Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 74

Văn bản gốc(Tây Tạng)

Trang 4 / 21 (50.000 ký tự/trang)
་ལོ། །གཞན་གྱི་རིག་སྔགས་

ཀྱི་ལས་རྒྱུན་གཅོད་པར་འདོད་པས། རྡོ་རྗེའི་དཀྱིལ་འཁོར་ལག་མཐིལ་གཡོན་པར་བསྒོམ་སྟེ། རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་བ་སྤུའི་བུ་ག་ཚུན་ཆོད་རྡོ་རྗེར་བྱིན་གྱིས་བརླབས་ལ། རྡོ་རྗེ་ལས་མེ་བྱུང་བས་བསྐལ་པའི་ཚ་ཚ་འཕྲོ་བར་དམིགས་ལ།
བསྒྲུབ་བྱའི་མིང་རུས་དུར་ཁྲོད་ཀྱི་རས་ལ་བྲིས་ལ་དེ་དུག་ཆང་གི་ནང་དུ་བཅུག་ཅིང་། ཨོཾ་ས་ར་ས་ར་མཱ་ར་ཡ་བཛྲ་བི་དཱ་ར་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་གྲིས་གཏུབས་ནས་དུར་ཁྲོད་དུ་རླུང་ལ་འཕྱར་ཞིང་བསྐུར་ལ་ཆེ་གེ་མོའི་རིག་སྔགས་ཀྱི་ལས་གཅད་དོ་ཞེས་སྲད་བུ་ནག་པོ་གྲིས་གཅད་ཅིང་མེ་ལ་
བསྲེག་གོ། །དེ་ལྟར་བྱས་ན་གདོན་མི་ཟ་བར་གཞན་གྱི་རིག་སྔགས་ཀྱི་གནོད་པ་རྒྱུད་ཆོད་པར་ངེས་སོ། །གཞན་གྱི་རིག་སྔགས་གཅད་པ་རྒྱུན་གཅོད་སྤུ་གྲི་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་
ཕྱག་འཚལ་ལོ། །གཞན་གྱི་རིག་སྔགས་ཀྱིས་བྱས་པ་མནན་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དུར་ཁྲོད་ཀྱི་གཡམ་པ་སྔོན་པོ་ལ་དུག་དང་ཁྲག་གིས་སྣ་ཚོགས་རྡོ་རྗེ་བྲིས་ལ་ལྟེ་བ་ལ་ཆེ་གེ་མོ་ལ་རིག་སྔགས་ནན་ཞེས་པ་བྲི། རྭ་རྣམས་ལ་ལཾ་ནན་ཞེས་པ་བྲི། མུ་ཁྱུད་ལ་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་ཐམས་ཅད་སྟྭཾ་བྷ་ཡ་ནན་ཞེས་པ་བྲི། དེ་ནས་ཞག་གཉིས་སམ་གསུམ་དུ་ཨ་མོ་གྷ་བཛྲ་ནན་ཨོཾ་ལཾ་ཨཱཿལཾ་ཧཱུཾ་ལཾ་ཞེས་བཟླས་པས་ལམ་རྒྱ་གྲམ་དུ་མནན་པས་བསྐལ་པ་གཉིས་སུ་དེའི་རིག་སྔགས་ཀྱི་ནུས་པ་འབྱུང་མི་སྲིད་དོ། །གཞན་གྱི་རིག་
སྔགས་མནན་པ་གསེར་གྱི་རི་བོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལས་ཐམས་ཅད་འཇོམས་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། རང་ལྷའི་ང་རྒྱལ་དང་ལྡན་
པའི་སྙིང་གའི་ས་བོན་ལས་འོད་བྱུང་སྟེ། རྣམ་པར་སྨིན་པའི་ལུས་བསྲེགས་ཧཱུཾ་ལས་སླར་སོས། ཡེ་ཤེས་ཀྱི་ལུས་སུ་བླངས་ལ་ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རང་གཞན་གྱི་དོན་རྫོགས་པར་བྱས་ནས་བདག་ཉིད་ཀྱི་སྤྱི་བོའི་གཙུག་ཏུ་ནུབ་པས་སྐྱེ་བ་སྔ་ཕྱིའི་ལས་དང་བག་

ཆགས་ས་བོན་གྱི་ཆ་ཙམ་ཡང་མེད་པར་དག་སྟེ། དཔེར་ན་ཤེལ་གྱི་གོང་བུ་དང་འདྲ་བར་འགྱུར་རོ། །རྒྱུད་འདི་ཡི་དམ་དུ་བྱས་ཏེ། ཉིན་ཞག་རེ་ཉི་ཤུ་རྩ་གཅིག་ཀླག་ཅིང་མཆོད་པ་ལྔ་ལ་རྟག་ཏུ་བྱས་ཤིང་ལས་ཀྱི་སྒྲིབ་པ་རྣམས་རྣམ་པར་དག་སྟེ། མ་ལུས་པར་འཇོམས་པ་ནི་དཔེར་ན་
རྩྭའི་ཕུང་པོ་ལ་མེ་ཕྲ་མོས་བསྲེགས་པ་བཞིན་ནོ། །ལས་ཐམས་ཅད་འཇོམས་པའི་ཡེ་ཤེས་འདུས་པའི་ཐོ་བ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཞན་གྱི་རིག་སྔགས་
བཤིག་པར་འདོད་པས། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་རྩིབས་སུམ་ཅུ་སོ་གཉིས་པ་བྲིས་ཏེ་རྩིབས་རྣམས་སུ་ཧཱུཾ་ལོག་པ་བྲི། མུ་ཁྱུད་ལ་ཨཱ་ལི་དང་ཀཱ་ལིས་བསྐོར། ལྟེ་བར་ཆེ་གེ་མོའི་རིག་སྔགས་ཤིག་ཤིག་ཅེས་པ་བྲི་སྟེ། ཨོཾ་གྷུརྞ་གྷུརྞ་གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་ཕཊ་ཅེས་སྟོང་ཕྲག་
ལྔ་བཟླས་ལ་འཁོར་ལོ་དེ་འོ་མ་དང་སྤོས་ཆུས་བཀྲུས་ནས་ནིམ་པའི་དུད་པ་ལ་བདུགས་ཏེ། དུར་ཁྲོད་དུ་བསྐྱལ་ལ། ཤིང་ལ་བརྒྱངས་ནས་བཞག་པས་ངེས་པར་འགྲུབ་བོ། །གཞན་གྱི་རིག་སྔགས་བཤིག་པའི་ཕྱིར་བཟློག་པ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་
རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་གཞན་གྱི་ལས་ཀྱི་སྒྲིབ་པ་འཇོམས་པར་འདོད་པ་ནི། རྒྱུད་འདིའི་དཀྱིལ་འཁོར་དུ་ཞུགས་ཏེ། ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ལ། བུམ་པའི་ཆུ་གཏོར་བཏང་ཞིང་སྡིག་པ་
མ་ལུས་པ་བཤགས་ཏེ་རང་ལུས་ལྷའི་ང་རྒྱལ་དུ་བྱས་ཏེ། སྙིང་གའི་ས་བོན་ལས་འོད་འཕྲོས་པས་སེམས་ཅན་དེའི་ལུས་ངག་ཡིད་དུ་འཛིན་པའི་དངོས་པོ་རྣམས་བསྲེགས་ཏེ། ཆོས་ཉིད་རྣམ་པར་དག་པའི་རང་བཞིན་དུ་གྱུར་ཏེ། སྔར་བྱས་པའི་ལས་སྡིག་རྣམས་རྣམ་པར་དག་
པས་སེམས་རངས་པ་དང་། དེ་ནས་སེམས་ཅན་དེའི་ལུས་ལྷའི་ང་རྒྱལ་དུ་བྱས་ལ། ད་ལྟར་སྡིག་པ་མ་ལུས་པར་བཤགས་པས་ལུས་རངས་པ་དང་། ངག་བཟླས་པའི་འཁོར་ལོར་གནས་པས་ཕྱིས་ཀྱི་སྡིག་པ་མ་ལུས་པར་དག་སྟེ་ངག་རངས་པའོ། །གཞན་གྱི་ལུས་

འཇིག་པར་བྱེད་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གཞན་གྱི་རིག་སྔགས་ཀྱིས་བྱས་པའི་ལས་འཇོམས་པར་འདོད་པས། ལྷོ་ཕྱོགས་
ཀྱི་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་གཟུགས་རྣམས་བླངས་ལ་བདག་ཉིད་ཀྱི་གདོང་པ་དུར་ཁྲོད་ཀྱི་སོལ་བས་བྱུགས་ལ་ལག་པ་གཡས་པའི་གྲུ་མོ་མན་ཆད་ཁྲག་གིས་བྱུགས་ལ་ཁ་ལྷོ་ཕྱོགས་སུ་བལྟས་ལ་ཏ་ལའི་ལོ་མ་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་གི་ཝང་གིས་བྲིས་ལ་ལྟེ་བར་ཆེ་གེ་
མོ་ཡིས་བདག་ལ་སྦྱོར་བ་ངན་པའི་ལས་བྱས་པ་རྣམས་ཤིག་ཅིག་ཅེས་བྲི། མུ་ཁྱུད་ལ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཞེས་འཁོར་བར་བྲི། རྩིབས་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་རྣམས་པ་ཤིག་ཨ་པ་ར་ཙི་ཏ་ས་མ་ཏྲ་མནྟྲ་མུརྫ་ཡ་ཞེས་པ་བྲིས་ལ། བདག་ཉིད་ལས་ཀྱི་
གཤིན་རྗེའི་ལུས་གནག་པ་སྐྲ་གཡེངས་པ་ཁ་གདངས་ཤིང་སོ་འཁྲིགས་པ་མིག་ནས་མེ་འབར་བ་དམིགས་ཏེ། སྙིང་པོ་རྒྱས་པ་ལ་ཇི་ལྟར་རིགས་པ་བཟླས་ཏེ། བསྒྲུབ་བྱ་དེའི་ལྕེའི་སྟེང་དུ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་དམིགས་ལ། དེས་ལྕེའི་དབང་པོའི་ནུས་པའི་སྟོབས་བཅོམ་
པར་དམིགས་ལ། འཁོར་ལོ་དེ་རྐང་པའི་འོག་ཏུ་བཅུག་ལ་ཧ་ཧ་ཞེས་བརྗོད་པས་གསལ་ཤིང་ལ་བསྐྱོན་ལ་གཞག་གོ། །དེ་ནས་དེར་གཏོར་མ་བདུན་བཏང་ལ་ལས་ལས་རྣམ་པར་རྒྱལ་ལོ། །ངག་བཤིག་པར་བྱས་སོ། །རུས་པ་ལ་ཁྲག་གིས་གཏིག་ཅིང་བསྒྲུབ་བྱའི་ཕྱོགས་སུ་
འཕངས་པས་འཇིག་པར་ངེས་སོ། །ལན་བདུན་ནམ་བཅུ་གཅིག་ཏུ་བྱའོ། །མུ་སྟེགས་ཅན་གྱི་རིག་སྔགས་འཇིག་པའི་སྒྲུབ་པའི་ཉེ་བའི་ལས་ཕྱི་མ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །གདོན་
ཐམས་ཅད་རླག་པར་བྱེད་པའི་ལས་ཀྱི་བྱེ་བྲག་ནི་གདོན་སྟོང་ཕྲག་བརྒྱད་ཅུ་ཡོད་ཀྱང་ལྷའི་གདོན་དང་། འབྱུང་པོའི་གདོན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟའི་གདོན་ལ་རིགས་གསུམ་ཀླུའི་གདོན་དང་། ཚངས་པའི་གདོན་དང་། སྲིན་པོའི་གདོན་དང་། བི་ན་ཡ་ཀ་

དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། གཞོན་ནུའི་གདོན་ལ་རིགས་བཞི་དང་། ལྷ་མ་ཡིན་གྱི་གདོན་དང་། བཅོ་བརྒྱད་དུ་འདུས་སོ། །དེ་དག་རྣམས་བརླག་པར་འདོད་ན་དུར་ཁྲོད་ཀྱི་སོལ་བ་ལ་ལྷ་གདོན་གྱི་གཟུགས་བྱས་ལ། བདག་ཉིད་ཀྱི་མདུན་དུ་གཟུགས་དེ་བཞག་ལ་གྲིས་གཏུབ་
ཅིང་དེ་ཉིད་ཀྱི་དུམ་བུ་དང་། ལན་ཚྭ་སྐེ་ཚེའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ལྷའི་གདོན་རྣམས་བརླག་པར་ངེས། ཡང་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བཞེངས་ནས་དེ་ཉིད་ཀྱི་གཡུལ་གྱེས་པའི་ས་ལས་གཟུགས་བྱས་ལ། སྔ་མ་ལྟར་སྦྱིན་སྲེག་བྱས་ན་འབྱུང་པོའི་གདོན་བརླག་པར་ངེས་སོ། །ཡང་
རྒྱ་ཤོག་ལ་གཟུགས་བྲིས་ལ་ཕུར་པས་བཏབ་ལ་ཤིང་ངམ་རིངས་དུག་དང་ཁྲག་གི་ནང་དུ་གཏུབས་ལ་ལན་སྟོང་རྩ་བརྒྱད་དུ་སྦྱིན་སྲེག་བྱས་ན་དྲི་ཟའི་གདོན་བརླག་པར་ངེས་སོ། །ཡང་ཤིང་གཅིག་གི་འོག་ཏུ་སོང་ལ་ཡང་དཀྱིལ་འཁོར་ཟླུམ་པོའི་དབུས་སུ་གྲུ་གསུམ་བྲིས་ལ། དེར་གདོན་
བཀུག་ལ་ཤིང་པ་ལ་ཤའམ་རྒྱ་སྐྱེགས་ཀྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཚངས་པའི་ནང་ན་གནས་པའི་སྲིན་པོའི་གདོན་རླག་པར་བྱེད་དོ། །ཡང་ཤིང་གཅིག་གི་འོག་ཏུ་སོང་ལ་དུར་ཁྲོད་ཀྱི་མགལ་དུམ་ལ་སྦྱིན་སྲེག་སྟོང་བྱས་ན་བདག་ཉིད་ཁྲོ་བོ་ཕུར་པར་དམིགས་ཏེ་འོད་དམར་པོ་སྤྲོས་
པས་སྲིན་པོའི་གདོན་རྣམས་བརླག་པར་ངེས་སོ། །ཡང་ཆུ་ཀླུང་གི་འགྲམ་དུ་སོང་སྟེ་དུར་ཁྲོད་ཀྱི་ས་ལས་གཟུགས་ཁྲུ་གང་བ་བྱས་ཏེ་དེ་ཉིད་གན་རྐྱལ་དུ་བསྒྱེལ་ལ་སྙིང་གར་སེང་ལྡེང་གི་ཡམ་ཤིང་ལ་ཤ་ཁྲག་གི་སྦྱིན་སྲེག་ཉིས་བརྒྱ་བྱས་ན་ཤ་ཟའི་གདོན་རྣམས་བརླག་པར་ངེས་སོ། །ཡང་
བདག་ཉིད་ཀྱི་ལུས་རྡོ་རྗེར་བྱིན་གྱིས་བརླབས་ཏེ། གནོད་པའི་སར་སྦྲ་ཕུབ་སྟེ་ས་དཀར་པོ་ལས་སྦྲུལ་མགོ་བདུན་པའི་གཟུགས་ཁྲུ་གང་བ་བྱས་ཏེ། དེའི་སྙིང་གར་གྲུ་གསུམ་པ་བྲུས་ལ། ཀླུ་ཤིང་ར་ཁྲག་ཏུ་བསྙུགས་པའི་ཡམ་ཤིང་ལ་ཉ་ཤ་དང་སྦྲུལ་ཤའི་སྦྱིན་སྲེག་སུམ་བརྒྱ་བྱས་ན་ཀླུའི་
གདོན་རྣམས་བརླག་པར་ངེས་སོ། །ཡང་ས་སྣ་བཅུ་གསུམ་ལ་བའི་ལྕི་བས་བསྲེས་ཏེ་གླང་པོ་ཆེའི་གཟུགས་བྱས་ལ་དེ་ནས་སྐུད་པ་སྔོན་དམར་གྱིས་བཏགས་ནས་བཛྲ་བདུན་པའི་སྔགས་བཟླས་ཤིང་རྡོ་རྗེས་གཟུགས་དེ་བྱང་ཤར་དུ་དུམ་བུར་བྱས་ཏེ། ཤིང་ཨ་ཤྭཏྠའི་མེ་ལ་སྦྱིན་སྲེག་ལན་བརྒྱ་

ཕྲག་ལྔ་དང་། བ་ལང་གི་ཁྲག་དང་བསྲེས་པ་དང་། ཏིལ་དང་། ཁྲེའི་སྦྱིན་སྲེག་བྱས་ན་ལོག་འདྲེན་གྱི་གདོན་བརླག་པར་ངེས་སོ། །ཡང་ཁམ་པ་ལས་སྟག་གི་གཟུགས་བྱས་ལ་སྤྱི་གཙུག་ཏུ་དུག་ཤིང་གི་ཕུར་བུས་བཏབ་ལ། རིག་སྔགས་བཟླས་ཏེ་བེའི་
ཡམ་ཤིང་ལ་འབྲུ་སྣ་ཚོགས་པའི་སྦྱིན་སྲེག་ལན་ལྔ་བཅུར་བྱས་ན་བརྗེད་བྱེད་ཀྱི་གདོན་བརླག་པར་ངེས་སོ། །ཡང་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་བྲིས་ནས་ལྟེ་བར་གདོན་གྱི་མིང་། ལྟེ་བར་ཧཱུཾ། མུ་ཁྱུད་ལ་ཀཱ་ལིས་བསྐོར་ལ། དེ་ནས་མེ་དུར་དུ་ཞག་གསུམ་དུ་རིག་
སྔགས་བཟླས་ནས་ལྷའི་ཁང་པར་གནས་ན་སྨྱོ་བྱེད་ཀྱི་གདོན་བརླག་པར་ངེས་སོ། །ཡང་དུར་ཁྲོད་ཀྱི་ཤིང་ལེབ་ལ་གཟུགས་མགོ་བོ་ལྔ་པ་བྲིས་ལ་རིག་སྔགས་བཟླས་ཤིང་གྲི་བོའི་ཁྲག་གིས་གཏིག་ལ། དེ་ནས་ལྕགས་ཀྱི་ཐོ་བས་ཕྱེ་མར་བྱས་ཏེ། སྟག་པའི་ཤིང་ལ་བ་སེར་སྐྱའི་
འོ་མ་ལ་བསྙུགས་ལ་སྦྱིན་སྲེག་སྟོང་ཕྲག་གཅིག་བྱས་ན་ལྷ་མ་ཡིན་གྱི་གདོན་བརླག་པར་ངེས་སོ། །ཡང་ཏ་ལའི་ལོ་མ་ལ་ཁྱི་ཁྲག་གིས་གཟུགས་བཞི་བྲིས་ལ། སྙིང་པོ་རྒྱས་པ་ལ་སྟོང་ཕྲག་ལྔ་བཟླས་ཏེ་ཆུ་ཤིང་གི་ཡམ་ཤིང་ལ་ཁྱི་དང་ཕག་ནག་པོ་དང་བྱ་ནག་པོ་དང་། མི་ཁྲག་གིས་སྦྱིན་
སྲེག་སྟོང་ཕྲག་གཉིས་བྱས་ན། གཞོན་ནུའི་གདོན་རྣམས་བརླག་པར་ངེས་སོ། །ཡང་རྒྱ་ཤོག་ལ་གནོད་སྦྱིན་གྱི་གཟུགས་གཉིས་ཁྲག་གིས་བྲིས་ནས་སྙིང་གར་ཚེར་མ་ཅན་གྱི་ཕུར་པ་རྒྱ་མདུད་མན་ཆད་བཏབ་ལ་རྡོ་རྗེ་ཀཱི་ལ་ཡའི་སྔགས་རྣམས་བཟླས་ཏེ། ཤིང་ནག་པོའི་མེ་ལ་རྟ་དང་།
ཕག་དང་། གླང་པོའི་སྤུའི་སྦྱིན་སྲེག་བརྒྱ་ཕྲག་དྲུག་བྱས་ན་གནོད་སྦྱིན་གྱི་གདོན་བརླག་པར་ངེས་སོ། །གདོན་ཐམས་ཅད་བརླག་པར་བྱེད་པ། རྡོ་རྗེ་ཐོ་བ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་
འཚལ་ལོ། །གདོན་ཐམས་ཅད་ལས་ཐར་བར་འདོད་པའི་སྒྲུབ་པ་པོས་གདོན་གང་གིས་ཟིན་པའི་མཚན་མ་རྣམས་ཤེས་པར་བྱ་སྟེ། ལྷའི་གདོན་གྱིས་འགྲོ་བ་མི་རིགས་བཞི་ཀ་ལ་འཇུག་སྟེ། ལྷག་པར་གཙང་སྦྲ་བྱ་བའམ་ཚུལ་ཁྲིམས་དང་ལྡན་པའི་མི་ལ་འཇུག་སྟེ། སྙིང་མི་དགའ་ཞིང་

ཟས་མི་ལེན་སྨྲ་སྙིང་མི་འདོད་གཉིད་མི་ཕེབས་ཕྱི་ས་ཆེ་ཆུང་འགག་པར་བྱེད། དྲི་ཞིམ། གདོང་པདྨ་ལྟར་གྱུར་པ་ནི་ལྷའི་གདོན་གྱིས་ཟིན་པའོ། །དེ་ལས་ཐར་བར་འདོད་པ་མེ་ཏོག་ཕྲེང་བ་དཀར་པོ་ལ་སོགས་པ་དང་། གཏོར་མ་དཀར་པོ་བྱིན་ཏེ། ལམ་གྱི་བཞི་མདོ་འམ་ལྷའི་གནས་སུ་
སྦྱིན་ནོ། །དེ་ནས་ཤིང་ཀ་ར་བཱི་རའི་མེ་ཏོག་དང་རྩ་བ་དང་འབྲས་བུ་དང་། ཤུན་ལྤགས་དང་བཅས་པ་དང་། ཤུ་དག་དཀར་པོ་ཡུངས་ཀར་རྣམས་ཞིབ་པར་བཏགས་ཏེ། མེ་ཆུང་བས་མར་ཕུལ་བཞིའི་ནང་དུ་བཙོས་ལ་དེ་ལ་དམིགས་ནས། བསྐུ་བ་དང་སྣར་བླུགས་པ་དང་། ལྟོར་གཏང་བ་སྟེ་
སྙིང་པོ་རྒྱས་བསྡུས་གང་མོས་པ་བཟླས་ལ་ཁྲུས་བྱས་ཏེ་ནད་པ་ལ་བླུད་ན་ལྷའི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འབྱུང་པོའི་གདོན་ལས་ཐར་བར་འདོད་པས་མཚན་
ཉིད་སྔོན་དུ་ཤེས་པར་བྱ་སྟེ། ཤིན་ཏུ་གཙང་བ་དང་། གཙང་སྦྲ་ལ་སྤྱོད་པ་དང་། གཟུགས་བཟང་པོའི་གདོན་གྱིས་འཛིན་ཏེ། དེའི་མཚན་ཉིད་ནི་ཚེས་བཅུ་བཞི་ལ་སྟོན་མོ་ཆེན་པོ་དང་། བཙུན་པའི་སའམ། ལྷའི་ཁང་པ་དག་ཏུ་འཇུག་པའོ། །དང་པོ་མཚན་ཉིད་ནི་སེམས་རྒོད་ཅིང་མིག་
ནམ་མཁའ་ལ་བལྟ། གདོང་ནམ་མཁའ་དང་འདྲ། ལྟོ་ཆེ་ཞིང་སྐོམ་དད་ཆེ། ལྷ་དང་བྲམ་ཟེ་ལ་མཆོད་པར་དགའ་བ་ནི་འབྱུང་པོའི་གདོན་གྱིས་ཟིན་པ་ཡིན་པས། སྔོན་དུ་གཏོར་མ་བྱིན་ཏེ་ཀྲི་ས་ར་དང་། ཤ་རྗེན་དང་། བཙོས་པ་དང་། འབྲས་ཆན་དང་། མེ་ཏོག་ལ་སོགས་པ་ལོགས་སུ་
གཏོར་མ་སྦྱིན་ནོ། །དེ་ནས་ན་ཏྲན་མ་ལ་དྲུཾ་སི་དང་། བ་ལ་ཙ་ཏི་བ་ལ་དང་། པུ་ཤེལ་ཙེ་དང་། ཐལ་ཏྲེས་དང་། ཤུ་ལངས་དང་། སྒོག་སྐྱ་རྣམས་བསྲེས་ལ་མར་ཕུལ་བཞི་དང་། བ་གཅིན་ཕུལ་བཞིའི་ནང་དུ་བཙོས་ལ་རྡོ་རྗེ་རྣམ་འཇོམས་བཟླས་པའི་ཁྲུས་བྱས་ལ། དེ་དག་ལ་སྔགས་བརྒྱ་
རྩ་བརྒྱད་བཟླས་ནས་མིག་དང་སྣར་བླུགས་པ་དང་ལྟོར་བཏང་ན་འབྱུང་པོའི་གདོན་ལས་ཐར་བར་འགྱུར་རོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དྲི་ཟའི་གདོན་ལས་ཐར་བར་འདོད་པས། སྔོན་དུ་

འཇུག་པའི་དུས་དང་མཚན་ཉིད་བརྟགས་ཏེ་ཡར་ངོའི་ཚེས་བཅུ་གཉིས་དང་། མར་ངོའི་ཉི་ཤུ་བདུན་ལ་འཇུག །རྟག་ཏུ་གླུ་གར་ལ་དགའ་བ་དང་། གཙང་སྦྲ་ཆེ་བའི་མི་ལ་འཇུག་སྟེ། ཞུགས་པའི་མཚན་ཉིད་ནི། གླུ་ལེན་ཅིང་གར་བྱེད་ཁ་ནས་རོལ་མོའི་སྒྲ་
འབྱིན། ལྟོ་ཆེ་ཞིང་སྐོམ་དད་ཆེ། རྒྱན་དང་གཏམ་ལ་དགའ་བ་ནི་དྲི་ཟའི་གདོན་གྱིས་ཟིན་པས་སོ། །དེ་ལས་ཐར་བའི་ཐབས་ནི་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱས་ལ། མེ་ཏོག་ཕྲེང་བ་དམར་པོ་ཆན་དམར་པོའི་གཏོར་མ་དང་། བ་དན་དམར་པོ་དང་། ཙནྡན་དམར་པོ་དང་། སྐུད་པ་
དམར་པོ་དང་བཅས་པའི་གཏོར་མ་མཚན་མོ་སྦྱིན་ནོ། །དེ་ནས་བཙོང་དང་ཚ་བ་གསུམ་དང་། རྩ་བ་ལྔ་པོ་དེ་སྒོག་སྐྱ་རྣམས་བ་མར་ཕུལ་བཞི་དང་བ་གཅིན་ཕུལ་བཞི་མེ་ཆུང་བས་བཙོས་ནས་ནད་པ་དེ་ལ་གོས་དམར་པོ་བསྐོན་ཏེ། ཁ་ཟས་དམར་པོ་བྱིན་ལ་ཁྲུས་བྱ། དེ་ནས་སྙིང་པོ་རྒྱས་བསྡུས་
ཀྱི་སྔགས་བརྒྱ་རྩ་བརྒྱད་བཏབ་ནས། ནད་པ་ལ་སྔ་མ་ལྟར་བྱིན་ན། དྲི་ཟའི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཚངས་པའི་གདོན་ལས་ཐར་བར་འདོད་
པས། སྔོན་དུ་འཇུག་དུས་དང་མཚན་ཉིད་བསྟན་ཏེ། ཁ་ཏོན་དང་དཀའ་ཐུབ་ལ་དགའ་བ་དང་། ཚངས་པར་སྤྱོད་པའི་མི་ལ་ཡར་ངོའི་ཚེས་བརྒྱད་དང་ཉ་ལ་ཚངས་པའི་གདོན་གྱིས་འཛིན་ཏེ། ཡང་ན་བྲམ་ཟེ་དང་ཚངས་སྤྱོད་ཉམས་པ་ལ་འཇུག །ཞུགས་པའི་མཚན་མ་ནི་གཤེ་བ་དང་། ཁ་
རྒོད་པ་དང་གར་བྱེད་པ་དང་། ཅིས་ཀྱང་མི་སྐྲག །སྨྲ་བར་མི་བྱེད། རང་གི་ལུས་ལ་རྡོ་ལ་སོགས་པས་རྡེག་པ་དང་། རིག་བྱེད་བསྟན་བཅོས་སྨྲ་བར་བྱེད་པ་སྔགས་འཆང་བ་ལ་ལན་ལྡོན་པར་བྱེད་པའོ། །དེ་ནས་གདོན་ལས་ཐར་པའི་ཐབས་ནི་གཏོར་མ་སྦྱིན་ཏེ། ནས་བྲེ་གསུམ་བཙོས་པའི་ཆང་དང་།
ཁུར་པ་དང་། མེ་ཏོག་ཕྲེང་བ་དམར་པོ་དང་། ཤིང་ཐོག་སྣ་ཚོགས་པ་དང་། ཏིལ་ནག་པོ་དང་བཅས་པའི་གཏོར་མ་རི་རྩེ་ལ་བྱིན་ལ། དེ་ནས་ནད་པ་དེ་གོས་སྔོན་པོ་གྱོན་ལ་ལྷོ་ཕྱོགས་སུ་ཁྲུས་བྱས་ལ་ཤིང་ཀ་ར་བཱི་རའི་རྩ་བ་མེ་ཏོག་ཤུན་ལྤགས་སུ་བཅས་པ་ཤིང་པ་ཏ་ལ་དང་། གསོ་མ་

དང་། བིལ་བའི་རྩ་བ་དང་། སྒྲོན་ཤིང་དང་། ཤིང་རྩ་པི་པི་ལིང་དང་། ན་ལེ་ཤམ་དང་། རྩ་བ་ལྔ་དང་། སྒོག་སྐྱ་རྣམས་དང་། མར་ཕུལ་བདུན་དང་། བའི་གཅིན་སྲང་ཉི་ཤུ་སེང་ལྡིང་ཤུན་ལྤགས་བཤུས་པ་སྲང་ཉི་ཤུ་རྩ་བཞི་བཙོས་ནས་སྔ་མ་ལྟར་བྱིན་ན་ཚངས་པའི་གདོན་ཐམས་ཅད་
ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྲིན་པོའི་གདོན་ལས་ཐར་བར་འདོད་པས་སྔོན་དུ་འཇུག་དུས་དང་མཚན་ཉིད་བསྟན་པ་སྟེ། གཏུམ་ཤིང་གཟུ་ལུམས་ཆེ་བ་
དང་། གཏམ་སྤྱི་བརྟོལ་ལམ་བརླང་པོ་སྨྲ་ཞིང་འཐབ་པ་ལ་དགའ། རྟག་ཏུ་ཚིག་རྩུབ་པའི་མི་ལ་མར་ངོའི་ཚེས་ཉི་ཤུ་བཞི་ལ་སྲིན་པོའི་གདོན་འཇུག་སྟེ། ཞུགས་པའི་མཚན་མ་ནི་གློ་བུར་དུ་ངུ་། རེས་འགའ་ནི་གླུ་ལེན། ཚིག་ཅོལ་འགྲུས་སུ་སྨྲ། སྐོམ་དད། ལྟོ་ཆེ། ཤ་ལ་སྲེད། རྒྱུག་
ཅིང་ལག་པ་ས་ལ་རྡེབས་པའམ་སྐོར་བར་བྱེད་པའོ། །དེ་ལས་ཐར་པར་འདོད་ན་ཁུར་བ་སྣ་ཚོགས་པ་དང་། ཤ་སྣ་ཚོགས་པ་དང་། མ་བསད་པར་ཤི་བའི་ཁྲག་སྣ་ཚོགས་པ་དང་། དྲི་ཞིམ་པོའི་སྤོས་སྣ་ཚོགས་པ་དང་། འབྲས་ཆན་གྱི་གཏོར་མ་སྦྱིན་ཏེ། བདག་ཉིད་ཁྲུས་དང་གཙང་སྦྲ་ལ་གནས་པར་
བྱ་སྟེ། དགེ་སློང་ངམ་བྲམ་ཟེ་ལ་སྟོན་མོ་བྱ། ལྷོ་འམ་ནུབ་ཏུ་གཏོར་མ་བཏང་ལ་དུག་མོ་ཉུང་དང་། ཁ་དྷ་དང་། ཏ་མ་ལའི་ལོ་མ་དང་། མེ་ཏོག་སྐམ་པོ་དང་། པི་པི་ལིང་དང་། བཅའ་སྒ་དང་། ན་ལེ་ཤམ་དང་། སྐྱུ་རུ་ར་དང་། ནིམ་པའི་རྩ་བ་དང་། སྒོག་སྐྱ་དང་། ཤིང་ཀུན་དང་། རྒྱམ་
ཚ་དང་། ཡུངས་ཀར་རྣམས་ཆ་བསྙམས་ལ་ར་དཀར་མོའི་གཅིན་དང་རློན་བཏགས་བྱས་ལ། བའི་གཅིན་ཕུལ་བཅུ་དྲུག་མེ་ཆུང་བས་བཙོས་ལ་ནད་པ་དེ་གོས་དཀར་པོ་གོན་ཏེ་ཁྲུས་ལ་སྔར་ལྟར་བསྔགས་ནས་བྱིན་ན་སྲིན་པོའི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་
རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཤ་ཟའི་གདོན་ལས་ཐར་བར་འདོད་པས། སྔོན་དུ་མཚན་མ་བརྟགས་ཏེ། ཤ་སྐམ་ཞིང་ང་རྒྱལ་ཆེ། ཕྲ་མ་ལ་དགའ། མཛའ་ངོ་ཆེ། ནོར་འཕྲོག་པ་དང་ལུས་ཤེད་ཆུང་བའི་མི་ལ། ཡར་ངོའི་ཚེས་གཉིས་

དང་གསུམ་དང་བརྒྱད་དང་བཅུ་གཅིག་ལ་འཇུག་སྟེ། ཞུགས་པའི་རྟགས་ནི་ཤ་མདོག་སྔོ་བས་རྩུབ་པ་དང་། དྲི་རུལ་པ་ཅན་ནམ། གཞན་མཐོང་ན་དྲག་ཏུ་དགོད་ཅིང་གཤེ་བར་བྱེད། ཕྱི་ས་ལ་ཁྲག་གི་རློ་ཅན་ནམ། ཤ་ཟའི་གདོན་མཚན་མ་གཉིས་པ་ནི་ལུས་འདར། རྒྱུག །ངུ་
ཞིང་གླུ་ལེན། རེས་གར་བྱེད། ཤ་དང་ཆང་ལ་དགའ་བ་ནི་སྤྲུལ་པའི་འདྲེ་ཞུགས་པའོ། །གསུམ་པ་ནམ་མཁའ་ལ་ལྟ་བར་བྱེད་ཅིང་ཁ་ཟས་འདོར་བར་བྱེད། ཆང་དང་ཤ་ལ་ངོམས་པ་མེད་པ་ནི་ཤ་ཟ་གཟུ་ལུམས་ཅན་གྱིས་ཟིན་པའོ། །དེ་དག་ལས་ཐར་པའི་ཐབས་ནི། ཀྲི་ས་ར་དང་། ལ་ཕུག །
སྒོག་སྐྱ། ཏིལ་མར། ཞོ་བཙོས་དང་འབྲས་བུ་དང་བཅས་པའི་བ་ལིཾ་ནུབ་ཕྱོགས་སུ་བྱིན་ལ། དེ་ནས་བཅའ་ལྒ། པི་པི་ལིང་། ཤིང་ཚ་འབྲས་བུ་གསུམ་དང་། སྒོག་སྐྱ། ཤུ་དག །ཤིང་ཀུན། ཤྲཱི་ཁཎྜའི་མེ་ཏོག་དེ་དག་ཆ་བསྙམས་ལ། ར་གཅིན་དུ་བཏགས་ལ་མར་ཕུལ་བཞི་དང་། བ་གཅིན་
ཕུལ་བཅུ་དྲུག་ཏུ་བཙོས་ལ། ཁྲུས་ལ་སོགས་པ་བྱས་ལ་སྔ་མ་དང་འདྲ་བར་བསྐུས་པ་དང་། བྱུགས་པ་དང་། ལྟོར་བཏང་བས་ཤ་ཟའི་གདོན་ལས་ངེས་པར་ཐར་རོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་
ལོ། །ཀླུའི་གདོན་ལས་ཐར་བར་འདོད་པས་སྔོན་དུ་འཇུག་པའི་མཚན་མ་ཤེས་པར་བྱ་སྟེ། བྲམ་ཟེའི་རིགས་ལ་ཚེས་ལྔ་དང་ཉི་ཤུ་བདུན་ལ་འཇུག་སྟེ་ཞུགས་པའི་མཚན་མ་ནི། ལུས་ལྕི་ཞིང་མགོ་འཁོར་ས་ལ་འགྱེལ་བར་འགྱུར། མིག་ཧ་རེ་བལྟ་ཞིང་ཁ་དོག་དམར། དབུགས་རྒོད།
ལྕེ་འབྱིན། ཁྲོ་འདོད་འོ་མ་དང་མར་ལ་དགའ། སོ་འཐམས་པ་ལ་ནི་བདག་ཉིད་ཁྲུས་བྱས་ལ་འབྲས་ཆན་བུ་རམ་དང་། མེ་ཏོག་གི་ཕྲེང་བ་མང་པོ་དང་། གུ་གུལ་དཀར་པོ་དང་། ཐང་ཤིང་དང་། སྐུད་པ་དམར་པོ་དང་ལྡན་པའི་གཏོར་མ་བྱང་ཕྱོགས་སུ་སྦྱིན་པར་བྱའོ། །དེ་ནས་ཤྭེ་ཏ་བ་ལ།
སེང་ཕྲོམ། རྒྱ་སྤོས། ཡུངས་ཀར། ཏ་མ་ལ་དང་། ཐང་ཤིང་རྣམས་བཙོས་ལ་ཆ་བསྙམས་ལ་མར་ཕུལ་བཞི་དང་། བའི་གཅིན་ཕུལ་བཞི་དང་བསྲེས་ལ་ཁྲུས་ལ་སོགས་པ་སྔ་མ་ལྟར་བྱས་ན་ཀླུའི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །།

༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བི་ན་ཡ་ཀའི་གདོན་ལས་ཐར་བར་འདོད་པས། སྔོན་དུ་འཇུག་དུས་དང་མཚན་མ་ཤེས་པར་བྱ་སྟེ། དམངས་རིགས་ཀྱི་ལུས་ལས་དྲི་མ་འབྱུང་བའམ། གོས་ངན་གོན་པའི་ཚེའམ། ཁ་ཟས་གཞན་གྱི་ལྷག་མ་ཟ་
བའི་ཚེའམ། བུད་མེད་དང་དབྱེས་བྱས་པའི་ཚེའམ། བཤང་གཅིའི་དུས་སམ། གཅེར་བུར་གནས་པའི་དུས་སམ། མར་ངོའི་ཚེས་ལྔ་དང་བཅུ་བཞི་འམ། གནམ་སྟོང་ལ་འཇུག་གོ། །ཞུགས་པའི་མཚན་མ་ནི་མཁུན་ཞིང་ངུ་བ་དང་། ནོར་རྣམས་ཆུད་གསོན་དུ་འགྲོ་བ་དང་། གཞན་
གྱིས་ཡིད་དུ་མི་འོང་བ་དང་། སྐྱེས་པ་ཡིན་ན་བུད་མེད་མི་རྙེད་པ་དང་། བུད་མེད་ཡིན་ན་སྐྱེས་པ་མི་རྙེད་པ་དང་། ཚོང་བྱས་ན་འཕམ་པ་དང་། ཞིང་མི་སྐྱེ་ལ་གལ་ཏེ་བུད་མེད་རྙེད་ཀྱང་བུད་མེད་བསམ་པ་འགྱུར་བ་ནི་ལོག་འདྲེན་གྱི་གདོན་གྱིས་ཟིན་པ་སྟེ། དེ་ལས་ཐར་པའི་ཐབས་སྒྲུབ་པ་ནི།
གཏོར་མའི་བུམ་པ་བཞི་འབྲས་ཡོས་དང་། ཤ་བཙོས་དང་། རྗེན་པ་དང་། ཁུར་བ་དང་། དྲི་དང་། མེ་ཏོག་དཀར་པོའི་ཕྲེང་བ་དང་། འབྲས་ཐུག་དང་། སྤོས་སྣ་ཚོགས་དང་ལྡན་པའི་གཏོར་མ་ནུབ་ཏུ་སྦྱིན་ཏེ། དེ་ནས་གུ་གུལ་དང་། ཡུངས་ཀར་དང་། གི་ཝང་དང་། ཤུ་དག །རུ་རྟ།
སུག་སྨེལ། སྒྲོན་ཤིང་། ཐང་ཤིང་། ཙནྡན། ཨ་ཀ་རུ། ནཱ་ག་གེ་སར་རྣམས་ཆ་བསྙམས་ལ་བའི་ཆུ་དང་རའི་ཆུ་དང་བཏགས་ལ་སྔ་མ་བཞིན་དུ་མར་དུ་བཙོས་པ་ལ་སོགས་པ་བྱས་ལ། བྱུགས་པ་དང་བསྐུ་བ་ལ་སོགས་པ་བྱས་ན། ལོག་འདྲེན་གྱི་གདོན་ལས་ངེས་པར་ཐར་རོ། །སློབ་
དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །བརྗེད་བྱེད་ཀྱི་གདོན་ལས་ཐར་བར་འདོད་པས། སྔོན་དུ་འཇུག་པའི་དུས་དང་། མཚན་མ་ཤེས་པར་བྱ་སྟེ། མི་དྲག་ཅིང་ཁྲོ་གཏུམ་ཅན་ལ་ཡར་ངོའི་ཚེས་གཉིས་དང་། བཞི་
དང་། དགུ་དང་། བཅུ་གཉིས་དང་། མར་ངོའི་ཉེར་དགུ་ལ་སྔ་དྲོ་དང་སྲོད་ལ་འཇུག་གོ། །ཞུགས་པའི་མཚན་མ་ནི་ཁ་ནས་སྦུ་བར་སྐྱུག་པ་དང་། བརྒྱལ་བ་དང་། རྔུལ་འབྱུང་བ་དང་། མགོ་འཁོར་བ་དང་། ལུས་ས་ལ་འགྱེལ་བ་རྣམས་ཡིན་ནོ། །དེ་ལས་ཐར་བའི་ཐབས་ནི་དུད་པ་དང་། མེ་ཏོག་

དང་། ཤ་བཙོས་དང་། རྗེན་པ་དང་། ཤུག་པ་དང་། པུ་ཤེལ་ཙེ་དང་། འབྲས་ཆན་དང་ལྡན་པའི་གཏོར་མ་སྦྱིན་ནོ། །དེ་ནས་དེའི་འོག་ཏུ་ནད་པ་ཁྲུས་བྱས་ཏེ། འབྲས་བུ་གསུམ་དང་། ཚ་བ་གསུམ་སྲང་རེ། སྒོག་སྐྱ་བརྒྱ། ཡུངས་ཀར་སྟོང་། ཏ་ལའི་ས་བོན་དང་།
བིལ་བའི་རྩ་བ་འདི་དག་ཆ་བསྙམས་ལ། ར་གཅིན་དང་ལྷན་ཅིག་ཏུ་བཏགས། མར་ཕུལ་བཞི་དང་བ་གཅིན་ཕུལ་བཅུ་དྲུག་གི་ནང་དུ་མེ་ཆུང་བས་བཙོས་ལ་སྔ་མ་བཞིན་དུ་བསྔགས་ཏེ་སྦྱོར་བ་བྱས་པས་ཐར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་
རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྨྱོ་བྱེད་ཀྱི་གདོན་ལས་ཐར་བར་འདོད་པས། དུས་དང་མཚན་ཉིད་སྔར་བཞིན་ཤེས་པར་བྱས་ནས། དཔའ་བོ་གཟུགས་བཟང་ཞིང་མཛེས་པ་དང་། རབ་ཏུ་དགའ་ཞིང་བདེ་བ་དང་། གླུ་དང་རྩེད་མོ་དང་གཏམ་ལ་དགའ་བ་ལ་འཇུག་གོ། །ཞུགས་
པའི་མཚན་མ་ནི་གླུ་དང་། གར་དང་། ངུ་ཞིང་དགོད། སྨྲ་སྙིང་མི་འདོད་ལ་ངུ་ཞིང་གཉིད་མི་ཕེབས་སོ། །ཟས་ལ་དགའ་བ་ནི་རླུང་མཁྲིས་སྐྱེད་པ་ཡིན། དྲག་ཏུ་སྨྲ་དང་མང་དུ་སྨྲ་བ་ནི་བད་ཀན་སྐྱེད་པ་ཡིན་ནོ། །དེ་ཉིད་གསོ་བའི་མན་ངག་ནི་སྔོན་དུ་གཏོར་མ་སྦྱིན་པར་བྱ་སྟེ། སྤོས་དང་། མེ་
ཏོག་གི་ཕྲེང་བ་དང་། འབྲས་ཆན་དྲི་ཞིམ་པ་དང་། འབྲས་ཐུག་འབྲུ་ཆང་དང་བཅས་པའི་གཏོར་མ་ལམ་གྱི་བཞི་མདོར་སྦྱིན་པར་བྱའོ། །དེ་ནས་བ་ལང་གི་ཀོ་བ་བསྲེགས་པའི་ཕྱེ་མ་ཕུལ་བཞི། ཨ་རུ་ར་སྲང་སུམ་ཅུ། སྒོག་སྐྱ་བརྒྱ། ཚ་བ་གསུམ་སྲང་དྲུག་ཅུ། དེ་དག་ཤིན་ཏུ་ཞིབ་མོར་
བྱས་ཏེ། མར་རྙིང་པ་ལོ་གསུམ་ལོན་པ་ཕུལ་བཞི་དང་། བ་དམར་མོའི་འོ་མ་ཕུལ་བཞི་དང་། སྦྲང་རྩི་ཕུལ་བཞི་རྣམས། མེ་ཆུང་བས་བཙོས་ལ་ནད་པ་ཁྲུས་ལ་སོགས་པ་བྱས་ལ། སྔ་མའི་སྔགས་དང་འདྲ་བར་བྱས་པས་སྨྱོ་བྱེད་ཀྱི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་
རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ལྷ་མ་ཡིན་གྱི་གདོན་ལས་ཐར་བར་འདོད་པས། སྔོན་དུ་དུས་དང་མཚན་ཉིད་ཤེས་པར་བྱའོ། །གཟི་བརྗིད་ཆེ། ལུས་ཆེ་ལ་ཡོན་ཏན་ཅན་ལ་ལྷ་མ་ཡིན་གྱི་གདོན་ཚེས་ལྔ་ལ་འཇུག་གོ། །ཞུགས་

པའི་མཚན་མ་ནི་ངུ་ཞིང་རེས་དགོད། རེས་སོ་འདེབས་པར་བྱེད། སྐྱུག་པར་བྱེད། རྒོད་པ་དྲག་པོར་བྱེད་དོ། །དེ་ལས་ཐར་བའི་ཐབས་ནི་གཏོར་མ་ནི་སྤོས་དང་། མེ་ཏོག་སྣ་ཚོགས་པའི་ཕྲེང་བ་དང་། པདྨ་དང་། ཨུཏྤལ་དམར་པོའི་འདབ་མ་དང་། ཤ་བཙོས་པ་དང་། རྗེན་པ་
དང་། སྔགས་པས་གཙང་སྦྲ་བྱས་ཏེ། ནུབ་ཕྱོགས་སུ་གཏོར་མ་སྦྱིན་ནོ། །དེ་ནས་ནད་པ་ཁྲུས་བྱས་ལ་འབྲས་བུ་གསུམ་དང་ཚ་བ་གསུམ་དང་པུ་ཤེལ་ཙེ་དང་། རྩ་བ་ལྔ་རྣམས་ཆ་བསྙམས་ལ་མར་ཕུལ་བཞི་དང་བའི་གཅིན་ཕུལ་བཞི་མེ་ཆུང་བས་དལ་གྱིས་བཙོའོ། །དེ་ནས་ཁྲུས་
བྱས་དལ་གྱིས་བཏབ་པ་སྔ་མ་བཞིན་དུ་བྱས་ལ། ལྷ་མ་ཡིན་གྱི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདོན་བཞི་ལས་ཐར་བར་འདོད་པས། སྔོན་དུས་དང་མཚན་
ཉིད་ཤེས་པར་བྱས་ཏེ། འདི་ལ་ནམ་གྲུའི་གདོན་དང་། ནམ་མཁའི་ལྡིང་གི་གདོན་དང་། སྐེམ་བྱེད་དང་། གཞོན་ནུ་དང་བཞི་སྟེ། གོ་རིམས་ཀྱིས་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལ་གནོད་པར་བྱེད་དོ། །ཚེས་གཉིས་དང་བཅུ་གཅིག་དང་།
ཡར་ངོའི་ཚེས་ལྔ་དང་བཅུ་པ་ལ་འཇུག་གོ། །ཞུགས་པའི་མཚན་ཉིད་ནི་མིག་གྱེན་ལ་བལྟ་ཞིང་མགོ་བོ་འཁོར། རིམས་དང་ལུད་པ་སེར་པོ་དབུགས་མི་བདེ་བ་ནི་ནམ་གྲུས་ཟིན་པའོ། །འདི་ནི་ལྷག་པར་རྒན་པ་དང་། བྱིས་པ་གསོད་པར་བྱེད་པའོ། །མིག་ཐུར་ལ་ཕབ། སོ་འཆའ་
རྔམ་པ་བརྩེགས། རིམས་ཀྱིས་བཏབ་པ་ནི་ནམ་མཁའ་ལྡིང་ངོ་། །ལུས་འདར་ཞིང་ཁ་དབྱལ་རྔམ་ཞིང་སེམས་རྒོད་མགོ་འཕུར་ཞིང་ངུ་། རིམས་དང་འགྲོ་བར་བྱེད། བྱིས་པ་ལ་བཏབ་ན་ཁ་ནས་དྲི་ང་བ་འབྱུང་བ་དང་། ལུས་ལ་རྨ་དང་འབྲུམ་བུ་འབྱུང་བ་དང་། ཚ་ཞིང་གདོང་མེ་དང་འདྲ།
འཁྲུ་ཞིང་སྐྱུག་པ་དང་། ནུ་མ་ལ་སོས་འདེབས་པ་དང་། ལན་གྲངས་མང་དུ་ངར་ཞིང་འདར། མིག་དམར་ལ་མཆུ་མུར་བ་ནི་སྐེམ་བྱེད་ཀྱིས་ཟིན་པའོ། །ལས་བྱས་པའི་ཚེ་རྐང་ལག་ཚིགས་གཞིན། མིག་འཁོར་ཞིང་ལྟ་བར་བྱེད། མིག་ཡ་གཅིག་བཙུམས། སྨིན་མ་གཡས་འདེགས་པ་

ནི་གཞོན་ནུ་སྐྱོང་བའི་མཚན་མའོ། །དེ་ལས་ཐར་པའི་ཐབས་ནི་སྔོན་དུ་གཏོར་མ་སྦྱིན་ནོ། །སྣུམ་ཁུར་དང་། འབྲས་ཡོས་དང་། འབྲས་ཆན་དང་། ཤ་དང་། ཆང་དང་། ཏིལ་དང་། པུ་ཤེལ་ཙེ་དང་། འབྲས་ཀྱི་འོ་ཐུག་དང་། འགྲོན་བུ་དང་། གསེར་
དང་། ནད་པའི་གོས་དང་བཅས་པའི་བ་ལིཾ་བ་ལང་གི་རྭའམ་ཤིང་སྐམ་པོའི་དྲུང་ངམ་མ་མོའི་ཁྱིམ་དུ་བ་ལིཾ་དང་། སྲོད་ལ་མེ་དང་བཅས་པ་སྦྱིན་ནོ། །དེ་ནས་ནད་པ་ལ་ཁྲུས་བྱས་ལ་ཀ་ཀོ་ལ་དང་། རམ་ཉེ་དང་། སེང་ཕྲོམ་དང་། སྐྱེར་པ། ཡུང་ང་། ཀ་པི་ཏའི་ཁུ་བ། པ་ལ་ཤའི་ལོ་མ།
སྦྲང་རྩི་དང་སེང་ལྡེང་སྙིང་པོ། །ཚ་བ་གསུམ་དང་། བཙོད་དང་། ཤིང་མངར་རྣམས་ཆ་བསྙམས་ལ་རའི་ཆུ་དང་ལྷན་ཅིག་ཏུ་བཏགས་ལ་དེ་ནས་མར་ཕུལ་བཞི་ཆུ་ཕུལ་བཅུ་དྲུག་ཏུ་བཙོས་ལ། མེ་ཆུང་བ་ལ་བཙོས། ཁྲུས་བྱས་ལ་དེ་ལ་སྔགས་བཏབ་ལ། སྔ་མ་བཞིན་དུ་བྱས་ལ་
གཞོན་ནུའི་གདོན་རྣམས་ལས་ཐར་བར་འགྱུར་རོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་གདོན་ལས་ཐར་བར་འདོད་ན། སྔོན་དུས་དང་མཚན་ཉིད་ཤེས་པར་བྱ་སྟེ་བྲམ་ཟེ་རྒྱལ་རིགས་ཀྱི་མི་
གཟུགས་བཟང་བ་དང་མཛེས་པ་ལ་མར་ངོའི་ཚེས་བཅུ་གསུམ་དང་ཡར་གྱི་ལྔ་ལ། སྐྱེད་མོས་ཚལ་དང་འཇིག་རྟེན་པའི་ལྷ་རྟེན་ནམ་གྲོང་གི་འདུན་ས་རྣམས་སུ་འཛིན་པར་བྱེད་དོ། །ཞུགས་པའི་མཚན་མ་ནི་ཁྲོ་བ་མེད་པ་ངུ་བའང་མེད། ཟས་ཟ་བ་ལ་རེམ། གཙང་སྦྲ་ལ་དགའ་ཞིང་མིག་གི་
ཚོགས་འཁྲུལ་པའོ། །དེ་དག་གསོ་བ་ནི་ཟས་སྣ་ཚོགས་པ་དང་། ཤིང་ཐོག་དང་། ཀྲི་ས་ར་དང་། འབྲས་ཀྱི་འོ་ཐུག་དང་། ཤ་དང་། ཏིལ་གྱི་ཟན་དང་། གདུགས་སེར་པོ་དང་། མཆོད་ཕྱིར་དང་། སྐུད་པ་སེར་པོ་དང་། འགྲོན་བུ་དང་། གསེར་ལ་སོགས་ཏེ་རིན་པོ་ཆེ་སྣ་ཚོགས་པ་
དང་བཅས་པའི་གཏོར་མ་བྱང་ཕྱོགས་སུ་སྦྱིན་པར་བྱའོ། །དེ་ནས་ཁྲུས་བྱས་ཏེ་གྲོ་དང་། ནས་དང་། མོན་སྲན་དང་། རྒྱ་སྲན་དང་། འབྲས་བུ་གསུམ་དང་། ཚ་བ་གསུམ་དང་། ཡུངས་ཀར་དང་། ཤུ་དག་དང་། ཤིང་ཀུན་དང་། རྩ་བ་ལྔ་དང་། ཏིལ་གཉིས་དང་། སྒོག་སྐྱ་རྣམས་ཆ་བསྙམས་ལ་

མར་ཕུལ་བཞི་དང་། འོ་མ་ཕུལ་བཞི་དང་བ་ལང་གི་ཀོ་བ་ཕུལ་བཞི་དང་། རའི་ཆུས་བཏགས་ལ་མེ་ཆུང་བས་བཙོས་ལ་ནད་པ་རིག་སྔགས་ཀྱིས་ཁྲུས་བྱས་ལ། དེ་དག་ལ་སྔགས་བརྒྱ་རྩ་བརྒྱད་བསྔགས་ལ་ལུས་ལ་བྱུག །སྣར་ལྡུགས། མིག་ལ་བསྐུ། ལྟོར་བཏང་བས་གནོད་
སྦྱིན་གྱི་གདོན་ལས་ཐར་བར་ངེས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། གདོན་ལས་རྣམ་པར་ཐར་བར་ངེས་པའི་སྒྲུབ་ཐབས་དམ་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འབྱུང་པོ་ཐམས་ཅད་འགུགས་པའི་ལས་
བྱེད་པར་འདོད་པས། དུར་ཁྲོད་དུ་སོང་ནས་མཎྜལ་ནག་པོ་བྱས་ལ། བུམ་པ་ནག་པོ་དར་མཐིང་ནག་གིས་མགུལ་ཆིངས་བྱས་ལ། དུག་ཤིང་གི་ལོ་མས་ཁ་རྒྱན་བྱས་ཏེ། སྲད་བུ་ནག་པོའི་གཟུངས་ཐག་བཏགས་ལ་བཅོམ་ལྡན་འདས་སྐུ་མདོག་ནག་པོར་བསྒྱུར་ཏེ། རིག་སྔགས་
ཀྱི་སྙིང་པོ་ཇི་ལྟར་ནུས་པ་བཟླས་ལ་དེའི་རྗེས་ལ་སརྦ་ཀུ་ལན་ཨ་བརྟ་ཡ་སྭཱ་ཧཱ་ཞེས་སྟོང་ཕྲག་གཅིག་བཟླས་ནས་གཟུངས་ཐག་ནས་གཟུང་སྟེ་བདག་ཉིད་ཀྱི་སྙིང་ག་ནས་རྡོ་རྗེ་ལྕགས་ཀྱུས་མཚན་པ་གྲངས་མེད་པ་འཕྲོས་པས་གང་འབྱུང་པོའི་གདོན་གང་ལ་དམིགས་པ་འགུགས་པར་དམིགས་
ཏེ། བཟླས་བརྗོད་ཀྱི་འཕྲོ་འདུ་བྱས་པས་འབྱུང་པོ་དམིགས་པ་ཙམ་གྱིས་ཁུགས་ཏེ། དེ་ནས་བུམ་པའི་ནང་དུ་བཀུག་སྟེ་རྡོ་རྗེ་ཅན་གྱི་ཞབས་ཀྱི་འོག་ཏུ་མནན་ཏེ་ཀུ་ཅོའི་སྒྲ་འདོན་ཅིང་ཇི་ལྟར་བསྒོ་བ་བཞིན་དུ་ཉན་པར་དམིགས་སོ། །དེ་ནས་མནན་པར་འདོད་ན་དུར་ཁྲོད་དུ་བུམ་པ་དང་བཅས་པ་
མནན། བསྲེག་ན་ཏིལ་གྱི་བུམ་པ་ལ་བརྒྱ་རྩ་བརྒྱད་དབུལ། སྐྲོད་ན་བྱ་ནག་མོའི་སྤུ་ལ་སྔགས་བཟླས་ལ་རླུང་ལ་བསྐུར། ཀུན་ནས་འབྱུང་པོའི་སྟོབས་ཉམས་པར་འདོད་ན་མཆོད་རྟེན་གྱི་འོག་ཏུ་འཁོར་ལོ་བརྒྱངས་ལ་གཞག་གོ། །དེ་ཉིད་བརླག་པར་འདོད་ན་ཏ་ལའི་ལོ་མ་ལ་གཟུགས་དང་
མིང་ར་ཁྲག་གིས་བྲིས་ལ་གསལ་ཤིང་ལ་བསྐྱོན་ནོ། །འབྱུང་པོ་འགུགས་པའི་བསྒྲུབ་པ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལས་ཐམས་

ཅད་བྱེད་དུ་འཇུག་པའི་སྒྲུབ་པ་ལས་ཀྱི་བྱེ་བྲག་སྣ་ཚོགས་པ་བསྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ལྔའི་དཀྱིལ་འཁོར་བཞེངས་ལ། བུམ་པ་ལྔ་ལ་རྒྱུད་སྟོང་ཕྲག་རེ་བཟླས་ལ།
དེ་ནས་ལས་ལ་སྦྱར་བ་ནི། རིག་སྔགས་གཅད་པར་འདོད་ན་མཚོན་རྣོན་པོ་ལ་སྙིང་པོ་རྒྱས་པ་ལན་གཉིས་བརྗོད་པས་རྩྭ་ཀུ་ཤ་བཅད་དོ། །ཡང་ན་ས་བཅད་དོ། །དེས་རིག་སྔགས་བཅད་པར་ངེས་སོ། །ལན་གསུམ་པས་རིག་སྔགས་ཉམས་པ་སྐོངས་སོ། །མར་ངོའི་ཉི་ཤུ་གསུམ་ལ་
སྔགས་བརྗོད་ལ་དཀྱིལ་འཁོར་གྱི་མདུན་དུ་མཆོད་པ་བྱས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་ངེས་སོ། །ཐལ་བ་འམ་ཆུ་ལ་ལན་བཞི་བཟླས་ཏེ། དུར་ཁྲོད་ཀྱི་སོལ་བ་ལས་གཟུགས་བྱས་ཏེ། མཚོན་གྱིས་གཏུབ་ཅིང་ས་ལ་བརྡབས་ན་གདོན་ལས་གྲོལ་བར་ངེས་སོ། །ཡང་ན་དུར་
ཁྲོད་ཀྱི་སོལ་བས་ལག་མཐིལ་གཡོན་དུ་རྡོ་རྗེ་བྲིས་ཏེ། ས་ལ་གཟུགས་བྲིས་ལ་རྡོ་རྗེ་དང་ལྡན་པའི་ལག་པས་མནན་ན་གཞན་གྱི་རིག་སྔགས་ནོན་ཏོ། །སྐུད་པ་ལ་མདུད་པ་བོར་ལ་ལན་ཉེར་གཅིག་བརྗོད་པས་རིག་སྔགས་འཆིང་ངོ་། །དཀྱིལ་འཁོར་གྱི་ཙནྡན་དམར་པོས་རྡོ་རྗེ་རྩེ་ལྔ་པ་བྲིས་
ལ་གུ་གུལ་གྱིས་བདུགས་ལ་མེ་ཏོག་གཏོར་ཞིང་གཞན་གྱི་རྣ་བར་ལན་ཉེར་གཅིག་བཟླས་ན་ཀ་བབས་པར་ངེས་སོ། །ཆུའམ་སོ་ཕག་གི་དུམ་བུའམ་ཐལ་མོ་བརྡབས་པ་ལན་བདུན་བཟླས་ན་ནད་པ་ལ་ཕྲ་མེན་མའི་ཉེ་འབྱེད་ལས་གྲོལ་ལོ། །རྨ་བྱའི་མདོངས་དང་ཆུ་གྲི་དང་མེ་ལོང་ལ་བརྒྱ་བཟླས་ན་
སྦྲུལ་གྱིས་ཟིན་པ་ལས་གྲོལ་ལོ། །རྒྱ་སྤོས་དང་། རྒྱ་མཚོ་སྦུ་བ་དང་། ལྡོང་རོས་དང་། རྨ་བྱའི་མཁྲིས་པ་ལ་སྟོང་བཟླས་ཏེ། ཆུ་དང་སྦྱར་ཏེ་ལྟོར་བཏང་ན་དུག་གིས་ཟིན་པ་ལས་གྲོལ་ལོ། །ཆུ་བསྐོལ་བ་ལ་ལན་ལྔ་བཟླས་ཏེ་བཏང་ན་སྲིན་བུ་དང་སྦྲང་བུའི་ནད་སོས། མར་ལ་ལན་བརྒྱ་རྩ་
བརྒྱད་བཟླས་བརྗོད་བྱས་ནས་བུད་མེད་སྦྲུམ་མའི་བུ་སྐྱེ་ཁ་མ་ལ་བྱིན་ན་བདེ་བར་བཙའ་བར་འགྱུར་རོ། །བདུག་པ་སྣ་ཚོགས་པ་ལ་སྔགས་ལན་ཉེར་གཅིག་བརྗོད་ནས་བདུགས་ན་བྱིས་པ་གདོན་གྱིས་ཟིན་པ་ལས་གྲོལ་ལོ། །སྦྱིན་སྲེག་གི་ཐལ་བ་དང་ཐལ་བ་གཙང་མ་ལ་ལན་བརྒྱ་རྩ་བརྒྱད་

བརྗོད་ནས་རྐུན་མ་བྱུང་བའི་ཕྱོགས་སུ་གཏོར་ན་རྐུ་མི་ཤེས་པར་འགྱུར་རོ། །གོས་ཀྱི་མཐའ་མར་མདུད་པ་ལན་བདུན་བོར་ནས་སྔགས་ལན་བདུན་བརྗོད་པས་བདག་བསྲུང་བར་ཤེས་སོ། །སྤྱི་གཙུག་གི་སྐྲ་ལ་མདུད་པ་བོར་ནས་ལན་བདུན་བརྗོད་པས་གཞན་བསྲུང་ངོ་། །ཆུ་ལ་
ལན་བརྒྱ་རྩ་བརྒྱད་བརྗོད་ནས་ཕྱོགས་བཞིར་གཏོར་བས་ཆུ་སྲིན་གྱི་འཇིགས་པ་ལས་གྲོལ་ལོ། །ཡུངས་ཀར་ལ་ལན་བདུན་བཟླས་ནས་གཏོར་ན་སྟག་གི་འཇིགས་པ་ལས་ཐར་རོ། །ཕུར་བུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཞིང་དཀྱིལ་དུ་བཏབ་ན་ཞིང་སྲུང་བར་བྱེད་དོ། །
ཤིང་སོར་བཅུ་གཉིས་པ་མེར་བཏང་ལ་འབྲས་དང་འོ་ཐུག་དང་ཞོ་དང་སྦྲང་རྩི་དང་མར་དང་སྦྱར་ལ་བླུགས་གཟར་དུ་བླུགས་ལ་ཞག་གསུམ་དུ་སྲེག་བླུགས་སྟོང་རྩ་བརྒྱད་བྱས་ན་བདག་དང་གཞན་ཞི་བར་འགྱུར་རོ། །ཞག་བདུན་བྱས་ན་གྲོང་ཁྱེར་ཙམ་ཞི་བར་འགྱུར་རོ། །མངར་
གསུམ་གྱི་སྦྱིན་སྲེག་ཞག་བདུན་དུ་བྱས་ན་ཆར་འབེབས་སོ། །དཱུར་བའི་ཉག་མ་ལ་སྦྲང་རྩི་ཞོ་དང་མར་གྱི་ནང་དུ་བསྙུགས་པའི་སྦྱིན་སྲེག་ཉི་མ་གཅིག་ལ་ལན་སྟོང་རྩ་བརྒྱད་བྱས་ན་དེ་ལྟར་ཞག་བཅུའི་བར་ལ་བྱས་ན་དུས་མ་ཡིན་པར་འཆི་བ་རྣམས་ཞིའོ། །རྩྭ་དཱུར་བའི་སྦྱིན་སྲེག་
ལན་འབུམ་བྱས་ན་ཚེ་སྟོང་ཕྲག་ལྔ་ཐུབ་བོ། །སློང་མོའི་ཟས་ཟ་ཞིང་སྔགས་འབུམ་ཕྲག་གཅིག་བཟླས་ཏེ། ཟླ་བ་གཟས་ཟིན་པའི་ཚེ་བ་ནག་མོའི་འོ་མ་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་བྱུགས་ན་བཅུད་ལེན་དུ་འགྱུར་རོ། །ལོ་ལེགས་པ་དང་བུ་ཚ་འཕེལ་བར་འདོད་ན་ཞོའི་སྦྱིན་སྲེག་བརྒྱ་
རྩ་བརྒྱད་བྱས་པས་འགྲུབ་པར་འགྱུར་རོ། །ཕ་རོལ་གྱི་དཔུང་གི་གནོད་པ་ཉམས་པར་བྱེད་ན། ལྕགས་ཕྱེ་ཏིལ་མར་དང་སྦྱར་བའི་སྦྱིན་སྲེག་ལན་གསུམ་བྱས་ཏེ། རྒྱལ་མཚན་དང་དུང་ལ་བརྒྱ་རྩ་བརྒྱད་བརྗོད་པས་འཕྱར་ཞིང་བུས་པས་རྒྱལ་མཚན་མཐོང་ཞིང་དུང་གི་སྒྲ་ཐོས་པས་ཕ་
རོལ་གྱི་དམག་དཔུང་གིས་མི་ཚུགས་སོ། །གཞན་དུ་ལོངས་མ་སྤྱད་པའི་བུམ་པ་འབྲུ་དང་སྨན་དང་རིན་པོ་ཆེས་བཀང་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཁྲུས་བྱས་ན་བགེགས་ཀྱིས་ཟིན་པ་ལས་ཐར་རོ། །བྱིས་པ་བཀྲུས་ན་གདོན་གནོད་དོ་ཅོག་གིས་ཟིན་པ་ལས་ཐར་བར་འགྱུར་རོ། །

རྨ་བྱའི་མཇུག་མ་ལ་ལན་སྟོང་རྩ་བརྒྱད་བརྗོད་ན་དུག་གོ་ཅོག་ཞི་བའོ། །སྐུད་པ་ལ་མདུད་པ་བདུན་བོར་ནས་ལན་བརྒྱ་རྩ་བརྒྱད་བརྗོད་ནས་མགུལ་དུ་བཏགས་ན་རིམས་ནད་བསྲུང་ངོ་། །ལམ་དུ་ཞུགས་པའི་ཚེ་རྡོ་རྗེ་ཅན་ལ་དམིགས་ཏེ་ལན་གསུམ་བརྗོད་ནས་སོང་
ན་ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ངོ་། །གྲུ་རྒལ་བའི་ཚེ་ཆུ་ལ་ལན་བདུན་བརྗོད་ནས་ཆུའི་ནང་དུ་གཏོར་ནས་ཆུ་རྒལ་ན་བདེ་བར་ངོགས་སུ་ཕྱིན་ནོ། །ཡུངས་ཀར་ལ་སྟོང་རྩ་བརྒྱད་བཟླས་ནས་བདག་གི་དམག་འཁོད་པའི་ས་ལ་དང་། མགོ་ལ་གཏོར་ན་དམག་ལས་རྒྱལ་བར་ངེས་སོ། །མདའ་
སྔོན་པོ་ལ་སྟོང་རྩ་བརྒྱད་བརྗོད་ནས་ཕ་རོལ་གྱི་དམག་གི་ཁྱིམ་དུ་འཕངས་ན་ཕ་རོལ་གྱི་མཚོན་གྱི་ནུས་པ་ཉམས་པར་འགྱུར་རོ། །ཡིད་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་ཆོམ་རྐུན་གྱི་ནུས་པ་མེད་པའོ། །ལྕགས་ཀྱི་ཕུར་པ་ལན་སྟོང་བཟླས་ནས་དུར་ཁྲོད་དུ་བཙུགས་ན། མི་མ་ཡིན་
པ་ཐམས་ཅད་ཀྱི་གནོད་པ་དང་བྲལ་ཞིང་བཅིང་བར་འགྱུར་རོ། །དེ་ཉིད་ཕྱུང་ན་མཐོང་བར་ངེས་སོ། །མཚམས་གཅད་པར་འདོད་ན་ཡུངས་ཀར་རམ་དུར་ཐལ་ལམ་ཆུས་བྱའོ། །ནད་པ་ལ་གདོན་དབབ་པ་ནི་གུ་གུལ་ལ་ལན་ཉེར་གཅིག་བཟླས་ཏེ་བདུག་གོ། །ཆར་དབབ་པར་དཀའ་ན་
མངར་གསུམ་ཁྲག་དང་སྦྱར་བའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་པས་དབབ་བོ། །མངར་གསུམ་དཀར་དང་བཅས་པའི་སྦྱིན་སྲེག་བྱས་ན་ཆར་པ་འཆད་དོ། །སེར་བ་གཅད་པར་འདོད་ན་ཡུངས་ཀར་དང་ཏིལ་ནག་པོ་ལ་བཟླས་སོ། །སྤྲིན་བསྡུ་བར་འདོད་ན་སྲིན་བལ་གྱི་མདུད་པ་ལ་
བཟླས་སོ། །དེ་ལྟར་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་ལས་ཀྱི་བྱེ་བྲག་བཞི་བཅུ་རྩ་གཉིས་བཀོད་པ་ཡིད་བཞིན་ནོར་བུ་འོད་འབར་བ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །
གཟུངས་སྔགས་ཀྱི་སྦྱོར་བ་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་ལས་ཀྱི་མཐའ་རྫོགས་པར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་དཀྱིལ་འཁོར་དཔའ་བོ་གཅིག་པ་བཞེངས་ལ་རིན་པོ་ཆེའི་བུམ་པའི་ནང་དུ་འདོད་པའི་ལྷའི་གཟུགས་ར་གན་ལ་བསྒར་བ་ས་ལ་གཞུག་གོ། །ཆུ་སྣ་སུམ་

ཅུ་རྩ་ལྔ་དང་། སྨན་སྣ་དང་རིན་པོ་ཆེའི་གྲངས་ཀྱང་དེ་ཙམ་གཅིག་བཙལ་ལ་གཙོ་བོའི་བསྙེན་པ་ཇི་ཙམ་རིགས་པ་བྱས་ལ་རྒྱུད་ཀླག་པ་དང་། མཆོད་པའི་བྱེ་བྲག་ཇི་ལྟར་རིགས་པ་དང་བསྟོད་པ་བྱའོ། །དེ་ནས་རང་གིས་གང་འདོད་པའི་སྒྲུབ་པ་ཅི་རིགས་པར་བྱས་ལ་ལས་ལ་སྦྱར་
བའི་ཆོ་ག་ལན་བརྒྱ་རྩ་བརྒྱད་དང་སྟོང་ཕྲག་གཅིག་བྱས་ལ། འདོད་པའི་ལྷའི་སྐུའི་ཐུགས་ཀར་རྡོ་རྗེ་རྣམ་འཇོམས་ཀྱི་མཛོད་སྤུ་ནས་འོད་འཕྲོས་པས་ཁ་དོག་ཇི་ལྟར་མོས་པ་ལྕགས་ཀྱུའི་རྣམ་པ་དང་འདྲ་བ་བྱུང་ལ་ཡི་དམ་ཅི་འདྲ་བ་དེ་གྲངས་མེད་པ་དེའི་ཐུགས་ཀར་གཞུག་གོ། །
དེ་ནས་ལྷ་ཨར་ལ་གཏད་པའི་ཆོ་ག་བྱའོ། །མཎྜལ་དམར་པོའི་སྟེང་དུ་གཏོར་མ་ལྔ་བྱས་ཏེ། དེ་དག་རེ་རེའི་ནང་དུ་སྙིང་པོ་གང་ཡང་རུང་བ་བོང་བུའི་ཁྲག་གིས་གྲོ་ག་ལ་བྲིས་ལ་གཏོར་མའི་འོག་ཏུ་བཅུག་ལ་ཁྲག་དང་འོ་མ་བསྲེས་ལ་སྦྲེང་ཞིང་། ཡི་དམ་གྱི་སྙིང་པོ་གང་ཡིན་པ་དེ་
མས་བཟློག་ལ་སྟོང་ཕྲག་བདུན་བཟླས་ཏེ། ལས་མ་གྲུབ་པ་ནི་མཆོག་ཡིན་ནོ་ཞེས་ལན་བདུན་བརྗོད་པས་གཏོར་མ་དེ་དག་དུར་ཁྲོད་དུ་ཁྱེར་ལ་དོང་བྲུས་ལ་དོང་དུ་བླུགས་ལ་དུར་ཁྲོད་ཀྱི་སོལ་བས་བཅད། དེ་དག་ཀུན་གྱི་འོག་ཏུ་ཅི་འདོད་པའི་དོན་དེ་ལས་ལ་སྦྱར་ལ་གཞག་གོ། །དེ་ནས་
བུམ་པའི་ནང་གི་ཡི་དམ་གྱི་གཟུགས་ལ་ཡེ་ཤེས་སེམས་དཔའ་ལན་བརྒྱ་རྩ་བརྒྱད་བཅུག་ལ་རང་གི་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། སྙིང་པོ་སྟོང་ཕྲག་གཅིག་བཟླས་ལ་སྤྱན་དྲང་བ་དང་མཆོད་པ་དང་བསྟོད་པ་རང་གི་གཞུང་དང་མཐུན་པར་བྱས་ལ། མཆོད་པ་དང་བསྟོད་པ་
གཏོར་མ་བརྒྱ་རྩ་བརྒྱད་བྱས་ན་སྔར་སྔགས་ཀྱི་ལན་གྲངས་དང་དུས་ལས་སྐྱོལ་ན་མ་གྲུབ་པ་རྣམས་གྲུབ་སྟེ། དེ་ལྟར་བྱས་ན་བདག་ཉིད་བུམ་པའི་ཆུས་ཁྲུས་བྱས་ཏེ། བདག་གི་ལུས་ཁྲོ་བོ་གྲངས་མེད་པར་སྤྲུལ་ལ་དེ་དག་རྣམས་ཀྱི་ལུས་ལ་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པ་སྤྲོས་ནས་སྣང་
བ་ཐམས་ཅད་ཁྲོ་བོར་དམིགས་ལ། ཁྲོ་བོ་དེ་དག་གིས་འདོད་པའི་དོན་གང་ཡིན་པ་ངེས་པར་སྟེར་བ་དང་། བདག་ཉིད་ཀྱི་ལས་དང་བག་ཆགས་ཐམས་ཅད་རྒྱུན་གཅད་དེ། ཉེས་སྐྱོན་དང་དྲི་མ་ཐམས་ཅད་དག་པར་དམིགས་སོ། །དེའི་རྗེས་ལ་ཁམས་གསུམ་གྱིས་བསྡུས་པའི་

སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱང་རྒྱུན་གཅད་དེ། ཏིལ་གྱི་འབྲུ་ཙམ་ཡང་མ་ལུས་པར་དག་པར་དམིགས། འདོད་པའི་དོན་ཇི་ལྟར་དམིགས་པ་བཞིན་དུ་ཁམས་གསུམ་དུ་གཏོགས་པའི་གཟུགས་དང་གཟུགས་མེད་པ་རྣམས་ཀྱིས་
ཀྱང་ཁྱོད་ཀྱི་སྔགས་ངེས་པར་འགྲུབ་པར་ལྷ་ཆེ་གེ་མོས་གྱིས་ཤིག་པར་འདོད་པའི་དོན་ལ་གསོལ་བ་གདབ་པར་དམིགས་སོ། །དེ་ནས་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་རྣམས་ལ་གཏོར་མ་རོ་མཆོག་བརྒྱ་དང་ལྡན་པ་སྦྱིན་པར་བྱའོ། །དེ་ནས་སྨོན་ལམ་གདབ། དཀྱིལ་འཁོར་
བསྡུ། བཀྲ་ཤིས་གསོལ། ཡི་གེ་བརྒྱ་པ་ཡང་འབུམ་ཕྲག་གཅིག་གིས་བཤགས་སོ། །གཟུངས་སྔགས་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་རྡོ་རྗེ་བེ་ཅོན་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །བཅོམ་ལྡན་འདས་རྡོ་རྗེ་རྣམ་
པར་འཇོམས་པ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་ལས་ཆུད་མི་ཟ་བར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་བུམ་པ་གཅིག་པའི་དཀྱིལ་འཁོར་བཞེངས་ལ། དེ་ལ་ཅི་འདོད་པའི་དབང་བསྐུར་བླངས་ལ་བདག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ལ་ཐུགས་གཉིས་སུ་མེད་པའི་
ཡེ་ཤེས་རྣམས་བདག་ལ་བལྟས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་དབྱིབས་རྣམས་བདག་ལ་བསྟིམས་ལ། དེ་ནས་རང་འདོད་པའི་ལྷར་དམིགས་ལ་བསྙེན་པ་འབུམ་ཕྲག་གཅིག་བསྒྲུབ་པ་ལ་འབུམ་ཕྲག་གཉིས་བྱས་ལ་མཆོད་པ་བདག་ཉིད་ཀྱིས་བདག་ལ་མཆོད་པ་དང་། དེ་བཞིན་དུ་
བསྟོད་པ་དང་། གསོལ་བ་གདབ་པ་དང་། བསྐུལ་བ་དང་། རྗེས་སུ་ཡི་རང་བ་དང་། བདག་དང་སེམས་ཅན་གྱི་དོན་རྗེས་སུ་གཟུང་བ་རྣམས་བྱ་སྟེ། བུམ་པའི་ནང་ནས་ཀྱང་མཆོད་པའི་ལྷ་མོ་གྲངས་མེད་པ་རྣམས་སྤྲོས་ལ་བདག་ལ་མཆོད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
དཔག་ཏུ་མེད་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་བདག་ལ་རྗེས་སུ་ཡི་རངས་ཤིང་བསྟོད་པ་དང་། འཇིག་རྟེན་ལས་འདས་པའི་གཟུགས་འཛིན་པའི་མཁའ་འགྲོ་མ་གྲངས་མེད་པ་རྣམས་ཀྱིས་ཀྱང་བདག་གི་ཞབས་སྤྱི་གཙུག་ཏུ་ལེན་ཅིང་། རབ་ཏུ་བསྟོད་པ་དང་འཇིག་རྟེན་ལ་གནས་ཤིང་

འཇིག་རྟེན་སྐྱོང་བའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། ཚངས་པ་ལ་སོགས་པ་རྣམས་ཀྱིས་ཀྱང་བདག་ལ་མཐུ་དང་གཟི་བརྗིད་དང་། དཔལ་འཇུག་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་སྤྲུལ་པའི་གཟུགས་གྲངས་མེད་པ་སྤྲུལ་ཏེ། རྫུ་འཕྲུལ་བྱིན་ཅིང་ངོ་མཚར་གྱི་
ཚོགས་བཤད་པ་མང་པོར་བརྗོད་པར་དམིགས་ལ། ཁམས་གསུམ་ན་ཇི་ལྟར་དམིགས་པའི་མཐུ་རྩལ་དང་། ལོངས་སྤྱོད་པ་དང་། དཔལ་དང་། དགེ་བ་དང་། སྟོབས་དང་། གཟི་བརྗིད་དང་། དབང་ཕྱུག་ལ་སོགས་པ་དང་བདག་ལྡན་པར་དམིགས་པ་དང་། འདས་པའི་ཡེ་
ཤེས་དང་ཐམས་ཅད་མཁྱེན་པ་དང་དེ་བཞིན་ཉིད་དང་ཟག་པ་མེད་པའི་ཆོས་ཉིད་ཐམས་ཅད་བདག་ཉིད་ཡིན་པར་དམིགས་སོ། །དེ་ལྟར་དམིགས་པ་ལ་རྒྱུད་རྫོགས་པར་ཀླག་པ་ཚར་རེ་ཞིང་རང་གི་འདོད་པའི་གཙོ་བོའི་དངོས་གྲུབ་ལན་རེ་བླངས་ཏེ། ཁམས་གསུམ་གྱི་བཅུད་བསྡུས་འདས་
པའི་དཔལ་བསྡུའོ། །དེ་ལྟ་བུ་ལན་བརྒྱ་རྩ་བརྒྱད་བྱས་པས་རིག་སྔགས་སམ། གསང་སྔགས་ཀྱི་འདོད་པའི་དོན་གཅིག་འགྲུབ་པས་ལྷག་མ་མ་ལུས་པར་འགྲུབ་ཅིང་དེ་ཉིད་ལ་ཟག་པ་མེད་པར་ལོངས་སྤྱོད་པར་ངེས་སོ། །གཟུངས་སྔགས་ཀྱི་ལས་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་
རིན་པོ་ཆེའི་གཏེར་སྒྲུབ་ཅེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྣམས་ཀྱིས་ཆར་འབེབས་པའི་ལས་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་དཀྱིལ་
འཁོར་སྔ་མ་བཞིན་བཞེངས་ལ། ཀླུ་གནས་པའི་སར་སྦྲ་ཕུབ་ལ་ཀླུ་གཟུགས་དང་གཏོར་མ་རྣམས་བཤམས་ལ། གཙོ་བོ་འཁོར་དང་བཅས་པ་རྣམས་མཆོད་ལ། སྒྲུབ་པ་པོ་བཞི་ཕྱོགས་བཞི་ནས་རྒྱུད་སྟོང་ཕྲག་རེ་ཀླག །གཅིག་གིས་ཀླུ་རྣམས་ཀྱི་སྙིང་པོ་བཟླ་ཞིང་མཆོད། གཅིག་
གིས་གཏོར་མ་དང་ཆུ་གཏོར་གྱི་ལས་བྱའོ། །དེ་ལྟར་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། གལ་ཏེ་ཉེ་བར་མ་ཕེབས་ན་རྡོ་རྗེ་རྣམ་འཇོམས་ཀྱི་ང་རྒྱལ་དུ་བྱས་ལ་སྙིང་པོ་བསྡུས་པ་ལ་སྟོང་ཕྲག་གསུམ་བཟླས་ཏེ། ཀླུ་ཤིང་སྣ་ཚོགས་པའི་མེ་སྤར་ཏེ། དཀར་ཆོས་ཀྱི་སྦྱིན་སྲེག་བྱའོ། །

དེས་ཀྱང་མ་ཕེབས་ན་བདག་ཉིད་ཀྱི་སྙིང་ག་ནས་ཁྲོ་ཆུང་གྲངས་མེད་པ་སྤྲོས་ཏེ་དེ་དག་རེ་རེ་ལས་སྤྲུལ་པའི་ཁྱུང་གྲངས་མེད་པ་སྤྲོས་ཏེ། ཀླུ་རྣམས་ཀྱི་མགྲིན་པ་ནས་བཟུང་བས་ཀླུ་དེ་དག་རབ་ཏུ་སྐྲག་པ་ལས། རབ་ཏུ་སྐྱུགས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དུ་འབབ་
པར་དམིགས་ཏེ་དྲག་ཤུལ་གྱི་སྦྱིན་སྲེག་བྱས་པས་ངེས་པར་ཕེབས་སོ། །ཀླུའི་ལས་ཆར་དབབ་པ་བདུད་རྩིའི་རྒྱུན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འདོད་པ་ཐམས་ཅད་རབ་
ཏུ་སྦྱིན་པ་ལས་ཀླུ་ལ་སོགས་པའི་འགྲོ་བ་རྣམས་ཚིམ་པར་འདོད་པའི་ཆོ་ག་རྫོགས་པར་འདོད་པས། སྣོད་རབ་ཏུ་མཛེས་ཤིང་དྲི་མ་མེད་པའི་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པ་ལ་འབྲུ་སྣ་ཚོགས་ཀྱི་ཕྱེ་མ་དང་རིན་པོ་ཆེ་ལྔ་དང་སྨན་ལྔ་དང་། དྲི་ལྔ་དང་མེ་ཏོག་ལྔ་ལ་སོགས་པས་བལྟམས་ལ་
བདག་ཉིད་ཁ་བཤལ་ལ། ན་མོ་རྒྱལ་བ་སྲས་དང་བཅས་པ་མ་ལུས་དགོངས་སུ་གསོལ། །བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བླ་མ་དཀོན་མཆོག་གསུམ་ལ་མཆོད་པར་བགྱི། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་
བ་བགྱིད་ལ་རྗེས་ཡི་རང་། །མྱ་ངན་མི་འདའ་གསོལ་བ་འདེབས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསགས་པའི་དགེ་བ་བསྔོ་བར་བགྱི། །ཀུན་ཀྱང་བྱང་ཆུབ་ཐོབ་པར་སྨོན། །བླ་མ་དཀོན་མཆོག་སྤྱན་སྔ་རུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་
བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བརྗོད་དོ། །སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་སྔོན་དུ་སྟོང་པ་ཉིད་ལ་བློ་གནས་པར་བྱས་ལ། ཚད་མེད་པ་བཞི་རྣམ་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་བདག་ཉིད་
སྐུ་མདོག་དཀར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པར་བྱས་ལ། ཨོཾ་སརྦ་ཨ་ཡ་སྭཱ་ཧཱ་ཞེས་ཆོས་ཉིད་དབྱིངས་རྣམ་པར་དག་པའི་རང་སྒྲས་གཏོར་མའི་ཉེས་པའི་སྐྱོན་རྣམས་སྦྱངས་ཏེ། ཡེ་ཤེས་ཀྱི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པར་དམིགས་སོ། །དེ་ནས་ན་མཿས་མནྟ་བཛྲ་ཎཱཾ་ཞེས་བརྗོད་ཅིང་།

ལྕགས་ཀྱུའི་ཕྱག་རྒྱ་དང་ལྡན་པས་བླ་མ་དགེ་བའི་བཤེས་གཉེན་དང་། བུདྡྷ་བོ་དྷི་སཏྭ་དང་། ཉན་རང་དང་ཁམས་གསུམ་ན་གནས་པའི་འཇིག་རྟེན་སྐྱོང་བའི་སྲུང་མ་དང་། མགྲོན་བཞི་སྤྱན་དྲངས་ཏེ། རྩོད་པ་ཕྲག་དོག་མེད་པར་བཞུགས་པར་བསམ་མོ། །དེ་ནས་ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་
སརྦ་ཨ་པ་ཛཱ་ཡ་སྭཱ་ཧཱ་ཞེས་བརྗོད་པས་ཇི་ལྟར་འདོད་པ་བཞིན་དུ་ཚིམ་པར་མོས་པ་བྱའོ། །དེ་ནས་ཚིགས་བཅད་འདི་དག་རྣམས་ཀྱང་བརྗོད་དོ། །ཆོས་དང་མི་འཇིགས་ཟང་ཟིང་གིས། །སྲིད་ཞིའི་འཕགས་པ་དཀོན་མཆོག་གསུམ། །ཡབ་ཡུམ་སྲས་དང་བཅས་རྣམས་ལ། །ཞིང་ཁམས་དཔག་ཏུ་
མེད་པ་ན། །བཞུགས་ཤིང་སྟོན་པ་འཁོར་དང་བཅས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་དང་། །ཉན་ཐོས་རྣམས་དང་རང་སངས་རྒྱས། །དགྲ་བཅོམ་དྲི་མ་མེད་རྣམས་ལ། །མཆོད་སྦྱིན་དག་གིས་གཏོར་མ་བསྔོ། །ཡོན་ཏན་མགྲོན་དུ་གྱུར་པ་ནི། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །རྒྱལ་
ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །གཟའ་བརྒྱད་ཀླུ་བརྒྱད་འཕྲོག་མའི་བུ། །མཁའ་འགྲོ་མ་དང་ཆོས་སྐྱོང་རྣམས། །སྟོང་གྲོགས་མགོན་ཚུལ་བྱེད་ལ་བསྔོ། །ལན་ཆགས་མགྲོན་གྱི་རིགས་རྣམས་ལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ཁྱད་པར་མཆོག་རིགས་བཅོ་ལྔ་དང་། །
ཀླུ་དང་ས་བདག་མ་མོ་དང་། །བདུད་དང་རྒྱལ་པོ་བཙན་རིགས་དང་། །ས་སྲིན་ཀླུ་སྲིན་བཙན་རིགས་དང་། །འབྱུང་པོ་མང་པོ་འཁོར་དང་བཅས། །སྔོན་གྱི་ལན་ཆགས་སྙེགས་ལ་བསྔོ། །སྙིང་རྗེའི་མགྲོན་དུ་གྱུར་པ་ནི། །ཁམས་གསུམ་འཁོར་བའི་རིགས་དྲུག་སྟེ། །སྐྱེ་བཞི་ལམ་ལྔས་
བསྡུས་པ་ཡི། །སེམས་ཅན་རྣམས་ལ་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །བྱོལ་སོང་གཅིག་ལ་གཅིག་ཟ་བ། །དེ་རྣམས་བདེ་དང་ལྡན་ནས་ཀྱང་། །ཡི་དགས་རྣམས་ལ་ཟས་སྐོམ་དང་། །ཇི་ལྟར་འདོད་པ་ཐོབ་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །
མི་བཟད་རྣམ་པ་སྣ་ཚོགས་པ། །དེ་དག་རྣམས་ལས་ཐར་བར་ཤོག །ཅེས་བསྔོའོ། །གཞན་ཡང་ཇི་ལྟར་རིགས་པར་བསྔོ། །ཀླུ་རྣམས་མཉེས་པར་བྱེད་པའི་ཆུ་ལ་བརྟེན་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།།

༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཀླུ་ཆེན་པོ་རྣམས་ཀྱི་སྤྲིན་དྲལ་བའི་ཆོ་ག་བསྒྲུབ་པར་འདོད་པས་བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་དམར་པོར་བསྒྱུར་ལ་སྙིང་པོ་བསྡུས་པའི་སྔགས་བཟླས་ཏེ། ཡུངས་ཀར་ལ་ཀླུ་ཆེན་པོ་རྣམས་ཀྱི་ཡིད་བཞིན་གྱི་ནོར་
བུར་དམིགས་ཏེ། ནམ་མཁའ་ལ་གཏོར་བས་ཀླུ་རྣམས་ཀྱི་སྙིང་ག་ནས་ཕུཿཞེས་པའི་ཡི་གེ་གྲངས་མེད་པ་འཕྲོས་པས་སྤྲིན་གྱི་ཚོགས་རྣམ་པར་བཤིགས་ཏེ། ནམ་མཁའ་རང་དངས་སུ་སོང་བར་དམིགས་སོ། །བདག་ཉིད་རྡོ་རྗེ་ཆེན་པོའི་ང་རྒྱལ་དང་ལྡན་པས་སྡིགས་མཛུབ་བསྒྲེངས་ཏེ། ཁྲོ་བོའི་
སྡང་མིག་བཟློག་ལ་སྔགས་ཟློས་ཤིང་མཛུབ་རིས་བྱ། ཁ་ནས་མེའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བར་སྣང་ཐམས་ཅད་མེ་དཔུང་གིས་ཁེངས་པར་དམིགས་སོ། །གང་བསྲུང་བའི་ཕྱོགས་སུ་ཕུར་བུ་ལ་ཁྲོ་བོ་བཅུར་དམིགས་ལ་གདབ་བོ། །སེམས་ཅན་བསྲུང་བའི་ལས་སྤྲིན་དྲལ་བའི་
འབྱུང་བ་གཅོད་བྱེད་ཅེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བྱིས་པའི་གདོན་ལས་ཐར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་སྔོན་དུ་སྲིན་མོ་ནམ་གྲུའི་ཆོ་འབྲང་བཏོན་ཏེ་
གཏོར་མ་སྦྱིན། འབྲས་ཀྱི་འོ་ཐུག་དང་། ཀྲི་ས་ར་དང་། འབྲས་ཆན་མོན་སྲན་གྲེའུ་སྦྱར་བ་དང་། བུ་རམ་དང་། འོ་མ་དང་། ཉ་དང་། ཤ་དང་། ཏིལ་དང་། ཆང་དང་། འགྲོན་བུ་དང་། དྲི་དང་མེ་ཏོག་སྣ་ཚོགས་པའི་གཏོར་མ་དུར་ཁྲོད་དུ་བྱིན་ན་བྱིས་པའི་གདོན་སྲུང་བ་དང་མི་ནད་ཆེན་པོ་རྣམས་
ཞི་བར་འགྱུར་རོ། །འདི་དག་གིས་བཤོས་གཙང་མ་ལ་སོགས་པ་བཛྲ་པཱ་ཎི་འཁོར་དང་བཅས་པ་ལ་མཆོད་ཅིང་རྒྱུད་རྫོགས་པར་ཅི་རིགས་པར་བཀླག །དེ་ནས་སྲིན་མོ་ཆེན་མོ་ནམ་གྲུའི་དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཛུབ་མོ་གཉིས་ཚིགས་མར་བཀུག །
གུང་མོ་གཉིས་གཤིབས་ཏེ། བསྒྲེང་པའི་ཚིགས་དང་པོར་མཛུབ་མོ་གཟུགས་ཏེ། མཐེ་བོང་གཉིས་བསྒྲེང་བར་བྱས་ལ། ན་མོ་བཛྲ་པཱ་ཎི་བྱ་ཙི་ལི་ཙི་ལི་བྷིཎྚི་བྷིཎྚ། མུཉྩ་མུཉྩ། ཧི་བཱ་ལ་ཀན་སྭཱ་ཧཱ། བཛྲ་པཱ་ཎི་རཱཛྙཱི་པ་ཡ་ཏི་སྭཱ་ཧཱ། དེ་བ་ས་མན་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རི་ཤ་ཡ་ས་མ་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་

གསེར་དང་། ལུང་ཏང་དང་། ཛི་བ་ལིག་བུ་མིག་དང་། གི་ཝང་དང་། མར་དང་། སྦྲང་རྩི་དང་། ཤུ་དག་དང་། དན་ད་དང་། གྲོག་ལ་ཆོ་འབྲང་དང་། རིག་སྔགས་བྲིས་པ་རས་སྔོན་པོའི་ནང་དུ་དྲིལ་བ་དང་། སྐུད་པ་སྔོན་པོ་ལ་མདུད་པ་བོར་བ་རྣམས་ཀྱིས་བྱིས་པའི་མགུལ་དུ་
བཏགས་ན་བྱིས་པ་ངེས་པར་གདོན་གྱི་དབང་དུ་མི་འགྱུར་བར་ངེས་སོ། །ནམ་གྲུའི་ཆོ་འབྲང་སྨོས་པས་བསྟོད་པ་ནི། ནོར་བུའི་རང་བཞིན་འོད་ཀྱི་ལུས། །རྒྱན་ནི་འཛམ་བུ་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་ཡང་དངུལ་ཡིན་ཏེ། །ལྟེ་བའི་ངོས་ནི་རྡོ་རྗེ་མཁྲེགས། །མིང་པོ་མཛོད་དང་མཛོད་སྲུང་
གཉིས། །ཁྱོད་ཀྱི་མིང་ནི་ཀུན་གྲོལ་མ། །ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །བཱ་གི་ར་ཐི་ཁྱོད་ཀྱི་རུས། །ལྷ་ཡུལ་དག་ཏུ་གྲགས་པ་ཡིན། །ཞེས་བསྟོད་ཅིང་གཏོར་མ་བྱིན་པས་ངེས་པར་བསྲུངས་ཏེ། གོང་གི་རྫས་རྣམས་དང་བཅས། རིག་སྔགས་བསྟོད་པ་གཉིས་གི་ཝང་གི་ཆུས་གྲོ་ག་ལ་
བྲིས་ལ་མགུལ་ལམ་སྤྱི་བོར་གདགས་སོ། །དེ་ཡང་སྔོན་དུ་ཁྲུས་བྱས་ལ་གདགས་སོ། །དེ་སུ་ལ་བཏགས་པའི་འགྲོ་བ་དེ་ནི་ནམ་གྲུས་དཔག་ཚད་ལྔ་བཅུ་ཚུན་ཆད་སྲུང་བར་བྱེད་དོ། །བྱིས་པ་གདོན་ལས་ཐར་བར་བྱེད་པའི་བསྒྲུབ་པ་གསང་བ་མེའི་འཁོར་ལོ་ཞེས་བྱ་བ། སློབ་དཔོན་ཡེ་
ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣམ་པར་འཇོམས་པའི་སྦྱིན་སྲེག་གི་ཆོ་ག་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་སྦྱིན་སྲེག་གི་ལས་བརྩམ་པར་བྱའོ། །དེ་ལ་ཞི་བའི་ཐབ་ཁུང་
ནི་ཟླུམ་པོ་དཔངས་སུ་སོར་དྲུག་པ། ཁ་ཁྱེར་ལ་སོར་བཞི་པ་རྡོ་རྗེ་ར་བ་དང་བཅས་པ་དབུས་པདྨ་འདབ་མ་བརྒྱད་པ་དཀར་པོ། གོང་རས་དཀར་པོ། མུ་ཁྱུད་སེར་པོ། ལོགས་རྣམས་ཀྱང་དཀར་པོ། མེ་ཏོག་གི་སིལ་མ་དཀར་པོའི་གཅལ་བཀྲམ་མོ། །དེ་ནས་རྩྭ་ཀུ་ཤའི་གདན་བྱས་ལ་ཡར་ངོའི་
ཚེས་གཅིག་ནས་བརྩམས་ཏེ། བདག་ཉིད་གོས་དཀར་པོ་དྲི་མ་མེད་པ་གྱོན་ལ་བྱང་དུ་ཁ་བལྟས་ལ་ཞི་བའི་སེམས་བསྒོམས་ཏེ། པདྨའི་དཀྱིལ་འཁོར་ནང་དུ་འདུག་ལ། རྫས་ནི་ནས་དང་། འོ་ཐུག་དང་། ཞོ་དང་། འབྲས་དང་། སྤོས་དང་། ཏིལ་དང་། སཱ་ལུའི་ཆན་དང་། མེ་ཏོག་དཀར་པོ་དང་།

ཐང་ཆུ་དྲི་ཞིམ་པ་ལ་སོགས་པ་དང་། མར་ལ་སོགས་པ་རྣམས་པ་སོགས་ལ་ཡམ་ཤིང་རློན་པའི་དུས་ན་འོ་མ་ཡོད་པ་བཅད་ལ་བསྐམས་ཏེ། ཐབ་ཁུང་དུ་བཅེར་ལ་ཡམ་ཤིང་དྲི་ཞིམ་པོ་དགོན་པར་གནས་པའི་བ་ལང་གི་ལྕི་བ་སྦྲང་རྩི་དང་མར་གྱིས་བྱུགས་ལ་བཅེར། ཞི་
བའི་དགང་གཟར་ཟླུམ་པོ་ཡིད་ཙམ་ཁ་གདེངས་པ་འཁོར་ལོས་མཚན་པའོ། །དགང་བླུགས་གཉིས་ཀའི་ཡུ་བ་སྲིད་དུ་ཆང་པ་ལྔའོ། །ཟབས་སུ་སོར་གཅིག་བརྐོས་ཏེ། མཐེ་བོང་གི་སན་མོ་ལ་ཐུག་པའི་ཕྱེད་ནི་མར་ལའོ། །དེ་བས་ཆུང་བ་ཐ་མར་བྱའོ། །དེའི་རྒྱུ་ནི་ཞི་བ་དཀར་པོ་ཤིང་དག་དྲི་
ཞིམ་པའི་ཤིང་ལས་བྱའོ། །དེ་ནས་མེ་ལྷ་དྲང་སྲོང་རིད་པ་སྤྱན་དྲངས་ཏེ་བསྟིམས་ལ། དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའ་བསྟིམས་ལ་སྲེག་པའི་སྔགས་ནི། ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་པ་ར་མ། གྲྀ་ཧི་ཏྭཱ་ཧུ་ཏི་མ་ཧཱ་རཱཾསྨི་སཾནྣི་ཧི་ཏོ་བྷ་བཱ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ནཱ་ཡ་སྭཱ་ཧཱ། དེ་ལྟར་མེ་ལྷ་སྤྱན་
དྲངས་ལ་དགང་བླུགས་གསུམ་དབུལ་བར་བྱའོ། །མེ་ལྷ་སྲེག་རྫས་དབུལ་བའི་སྔགས། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧཱ་ན་ཡཱ་དི་བྱ་དི་བྱ་བ་ཧ་ན་ཡ་སྭཱ་ཧཱ། མེ་ལྷ་ལ་གཡས་སུ་བསྐོར་ཞིང་བསང་གཏོར་བྱའོ། །མར་ལ་སོགས་པ་སྲེག་པའི་སྔགས་ནི། ཨོཾ་ཀཱི་ལི་ཀཱི་ལ་ཡ་བཛྲ་བྷི་མ་རུ་དྲ་པྲ་ཀི་ཏི་མ་ཧཱ་ཀྲོ་
དྷ་བི་ཛ་ནི་ཀྲྀནྡྷ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧ་ཞེས་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་གསུམ་ཀ་ལ་བྱའོ། །དང་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་མཆོད་ཅིང་དེ་ནས་ཁྲོ་བོ་རྣམས་དང་། རྒྱལ་པོ་བཞི་དང་། ལྷ་མོ་བརྒྱད་དང་། ཕྱོགས་སྐྱོང་བཅུ་དང་། སྒོ་མ་རྣམས་རིམ་པས་མཆོད་ལ། བྱུག་སྤོས་མེ་ཏོག་དང་།
མཆོད་པས་མཆོད། དེ་ནས་ཡོན་བདག་གི་དོན་དུ་གཏོར་མ་བཏང་། གཞན་དོན་དུ་བྱེད་ན་གོས་དང་ཁྲུས་ལ་སོགས་པ་ལེགས་པར་བྱ་སྟེ། དགའ་སྟོན་བྱའོ། །དམིགས་པའི་བགེགས་ལ་སྲེག་བླུགས་ཀྱིས་ལེགས་པར་མཆོད་ལ། ཆེ་གེ་མོའི་ནད་དང་རླུང་དང་མཁྲིས་པ་དང་བད་ཀན་དང་
ལྡན་པ་དང་། འདུས་པ་ལས་གྱུར་པ་རྣམས་ཞི་བར་གྱུར་ཅིག་སྭཱ་ཧཱ། ཞི་བའི་སྦྱིན་སྲེག་གི་ཆོ་ག་རྒྱུད་ཀྱི་ཞི་བའི་མཚན་དོན་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྒྱས་པའི་སྦྱིན་སྲེག་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་མེ་ཏོག་ལ་

སོགས་པ་དྲི་ཞིམ་པོས་བྱུགས་ལ། ཡང་ན་གནས་ཁང་གི་ནང་རྣམས་སུ་ས་སེར་པོའི་ལྡེ་གུའམ་བའི་ལྕི་བ་གུར་གུམ་གྱི་ཆུས་ལེགས་པར་སྦྱར་ལ་རྟག་ཏུ་བྱུག་པར་བྱའོ། །ད་ནས་རྒྱས་པའི་ཐབ་ཁུང་གྲུ་བཞི་པ། ངོས་རེ་ལ་ཁྲུ་རེ་ཡོད་པ་ཁ་ཁྱེར་མཐོ་གང་གི་ཚད་ཡོད་པ། ཡར་གྱི་དཔངས་སུ་མཐེ་
བོང་གི་སེན་མོ་ལ་ཐུག་གི་ཚད་ལ་འཇིམ་པའི་འབུར་དུ་རྡོ་རྗེས་ཁྱབ་པར་དགོད་དོ། །དེའི་དབུས་སུ་པདྨ་མཛུབ་གང་བ་སེར་པོ་འབུར་དུ་དོད་པར་བྱའོ། །དེ་ཉིད་ཀྱི་དཔངས་སུ་སོར་བཞི་པ་བརྩིགས་ཏེ་བྱུག་སྤོས་སེར་པོ་ལ་སོགས་པས་བྱུག་པར་བྱའོ། །དེ་ལྟར་རྒྱས་པ་ལ་ནི་རྫས་ནི་མངར་གསུམ་དང་།
སྦྲང་རྩི་དང་མར་དང་ཞོ་སྦྱར་བ་དང་། ཏིལ་ནག་པོ་དང་། འབྲས་སཱ་ལུ་སྐམ་པོ་དང་། ཞོ་སྦྱར་བ་ལ་སོགས་པ་གཟུང་སྟེ། བདག་ཉིད་བཀྲ་ཤིས་པའི་སྐྱིལ་མོ་ཀྲུང་གིས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །ཡམ་ཤིང་ཀུ་ཤ་དང་ཁམ་བུ་ལ་སོགས་པའི་འབྲས་བུ་དང་། མངར་དང་ལྡན་པའི་
ཤིང་ལས་བྱ་སྟེ། ཡམ་ཤིང་གི་ཚད་ནི་སྦོམ་ཕྲ་ཆག་གང་བ་སྲིད་དུ་ཁྲུ་གང་བ་ཞོ་དང་མར་སྦྱར་བས་བྱུགས་པའོ། །དེ་ཡང་ཉའི་སྔ་དྲོ་ནས་ཕྱི་མ་སྟོང་གི་བར་དུ་ཉིན་རེ་ལ་ལན་གསུམ་བྱའོ། །རྒྱལ་རིགས་སམ་རི་ལ་མེ་ཤོར་བ་ལས་མེ་བླངས་ཏེ། མེ་ལྷ་སྤྱན་དྲངས་པ་ལ་སོགས་པ་སྔ་གོང་གིས་བྱ།
སྲེག་རྫས་དབུལ་བར་བྱའོ། །སྲེག་རྫས་དབུལ་བ་ལ་སོགས་པའི་དགང་བླུགས་ནི་གྲུ་བཞི་པ་ཕྱིའི་དབྱིབས་གཞུའི་དབྱིབས་ལྟ་བུ་ལ་རིན་པོ་ཆེས་མཚན་པར་དབུལ་བའོ། །དེ་ལྟར་བྱས་ན་ཚེ་དང་ལོངས་སྤྱོད་འཁོར་དང་སྡེ་ལ་སོགས་པ་རྒྱས་པར་འགྱུར་རོ། །རྒྱུད་ཀྱི་རྒྱས་པ་ཞེས་བྱ་བའི་ཚིག་ལེགས་
པར་སྒྲུབ་པ། རྡོ་རྗེ་རྣམ་འཇོམས་ཀྱི་རྒྱས་པར་བྱེད་པའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །མངོན་སྤྱོད་ཀྱི་སྦྱིན་སྲེག་གི་སྒོ་ནས་ཚར་གཅད་པའི་ལས་བསྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། མར་གྱི་ངོའི་བརྒྱད་
པ་ལ་ཐབ་ཁུང་ཁྲུ་གང་བ་གྲུ་གསུམ་པ་དཔངས་སུ་ཁྲུ་ཕྱེད་པ་ཁ་རན་སོར་བཞི་རྡོ་རྗེ་གདེངས་པ། འཇིམ་པ་ལ་རྡོ་རྗེ་གདེངས་པ་འབུར་དུ་བཏོད་པ་ནང་དུར་ཁྲོད་ཀྱི་སོལ་བ་ལ་སོགས་པ་ནག་པོས་བྱ། ནང་དུ་མེ་རི་དང་། དབུས་དང་གྲུ་རྣམས་སུ་མེའི་ས་བོན་བྲི་བར་བྱའོ། །ས་གཞི་རྣམས་ཀྱང་

ནག་པོ་མེ་ཏོག་ནག་པོའི་གཅལ་དགྲམ། དུག་ཤིང་ལ་སོགས་པའི་ཡམ་ཤིང་ལ་རོ་རས་ཀྱིས་དཀྲིས། ཏིལ་མར་གྱིས་བྱུགས་ལ་སྲིད་དུ་ཁྲུ་གང་བ། སྦོམ་པ་ནི་ཆང་པ་གསུམ་པ་བྱའོ། །ཡང་ཚེར་མ་ཅན་གྱི་ཤིང་མཐའ་དག་ལ་དགང་གཟར་གྱི་ཚད་ནི་
སྔར་དང་འདྲ་བ་ལ་དབྱིབས་གྲུ་གསུམ་པ་རྡོ་རྗེས་མཚན་པ། བླུགས་གཟར་འདྲའི། སྲེག་རྫས་ནི་དུག་དང་། ཏིལ་ནག་པོ་དང་། ཡུངས་ནག་དང་། ཟི་ར་དང་། འབྲུ་མར་སྣ་ཚོགས་པས་སྲེག་གོ། །དགྲ་འམ་གང་སྡང་བར་སེམས་པའི་མིང་གྲོ་ག་ལ་ཡེ་དང་ཕཊ་ཀྱི་བར་དུ་བཅུག་ལ་བྲི་བར་
བྱའོ། །དེ་ནས་བདག་ཉིད་གོས་ནག་པོ་གོན་ཏེ། ཁ་ལྷོ་ཕྱོགས་སུ་བལྟས་ལ་མེ་ལྷ་སྤྱན་དྲང་བ་དང་། སྲེག་རྫས་དབུལ་བ་ལ་སོགས་པ་སྔ་མ་བཞིན་བྱས་ལ་བྱམས་པ་དང་སྙིང་རྗེའི་སེམས་སྤངས་ལ། དྲག་ཤུལ་དང་ལྡན་པའི་སེམས་སུ་བལྟས་ཏེ། གསད་པ་དང་། བསྐྲད་པ་དང་། བཅིང་
བ་དང་། བཀར་བ་ལ་སོགས་པའི་ལས་ཅི་རིགས་པར་བྱའོ། །མེ་ནི་བྲམ་ཟེའི་ཁྱིམ་ནས་བླངས་ལ་རླུང་ཡབ་ཀྱིས་མེ་སྦར་ལ་བྱའོ། །སྲེག་རྫས་དབུལ་བའི་སྔགས་ཀྱི་ཐ་མ་ལ་དགྲ་ལ་བྱེད་ན་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པ་དང་བགེགས་ལ་བྱེད་ན་ཨུ་ཙ་ཏ་ཡ་ཕཊ་ཅེས་པས་བྱའོ། །དེ་ལྟར་ཉི་མ་
རེ་ལ་ལན་ཉེར་གཅིག་ཏུ་བྱས་པའི་བརྒྱ་རྩ་བརྒྱད་དུ་བྱས་ན་ཚར་གཅད་པའི་ལས་ངེས་པར་འགྲུབ་བོ།། ༄༅། །དབང་དུ་བྱ་བ་ནི་སྦྱིན་སྲེག་གི་དབང་བསྐུར་བའི་དུས་ན་ཞི་རྒྱས་ཀྱི་སྲེག་བླུགས་གང་བྱས་ཀྱང་དབང་དུ་འགྱུར་བར་ངེས་སོ། །དེ་ནས་ཡོན་བདག་གི་དོན་དུ་གཏོར་མ་སྦྱིན་པ་ནི། ཨོཾ་རུ་དྲྭ་ཡ་སྭཱ་ཧཱ། བ་
ལིཾ་ཏ་ཁཱ་ཧི་ཞེས་པས་དབང་ལྡན། མེ་ལྷའི། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁཱ་ཧི། གཤིན་རྗེའི། བེ་སཏྱཱ་ཡ་སྭཱ་ཧཱ། བདེན་བྲལ་ལ། རཱཀྵ་ས་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུ་ལྷ་ལ། མེ་ག་ཤ་ནི་ཡེ་སྭཱ་ཧཱ། རླུང་ལྷ་ལ། བཱ་ཡ་བེ་སྭཱ་ཧཱ། གནོད་སྦྱིན་ལ། ཡཀྵ་བི་དྱཱ་དྷ་རཱ་ཡ་སྭཱ་ཧཱ། དབང་ལྡན་
ལ། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཉི་ཟླ་ལ། སཱུརྱ་ཙནྡྲཱ་ཡ་སྭཱ་ཧཱ། སའི་ལྷ་མོ་ལ། ཨོཾ་རཏྣ་མ་མཱ་ཡཻ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁཱ་ཧི། སྲིན་པོ་རྣམས་ལ། ཀྲ་ཤ་རེ། ཤ་ཟ་རྣམས་ལ། པི་ཙི་པི་ཙི། འབྱུང་པོ་རྣམས་ལ། ཨོཾ་གུང་གུང་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁཱ་ཧི་ཞེས་གཏོར་མ་ཡང་སྦྱིན་པར་བྱའོ། །

འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །ནད་པ་ལ་བྱེད་ན་གོས་དང་ཁ་ཟས་སྲེག་གོ། །བྱིས་པ་ཆུང་བ་ལ་ནི་ཤིང་ཀ་ར་བཱི་ར་དང་། སྨྱག་ཤད་ཀྱི་ཤིང་གིས་བྱའོ། །དགྲ་ལ་བྱེད་ན་རྟ་དང་མ་ཧེའི་ཁྲག་གིས་བྱའོ། །དེ་ལྟར་སྲེག་པའི་དུས་སུ་རང་གི་ལྟེ་བར་མེ་ལྷ་སྤྱན་དྲངས་པ་ནི། ཨོཾ་ཨགྣ་ཡེ་
སྭཱ་ཧཱ། ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་བྱ་བ་སྭ་ཏཾ། གྲྀ་ཧི་ཏྭཱ་ཧུ་ཏི་མ་ཧཱ་རཱཾ་སྨིནྶ་ནྣི་ཧི་ཏོ་བྷ་བཱ། དེ་ནས་ཡེ་ཤེས་སེམས་དཔའ་བཅུག་སྟེ་གཤེགས་སུ་གསོལ། དེ་ནས་དགང་བླུགས་ཀྱིས་སྲེག་པ་དབུལ་བ་ནི། ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧཱ་ནཱ་ཡ་དི་བྱ་དི་བྱ་སྭཱ་ཧཱ། དགྲ་ལ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། བགེགས་
ལ་གྷ་ཏ་ཡ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་དབུལ་ལོ། །གསད་པ་ལ་མཱ་ར་ཡ། བསྐྲད་པ་ལ་ཨུ་ཙ་ཊ་ཡ། བཀར་བ་ལ་ཡ་ཧི་གཚྪ། དབྱེ་བ་ལས་མནྟ་པྲ་བྷེ་ད་ཡ་ཕཊ། མནན་པ་ལ་བཛྲ་ས་མནྟ་ནན། བཅིང་བ་ལ་པཱ་ཤཾ་ཧཱུཾ་ཞེས་པའོ། །དེ་ལྟར་སྦྱིན་སྲེག་ལ་འབད་པ་ཆེར་བྱས་ན་རིག་སྔགས་ཀྱི་ལས་ཐམས་
ཅད་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་ན་ཚར་བཅད་པའི་བརྟུལ་ཞུགས་ཅན་གྱིས་ངེས་པར་འགྲུབ་པ་དང་། འདོད་པའི་དོན་ཆུད་མི་ཟ་བར་བྱེད་པའི་རིག་སྔགས་ཀྱི་ལས་སོ། །གཉིས་སུ་མེད་པའི་རིག་སྔགས་ཀྱི་ལྷ་རྣམས་དང་བྱའོ། །རྒྱུད་ཀྱི་ཞི་བ་དང་རྒྱས་པ་དང་དེའི་ལས་ཀྱི་འབྲེལ་སོ་ཚར་
བཅད་པ་དང་བཅས་པའི་སྦྱིན་སྲེག་གི་ཆོ་ག་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་མྱུར་བར་བྱེད་པའི་ལས་ཆོ་ག །སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་རེངས་པར་བྱེད་པའི་
སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ང་རྒྱལ་དང་ལྡན་པས་སྔོན་དུ་སརྦ་ཤ་ཏྲཱུཾ་ཧཱུཾ་ཞེས་པ་ལ་བསྙེན་པ་འབུམ་ཕྲག་བདུན་བསྐྱལ་ནས། དེ་ནས་ནྱ་གྲོ་དྷའི་ལོ་མ་ལ་བརྒྱ་རྩ་བརྒྱད་བསྔགས་ནས་ཅེ་སྤྱང་གི་ཁྲག་དང་བསྲེས་ནས་བསྒྲུབ་པའི་ལུས་ལ་རེག་པར་
གཏོར་ན་ངེས་པར་རེངས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རེངས་པར་བྱེད་པའི་ལས་ཇག་ཆིངས་འཕྲུལ་ཡིག་ཅེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོ་ལ་འཚེ་བའི་

གནོད་པ་སྣ་ཚོགས་རེངས་པར་བྱེད་དོ། །ལུས་ཀྱི་གནོད་པའི་ནུས་པ་དང་བྲལ་བར་འདོད་ན། སརྦ་ཀུ་ལཾ་ཨ་བརྟ་ཡ་ཧཱུཾ་ཧཱུཾ་ཞེས་འབུམ་ཕྲག་དགུ་བཟླས་ནས་ཅེ་སྤྱང་གི་ཁྲག་ལ་བསྔགས་ནས་གཏོར་ན་མ་མོའི་གདོན་རྣམས་རེངས་པར་འགྱུར་རོ། །སརྦ་ཨ་ཙ་ལེ་
ཧཱུཾ་ཧཱུཾ་ཞེས་འབུམ་ཕྲག་བདུན་བཟླས་ནས་ཟངས་ཕྱེ་ལ་བརྒྱ་རྩ་བརྒྱད་བསྔགས་ལ་གཏོར་ན་གཅན་གཟན་ཁྲོ་བོ་རྣམས་རེངས་པར་འགྱུར་རོ། །སརྦ་ནཱ་ཤ་ཡ་ཕུཿཧཱུཾ་ཧཱུཾ་ཞེས་འབུམ་ཕྲག་ལྔ་བཟླས་ནས་གླ་རྩི་ལ་བརྒྱ་རྩ་བརྒྱད་བསྔགས་ནས་གཏོར་ན་སྦྲུལ་རེངས་པར་ངེས་སོ། །སརྦ་དུཥྚཱཾ་བཛྲ་ཨ་ཀ་ཛྭ་ལ་
ཡ་ཧཱུཾ་ཧཱུཾ་ཞེས་བསྙེན་པ་འབུམ་ཕྲག་དགུ་བཟླས་ནས་ས་དང་ཆུ་ལ་སོགས་པ་ལ་བརྒྱད་རྩ་བརྒྱད་བསྔགས་ནས་གཏོར་ན་འབྱུང་པོའི་གདོན་རྣམས་རེངས་པར་འགྱུར་རོ། །སརྦ་མ་ཧཱ་མི་ནི་དུ་རུ་དུ་རུ་ཧཱུཾ་ཧཱུཾ་ཞེས་འབུམ་ཕྲག་དགུ་བཟླས་ནས་ཡུངས་ཀར་དང་ཡུངས་ནག་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་
ནས་གཏོར་ན་གདོན་ཐམས་ཅད་རེངས་པར་འགྱུར་རོ། །སརྦ་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་འབུམ་ཕྲག་བཅུ་གཅིག་བཟླས་ནས་རྐུན་མའི་རྗེས་ས་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ནས་གཏོར་ན་རྐུན་མ་རྣམས་རེངས་པར་འགྱུར་རོ། །བསྒྲུབ་བྱ་རེངས་པའི་ལས་སྣ་ཚོགས་པ་བསྟན་པ་རླུང་གི་ཞགས་པ་ཞེས་
བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཀླུ་གདུག་པ་དང་ལྡན་པའི་ས་གང་ན་གནས་པའི་ས་ནས། ས་དང་རྡོ་
དང་ཤིང་དང་ཆུ་ལ་སོགས་པ་བླངས་ལ་སྟེགས་བུ་ཁྲུ་གང་བ་ཅིག་བྱས་ལ། དེ་ལ་སྔ་མ་བཞིན་དུ་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་བྲིས་ལ། མཐའ་མ་ཀླུ་ཤིང་སྣ་ཚོགས་པས་བསྐོར་ལ་གཞག་གོ། །དེའི་བྱང་དུ་དུར་ཁྲོད་ཀྱི་ས་ལས་གྲུ་གསུམ་ནག་པོ་བྱས་ཏེ། དེའི་སྟེང་དུ་མཛེ་ཐོད་ཀྱི་ནང་དུ་
བསྒྲུབ་བྱའི་གོས་དུམ་བུའམ་དྲི་ཆེན་དྲི་ཆུ་རྗེས་ས་ལ་སོགས་པ་གང་རྙེད་དང་། བག་ཟན་བསྲེས་ལ་དེའི་ཁོང་དུ་རའི་ཁྲག་གིས་བསྒྲུབ་བྱའི་མིང་དང་རུས་དང་ཡུལ་དང་ས་ཁྱིམ་དང་། ཕ་ཚན་དང་དུར་མིང་བྲིས་ལ་དུར་ཁྲོད་ཀྱི་རས་མ་ལ་སྣ་ཚོགས་རྡོ་རྗེ་དུག་ཁྲག་གིས་བྲིས་པས་དྲིལ་ལ་ཡུགས་ས་

མོའི་སྐྲ་སྐུད་ཕྱིན་ཀ་ལོག་གིས་རྒྱ་གྲམ་བསྒྲིལ་ལ་གཞག་གོ། །དེའི་ནང་དུ་སྤྲེའུའི་ཁྲག་དང་མཛེ་ཁྲག་དང་ར་རོག་པོའི་ཁྲག་གཏིག་གོ། །ལྕགས་ཕྱེ་དང་དུར་ཁྲོད་ཀྱི་རྡོ་ཕྱེ་དང་། ཡུངས་ཀར་དང་། ཡུངས་ནག་དང་། དུག་སྣ་ཚོགས་ལ་ཀླུ་བརྒྱད་ཀྱི་སྙིང་པོ་འབུམ་ཕྲག་བདུན་བཟླས་ཤིང་བྲུབ།
སྐབས་སུ་ཀླུ་རྣམས་ལ་བསྟོད་ཅིང་གཏོར་མ་སྦྱིན། འདོད་པའི་དོན་ལ་གསོལ་བ་གདབ་བོ། །ཀླུའི་སྙིང་པོའི་གཞུག་ལ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་གདགས་སོ། །དེ་ནས་རྒྱུད་རྫོགས་པ་བརྒྱ་བཀླགས་ལ། མཆོད་པ་དང་བསྟོད་པ་བྱས་ལ་ཀླུའི་ཕོ་བྲང་དུ་མནན་པ་བྱས་ན་བསྒྲུབ་བྱ་དེ་ཟླ་བ་ལྔ་
ནས་གདོན་མི་ཟ་བར་བརླག་པར་ངེས་སོ། །དེ་ཡང་རྒྱལ་རིགས་ལ་གཏད་ན་མཛེ་ཐོད་ཀྱིས་བྱ། རྗེའུ་རིགས་ལ་གླང་དམར་པོའི་རྭ་གཡས་པ། བྲམ་ཟེ་ལ་རབས་ཆད་ཀྱི་ཐོད་པ། དམངས་རིགས་ལ་སྦལ་པའི་ལུས་པོར་བྱ། གདོལ་པ་ལ་ཕག་ནག་པོའི་ཐོད་པར་བྱ། གླུད་དང་ཆུ་གཏོར་ཅི་
མང་དུ་གཏོང་ངོ་། །བསྒྲུབ་བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པའི་ཆོ་ག་སྲོག་གཅོད་ཀྱི་སྤུ་གྲི་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་རྣམས་ཚ་བའི་རིམས་ཀྱིས་རྨུགས་
ཤིང་མྱོས་པར་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། མཎྜལ་གྲུ་གསུམ་པར་ར་དམར་པོའི་ཁྲག་གིས་བྱུགས་པའི་སྟེང་དུ་བུམ་པ་ཚད་ལྡན་ལ་ཁྲག་སྣ་ཚོགས་བྱུགས་ལ། དེའི་ནང་དུ་ཚ་བའི་སྨན་སྣ་ཚོགས་དང་། དུག་སྣ་ཚོགས་བླུགས་ལ་གཙོ་བོ་ལ་མཆོད་པ་ལ་
སོགས་པ་བྱས་ལ། བུམ་པའི་ནང་དུ་བསྒྲུབ་བྱ་དེ་བཀུག་ཅིང་ཚ་བ་སྣ་ཚོགས་ལ་སྔགས་འདི་འབུམ་ཕྲག་བདུན་བཟླས་ལ་བུམ་པར་བླུགས་སོ། །ན་མ་ཤྩཎྜ་བཛྲ་པཱ་ཎི་ཨ་མུཀ་མཱ་ར་ཡ་ཕཊ་ཅེས་ལས་སྦྱོར་གྱི་དུས་ན་བུམ་པའི་ཁྲག་དང་ཆུ་ལ་སོགས་པ་སྟེ། བསྒྲུབ་བྱའི་ཁང་པ་ལ་གཏོར་ན་
ཚ་བའི་རིམས་བབས་ཏེ། བསྒྲུབ་བྱ་མ་རུངས་པར་འགྱུར་བར་ངེས་སོ། །ཚ་བའི་རིམས་ཀྱིས་དགྲ་བསད་པའི་རལ་གྲིའི་འཁོར་ལོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་

མྱོས་པའི་ལས་རྨུགས་ཤིང་དྲན་པ་ཉམས་པར་འདོད་ན། ཤྲཱི་ཁཎྜའི་ཁུ་བ་ལ་སྙིང་པོ་བསྡུས་པ་སྟོང་ཕྲག་ལྔ་བཟླས་ནས། ད་དུ་རའི་ལོ་མ་བརྡུངས་པ་བཙིར་བའི་ཁུ་བ་དང་སྦྱར་ནས་སྙིང་པོའི་གཤམ་ལ་ཆེ་གེ་མོ་མྱོས་པར་གྱིས་ཤིག །ཅེས་བཟའ་བཏུང་གང་ཡང་
རུང་བ་ལ་སྦྱར་ནས་བྱིན་ན། མྱོས་པར་འགྱུར་བ་ལ་ཐེ་ཚོམ་བྱ་མི་དགོས་སོ། །གྲོང་ཁྱེར་ཙམ་མྱོས་ཤིང་རྨུགས་པར་འདོད་ན། བསྙེན་པ་སྔ་མ་ལྟར་བྱས་ལ་བིལ་བའི་ཤིང་ལ་མེ་སྦར་ལ། གྲོང་ཁྱེར་གྱི་མཐའ་མ་བསྐོར་ཞིང་གྲོང་ཁྱེར་ཆེ་གེ་མོའི་མི་རྣམས་མྱོས་པར་གྱུར་ཅིག་སྭཱ་ཧཱ་ཞེས་
བཟླས་པས་ཉིན་ཞག་བདུན་དུ་རྨུགས་ཤིང་དྲན་པ་ཉམས་པ་ལ་ཐེ་ཚོམ་བྱར་མེད་དོ། །ཡུལ་ཁམས་ཙམ་རྨུགས་པར་འདོད་ན་ཤིང་སྣ་བཅུ་བདུན་གྱི་དུ་བས་མཐའ་མ་བསྐོར་ཞིང་ཡུལ་ཆེ་གེ་མོའི་མི་རྣམས་རྨུགས་པར་གྱུར་ཅིག་སྭཱ་ཧཱ་ཞེས་བཟླས་པས་ཉིན་ཞག་བདུན་གྱི་བར་དུ་རྨུགས་པ་ལ་ཐེ་ཚོམ་མེད་དོ། །
སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པའི་ལས་ཀྱི་མཐའ་གཟི་མདངས་ཆེན་མོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་བསྐྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས།
དཔའ་བོ་གཅིག་པའི་དཀྱིལ་འཁོར་བཞེངས་ལ། བུམ་པ་ཁ་དོག་དཀར་པོར་བྱས་ལ་མཚལ་ལམ་སིན་དྷཱུ་རའི་མཚན་མས་བཏབ་ལ། རྡོ་རྗེ་རྣམ་འཇོམས་རང་ཡང་ཁ་དོག་དཀར་པོར་བསྒོམ། གནས་ཁང་གི་ནང་ཐམས་ཅད་ཀྱང་དཀར་པོར་བྱས་ལ། དར་དཀར་པོའི་ཡོལ་བ་བྱ། དེ་ནས་བུམ་པའི་
ནང་དུ་བཾ་ལས་ཡེ་ཤེས་ཀྱི་མཚོ། །དེ་ལས་འོད་འཕྲོས་པས་བཾ་དཀར་པོ་ཡོངས་སུ་གྱུར་པ་ལས། པདྨའི་སྙིང་པོ་དཀར་པོ་དང་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེའི་སྟེང་དུ་ཉི་མ་དང་ཟླ་བ་དེ་གཉིས་ཀྱི་བར་དུ་ཨཱ་ལི་དང་ཀཱ་ལི་གཡས་སྐོར་དང་གཡོན་སྐོར་གྱི་བར་ནས་སྔགས་རྣམས་ཀྱི་རང་སྒྲ་
དེའི་འོད་ལ་ཧཱུཾ། རྡོ་རྗེ་རྣམ་འཇོམས་དེ་ལ་ཛཿས་དགུག །བཾ་གྱིས་གཞུག །ཧཱུཾ་གིས་བཅིང་། ཧོཿས་དགྱེས་ཤིང་མཉེས་པར་བྱས། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་ཟླའི་བར་གྱི་ཡི་གེའི་ཕྲེང་བ་གཉིས་པོ་ལ་དམིགས་ལ་སྔགས་བཟླས་སོ། །དེ་ནས་བུམ་པ་འོད་ཀྱིས་མེར་གསལ་བ་

ལ་བློ་གཞག་པས་སྒྲ་ལ་གནས་པའི་བསམ་གཏན། དེ་ནས་དམིགས་པ་གསུམ་རང་དག་པ་ནི་དགྲ་མཐའ་དག་གི་བསམ་གཏན། དེ་ལྟར་རྫོགས་པ་ལ་དམིགས་ནས་སྔགས་རྫོགས་པའི་ཚེ་བུད་མེད་བུ་འདོད་པ་སྟེ། ཞག་གཅིག་གམ་ཞག་གསུམ་སྨྱུང་བར་གནས་པར་བྱས་ལ།
གོས་གསར་པ་བྱིན་ལ་ཁྲུས་ནས་བཏོན་ལ་སེམས་བསྐྱེད་པ་ལ་སོགས་པ་བྱས་ལ། དཀྱིལ་འཁོར་དུ་བཅུག་ལ་དབང་བསྐུར་ལ་དེའི་རྗེས་ལ་རྒྱས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ལ་སྲུང་སྐུད་གདགས་སོ། །དེ་ལྟར་བྱས་ན་དཔལ་ངེས་པར་བསྐྱེད་དོ། །དཔལ་སྐྱེད་པ་བཀྲ་ཤིས་སྐྱེད་པ།
ཉི་མའི་འོད་ཅེས་བྱ་བ་དཔལ་ཀུན་གྱིས་ནི་བརྒྱན་པའི་མཐའ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅། །དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དབང་པོ་ཉམས་པ་གསོ་བར་བྱེད་པའི་ལས་ཀྱི་བྱེ་བྲག་ནི། དང་པོ་མིག་གི་ནད་ལས་གྲོལ་བར་
འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཁྲུས་ཀྱི་ཆོ་ག་ནས་ཇི་ལྟར་འབྱུང་བའི་ཁྲུས་བྱས་ཏེ། གོས་གསར་པ་གྱོན་པ་དང་སྨྱུང་བར་གནས་པ་ལ་སོགས་པ་བྱས་ནས་ཁྲུས་ལན་བརྒྱ་རྩ་བརྒྱད་བྱས་ཏེ། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ལ། བདག་ཉིད་ཀྱི་སྙིང་གའི་ས་བོན་
ལས་གཟུངས་ཀྱི་ལྷ་དཔག་ཏུ་མེད་པ་སྤྲོས་ཏེ། འཕགས་པ་མཆོད་ལ་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་སངས་རྒྱས་