུས་ཀྱི་
ནད་ལ་མར་སྣ་ཚོགས་པ་ལ་བཟླས་ཏེ་བསྐུ་མཉེ་བྱའོ། །སྙིང་རླུང་དང་འདར་བ་རྣམས་ལ་ཏ་མ་ལའི་འབྲས་བུ་ལ་བཟླས་སོ། །ལྦ་བ་ལ་སེང་ལྡེང་གི་ཕུར་པ་ལ་བཟླས་ལ་བྱའོ། །སྦིད་ཅིང་རེངས་པའི་ནད་ལ་ཚ་བ་གསུམ་ལ་བཟླས་ལ་བྱའོ། །ཡན་ལག་གི་ཚིགས་ན་བ་རྣམས་ལ་ཁྲག་སྣ་ཚོགས་ལ་
བཟླས་ལ་བྱའོ། །དབུགས་མི་བདེ་བ་རྣམས་ལ་ཨཱ་ལི་ཀཱ་ལིའི་འབྲས་བུ་ལ་བཟླས་ལ་བྱའོ། །ཁྲག་ནད་ལ་གླང་པོའི་ཤས་བྱའོ། །སོ་ནད་ལ་བྲ་མ་དཀར་པོའི་རྩ་བ་ལ་བཟླས་སོ། །མཆུ་ནད་ལ་ནི་ཨ་རུ་རའི་པགས་པ་ལ་བཟླས་སོ། །སྒལ་པ་ན་བ་ལ་འབྲུ་མར་ལ་བཟླས་སོ། །ལུས་ཀྱི་

དབང་པོ་ཉམས་པ་དང་ལུས་ན་བ་གསོ་བའི་ཆོ་ག་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཚེ་ཟད་པ་བསྲིང་བའི་ཆོ་ག་སྒྲུབ་པ་པོ་
དམ་ཚིག་དང་ལྡན་པས་དཀྱིལ་འཁོར་སྔ་མ་ལྟར་བཞེངས་ལ། བུམ་པ་གཅིག་ལ་དཔའ་བོ་ཆེན་པོའི་ཕྱག་མཚན་བཏབ་ལ་དེར་རྡོ་རྗེ་མིག་གིས་བལྟས་ཏེ་བགེགས་བསྐྲད་ལ་རང་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཁམས་གསུམ་ན་གནས་པའི་སེམས་ཅན་ཨ་དཀར་པོར་བསྡུས་ལ་དེ་ཉིད་
ལས་འོད་འཕྲོས་པས་ལྷ་མོ་དཀར་མོ་ལག་ན་ཚེའི་བུམ་པ་ཐོགས་པ་གྲངས་མེད་པ་སྤྲོས་ལ། དེ་ལ་མཆོད་པས་མཆོད་ལ་འཆི་བའི་ལྟས་བྱུང་བའི་འགྲོ་བ་དེ་ལ་བསྟིམས་པས་མདངས་ངེས་པར་འཇུག་གོ། །དེ་ལྟ་བུ་བྱས་ན་ནི་ལོ་གཅིག་ཏུ་ཚེ་བསྲིང་བར་ངེས་སོ། །ཚེ་ཟད་པ་བསྲིང་
བའི་ཆོ་ག་རྒྱུན་གྱི་འཁོར་ལོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཚེ་འདས་པའི་སྡིག་པ་ཀུན་ལས་ཐར་བར་འདོད་པས། སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་སའི་ཆོ་ག་
ལ་སོགས་པ་རྫོགས་པར་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་སྔ་མ་ལྟར་བཞེངས་ལ། བུམ་པ་མཚན་ཉིད་དང་ལྡན་པ་ལྷའི་གྲངས་དང་མཉམ་པ་ཁ་དོག་ཚོན་གྱིས་བསྒྱུར་ལ། ལྷ་སོ་སོའི་ཕྱག་མཚན་བཏབ་ལ་ལྷ་རྣམས་ཀྱི་ནང་དུ་གཞག་གོ། །ལྷ་
བཤས་དང་མཆོད་པ་ལྔ་ལྷའི་གྲངས་དང་མཉམ་པར་བཤམ། གཏོར་མ་ཡང་དེ་དང་འདྲའོ། །ཕྱོགས་སྐྱོང་རྣམས་དང་བགེགས་རྣམས་ཀྱི་གཏོར་མ་ཡང་བཤམ་མོ། །དེ་ནས་རོ་དེ་ཁྲུས་ནས་བཏོན་ལ་རྒྱན་ཆ་ལྔས་བརྒྱན་ལ་ཁྲོ་བོ་འཆོལ་པའི་གར་བྱའོ། །དེ་ནས་ཡམ་ཤིང་དབུས་སུ་བཅུག་
སྟེ། གཡས་བརྐྱང་པ་དང་། གཡོན་བརྐྱང་མཉམ་པའི་གར་གསུམ་ཧཱུཾ་སྒྲ་དང་བཅས་པས་བསྐོར་རོ། །སྦྱིན་སྲེག་ནས་བྱུང་བ་ལྟར་མེ་ལྷ་སྤྱན་དྲང་བ་དང་། དགུག་གཞུག་བྱས་ལ་ཆོ་གའི་ལས་རིམ་པ་ལྟར་སྤྱན་དྲང་བ་དང་། བསྟོད་པ་ལ་སོགས་པ་སྔགས་དང་ཕྱག་རྒྱ་དང་། ཚིགས་བཅད་

རྣམས་ཀྱིས་རྒྱས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་ཟེར་ཏེ་ལྷོ་ཕྱོགས་སུ་ངན་སོང་རྣམ་པར་དག་པར་བྱེད་པའི་མཎྜལ་ལེའུ་ཚེ་དྲུག་པ་ལེགས་པར་བཀོད་ལ། རིགས་དྲུག་ནས་དྲང་བའི་ཆོ་ག་ནི་དྲི་མ་ལེ་ཚེ་ནག་པོར་བཞག་སྟེ། ཧཱུཾ་མནར་མེད་ལས་ཀྱིས་མནར་བའི་སེམས་ཅན་
ཁྱོད། །སྔོན་ནས་སྦྱངས་པ་བྲལ་བས་མནར་མེད་འཁོར། །སྡུག་བསྔལ་ཆེན་པོ་བཟོད་པར་དཀའ་བས་ན། །སྡུག་བསྔལ་བཟོད་མེད་ཚ་གྲང་བོར་གྱིས་ལ། །བཟོད་ཆེན་ཡེ་ཤེས་ཆུ་རྒྱུན་འདི་ལོང་ལ། །ཡིད་ལྡན་སྒོ་ལྔ་ལོངས་སྤྱོད་གནས་འདིར་སྤྱོན། །བུམ་ཆུས་དབང་བསྐུར་རོ། །ཨོཾ་ན་ར་
ཀ་ས་མནྟ་ཧཱུཾ། དེ་ནས་ཡང་། ཧཱུཾ་འདོད་པ་རང་རྒྱུད་གཅད་པའི་སེམས་ཅན་ཁྱོད། །རྐུ་འཕྲོག་ལས་ཀྱིས་བསགས་པའི་འབྲས་བུ་ལས། །ཡིད་འདོད་ངོམས་མེད་འབྲས་བུ་སྡུག་བསྔལ་ལས། །ཡིད་འགྱུར་འདོད་ཆེན་སྤྱོད་པའི་ལས་བོར་ལ། །ཡིད་བཞིན་གཏེར་དང་ལྡན་པ་འདི་ལོང་ལ། །
རྨུགས་སྤྱོད་དྲན་རིག་འཆོལ་བའི་གནས་འདིར་སྤྱོན། །ཨོཾ་པྲེ་ཏ་པྲེ་ཙ་པ་ཏི་ཧཱུཾ། དེ་ནས་དུད་འགྲོའི་གནས་སུ་དྲང་བ་ནི། ཧཱུཾ་ཤེས་རབ་མ་རིག་པས་མནར་སེམས་ཅན་ཁྱོད། །ཐོས་བསམ་བྲལ་བས་སེམས་ལ་ལོག་པར་མཐོང་། །རྨུགས་པ་མ་མཐོང་བག་ཆགས་མ་ཡལ་བས། །མུན་པ་
རང་རིག་བྲལ་བའི་གནས་བོར་ལ། །ཤེས་རབ་དག་པའི་དྲི་མེད་འདི་ལོང་ལ། །བདེ་སྡུག་བསགས་པ་འཁོར་བའི་གནས་འདིར་སྤྱོན། །ཨོཾ་ཏིཪྻ་ཀ་མ་ཧཱ་བི་ལེ་ཧཱུཾ། དེ་ནས་མིའི་གནས་སུ་དྲང་བ་ནི། ཧཱུཾ་བདེ་སྡུག་འཆོལ་བར་སྦྱངས་པ་དོར་བ་ཁྱོད། །རང་སེམས་མ་རྟོགས་འཁོར་བ་འཁོར་
བར་འཁྱམས། །དུས་གསུམ་ལམ་རྟེན་ཐར་པའི་སྐས་དང་བྲལ། །སེམས་རྒྱུད་ཞེན་པ་གཅོད་པའི་གནས་བོར་ལ། །དྲི་མ་མེད་པའི་འདོད་བྲལ་ཁྲིམས་ལོང་ལ། །རྩུབ་འགྱུར་འཇིགས་སུ་རུང་བའི་གནས་འདིར་སྤྱོན། །ཨོཾ་པ་ལཾ་དྷ་ར་དྷ་ར་ཧཱུཾ། དེ་ནས་ལྷ་མིན་གནས་སུ་དྲང་བ་ནི། ཧཱུཾ་
རྩུབ་འགྱུར་ལས་ཀྱིས་བསྐལ་པའི་སེམས་ཅན་ཁྱོད། །འཇིགས་སྤྱོད་གོ་མཚོན་ཞེ་སྡང་ལམ་ལ་གནས། །འདོད་པའི་རྒྱུན་ལོན་རགས་པའི་དུག་བོར་ནས། །བསམ་གཏན་མི་མཆོག་ཆུ་བོ་འདི་ལོང་ལ། །ལོངས་སྤྱོད་དགའ་བདེ་ལྡན་པའི་གནས་འདིར་སྤྱོན། །ཨོཾ་པྲ་བྷེ་ས་མ་ཡ་ལི་

ན་མཿས་མནྟ་ཧཱུཾ། དེ་ནས་ལྷའི་གནས་ནས་སྤྱན་དྲང་བ་ནི། ཧཱུཾ་དགའ་བདེ་ལས་ཀྱིས་བཅིངས་པའི་སེམས་ཅན་ཁྱོད། །བདེ་འདོད་སེམས་ཀྱི་ལེ་ལོས་གཡེངས་པ་སྟེ། །རང་རྒྱུད་ཆགས་པས་བཅིངས་པའི་གནས་བོར་ལ། །མི་འཇིགས་དཔུང་དང་ལྡན་པའི་
བརྩོན་འགྲུས་ཆུ་ལོང་ལ། །འཛིན་མེད་སྐྱེ་ཤི་མེད་པའི་ཤར་སྒོར་སྤྱོན། །ཨོཾ་དེ་བཱ་པ་ཙ་སརྦ་ཨཱཏྨ་ཡ་ཧཱུཾ། དེ་ནས་སྐབས་འདིར་ཟས་གཏད་པའི་ཆོ་ག་བྱ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་དང་། མཚན་ནས་བཏོན་ལ་དེར་སོང་ཤིག་ཅེས་ལམ་བསྟན་ནོ། །དེ་ནས་མགལ་མེའི་
འཁོར་ལོ་བསྐོར་ཏེ། ཕུང་པོའི་གནས་ལྔར་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བར་དམིགས་ལ། མེ་སྦར་ཏེ་དགང་གཟར་དང་བླུགས་གཟར་ཐོགས་ལ། སྦྱིན་སྲེག་གི་ཆོ་ག་བྱའོ། །ཧཱུཾ་ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་ནས། །རྣམ་དག་ཡེ་ཤེས་ལྔ་རྫོགས་ཡམ་ཤིང་ལས། །
བཅོམ་ལྡན་རྡོ་རྗེ་ཅན་གྱི་མེ་བྱུང་བས། །ཚེ་འདས་བདག་ཏུ་ལྟ་བའི་བཏང་སྙོམས་ཛྭ་ལ་རཾ། །སྲིད་པ་རྒྱུན་གཅོད་འཁོར་ལོའི་ཧོམ་ཁུང་ནས། །རྣམ་དག་ཕུང་ལྔ་སྦྱང་བའི་ཡམ་ཤིང་ལས། །ཁྲོ་བརྒྱད་ཕྱོགས་ན་གནས་པའི་མེ་བྱུང་བས། །ཚེ་འདས་རྣམ་ཤེས་བརྒྱད་ལ་ཛྭ་ལ་རཾ། །བར་
ཁྱམས་རིན་ཆེན་མཉམ་པའི་ཧོམ་ཁུང་ནས། །མི་མཐུན་རྐྱེན་རྣམས་དག་པའི་ཡམ་ཤིང་ལས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་མེ་བྱུང་བས། །ཚེ་འདས་རྣམ་ཤེས་བརྒྱད་ལ་ཛྭ་ལ་རཾ། །གྲུ་ཆད་རང་བཞིན་དག་པའི་ཧོམ་ཁུང་ནས། །གཉིས་མེད་ཡེ་ཤེས་བཞི་ཡི་ཡམ་ཤིང་ལས། །རྒྱལ་
ཆེན་སྟོབས་ལྡན་བཞི་ཡི་མེ་བྱུང་བས། །ཚེ་འདས་འབྱུང་བ་བཞི་པོ་ཛྭ་ལ་རཾ། །སྣ་ཚོགས་འོད་ལྡན་འདོད་པའི་ཧོམ་ཁུང་ནས། །ཁམས་གསུམ་འདོད་པས་གྲོལ་བའི་ཡམ་ཤིང་ལས། །ཕྱོགས་སྐྱོང་ཤུགས་ལྡན་བཅུ་ཡི་མེ་བྱུང་བས། །ཚེ་འདས་ཕྱིན་ཅི་ལོག་བཞི་ཛྭ་ལ་རཾ། །སྒོ་བཞི་
རང་གདངས་དགྱེས་པའི་ཧོམ་ཁུང་ནས། །ལོག་ལྟ་འཇོམས་བྱེད་ཚོགས་རྫོགས་ཡམ་ཤིང་ལས། །སྒོ་སྐྱོང་སྒོ་མ་བཞི་ཡི་མེ་བྱུང་བས། །ཚེ་འདས་ཕྱིན་ཅི་ལོག་བཞི་ཛྭ་ལ་རཾ། །ཞེས་ཉོན་མོངས་པ་དང་བག་ཆགས་ཀྱི་ས་བོན་རྣམས་བསྲེགས་ཏེ། ས་བོན་གྱི་ཆ་ཙམ་ཡང་མ་ལུས་པར་

བྱས་སོ། །ཚིག་དེ་དག་བརྗོད་ལ་ལྷ་སོ་སོའི་སྔགས་ནས་བརྗོད་ཅིང་དགང་གཟར་དང་བླུགས་གཟར་གྱིས་བཀང་ཞིང་དབུལ་ལོ། །རྫས་ནི་ཞི་རྒྱས་གང་ལ་མོས་པ་ལ་སྦྱིན་སྲེག་གི་ཆོ་ག་ལྟར་བྱའོ། །ཤི་བའི་སེམས་ཅན་སྡིག་པ་ལས་ཐར་བར་བྱེད་པའི་རོ་སྲེག་པའི་ཆོ་ག་དུག་སྦྱངས་
གསལ་བའི་མེ་ལོང་ཞེས་བྱ་བ། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དེ་ལྟར་སྡིག་པ་སྦྱངས་པར་བྱས་ནས། ལྷག་མའི་རུས་པ་ལ་ཚ་ཚ་འདེབས་པར་འདོད་པས། སྒྲུབ་པ་པོ་
དམ་ཚིག་དང་ལྡན་པས། དང་པོ་སྟོང་པ་ཉིད་ཀྱི་ངང་ནས་རཾ་ཞེས་ཡོངས་སུ་གྱུར་པ་ལས། སའི་ཉེས་པའི་སྐྱོན་རྣམས་ཡེ་ཤེས་ཀྱི་མེས་སྦྱངས། དེ་ནས་བཾ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་དབབ། དེ་ནས་ཡཾ་ཞེས་གྱུར་པ་ལས། ཡེ་ཤེས་ཀྱི་རླུང་གིས་བསྐྱོད། སཾ་ཞེས་
པ་གྱུར་པ་ལས། ཡེ་ཤེས་བཞི་འདུས་པའི་སར་དམིགས་ལ་སྐབས་དེར་བདུན་རྣམ་པར་དག་པའི་ལས་བྱའོ། །ཚོགས་རྫོགས་པར་བྱས་ལ་འབི་འབི་བྱ་བའི་སྔགས་ནི། ཨོཾ་མ་ཧཱ་བ་ལེ་བེ་ག་ར་ཎ་ཧཱུཾ་ཞེས་བརྗོད་ཅིང་། ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་རྒྱུར་བྱིན་གྱིས་བརླབ་པོ། །དེ་
ནས་ཚ་ཚ་གདབ་པ་ནི་སྙིང་པོ་རྒྱས་བསྡུས་གང་ལ་མོས་པ་བཟླས་ཤིང་གདབ་བོ། །དེ་ནི་ས་ལ་འདེབས་པའི་ལུགས་སོ། །དེ་མེ་ལ་འདེབས་ན་རཾ་གྱི་ས་བོན་ལས་བསྐྱེད་ལ། ཆུ་ལ་བཾ། རླུང་ལ་ཡཾ། ནམ་མཁའ་ལ་ཨ་ལས་མཆོད་རྟེན་དུ་བསྐྱེད་དོ། །མཆོད་རྟེན་དེ་དག་ཀྱང་ས་ལ་ཁ་དོག་
སེར་པོ། ཆུ་དཀར་པོ། མེ་དམར་པོ། རླུང་ལྗང་གུ། ནམ་མཁའ་མཐིང་གར་དམིགས་སོ། །དེ་ལྟར་བཏབ་ལ་ཡེ་ཤེས་ཀྱི་མཆོད་རྟེན་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་བསྐལ་པ་ཇི་སྲིད་གནས་པའི་ཡུན་ལ་རིགས་ལྔའི་མཆོད་རྟེན་དུ་དམིགས་ལ། རབ་ཏུ་གནས་
པ་བྱས་ལ་མཆོད་པ་ལྔ་ཕུལ་ལ་བཞུགས་སུ་གསོལ་བའམ། ཡང་ན་ཆུ་བོ་ཆེན་པོ་ལ་བསྐུར་རོ། །མཆོད་རྟེན་གདབ་པ་ཤི་བའི་སྡིག་པ་བྱང་བར་བྱེད་པ། རང་བྱུང་འཇིགས་བྲལ་ཞེས་བྱ་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ༄༅། །དཔལ་

རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཚེ་དང་དཔལ་བསྐྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ་ཁ་དོག་སེར་པོ་ལྟེ་བ་སྔོན་པོ་མུ་ཁྱུད་ལྗང་གུ་སྒོ་བཞི་རིགས་དང་
འདྲ་བ་བྲིས་ལ། དེ་ལ་ལྷའི་མཚན་མས་བཏབ་ལ། བུམ་པ་ཚད་དང་ལྡན་པ་ལ་ལྷ་ལྔའི་མཚན་མས་བཏབ་ལ། འབྲུ་གཙང་མའི་ཕྱེ་ལ་ཚེ་བཤོས་ཟླ་གམ་ལ་མར་ལ་སོགས་པའི་རོ་མཆོག་རྣམས་ཀྱིས་བརྒྱན་ལ་ཚོན་སྣ་ལྔའི་སྐུད་པས་གཟུངས་ཐག་བཏགས། སྙིང་པོ་རྒྱས་བསྡུས་
གང་ལ་མོས་པའི་གཞུག་ལ། ཨོཾ་བཛྲ་ཧཱུཾ་བྷྲཱུཾ། ཨོཾ་བུདྡྷ་ཨོཾ་བྷྲཱུཾ། ཨོཾ་རཏྣ་སྭཱ་བྷྲཱུཾ། ཨོཾ་པདྨ་ཨཱཿབྷྲཱུཾ། ཨོཾ་ཀརྨ་ཧཱ་བྷྲཱུཾ་ཞེས་བཟླས་ལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་ཚེའི་རྒྱུན་འབེབས་པ། ཁམས་གསུམ་གྱི་ཚེ་ཉམས་པ་གསོ་བར་བྱེད་པ། ཡེ་ཤེས་ཚེ་ལ་ལོངས་སྤྱོད་པར་བསྐྱེད་ལ། དེའི་
ཐུགས་ཀའི་ཟླ་བ་ལ་དམིགས་ལ་སྔགས་བཟླས་སོ། །ཁམས་གསུམ་ཚེའི་བཅུད་བུམ་པར་བསྡུས་པར་དམིགས་ལ། ལྷ་ལྔའི་མཚན་ནས་བརྗོད་ཅིང་ཆེ་གེ་མོའི་ཚེ་ཁུག་ཅེས་བརྗོད་ཅིང་བསྟིམས་ལ་དབང་བསྐུར་རོ། །སེམས་ཅན་ཚེ་ཟད་པ་སྲིང་པའི་ཆོ་ག་བསྒྲུབ་པ་པདྨ་དབྱིག་སྒྲུབ་
ཅེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འབྱོར་པའི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། རིལ་བ་སྤྱི་བླུགས་ཀྱི་ནང་དུ་ཆུ་དང་འོ་མས་བཀང་
ལ་རྡོ་རྗེ་རྣམ་པར་འཇོམས་པའི་ལུགས་མའི་སྤྱི་བོ་ནས་སྦྲེང་ཞིང་གོང་ལྟར་ཤིན་ཏུ་སྙིང་པོ་བསྡུས་པ་ལ་བརྒྱ་ཕྲག་བཟླས་ཤིང་སྐྱ་རེངས་དང་པོ་ཤར་བའི་དུས་ན་བྱས་པས་རང་གི་འདོད་པ་དང་འབྱོར་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་
པོར་དམིགས་ལ། ཡི་དམ་དུ་བྱས་ཏེ། གཞན་གྱིས་མ་མཐོང་བར་རང་རེས་བྱས་ན་ཉིན་རེ་ལ་གསེར་གྱི་དོང་ཙེ་བདུན་བརྒྱ་བདུན་བརྒྱ་སྦྱིན་པར་བྱེད་དོ། །གཙོ་བོའི་མདུན་དུ་རྣམ་ཐོས་སྲས་མདོག་དང་ཆ་ལུགས་ལེགས་པར་དམིགས་ལ་བྱའོ། །དལ་འབྱོར་ཆེན་མོའི་སྒྲུབ་པ་བཅུད་ཀྱིས་

ལན་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྔོན་གྱི་ལན་ཆགས་ཀྱི་དབང་གིས་ཚེ་འདི་ལ་ཕུན་སུམ་ཚོགས་པ་དང་བྲལ་བ་རྣམས་ནི། གཏོར་མའི་ལས་བྱེད་པར་འདོད་པས་རིན་པོ་
ཆེའི་སྣོད་རྒྱ་ཆེ་ལ་གཏིང་ཟབ་པ་དག་ཅིང་དྲི་མ་མེད་པ་ཆག་པ་དང་གས་པ་དང་། ཞོམ་པ་ལ་སོགས་པ་མེད་པ། འབྲས་ཆན་ནམ། འབྲུའི་ཕྱེ་མ་རབ་ཏུ་གཙང་བས་གཏམས་ལ། ཤ་དང་མར་དང་འོ་མ་དང་ཁུར་བ་ལ་སོགས་པས་བྲན་ལ་ཆུ་རབ་ཏུ་གཙང་ཞིང་དྲི་མ་མེད་པས་བྲན་ལ།
སྔོན་དུ་སྟོང་པ་ཉིད་བསྒོམ། དེ་ནས་ཚད་མེད་བཞི་བསྒོམ། དེའི་ངང་ལས་བདག་ཉིད་ཀྱིས་པཾ་ཞེས་བརྗོད་པས་བདག་གི་མདུན་དུ་སྡོང་པོ་ཤིན་ཏུ་རྒྱ་ཆེ་བ་དཔངས་མཐོ་བ་སུམ་བརྩེགས་གཅིག་ལ། དེ་ཡང་སྟེང་གི་པདྨ་ལ་ཁ་དོག་དཀར་པོ་འདབ་མ་དཔག་ཏུ་མེད་པ་དབུས་དམར་པོ་འདབ་མ་
དཔག་ཏུ་མེད་པ་འོད་སྔོན་པོ་དཔག་ཏུ་མེད་པ་དམིགས་སོ། །དེའི་རྗེས་ལ་པཾ་ཀ་མ་ལ་ཧཱུཾ་ཛཿཞེས་བརྗེད་པས། ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་སྤྱན་དྲངས། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྟེང་གི་པདྨའི་སྟེང་དུ་འདུས་ཤིང་འཁོད་པར་བསམ།
དབུས་སུ་གཟུགས་ཁམས་འོག་ཏུ་འདོད་པ་ཁམས་ཀྱི་སེམས་ཅན་འདུས་ཤིང་འཁོད་པར་དམིགས་ལ། དེ་ནས་དེའི་འོག་ཏུ་གཏོར་མའི་སྣོད་དེ་ཅི་ཡིན་ཀྱང་རིན་པོ་ཆེའི་སྣོད་རྒྱ་ཁྱོན་དཔག་ཏུ་མེད་པར་དམིགས་སོ། །དེའི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་ཕྱེད་ཕྱུང་གི་སྒྱེད་པོ། དེའི་འོག་ཏུ་ཡཾ་ལས་རླུང་
གི་དཀྱིལ་འཁོར་ཟླ་གམ་གཅིག་བསྐྱེད། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། དེའི་སྟེང་དུ་སྒྱེད་པོའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཁོ་ར་ཁོར་ཡུག་ཏུ་བཅས་པ་དམིགས་ཤིང་དེའི་ནང་དུ་ཁཾ་ལས་བདུད་རྩིའི་རྒྱ་མཚོ། དེ་ནས་བདག་ཉིད་ཀྱིས་ཡཾ་ཡཾ་ཡཾ་ཞེས་བརྗོད་པས་
རླུང་གི་དཀྱིལ་འཁོར་ལས་རླུང་གཡོས། རཾ་རཾ་རཾ་ཞེས་བརྗོད་པས། རླུང་གཡོས་པས་མེའི་དཀྱིལ་འཁོར་ལས་མེ་སྦར། བྷྲཱུཾ་བྷྲཱུཾ་བྷྲཱུཾ་ཞེས་བརྗོད་པས་འོག་ཏུ་མེ་འབར་བས་སྣོད་རིན་པོ་ཆེའི་སྣོད་དུ་ཞུ། ཁཾ་ཁཾ་ཁཾ་ཞེས་བརྗོད་པས་མེ་འབར་བས་སྣོད་དྲོས་པས་རྫས་རྣམས་ཞུ་བས། བདུད་རྩིའི་

རྒྱ་མཚོར་འཁྱིལ། དེ་ནས་ཨོཾ་ཞེས་བརྗོད་པས་སྣོད་ཀྱི་ནང་དམ་ཚིག་གི་བདུད་རྩི་དེ་སྐུའི་བདུད་རྩིར་གྱུར། ཨཱཿཞེས་བརྗོད་པས་གསུང་གི་བདུད་རྩིར་གྱུར། ཧཱུཾ་ཞེས་བརྗོད་པས་ཐུགས་ཀྱི་བདུད་རྩིར་གྱུར། དེ་ནས་ཡང་རཾ་ཞེས་བརྗོད་པས་དམ་ཚིག་གི་བདུད་རྩིའི་
ཉེས་པ་རྣམས་བསྲེགས། ཡཾ་གིས་གཏོར། ཁཾ་གིས་བཀྲུས་ནས་དེ་ནས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདུད་རྩིར་གྱུར་བའོ། །དེ་ནས་སྲུང་བ་ཆེན་པོའི་སྔགས་ཀྱིས་བགེགས་བསྐྲད། དེ་ནས་བཛྲ་ཞེས་བརྗོད་པས་ཟླ་ཕྱེད་རྡོ་རྗེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ཏེ། རྣམ་པར་དག་
པའི་བདུད་རྩི་ཆེན་པོའི་རྒྱ་མཚོ་ཆེན་པོར་གྱུར་ཏེ། དེ་ནས་ཨོཾ་བ་ལིཾ་བྷུ་ཛ་བྷཀྵ་བྷཀྵ་ཨི་དཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ། ཏྭཱད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་པས་གཟུགས་མེད་པ་རྣམས་ལ་ཡིད་བཞིན་ནོར་བུས་དབུལ། གཟུགས་ཁམས་རྣམས་ལ་དཔག་བསམ་
གྱི་ཤིང་འདོད་པ་རྣམས་ལ་རང་རང་ཇི་ལྟར་བསམས་པ་བཞིན་དུ་ཐོབ་པར་མོས་པར་བྱའོ། །དེ་ནས་ཚིགས་བཅད་ཀྱང་འདི་སྐད་ཅེས་བརྗོད་དོ། །རང་བཞིན་རྣམ་པར་དག་པའི་གཏོར་མ་འདིས། །དཀོན་མཆོག་མཆོད་གནས་བླ་མའི་ཞིང་གྱུར་དང་། །གཟུགས་མེད་གཟུགས་དང་འདོད་པས་
བསྡུས་པ་ཡི། །མགོན་བཙུན་གྲོགས་བྱེད་ཆོས་སྐྱོང་སྲུང་མ་དང་། །རང་བཞིན་ཡོན་ཏན་ལྡན་པའི་རིགས་རྣམས་དང་། །ལན་ཆགས་འདོད་པའི་སེམས་དང་ལྡན་པ་དང་། །གནོད་བྱེད་འཕྲལ་གྱི་རྐྱེན་དུ་བྱེད་ལ་བསྔོ། །ལན་ཆགས་དང་བྲལ་བར་བྱེད་པ་གཏོར་མའི་ལས་དཔག་བསམ་གྱི་
སྡོང་པོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མ་ཡིན་པ་ཕུན་སུམ་ཚོགས་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། བདག་ཉིད་ཀྱི་མདུན་དུ་ཟངས་ལ་སོགས་
པའི་སྣོད་བྲེ་བཅོ་བརྒྱད་ཤོང་བ་ཅིག་བཞག་ལ། དེའི་ནང་དུ་རིན་པོ་ཆེ་སྣ་གང་ཡང་རུང་བ་ལས་བྱས་པའི་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་མཚོན་གང་བའམ། མཐོ་གང་ངམ་ཁྲུ་གང་བ་ལ་སོགས་པ་ཇི་ལྟར་འགྲུབ་པའི་ལུགས་མ་བྱས་ལ་བཞུགས་སུ་གསོལ། ཟངས་ལ་སོགས་པའི་སྣོད་

ཁྱོར་བ་གང་ཤོང་བ་ཅིག་ཏུ་ཆུ་གཙང་མ་སྲོག་ཆགས་མེད་པས་བཀང་སྟེ། འབྲུའམ་ཟན་མཐེབ་ཀྱུ་རེ་བཅུག་ལ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ལན་བདུན་བདུན་བརྗོད་ལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ལ་
དམིགས་ལ་དབུལ་ལོ། །མཆོད་སྦྱིན་གྱི་ཕྱག་རྒྱ་སེ་གོལ་གྱི་སྒྲ་དང་ལྡན་པས་སྣོད་ཆེན་པོ་ཁངས་པར་དབུལ། འབུལ་དུས་སུ་ཁ་དང་ཡན་ལག་བཤལ་ལ་དབུལ་ལོ། །དེ་ལྟར་ཕུལ་བས་ཉི་མ་རེ་ལ་ཀཱཪྵཱ་པ་ཎ་ལྔ་སྟོང་ལྔ་སྟོང་ཐོབ་པར་ངེས་སོ། །དེ་ལྟར་མ་ཆགས་པར་ཉི་མ་རི་རྩེ་ལ་
ཤར་བ་ཕན་ཆད་དང་། ལྟོ་བའི་གོང་དུ་རྫོགས་པར་བྱའོ། །དེ་ལྟར་ཉི་མ་རེ་ལ་ཡི་དམ་དུ་བྱས་པས་འདོད་པའི་དོན་ཕུན་སུམ་ཚོགས་པར་ངེས་སོ། །ལོངས་སྤྱོད་དང་ལྡན་པར་ངེས་པའི་དཔལ་ཚོགས་ཀྱི་གཏོར་མ་རིན་པོ་ཆེ་ལེགས་ཕྲེང་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་
རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པའི་ལས་ཉེ་བར་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། མཆོད་པའི་རྒྱ་མཚོ་ཆེན་པོ་རྣམ་པར་རོལ་པར་བྱའོ། །དབུས་སུ་འབྲུ་སྣ་ཚོགས་པའི་གཏོར་མ་བཞག་
གོ། །ཤར་ཕྱོགས་སུ་ཁམ་སའི་གླུད་སོར་བཞི་པ་བརྒྱ་ལ་གདུགས་བརྒྱ། ལྷོར་བ་དན་བརྒྱ། ནུབ་ཏུ་རྒྱལ་མཚན་བརྒྱ། བྱང་དུ་དར་དཔྱངས་བརྒྱ། དེ་དག་ལན་བདུན་བདུན་བྱས་ན་འབྱོར་པ་ཕུན་སུམ་ཚོགས་པར་ངེས་སོ། །ཕུན་སུམ་ཚོགས་པའི་ལས་ཉེ་བར་སྒྲུབ་པར་བྱེད་པ་ལས་ཚོགས་
སྟོང་རྒྱས་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་ལ་ལྷ་ཆེན་པོ་བརྒྱད་ཀྱི་ཆོ་གས་ལྷ་མཉེས་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་
པས། དཀྱིལ་འཁོར་སྔ་མ་ལྟར་བཞེངས་ལ་གཏོར་མ་ལ་སོགས་པ་སྔ་མ་ལྟར་བཤམས་ལ། ལྷ་ཆེན་པོ་བརྒྱད་ཀྱི་གཟུགས་བརྙན་བྱས་ལ། དེ་རེ་རེ་ལ་ངར་གླུད་སོར་བཞི་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ལ། ཚོན་གྱིས་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་ལ་དཀྱིལ་འཁོར་གྱི་མཐའ་མར་གཞག་གོ། །

དེ་ནས་ལྷ་ཆེན་པོ་རྣམས་སྤྱན་དྲང་བ་ནི། ཧཱུཾ་རི་རབ་ཆེན་པོའི་ཡང་སྟེང་ནས། །འཇིག་རྟེན་སྟོབས་ལྡན་ལྷ་ཆེན་རྣམས། །དྲལ་ཤུལ་ལྡན་ཞིང་རྫུ་འཕྲུལ་ལྡན། །དབང་ཕྱུག་གྲགས་པ་རྣམས་སྐྱེད་པ། །ལེགས་པའི་ལམ་ཡང་སྟོན་པ་སྟེ། །ལྷ་ཆེན་དྲག་པོ་འཁོར་དང་
བཅས། །འདིར་སྤྱོན་ལེགས་པའི་ལམ་སྟོན་ཅིག །ས་མ་ཡ་ཛཿ། དེ་ནས་བསྟོད་ཅིང་གཏོར་མ་དབུལ་བ་ནི། ཧཱུཾ་ཤར་ཕྱོགས་ལྷ་ཆེན་དབང་ཕྱུག་ནི། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྐུ་མདོག་སྔོ་སྐྱ་འཇིགས་བྱེད་པ། །སྐྲ་བརྫེས་སྤྱན་ཡང་འབྲུ་ཚུགས་ལྟ། །དུར་ཁྲོད་འབར་བའི་རྒྱན་
གྱིས་བརྒྱན། །གཡས་ན་ཏྲི་ཤཱུལ་རྩེ་གསུམ་བསྣམས། །གཡོན་ན་ཐོད་པ་ཁྲག་འདྲེན་པ། །དེ་ལ་བསྟོད་དེ་གཏོར་མ་དབུལ། །ལྷོ་ཕྱོགས་ལྷ་ཆེན་རྒྱལ་ཆེན་ནི། །སྐུ་མདོག་སེར་ལ་ཞལ་གཅིག་པ། །འཇིགས་བྱེད་ཆེན་པོའི་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་གསུམ་པ་བསྣམས། །གཡོན་
པ་རུས་པའི་ཕྲེང་བ་འཛིན། །དེ་ལ་བསྟོད་དེ་གཏོར་མ་འབུལ། །ནུབ་ཕྱོགས་ལྷ་དབང་ཚངས་པ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །སྐྲ་བརྫེས་མཆེ་བ་གཙིགས་པ་ལ། །འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས། །གཡས་པ་དུང་ཆེན་གཡས་འཁྱིལ་བསྣམས། །
གཡོན་པ་པདྨ་མཛེས་པ་འཛིན། །དེ་ལ་བསྟོད་དེ་གཏོར་མ་འབུལ། །བྱང་ཕྱོགས་ལྷ་ཆེན་ཁྱབ་འཇུག་ནི། །ཞལ་དགུ་ཕྱག་གཉིས་སྐུ་མདོག་དུད། །མགོ་ལུས་སྤྱན་གྱིས་ཁེངས་པ་སྟེ། །རོ་སྨད་སྦྲུལ་ནག་འཁྱིལ་པ་ལ། གཡས་པའི་ཕྱག་ན་དབྱུག་ཏོ་འཕྱར། །གཡོན་པའི་ཕྱག་ན་
འཁོར་ལོ་བསྣམས། །དེ་ལ་བསྟོད་དེ་གཏོར་མ་འབུལ། །ཤར་ལྷོ་འདོད་པའི་དབང་ཕྱུག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག །དུར་ཁྲོད་འཇིགས་པའི་རྒྱན་གྱིས་བརྒྱན། །ཧ་ཧ་ཧི་ཧི་ཆེར་སྒྲོགས་པ། །གཡས་པ་མདའ་སྟེ་གཡོན་པ་གཞུ། །དེ་ལ་བསྟོད་དེ་གཏོར་མ་
འབུལ། །ལྷོ་ནུབ་ཚོགས་ཀྱི་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །སྦྲུལ་གྱིས་ལུས་བརྒྱན་འཇིགས་རུང་བ། །རབ་འཇིགས་དབང་ཆེན་ཀུན་གྱི་གཙོ། །གླང་སྔོན་སྣ་ལ་མཆེ་བ་གཙིགས། །གཡས་པ་གླང་ཆེན་མཆེ་བ་བསྣམས། །གཡོན་པ་གླང་ཀོ་རློན་པ་འཛིན། །

དེ་ལ་བསྟོད་དེ་གཏོར་མ་འབུལ། །ནུབ་བྱང་ནག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག །སྐྲ་གཡེངས་སོ་གནན་ཁྲག་གིས་བརླན། །གཡས་པ་རྡོ་རྗེ་རྩེ་གསུམ་འཛིན། །གཡོན་པའི་ཕྱག་ན་ཞགས་པ་བསྣམས། །དེ་ལ་བསྟོད་དེ་གཏོར་མ་འབུལ། །བྱང་
ཤར་སྨིན་དྲུག་དབང་ཕྱུག་བུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །འཇིགས་བྱེད་ཆེན་པོའི་ཞལ་གདངས་ནས། །རབ་ཏུ་རྔམ་པའི་ང་རོ་ཅན། །ཕྱག་གཉིས་མདུང་ཐུང་གསོར་བྱེད་ཅིང་། །དེ་ལ་བསྟོད་དེ་གཏོར་མ་འབུལ། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །མཆོད་
དང་གཏོར་མ་ཕུལ་བ་ཡིས། །འཇིག་རྟེན་ལྷ་རྣམས་མཉེས་བྱས་ཏེ། བདག་གི་འདོད་པའི་དོན་རྣམས་ནི། །ངེས་པར་འགྲུབ་པར་མཛད་དུ་གསོལ། །ཞེས་གཏོར་མ་བྱིན་གྱིས་བརླབས་ལ། རིའི་རྩེ་མོ་ལ་སིལ་སྙན་སྣ་ཚོགས་པའི་སྒྲ་དང་ལྡན་པར་བྱས་ལ་བསྐྱལ་ལོ། དཀྱིལ་འཁོར་
བསྡུ་ཞིང་བཀྲ་ཤིས་གསོལ། །འཇིག་རྟེན་གྱི་ལྷ་མཉེས་པར་བྱེད་པ། དོན་གྲུབ་པ་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་ལ་མཛའ་བོ་དང་གཅེས་པ་དང་། སོ་སོའི་སྐྱེ་བོ་
རྣམས་ཀྱི་ལྕེ་འབབ་པར་འདོད་ན། ས་སྣ་བདུན་ནམ་བཅུ་གཅིག་ལ་བསྒྲུབ་བྱའི་གཟུགས་ཁྲུ་གང་བ་བྱས་ཏེ། སྙིང་གར་གྲོ་ག་ལ་ར་ཁྲག་གིས་མིང་རུས་བྲིས་ཏེ་གཞུག་གོ། །དེའི་སྤྱི་བོར་ཨེ་གྲུ་གསུམ་བྲུས་ལ། །ཚེར་མ་སྣ་ཚོགས་པ་ཉག་མ་རེ་གཟུགས་སོ། །མགོ་ལ་ལྟས་ངན་སྣ་ཚོགས་
སྒྲོས་བརྒྱན། ལུས་ལ་གཟེ་མ་མང་པོ་བཙུགས་ལ་དུར་ཁབ་ཀྱིས་བཏུར། དེ་བདག་གི་མདུན་དུ་བཞག་ལ་གཙོ་བོ་ལ་མཆོད་བསྟོད་ཅི་རིགས་པར་བྱས་ལ་སྲན་མ་རྣམས་དང་སྒོག་སྐྱ་དང་། བྲ་མའི་འབྲུམ་བུ་དང་། སྐྱི་བ་དང་། བསེ་ཤིང་གི་འབྲས་བུ་ལ་སརྦ་ཤ་ཏྲཱུཾ་ཧཱུཾ་ཕཊ་ཅེས་འབུམ་ཕྲག་
གཅིག་བཟླས་ཏེ། ཐུན་གྱི་སྐབས་སུ་བྲབས་ཏེ། མི་ཆེན་པོ་རྣམས་ཀྱི་ལྕེ་ཉམས་པ་འདི་ལ་ཕོབ་ཅིག་ཅེས་བརྗོད་ཅིང་། རི་གསུམ་འདུས་པའི་རྩེ་ལ་སྲན་མའི་སྦྱིན་སྲེག་ལན་ཉེར་གཅིག་བྱས་ལ་ཐལ་བ་དེ་རླུང་ལ་བསྐུར་ཏེ། བསྒྲུབ་བྱའི་ཁང་པ་ལ་ཁྲག་གིས་གཏོར་ན་ངེས་པར་མཛའ་སྡུག་རྣམས་

ཀྱི་ལྕེ་འབབ་པར་ངེས་སོ། །སྐྱེ་བོ་སྡང་བའི་ལས་མྱུར་བྱེད་ཆེན་མོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཞན་གྱི་ལྕེ་བབས་པ་དང་། སྡང་བ་བཟློག་པར་
འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་བཞེངས་ཏེ། ཆོ་ག་རྫོགས་པར་བྱས་ལ་བདག་ཉིད་སྡིག་པ་མ་ལུས་པ་ཡོངས་སུ་དག་པར་བྱས་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་གསོལ་བ་གདབ་པར་བྱའོ། །གཏོར་མ་བརྒྱ་རྩ་
བརྒྱད་བྱ་སྟེ། གཏོར་མ་རེ་རེའི་ནང་དུ་སྡང་བ་རྣམས་ཡ་ཧི་གཙྪ་ཞེས་གྲོ་ག་ལ་བྲིས་ལ་གཞུག །སྙིང་པོ་ཤིན་ཏུ་བསྡུས་པའི་སྔགས་བརྒྱ་ཕྲག་སུམ་ཅུ་སོ་ལྔ། སྤྲུ་མ་དང་མཁན་པ་དང་གླང་མ་དང་ཤུག་པའི་ལོ་མ་ལ་བཟླས་ལ། གཞན་གྱི་དུ་བས་མ་སླེབས་པར་ཡུལ་ཀུན་དུ་དུ་བ་ཆེན་པོ་
བཏང་། ཚོན་རྩི་ལྔའི་ཕྱེ་མ་ལ་སྔགས་བཟླས་ལ་རླུང་ཆེན་པོ་བྱུང་དུས་སུ་ཡུལ་ཀུན་ཁྱབ་པར་གཏོར་རོ། །དེས་ནི་གཞན་གྱི་ལྕེ་བབས་པ་རྒྱུན་འཆད་དོ། །གཞན་གྱི་ལྕེ་འབབ་པ་བཟློག་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་
རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །མཛའ་བོ་བདག་ལ་སྡང་ན་མ་རུངས་པར་བྱེད་པའི་ལས་ནི་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། ལྟེ་བར་ཆེ་གེ་མོ་མཱ་ར་ཡ་ཛཿཞེས་པ་བྲི། མུ་ཁྱུད་ལ་ཀཱ་ལི། རྩིབས་ལ་ཁྲོ་བོ་ལྔའི་སྔགས་བྲིས་ལ་ཆོ་ག་རྫོགས་པར་བྱས་ནས་དུར་
ཁྲོད་དུ་མནན་ན་མཛའ་བོ་སྡང་བ་མ་རུངས་པར་འགྱུར་རོ། །སྡུ་གུ་བདག་ལ་སྡང་བ་དབང་དུ་བསྡུ་བར་འདོད་ན། སྙིང་པོ་བསྡུས་པ་ལ་སྟོང་ཕྲག་ལྔ་བཟླས་ལ་དཔྲལ་བར་ཙནྡན་གྱིས་ལྕགས་ཀྱུ་བྲི། ལག་མཐིལ་དུ་གི་ཝང་གིས་འཁོར་ལོ་རྩིབས་བཞི་པ་རེ་བྲིས་ལ། ཆེ་གེ་མོའི་ནོར་དང་བཅས་
པ་དབང་དུ་གྱུར་ཅིག་སྭཱ་ཧཱ་ཞེས་བརྗོད་པས་དབང་དུ་འགྱུར་རོ། །སྐྱེ་བོ་གང་སྡང་བ་དུར་ཁྲོད་དུ་གསད་པའི་སྦྱོར་བ་ལན་བདུན་བྱས་ན་འཆི་བར་ངེས་སོ། །སྡང་བ་གསུམ་གྱི་ལས་ཐོར་བུ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་

ལ་ཕྱག་འཚལ་ལོ། །བྲན་དང་བཟའ་མི་བསྲུང་བར་འདོད་པས་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དུར་ཁྲོད་ཀྱི་ཤིང་ལེབ་ཀྱི་སྟེང་དུ་དཀྱིལ་འཁོར་བཞེངས་ལ་ཁྲིའི་སྟེང་དུ་བཞག་ལ། འོག་ཏུ་ཆུའི་སྣོད་ཆེན་པོ་གཞག་གོ། །དེའི་ཤར་དུ་གང་བསྲུང་བ་དེ་རྣམས་ཁྲུས་ནས་བཏོན་ལ་བཞག་
ལ། ཚོན་སྣ་ལྔའི་སྐུད་པ་ལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་མདུད་པ་བོར་ལ་མགུལ་དུ་གདགས་སོ། །རྒྱ་ཤོག་ལ་འཁོར་ལོ་རྩིབས་ལྔ་པ་ལ་ཤིན་ཏུ་བསྡུས་པའི་འཁོར་ལོ་གི་ཝང་གིས་བྲིས་ལ། སྤྱི་བོའི་གཙུག་ཏུ་གདགས་སོ། །ཤར་དུ་ཁ་བལྟས་ལ་ཕྱག་བཙལ་བ་དང་། དེ་ལྟར་
ལྷོ་དང་ནུབ་དང་བྱང་རྣམས་སུ་ཕྱག་འཚལ་དུ་བཅུག་ལ་དཀྱིལ་འཁོར་གྱི་འོག་གི་ཆུས་བྲབ་བ་དང་། བརྡེག་པ་དང་། འཐོར་འཐུང་བྱས་ལ་དཀྱིལ་འཁོར་གྱི་འོག་ནས་ཤར་ནས་ནུབ་ཏུ་བཏོན་ཅིང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་འོད་ཀྱི་ཕུང་པོ་ཆེན་པོ་ཞི་བར་འདོད་ན་དཀར་པོ། རྒྱས་པར་
འདོད་ན་སེར་པོ། དབང་དུ་འདོད་ན་དམར་པོ། ཚར་གཅད་པར་འདོད་ན་ལྗང་གུར་བཞུ། ལྷ་རྣམས་གཤེགས་སུ་གསོལ། འོད་ཟེར་དེ་གང་བསྲུང་བའི་སྤྱི་གཙུག་ཏུ་བསྟིམས་ལ། དེ་ཉིད་ཀྱང་འོད་ཀྱི་ཁ་དོག་ཅི་འདྲ་བར་བཞུ་བར་དམིགས་ལ། ཕྱོགས་སྐྱོང་དང་སྒོ་མ་རྣམས་དེ་ཉིད་
ལ་མཆོད་པར་དམིགས་སོ། །དེ་ལྟར་བྱས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་གཞིར་འགྱུར་རོ། །བྲན་དང་བཟའ་མི་གདོན་གྱིས་གཙེས་པ་བསྲུང་བའི་ཆོ་ག་ཆེན་མོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་
རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །མི་མཐུན་པའི་འཐབ་པ་དང་རྩོད་པ་རྣམས་ཞི་བར་འདོད་པས་ནགས་སྟུག་པོའི་ཁྲོད་དུ་སོང་སྟེ། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ་ཞི་བའི་ཁ་དོག་ཏུ་བཞེངས་ལ་ལྷ་རྣམས་སྤྱན་དྲང་བ་དང་། བཞུགས་སུ་གསོལ་བ་ལ་སོགས་པ་བྱ་སྟེ།
བཀྲ་ཤིས་བུམ་པ་ལ་ལྷ་རྣམས་དབང་བསྐུར་བ་ལ་སོགས་པ་བྱ་སྟེ། བུམ་པ་དེ་ཉིད་ལ་མཆོད་ཅིང་བསྟོད་པ་བྱས་ལ་སྙིང་པོ་རྒྱས་བསྡུས་གང་མོས་ལ་ཞག་བདུན་ནམ་བཅུ་གཅིག་ཏུ་བཟླས་བརྗོད་བྱའོ། །དེ་ནས་བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས་སྐྲ་བརྫེས་ལ་སྟོད་གཡོགས་གཟར་ལ། སྡིགས་

མཛུབ་བསྒྲེང་ལ་གཡུལ་འགྱེད་པའི་ཁྲོད་དེའི་བར་དུ་ཕྱིན་ན་གཡུལ་འགྱེས་སོ། །མི་མཐུན་པའི་སེམས་ཅན་རྣམས་ལ་ཡུངས་ཀར་ལ་བཟླས་ནས་གཏོར་ན་མཐུན་པར་འགྱུར་རོ། །བདག་དང་མཐུན་པའི་སེམས་ཅན་ལ་གནོད་པར་སེམས་པ་ལས་ཀ་ར་བཱི་རའི་མེ་ཏོག་ལ་
བཟླས་ནས། དེའི་གདོང་དུ་གཏོར་ན་གནོད་པ་བྱ་བ་དང་། བསམ་པ་ཞི་བར་འགྱུར་རོ། །རྩྭ་དཱུར་བ་ལ་དུར་ཁྲོད་ཀྱི་ཐལ་བ་ལ་བཟླས་ནས་གཏོར་ན་འཕྲོག་མའི་སེམས་ཞི་བར་འགྱུར་རོ། །མཛའ་བཤེས་དང་མཛའ་བོ་མི་མཐུན་པ་ལ་ནི་གོ་ལའམ་ཤིང་གང་ཡང་རུང་བ་ལ་བཟླས་ནས་བྱིན་ན་མཛའ་
ཞིང་གཅུགས་པར་འགྱུར་རོ། །རྒྱལ་པོའམ་ཡོན་ཏན་ཅན་དང་མི་མཐུན་པ་ལ་ནི་བྱ་ནག་མོའི་སྒོ་ང་དང་། མུ་ཟི་ལ་བཟླས་ལ་མེ་བྱས་ལ་རླུང་ཕྱོགས་སུ་ཕྱར་བ་ཙམ་གྱིས་མཐུན་སེམས་དང་ལྡན་པར་འགྱུར་རོ། །མི་མཐུན་པ་ཞི་བར་བྱེད་པའི་རྩི་སྦྱོར་དབྱིག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་
ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ནོར་འགྲིབ་པར་འགྱུར་བ་སླར་འགུགས་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཤིན་ཏུ་མ་ཕོངས་པའི་ཁྱིམ་ནས་བླངས་ལ་ཞིང་བཟང་པོའི་ས་དང་བསྲེས་ལ་
སྟེགས་བུ་བྱ་སྟེ། ཐིག་བཏབ་ལ་དེ་ནས་ཚོན་དགྱེ་བ་ནི། དབུས་སུ་པདྨ་འདབ་མ་བརྒྱད་པ་དམར་པོ་ཁྱམས་གཉིས་དང་སྒོ་དང་སྒོ་ཁྱུད་ལྡན་པར་བྱའོ། །ལྟེ་བར་རྡོ་རྗེ་རྣམ་པར་འཇོམས་པའི་མཚན་མ་གདབ་བོ། །ཤར་དུ་རིགས་ལྡན་བུམ་པ། ལྷོར་སྟོབས་བཟངས་ཀྱི་བེ་ཅོན་དང་། ནུབ་
ཏུ་མཚོན་ཆེན་གྱི་བསེ་ཁ་སྦྱོར། བྱང་དུ་རྣམ་ཐོས་སྲས་ཀྱི་དོང་ཙེ་བྲིས་ལ། གཏོར་མ་བཞི། བཤོས་གཙང་བཞི། མར་མེ་བཞི། བདུག་པ་བཞི། མེ་ཏོག་བཞི། དྲིའི་དུང་ཆོས་བཞི་བཤམ། སེང་ལྡེང་གི་ཕུར་པ་བཞི་སྒོ་བཞིར་བཙུགས་ལ་མེ་ཏོག་གི་ཕྲེང་བས་སྦྲེལ་ལོ། །མཐའ་མར་
རིན་པོ་ཆེ་སྣ་ཚོགས་པ་དང་། འབྲུ་སྣ་ཚོགས་པའི་ཚོམ་བུ་དགོད། དེའི་ཕྱི་རིམ་དུ་ཤིང་མེ་ཏོག་དང་ལོ་མ་དང་འབྲས་བུ་དང་ལྡན་པ་སྣ་ཚོགས་པ་བཙུགས་ཏེ། དཀྱིལ་འཁོར་མི་མཐོང་བར་བྱའོ། །དེའི་ཕྱི་རིམ་རྣམས་སུ་དྲི་སྣ་ཚོགས་པའི་ཆག་ཆག་གདབ་སྟེ། རྩྭ་ཀུ་ཤས་འཁོར་བར་

དགྲམ་མོ། །སྟེང་དུ་དར་སྣ་ཚོགས་པའི་ཡོལ་བ་དང་། འཕྱང་མ་འཕྱང་གིས་ཁེབས་པར་བྱས་སོ། །ལོགས་རྣམས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་དང་ལུགས་སུ་བླུགས་པ་ལ་སོགས་པ་འཁོར་བར་དགྲམ་མོ། །དེ་ནས་བཟའ་བ་དང་། བཏུང་
བ་དང་། མྱོང་བ་དང་། བལྡག་པ་ལ་སོགས་པ་ཁ་ཟས་ཀྱི་བྱེ་བྲག་ཇི་ལྟར་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་མར་བཞག་ལ། མཆོད་གཡོག་པ་གཉིས་སམ་གསུམ་གྱིས་མཆོད་པ་རྒྱུན་མ་ཆད་པར་བྱའོ། །སློབ་དཔོན་བདག་སྟོད་གཡོགས་ལ་སོགས་པའི་རྒྱན་དང་། དབུ་རྒྱན་ལ་
སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཀུ་ཤའི་སྟེང་དུ་ཁྲུས་བྱ། རྒྱན་སྣ་ཚོགས་པས་བརྒྱན་ལ་འཁོར་དང་བཅས་ཏེ་གཞག་གོ། །དེའི་ཕྱི་ལོགས་ལ་གཡས་བརྐྱང་བའི་སྟབས་ཀྱིས་གཡས་སྐོར་དུ་ཧཱུཾ་ཞེས་བགེགས་བསྐྲད། དེ་ནས་ལོག་སྟེ། བྱང་ཤར་ནས་
གཡོན་བརྐྱང་བའི་སྟབས་ཀྱིས་གཡོན་སྐོར་དུ་ཨོཾ་བཛྲ་ཡཀྵ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་བདག་དང་ཡོན་བདག་གི་ནོར་འགྲིབ་པར་བྱེད་པའི་བགེགས་དེ་དཔག་ཚད་བརྗོད་ཀྱིས་མི་ལང་བར་བྱེར་ཞིང་དེངས་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མའི་ཆོ་ག་ཞག་གསུམ་དུ་རྒྱུན་མ་ཆད་པར་བྱ།
བདག་ཉིད་ཀྱི་སྙིང་པོ་རྒྱས་བསྡུས་གང་མོས་ལ་ཅི་ནུས་སུ་བཟླས། ཡོན་བདག་གིས་སེམས་བསྐྱེད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། འདོད་པའི་དོན་ལ་སོགས་པ་ལ་གསོལ་བ་ཅི་ནུས་སུ་བྱེད་དུ་གཞུག་གོ། །དེ་ནས་ནུབ་གསུམ་གྱི་ཐ་མ་ཁ་ཟས་ལོངས་སྤྱོད་པ་
དང་། ཡོན་བདག་བཟའ་བྲན་འཁོར་དང་བཅས་པ་ལ་དཀྱིལ་འཁོར་གྱི་སྒོ་རྣམས་གསལ་ལ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་རོ། །རྣམ་ཐོས་སྲས་ལ་གཏོར་མ་ཆེན་པོ་གཅིག་བྱིན་ལ་ནོར་གྱི་བདག་པོར་མངའ་གསོལ། ཡོན་བདག་འཁོར་དང་བཅས་པས་ཀྱང་། བྱང་ཕྱོགས་
ཀྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བུ་འཁོར་དང་བཅས་པས་དོ་ནུབ་ནས་བཟུང་བ་ཕན་ཆོད་ནོར་གྱི་བདག་པོ་མཛོད་ལ་བདག་ཅག་གི་ནོར་དང་ཟས་མི་འགྲིབ་པར་འཕེལ་བར་མཛད་དུ་གསོལ་ཞེས་དུས་ལ་བརྗོད་དོ། །དེ་ནས་གཏོར་མ་བཏང་། སིལ་སྙན་སྣ་ཚོགས་པའི་སྒྲ་དང་ལྡན་པས་

གཏོང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ། བཀྲ་ཤིས་གསོལ། བསོད་ནམས་ཀྱི་ཚོགས་ཇི་ལྟར་འབྱོར་པ་བསག་ཅིང་བླ་མ་ལ་ཡོན་དབུལ་ལོ། །ནོར་འགྲིབ་པ་དགང་བའི་ཆོ་ག་དཔག་བསམ་ཤིང་རྒྱས་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་
སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་བདག་པོའི་ལས་འདོད་པའི་དོན་ཐམས་ཅད་རབ་ཏུ་སྦྱིན་པ་ལོངས་སྤྱོད་བསྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་མཎྜལ་ཟླུམ་པོ་ཤིན་ཏུ་མཉམ་པ་
མེ་ལོང་གི་ངོས་ལྟ་བུར་བྱས་ཏེ། ཁ་དོག་སྔོན་པོ་ཁྲུ་དོའི་ཚད་ཙམ་བྱས་ལ་དེའི་སྟེང་དུ་པར་བུ་སྔོན་པོ་གཙོ་བོའི་ཡི་གེས་འཁོར་བ་ནང་དུ་ཕྱོགས་ཀྱི་བདག་པོའི་སྙིང་པོ་གསེར་ལས་བྲིས་པ་དང་། རས་སྔོན་པོ་ལ་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་རབ་ཏུ་གནས་པ་བྱས་ལ་དར་སྣ་ཚོགས་
པས་དྲིལ་ལ་དེའི་ནང་དུ་གཞུག་གོ། །སྤྲེའུའི་སྙིང་གི་ནང་དུ་གསེར་ས་བྱུང་མ་དང་། རིན་པོ་ཆེ་རྙེད་ཚད་དང་། ཤ་སྣ་རྙེད་ཚད་དེ་མཎྜལ་གྱི་སྟེང་དུ་བཞག་ལ། གླང་པོ་ཆེའི་སྤུ་དང་། སྤྲེའུའི་སྤུ་བསྒྲིལ་བའི་གཟུངས་ཐག་གདགས། དེའི་སྟེང་དུ་ཚོགས་ཀྱི་བདག་པོའི་སྐུ་མདོག་དང་། ཕྱག་
མཚན་གསལ་བར་བསྒོམ། བདག་ཉིད་རྣམ་འཇོམས་ཀྱི་ང་རྒྱལ་དུ་བྱས་ལ་གཟུངས་ཐག་བཟུང་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ག་སྭཱ་ཧཱ་ཞེས་སྟོང་སྟོང་གཞན་གྱིས་བར་མ་ཆོད་པར་བཟླས་ཤིང་ཚོགས་བདག་གིས་བདག་ཉིད་ལ་ལོངས་སྤྱོད་ཇི་ལྟར་འདོད་པའི་སྦྱིན་པ་བྱིན་པར་བསམ་མོ། །
ཡར་ངོའི་བརྒྱད་པའམ། ཡང་ན་མར་ངོའི་བརྒྱད་པ་ལ་ཚོགས་ཀྱི་བདག་པོའི་གཏོར་མ་ཤིན་ཏུ་བཟང་པོ་ཤ་སྣ་ཚོགས་དང་། མར་དང་ཁུར་བ་དང་། རོ་མཆོག་སྣ་ཚོགས་དང་ལྡན་པས་མཆོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། གཞན་གྱིས་མཐོང་དུ་མི་རུང་ངོ་། །ཚོགས་བདག་གི་སྒྲུབ་པ་
དབུལ་བའི་གཏེར་སྦྱིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་ནོར་དང་ཟས་འདོད་པ་རྣམས་ཀྱི་དམ་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས།

སྙིང་པོ་རྒྱས་བསྡུས་གང་མོས་ལ་སྟོང་ཕྲག་ལྔ་བཟླས་ནས་བྱེ་མ་ལ་བཟླས་ནས་རྒྱལ་པོའི་གདོང་དུ་གཏོར་ན། རྒྱལ་པོའི་ཆད་པ་ལས་ཐར་བར་འགྱུར་རོ། །མེའི་འཇིགས་པ་ཞི་བར་འདོད་ན་ཤིང་གཅིག་གི་དྲུང་དུ་སོང་སྟེ། མཎྜལ་དང་མཆོད་པ་རྫོགས་པར་བྱས་ལ་སྙིང་པོ་རྒྱས་བསྡུས་ལ་
སྔ་མ་ལྟར་བཟླས་ནས། སྐེ་ཚེ་ལ་བཟླས་ནས་མེ་ལ་གཏོར་ན་ཞི་བར་འགྱུར་རོ། །ཆོམ་རྐུན་གྱི་འཇིགས་པ་ལ་སེ་བྱིའི་ཤ་ཕྱེ་མར་བཏགས་པ་ལ་བཟླས་ཏེ་ཕོག་པར་གཏོར་ན་ཞི་བར་འགྱུར་རོ། །གཅན་གཟན་ཁྲོ་བོའི་འཇིགས་པ་རྣམས་ལ་སྟག་གི་སྤུ་ལ་བཟླས་ན་ཞི་བར་འགྱུར་རོ། །མཁའ་
འགྲོ་མས་འཇིགས་ན་ཅེ་སྤྱང་གི་ཁྲག་དང་སྤུ་བསྲེས་ནས་བདག་གི་ལུས་མགོ་མཇུག་ཏུ་བྱུགས་ན་ཞི་བར་འགྱུར་རོ། །སྦྲུལ་གདུག་པས་འཇིགས་ན། མུ་ཟི་དང་གླ་རྩི་ལ་བཟླས་ནས་མགུལ་དུ་བཏགས་ན་ཞི་བར་འགྱུར་རོ། །དུག་གིས་འཇིགས་ན་རྨ་བྱའི་མཁྲིས་པ་དང་བུ་ཁྱེའུའི་
རོ་ཚོན་དང་། སྦལ་པ་བསེ་རུའི་ཤ་ལ་བཟླས་ནས་ལྟོ་སྟོང་ལ་ཟོས་ན་དེའི་འོག་ཏུ་རང་གི་དྲི་ཆུ་འཐུངས་པས་ཞི་བར་འགྱུར་རོ། །འཇིགས་པ་བརྒྱད་ལས་ཐར་བའི་སྒྲུབ་པ་སྦས་པའི་གའུ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་
རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གང་ཟག་གཟའ་ངན་པའི་དུས་ལས་ཟློག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ། དཀྱིལ་འཁོར་གྱི་དབུས་སུ་བུམ་པ་མཚན་ཉིད་དང་ལྡན་པ། ཁ་དོག་སྔོན་པོ་གཙོ་བོའི་མཚན་ཉིད་
དང་ལྡན་པ་བཞག་ལ། དེ་ལ་གཙོ་བོའི་བསྙེན་པ་བརྒྱ་ཕུལ་ལ་གཞག་གོ། །དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ་ཕུར་པ་བརྒྱད་ལ་དར་དམར་པོའི་ཅོད་པན་བཏགས་ལ་ཁྲོ་བོ་བརྒྱད་དུ་བསྐྱེད་ལ་གཞག་གོ། །མར་མེ་ལ་སོགས་པས་གཙོ་བོ་དང་གཟའ་བརྒྱད་མཆོད་དོ། །གཟའི་
གཏོར་མ་གཙང་མ་བརྒྱད་ཕྱོགས་གཏོར་དང་བགེགས་གཏོར་ཡང་བཤམ་མོ། །དཀྱིལ་འཁོར་གྱི་ལྷའི་གནས་རྣམས་སུ་བག་ཟན་ལས་གཟའི་གཟུགས་བྱས་ལ་ཚོན་གྱིས་བསྒྱུར་ལ་གཞག །དེ་དག་རེ་རེའི་མདུན་དུ་སྦྲང་རྩི་དང་། འོ་མ་ལ་སོགས་པ་སྤྱན་གཟིགས་ཀྱིས་ཀྱང་འཁོར་བར་

གཞག་གོ། །ཁྱམས་རྣམས་སུ་རྒྱུ་སྐར་གྱི་གཟུགས་བྱས་ལ་གཞག་གོ། །དེ་ནས་གཙོ་བོ་ལ་མཆོད་པ་དང་བསྟོད་པ་བྱས་ལ། གཟའ་རྣམས་ཀྱི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ཏེ། ཚིགས་བཅད་ཀྱིས་ཀྱང་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ་ཧཱུཾ་ཧཱུཾ། རྣམ་དག་རི་རབ་ལེགས་པའི་
དཀྱིལ་འཁོར་ནས། །གཟའ་བརྒྱད་རྒྱུ་སྐར་འཁོར་བཅས་སྤྱན་འདྲེན་ན། །སྔོན་གྱི་དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ཛཿ། རང་བཞིན་མི་མཉམ་རྣམ་དག་གཞལ་ཡས་ལ། །མཉེས་པར་བྲིས་ཤིང་སྤྲས་པའི་དཀྱིལ་འཁོར་འདིར། །གཟའ་ཆེན་འཁོར་དང་བཅས་པ་བཞུགས་སུ་
གསོལ། །ས་མ་ཡཱ་ཧཱུཾ་ཞེས་སོ། །སོ་སོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །སྐུ་མདོག་དང་ཕྱག་མཚན་རྣམས་གསལ་བར་བསྒོམས་ལ། མཆོད་པ་འབུལ་བ་ནི། ཧཱུཾ་ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག །མཛེས་པར་གཏམས་པའི་ཡོན་ཆབ་འདི། །གཟའ་རྣམས་འཁོར་དང་བཅས་ལ་འབུལ། །དམ་ཚིག་
དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག །མཛེས་པར་གཏམས་པའི་མེ་ཏོག་འདི། །གཟའ་རྣམས་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག །མཛེས་པར་གཏམས་པའི་སྣང་གསལ་འདི། །གཟའ་རྣམས་
འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག །མཛེས་པར་གཏམས་བའི་བདུག་སྤོས་འདི། །གཟའ་རྣམས་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་
མཆོག །མཛེས་པར་གཏམས་པའི་དྲི་ཆབ་འདི། །གཟའ་རྣམས་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག །མཛེས་པར་གཏམས་པའི་བཤོས་གཙང་འདི། །གཟའ་རྣམས་འཁོར་དང་བཅས་ལ་འབུལ། །དམ་ཚིག་
དབང་གིས་བཞེས་སུ་གསོལ། །ཕྱོགས་བཅུ་ཀུན་ནས་རྣམ་དག་རྫས་ཀྱི་མཆོག །མཛེས་པར་གཏམས་པའི་སིལ་སྙན་འདི། །གཟའ་རྣམས་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་སུ་གསོལ། །དེ་ནས་གཟའ་རྣམས་ལ་བསྟོད་ཅིང་གཏོར་མ་འབུལ་བ་ནི། ཧཱུྃ་ཤར་ཕྱོགས་

གཟའ་ཆེན་པ་བ་སངས། །སྐུ་མདོག་དམར་པོ་མཛེས་པ་ལ། །ན་བཟའ་དར་དཀར་སྟོད་གཡོགས་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་སྤུ་གྲི་བསྣམས། །དེ་ལ་མཆོད་ཅིང་གཏོར་མ་འབུལ། །ཧཱུྃ་ལྷོ་ཕྱོགས་གཟའ་ཆེན་ཕུར་བུ་ནི། །སྐུ་མདོག་
དཀར་པོ་མཛེས་པ་ལ། །གློག་གི་ཕྲེང་བའི་འཁོར་ཡུག་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །སེར་པོ་དར་གྱི་སྟོད་གཡོགས་ཅན། །ཕྱག་མཚན་ཕྱག་ན་གླེགས་བམ་བསྣམས། །ཟླ་བའི་སྟེང་ན་བཞུགས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །ནུབ་ཕྱོགས་
གཟའ་ཆེན་ཟླ་བ་ནི། །སྐུ་མདོག་དཀར་པོ་མཛེས་པ་ལ། །ན་བཟའ་དར་དམར་སྟོད་གཡོགས་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །ངང་པ་དག་ལ་ཞོན་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །བྱང་ཕྱོགས་གཟའ་ཆེན་ལག་
པ་ནི། །སྐུ་མདོག་སེར་པོ་མཛེས་པ་ལ། །ན་བཟའ་ཟངས་ཀྱི་ཐོར་ཅོག་གསོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་ཆན་གྲི་བསྣམས། །སྦྲུལ་གྱི་སྟེང་ན་བཞུགས་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །ལྷ་ཆེན་གཟའ་ཆེན་སྒྲ་གཅན་འཛིན། །སྐུ་
མདོག་དུད་ཀ་མཛེས་པ་ལ། །ན་བཟའ་སྦྲུལ་གྱི་རྐེད་ཆིངས་ཅན། །མགོ་ལུས་ཐམས་ཅད་མིག་གིས་ཁེངས། །ཕྱག་མཚན་ཕྱག་ན་མདའ་གཞུ་འགེངས། །རོ་སྨད་སྦྲུལ་དུ་འཁྱིལ་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །ནུབ་བྱང་གཟའ་ཆེན་ཉི་མ་ནི། །སྐུ་མདོག་དམར་པོ་
མཛེས་པ་ལ། །ན་བཟའ་ཐོག་ལྕགས་གུ་ཟུ་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །རྟ་ཡི་སྟེང་ན་ཞོན་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །བྱང་ཤར་གཟའ་ཆེན་སྤེན་པ་ནི། །སྐུ་མདོག་ནག་པོ་འཇིགས་པ་ལ། །ན་བཟའ་
དར་དམར་ཐུལ་པ་གསོལ། །རིན་ཆེན་མཛེས་པའི་རྒྱན་གྱིས་བརྒྱན། །ཕྱག་མཚན་ཕྱག་ན་རལ་གྲི་བསྣམས། །འབྲུག་གི་སྟེང་ན་བཞུགས་པ་ལ། །དེ་ལ་བསྟོད་དེ་གཏོར་མ་འབུལ། །གཟའ་ཆེན་འཇིགས་པའི་གཟུགས་ཅན་ཏེ། །སོ་སོའི་རྒྱུ་སྐར་འཁོར་བཅས་ལ། །མེ་ཏོག་

གཏོར་མ་གུས་པས་འབུལ། །འདི་དག་སོ་སོར་བསྣམས་ནས་ནི། །ལས་འདིའི་འབྲས་བུ་གྲུབ་པར་མཛོད། །ཅེས་གཏོར་མ་འབུལ། ཕྱོགས་སྐྱོང་དང་བགེགས་རྣམས་ལ་ཡང་བསྟོད་ཅིང་གཏོར་མ་འབུལ་ལོ། །གཟའ་ངན་པ་བཟློག་པའི་ཆོ་ག་རྒྱ་
མཚོ་སྤྲིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གང་དག་གཟའ་རྣམས་ཀྱིས་ཟིན་པ་ལས་གྲོལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་
སྔ་མ་ལྟར་བྲིས་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཆུ་དང་ཁྲག་དང་འོ་མ་བསྲེས་པས་སྣོད་ཟངས་ལ་སོགས་པ་བཀང་ལ། གཟའ་གང་གིས་ཟིན་པའི་གཟུགས་བག་ཟན་ལ་ཞི་དཀར་སའི་ཕྱེ་མས་བསྲེས་པ་ལ་ཁྲུ་གང་པ་ཚོན་སྣ་ཚོགས་པས་རི་མོ་དང་། ཐིག་ལེར་བྱས་ལ་གཞག་
གོ། །དེའི་ལུས་རྣམས་ལྟས་ངན་སྣ་ཚོགས་པའི་སྤུ་དང་། སྟག་གཟིག་གི་རས་དང་། སྨྱུག་མ་གཙང་མ་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་ཀྱང་ཕྱར་རོ། །དེ་ནས་གཟུགས་དེ་ཆུའི་སྟེང་དུ་ཁྲི་བྱས་ལ་དར་དམར་པོའི་ཡོལ་བ་བྲེས་ལ་གཞག་གོ། །དཀྱིལ་འཁོར་གྱི་
ཕྱོགས་མཚམས་རྣམས་སུ་གཏོར་མ་གཙང་མ་བརྒྱད། སྤོས་དང་མར་མེ་དང་བཤོས་དང་ལྡན་པ་བཤམ་མོ། །སྟག་པའམ་ཤུག་པ་ཁྲུ་གང་བ་ཅིག་ལ་ཁྲམ་ཉི་ཤུ་རྩ་གཅིག་བཏོད་ལ། རྨ་བྱའི་སྒྲོ་དང་བལ་ཚོན་དང་། དར་ཚོན་ལྔ་ཡིས་བྱས་པས་གཟས་ཟིན་པའི་ལུས་མགོ་མཇུག་བྱབ་
སྟེ། ཆུ་དང་གཟུགས་ལ་བསྟིམ་མོ། །སྔགས་པ་གཙང་སྦྲ་ལྡན་པས་དམར་པོའི་གོས་གྱོན། མགོ་ལ་དམར་པོའི་ཐོད་བཅིངས་ལ། མེ་ལོང་ལྔ་བཙུགས་ལ་གཟའ་གང་གིས་ཟིན་པའི་སྙིང་པོ་ལ་འབུམ་ཕྲག་གཅིག་ཁྲམ་ཤིང་ལ་བཏབ་ལ་ཁྲམ་ཕྱིས་བྱད་བཀྲོལ་ཤོད་གཏོར་ཞེས་བརྗོད་
ཅིང་ནད་པའི་ལུས་ལ་གཟའི་སྒོའི་ངོས་སུ་བྱ་སྟེ། གཟུགས་ལ་བསྟིམ། གཏོར་མ་ཚར་གྱིན་གཟའ་ལ་མཆོད་པ་དང་བསྟོད་པ་བྱ། ལྷག་མ་བདུན་པོའི་སྙིང་པོ་ལ་སྟོང་ཕྲག་རེ་ཆུ་ལ་བཟླས་ཤིང་། གཟས་ཟིན་པའི་ལུས་ལ་བྱབ་བོ། །དཔུང་ཤིག །ཚོགས་ཁྱེ། ངར་རྟུལ། དམག་

སོད། ཅེས་བརྗོད་ཅིང་བྲབ་པོ། །དེ་ནས་འབྲུ་མར་དང་རྩི་མར་ལ་སོགས་པ་རྙེད་ཚད་ལ་སྙིང་པོ་རྒྱས་བསྡུས་གང་ཡང་རུང་བ་བརྒྱ་རྩ་བརྒྱད་བཟླས་ཏེ། ནད་པའི་ལུས་མགོ་མཇུག་ཏུ་བསྐུ་མཉེ་བྱའོ། །དེ་ལྟར་ལན་གཅིག་ལས་མ་གྲོལ་ན་གཉིས་དང་གསུམ་དང་བདུན་བྱས་ན། གཟས་ཟིན་པ་
ལས་མི་གྲོལ་མི་སྲིད་དོ། །དེ་ནས་ཆུ་རུངས་སུ་བཅས་པ་དེ་རྒྱ་མཚོ་ཆེན་པོའི་གླིང་ངམ། རི་བརྒྱད་འདུས་པའི་རྩེ་མོ་ལ་པི་ཝང་ལ་སོགས་པའི་སྒྲ་སྣ་ཚོགས་དང་ལྡན་པས་བསྐྱལ་ལོ། །གཏོར་མ་བརྒྱད་པོ་ཡང་ཕྱོགས་མཚམས་མ་ནོར་བར་གཏང་། དེ་ལྟར་ཆོ་ག་རྫོགས་པར་བྱས་ནས།
གཟས་ཟིན་པ་ལ་ཡང་གོང་གི་གཟའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ན། དུས་ཐམས་ཅད་དུ་གཟའ་རྣམས་ཀྱི་དམག་དཔོན་དུ་འགྱུར་རོ། །གལ་ཏེ་གཟའ་གང་གིས་ཟིན་པའི་དུས་མ་ཕྱེད་ན་གཟའ་བརྒྱད་ཆར་གྱི་གཟུགས་བྱས་ལ། བསྙེན་པ་འབུམ་ཕྲག་རེ་བསྐྱར་ལ་སྔ་མ་
ལྟར་བྱའོ། །གཟའི་གདོན་ལས་གྲོལ་བར་བྱེད་པའི་ཆོ་ག་རིན་པོ་ཆེ་གྲོལ་བྱེད་ཅེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཟའ་རྣམས་ཀྱི་ལས་གྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་
ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་ལྟར་བྲིས་ལ་སེང་ལྡེང་གི་ཕུར་བུ་བརྒྱད་ལ་གཟའ་བརྒྱད་ཀྱི་སྙིང་པོ་སོ་སོར་བྲིས་ལ། རྩེ་མོ་ལ་དུག་ཁྲག་གིས་བྱུགས་ལ་སོ་སོའི་གནས་སུ་གཟུགས་སོ། །གཏོར་མ་བརྒྱད་ཤ་སྣ་ཚོགས་དང་ཁྲག་སྣ་ཚོགས་ཀྱིས་བརྒྱན་པ་བཤམ་མོ། །དབུས་
སུ་གཙོ་བོའི་བུམ་པ་ལ་ཡབ་ཡུམ་གྱི་མཚན་མ་བཏབ་ལ་སྙིང་པོ་བསྡུས་པ་ལན་བརྒྱ་རྩ་བརྒྱད་བཟླས་ལ་སྐུ་མདོག་ཕྱག་མཚན་གསལ་བར་བསྐྱེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་གཟུགས་འདྲ་བ་བྱུང་སྟེ། གཟའ་སོ་སོའི་སྙིང་ག་ནས་བཟུང་སྟེ་རྣལ་འབྱོར་པའི་ལས་ཀྱི་མཐའ་གྲུབ་
པར་གྱིས་ཤིག་པར་མངའ་གསོལ། དེ་ནས་གཟའ་ལས་ཆུ་འགྲོལ་བ་ལ་སོགས་པ་གང་བྱེད་པ་ལ་བསྙེན་པ་བརྒྱ་བཟླས། མཆོད་བསྟོད་བྱ། དེ་ནས་སྔགས་པ་བཞི་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་རྒྱུད་རྫོགས་པ་སུམ་བརྒྱ་ཀླག་སྟེ། བརྒྱ་ཚིགས་ཀྱིས་མཆོད་བསྟོད་བྱ་ཞིང་། གཙོ་བོ་

ཡབ་ཡུམ་ལ་བདག་ཉིད་ཀྱིས་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་གཟའ་བརྒྱད་ཀྱི་ལས་ཇི་ལྟར་བྱེད་པའི་དོན་ཁས་བླངས་ལ་གཏོར་མ་གཏང་ཞིང་རང་གིས་ཇི་ལྟར་འདོད་པའི་གཞུང་གི་ལས་ལ་སྦྱར་ན་འགྲུབ་པར་གདོན་མི་ཟའོ། །གཟའ་བརྒྱད་
ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་ཆོ་ག །འདོད་པ་རབ་ཏུ་ཞི་བ་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྒྱུ་སྐར་ངན་པ་བཟློག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་
ལྡན་པས། གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་སྔ་མ་ལྟར་བཞེངས་ལ། རྒྱུ་སྐར་རྣམས་ཐང་ལ་དབབ་པའི་ཆོ་ག་ནི། གཏོར་མ་བཏང་། མཆོད་པའི་བྱེ་བྲག་ལྷའི་གྲངས་དང་མཉམ་པར་བཤམ་པར་བྱའོ། །དཀྱིལ་འཁོར་གྱི་གྲུ་བཞིར་དར་དམར་པོའི་གདུགས་དབུབ།
དེའི་ནང་དུ་གཟའ་བརྒྱད་ཀྱི་གཟུགས་གཉིས་གཉིས་གཞག །བག་ཟན་ལས་རྒྱུ་སྐར་རྣམས་ཀྱི་གཟུགས་བྱས་ཏེ། སོ་སོའི་སྐུ་མདོག་དང་མཐུན་པའི་ཚོན་གྱིས་བསྒྱུར། རྒྱུ་སྐར་རེ་རེ་ལ་ངར་གླུད་མཐེབ་གང་བ་བཅུ་གསུམ་བཅུ་གསུམ་གྱིས་བསྐོར། དེ་དག་ཀྱང་ཚོན་སྣ་ཚོགས་པས་
བསྒྱུར་རོ། །གཏོར་མ་རེའི་ནང་དུ་ལྷ་བཤོས་རེ་བྱའོ། །དེ་ལྟར་བྱས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་སྔགས་དང་ཕྱག་རྒྱས་གོང་ལྟར་སྤྱན་དྲངས་ལ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བསྟིམས་ལ། གཙོ་བོ་ལ་མཆོད་བསྟོད་ཅི་རིགས་པར་བྱས་ལ་དེ་ནས་གཟའ་རྣམས་ལ་
བསྟོད། །མཆོད་པ་ལྔ་དབུལ། དེ་ནས་རྒྱུ་སྐར་རྣམས་རི་རབ་ཀྱི་ངོས་ལ་སྤྱན་དྲངས་ཏེ། ཧཱུཾ་རི་རབ་ཆེན་པོའི་ངོས་དག་ནས། །དུས་ཚོད་ཀུན་ལ་དབང་བསྒྱུར་བའི། །རྒྱུ་སྐར་ཚོགས་དང་དམག་དཔུང་བཅས། །བཙུན་མོ་གཡོག་འཁོར་བཅས་པ་རྣམས། །སྤྱན་འདྲེན་མཆོད་ཀྱིས་འདིར་
གཤེགས་ཤིག །ཨ་པྲ་ཏི་ཧ་ཏ་ཧཱུཾ། དེ་ནས་རྒྱུ་སྐར་རེ་རེ་ལ་མཆོད་པ་ལྔ་ལྔ་ཕུལ་ལ། བརྟན་པར་བཞུགས་པར་བྱའོ། །དེ་ནས་རྒྱུ་སྐར་གྱི་ཚོགས་ལ་བསྟོད་དེ། གཏོར་མ་དབུལ་ལོ། །འདིར་སྔགས་ཅི་རིགས་པར་བཟླས་སོ། །དེ་ནས་བསྟོད་པ་ནི། ཧཱུཾ་ཤར་ཕྱོགས་སྐར་མ་སྨིན་

དྲུག་ནི། །ཞལ་གཅིག་པ་ལ་སྤྱན་ཡང་དྲུག །ཕྱག་སྟོང་འོད་ཟེར་མཐའ་ཡས་པ། །སྐུ་མདོག་དཀར་ལ་རིན་ཆེན་བརྒྱན། །ཕྱག་སྟོང་ཕྱག་ན་མདུང་དམར་བསྣམས། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་ཁྱི་དཀར་མཛེས་པ་བཅིབས། །དེ་ལ་བསྟོད་ཅིང་གཏོར་མ་
འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །སྣར་མ་ལས་ཀྱི་ལྷ་སྐར་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་སེར་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་མདའ་མོ་ཆེ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་
ཉ་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཆུ་བདག་རྒྱུ་སྐར་མགོ་བོ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དཀར་སྨུག་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་འཁོར་ལོ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་
བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་སྲེ་མོ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ལག་པ་ཀུན་དུ་རྒྱུ་བ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་སྐྱ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་གཏུན་
ཤིང་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་སྲམ་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །བྲ་ཉེ་སྐར་མ་ནབ་སོ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་
མདོག་དཀར་ལ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་ཕུབ་བསྣམས་པ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་བ་ལང་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཉེས་པ་སྤངས་པའི་
བཀྲ་ཤིས་རྒྱལ། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དཀར་སེར་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རལ་གྲི་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་ཁྱུང་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་

འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཤར་སྨད་རྒྱུ་སྐར་སྐག་ཅེས་པ། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་སྔོ་ལ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རྔ་ཡབ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་
འབབ་པ། །ཆིབས་སུ་རྟ་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ལྷོ་སྟོད་ངོས་ཀྱི་སྐར་མ་མཆུ། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་སེར་ལ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་མེ་དཔུང་བསྣམས། །རིན་ཆེན་སྣ་ཚོགས་
རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་བྱ་དཀར་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །གྲེ་ནི་མ་རུངས་ལས་སྟོན་པ། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་སྔོ་སྐྱ་འོད་ཟེར་འཁྲུག །ཕྱག་སྟོང་
ཕྱག་ན་ཆུ་རྒྱུན་འབེབས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་གླང་པོ་ཆེ་ལ་བཅིབས། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །དབོ་ནི་མི་སྡུག་ཆོ་འཕྲུལ་ཅན། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་
དམར་སྐྱ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་ས་དཀྱིལ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་སྟག་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཚ་བ་ལས་སྤྱོད་མེ་བཞི་
ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དཀར་ལ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རླུང་འཛིན་པ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །རིན་ཆེན་ཁྲི་སྟེང་བཞུགས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་
བཟློག་པར་མཛོད། །འཇིགས་ཆེན་པོ་ཡི་ནག་པ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་གནག་ལ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རྒྱལ་མཚན་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་གཡག་རོག་བཅིབས་

པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །དྲེགས་ཆེན་འཇོམས་པའི་ས་རི་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་སེར་ལ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་སྦུད་པ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་
རྩིའི་རྒྱུན་འབབ་པ། །གསེར་གྱི་གདན་ལ་བཞུགས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཀུན་དུ་ཉུལ་བའི་ས་ག་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དུད་ཀ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རྡོ་རྗེ་བསྣམས། །རིན་ཆེན་སྣ་
ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་སྦྲུལ་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ནུབ་སྟོད་ལྷ་མཚམས་གཟི་བརྗིད་འབར། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དམར་ལ་འོད་ཟེར་
འཁྲུག །ཕྱག་སྟོང་ཕྱག་ན་རིན་ཆེན་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་གློག་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ས་འོག་དབང་བ་ཁྲོན་སྐྱེས་ནི། །ཞལ་
གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དམར་སྐྱ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་བསེའི་གའུ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་དྲེད་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་
པར་མཛོད། །ཕོ་ཉའི་ལས་ཚོགས་བསྲུངས་ཆེན་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དམར་སེར་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་དངུལ་ཕྲན་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་རླུང་ལ་བཅིབས་པ་ལ། །
དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །སྐྱོབ་པ་ཆེན་མོའི་ཆུ་སྟོད་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་སྔོན་པོ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་ཞགས་པ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་

རྒྱུན་འབབ་པ། །ཆིབས་སུ་འབྲུག་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཆུ་སྨད་ཁྱབ་པ་ཆེན་མོ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་སྔོན་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་བ་དན་
བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་ཅེ་སྤྱང་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །གྲོ་བཞིན་ས་ཡི་ཁམས་པ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་སྨུག་
པོ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་ལྕགས་ཀྱུ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་སེང་གེ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །སྲོད་ལ་རྐུ་མཁས་བྱི་བཞིན་ནི། །
ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དམར་ལྗང་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་ཡོལ་བ་འཛིན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་ཝ་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་
པར་མཛོད། །བྱང་སྟོད་དབང་བ་མོན་གྲུ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་གུ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་སེང་གེ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་དོམ་ལ་བཅིབས་པ་ལ། །
དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །སྟོང་འཇོམས་པ་སྟེ་མོན་གྲེ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་མཐིང་ག་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་ཝ་སེང་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་
རྒྱུན་འབབ་པ། །ཆིབས་སུ་སྤྲིན་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །འཇིགས་པའི་ལས་མཁན་ཁྲུམས་སྟོད་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་སེར་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་བྱི་ལ་བསྣམས། །རིན་ཆེན་སྣ་

ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་ངང་པ་དག་ལ་བཅིབས། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །བརྟན་པའི་ལས་བྱེད་ཁྲུམས་སྨད་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་སྔོན་འོད་ཟེར་
འཁྲུག །ཕྱག་སྟོང་ཕྱག་ན་གླང་སྔོན་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་ར་ལ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །བར་སྣང་དབང་བའི་ནམ་གྲུ་ནི། །ཞལ་
གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་མཐིང་སྐྱ་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་བྱ་རྒོད་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་བུམ་པ་བཅིབས་པ་ལ། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་
མཛོད། །དཔུང་ལྡན་རགས་པ་ཐ་སྐར་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་ལྗང་དམར་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རི་སྐེགས་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །ཆིབས་སུ་རྔ་མོ་བཅིབས་པ་ལ། །དེ་ལ་བསྟོད་
ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཉེས་པ་སྟོན་པའི་བྲ་ཉེ་ནི། །ཞལ་གཅིག་པ་ལ་ཕྱག་སྟོང་པ། །སྐུ་མདོག་དུད་སེར་འོད་ཟེར་འཁྲུག །ཕྱག་སྟོང་ཕྱག་ན་རྨ་བྱ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞལ་ནས་བདུད་རྩིའི་རྒྱུན་འབབ་པ། །
ཆིབས་སུ་སྦལ་པ་ཁྲ་བོ་བཅིབས། །དེ་ལ་བསྟོད་ཅིང་གཏོར་མ་འབུལ། །སྐར་ངན་བྱོལ་པོ་བཟློག་པར་མཛོད། །ཕྱོགས་དང་མཚམས་སུ་འགྲོ་བ་ལ། །འོད་དང་ཁ་དོག་ཡང་དག་ལྡན། །འགྲོ་བའི་འཕེལ་འགྲིབ་བྱེད་པ་སྟེ། །རྒྱུ་སྐར་རིན་པོ་དཔལ་ལྡན་འཇིགས། །སོ་སོའི་གཡོག་
འཁོར་བཅས་པ་ལ། །གཏོར་མ་ཕུལ་བ་འདི་དག་བཞེས། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གཏོར་མ་བྱིན་གྱིས་བརླབས་ལ། གཟུགས་དང་བཅས་པ་རི་རྩེ་ལ་བསྐྱལ་ལོ། །བསོད་ནམས་ཀྱི་ཚོགས་ཇི་ལྟར་འབྱོར་པ་བསགས། དཀྱིལ་འཁོར་བསྡུ་ཞིང་ཡོན་བདག་བཀྲ་

ཤིས་པར་བྱ་བའི་ཕྱིར། ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་དང་། རིགས་ལྔའི་འམ། ལྷ་མོ་བཞིའི་བཀྲ་ཤིས་སམ། གསུམ་གྱི་བཀྲ་ཤིས་གང་མོས་པས་བཀྲ་ཤིས་གསོལ། བགེགས་དང་ཕྱོགས་སྐྱོང་གི་གཏོར་མ་བཏང་ལ། བགེགས་དང་དབྲལ་བའི་ཆོ་ག་བྱའོ། །
ལས་དང་ལས་ཀྱི་བྱེ་བྲག་གང་འདོད་པའི་དབྱེ་བར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བཤགས་སོ། །རྣལ་འབྱོར་པའི་ཚེ་དང་ལོངས་སྤྱོད་འཕེལ་བའི་ཆོ་ག །བདུད་རྩིའི་སྤྲིན་ཞེས་བྱ་བ་རྒྱས་བསྡུས་གང་མོས་ལ་བྱའོ། །དེ་ནས་ཡོན་བདག་རྣམས་ཁྲུས་ནས་གདོན་ནོ། །རྒྱུ་སྐར་ངན་པ་ཟློག་པར་
བྱེད་པའི་ཆོ་ག །དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྐར་མ་རྒྱུ་བ་རྣམས་ཀྱི་ལས་སྣ་ཚོགས་ཉེ་བར་བསྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཔལ་རྡོ་རྗེ་རྣམ་པར་འཇོམས་
པའི་རྣལ་འབྱོར་སྔོན་དུ་སོང་བས། ཞི་བའི་ལས་བྱེད་པར་འདོད་པས། མེ་བཞི་ལ་བྱའོ། །རྒྱས་པའི་ལས་ལ་རྒྱལ། དབང་གི་ལས་ལ་ཁྲུམས་སྨད་ལ། དྲལ་ཤུལ་སྣ་ཚོགས་ཀྱི་ལས་བྱེད་པར་འདོད་པས་ནག་པ་ལ་བྱའོ། །བསྐྲད་པར་འདོད་པས་ལག་ལ། དབྱེ་བར་འདོད་པས་ས་རི་ལ།
བཀར་བར་འདོད་པས་གྲོ་བཞིན་ལ། རྨུགས་པར་འདོད་པས་མོན་གྲེ་ལ། རེངས་པར་འདོད་པས་ནབ་སོ་ལ། སྐྲག་པར་འདོད་པས་སྨིན་དྲུག་ལ། འགུགས་པར་འདོད་པས་བྱི་བཞིན་ལ། འཇིལ་བར་འདོད་པས་སྣར་མ་ལ། འཁྲུག་པར་འདོད་པས་བྲ་ཉེ་ལ། རྒྱལ་བར་འདོད་པས་ལྷ་མཚམས་
ལ། །དཔུང་དང་ལྡན་པར་འདོད་པས་མགོ་ལ། སའི་ལས་བྱེད་པར་འདོད་པས་ཁྲུམས་སྟོད་ལ། ཆུའི་ལས་བྱེད་པར་འདོད་པས་ཆུ་སྟོད་ལ། མེའི་ལས་བྱེད་པར་འདོད་པས་ནམ་གྲུ་ལ། རླུང་གི་ལས་བྱེད་པར་འདོད་པས་མཆུ་ལ། སའི་སྡེ་ཕམ་པར་འདོད་ན་ཁྲུམས་སྨད་ལ། ཆུའི་སྡེ་ཕམ་པར་
འདོད་ན་ཆུ་སྨད་ལ། མེའི་སྡེ་ཕམ་པར་འདོད་ན་དབོ་ལ། རླུང་གི་སྡེ་ཕམ་པར་འདོད་ན་ས་ག་ལ། མ་གྲུབ་པ་གྲུབ་པར་འདོད་ན་མོན་གྲུ་ལ། གྲུབ་པ་ཆུད་མི་ཟ་བར་བྱེད་པ་ཐ་སྐར་ལ། འདོད་པའི་དོན་རབ་ཏུ་སྦྱིན་པར་འདོད་པས་བྲེ་ལ་བྱའོ། །བསྒྲུབ་བྱ་ཕུང་བར་བྱེད་པར་འདོད་པས་སྐག་ལ། ནོར་

བསྒྲུབ་པར་འདོད་པས་སྣོན་ལ་བྱའོ། །གཞན་འཇིག་རྟེན་པའི་ལེགས་པ་སྣ་ཚོགས་སྒྲུབ་པར་འདོད་པས་རྒྱལ་ལ་བྱའོ། །ཕ་རོལ་ལ་ཉམས་པ་སྣ་ཚོགས་གཏོང་བར་འདོད་པས་བྲ་ཉེ་ལ་བྱའོ། །དེ་ལྟར་དམག་དྲང་བར་འདོད་པ་དང་། ནོར་རྙེད་པར་འདོད་པ་དང་། ཚོང་རྒྱལ་བར་འདོད་པས་
སྣྲུབས་ལ་བྱའོ། །རྩ་ར་དང་རྐུན་མའི་ལས་གྲུབ་པར་འདོད་པས་ཐ་སྐར་ལ་བྱའོ། །འཇིགས་པ་བརྒྱད་ལས་ཐར་བར་འདོད་ན་མོན་གྲུ་ལ་བྱའོ། །བགེགས་བཟློག་པ་དང་མི་མཐོང་བ་དང་། ཕ་རོལ་གྱི་དཔུང་བཟློག་པར་འདོད་པས་ལྷ་མཚམས་ལ་བྱའོ། །སྐྲ་བཀྲུ་བ་དང་། ཁྲུས་བྱེད་པ་དང་། དཔལ་
དབང་ཕྱུག་དང་། རྒྱལ་སར་འདོན་པ་དང་། ཚོང་བཟང་བར་འདོད་པས་རྒྱལ་ལ། བག་མ་གཏོང་བ་དང་། སྐྲ་བཀྲུ་བ་དང་། ཁྲུས་བྱེད་པ་དང་། གོས་དང་ས་བོན་འདེབས་པར་འདོད་པས་ལག་ལ། སྟོན་མོ་དང་འདུ་བ་སྦུད་པ་དང་། འདུན་མ་དང་། གྲོས་ལེགས་པར་འདོད་པས་ནབ་
སོ་ལ་བྱའོ། །གཞན་གཉེན་སྦྱོར་དང་། མཁར་ལེན་དང་ཉོ་བ་དང་། འཁོར་བའི་ལས་གང་ཡང་གྲུབ་པར་འདོད་པས་མེ་བཞི་ལ་བྱའོ། །དེ་ལྟར་ན་ཉེ་བ་སྟོན་པའི་ལས་སྣ་ཚོགས་ལ་ཡང་མཁས་པར་སྤྱད་པར་བྱའོ། །དེ་ལྟར་རྒྱུ་སྐར་རྣམས་དུས་ངེས་པ་ལས་མ་འཁྲུལ་བར་བྱས་ན།
གདོན་མི་ཟ་བར་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །དེའི་ཕྱིར་ན་རྒྱུ་སྐར་རྣམས་ནི་བཟང་པོ་ཡིན་ཞེས་བྱའོ། །དེ་ནས་སོ་སོའི་ཕྱོགས་ཀྱི་གཟའ་རྣམས་དང་བཏུབ་པར་ངེས་པར་འགྲུབ་པ་ཡིན་