Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 74

Văn bản gốc(Tây Tạng)

Trang 12 / 21 (50.000 ký tự/trang)
 འདི་ལྟར་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་
བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །བང་རིམ་བཞི་པ་དབང་པོ་ལྔ་སྟེ། འདི་ལྟར་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །བུམ་རྟེན་ནི་སྟོབས་ལྔ་སྟེ། འདི་ལྟར་དད་པའི་སྟོབས་དང་།
བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །བུམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། འདི་ལྟར་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་
ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །པུ་ཤུ་ནི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟར་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་
དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །སྲོག་ཤིང་ནི་ཤེས་པ་བཅུ་སྟེ། འདི་ལྟར་ཀུན་རྫོབ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པར་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་།
འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །འཁོར་ལོ་དང་པོ་ནི་གནས་དང་། གནས་མ་ཡིན་པ་མཁྱེན་པའི་སྟོབས་སོ། །འཁོར་ལོ་གཉིས་པ་ནི་ལས་བདག་གིར་མཁྱེན་པའི་སྟོབས་གསུམ་པ་ནི་བསམ་གཏན་དང་། རྣམ་པར་

ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་སོ། །འཁོར་ལོ་བཞི་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །འཁོར་ལོ་ལྔ་པ་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སོ། །འཁོར་ལོ་དྲུག་པ་ནི་ཁམས་སྣ་ཚོགས་
མཁྱེན་པའི་སྟོབས་སོ། །འཁོར་ལོ་བདུན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སོ། །འཁོར་ལོ་བརྒྱད་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་སོ། །འཁོར་ལོ་དགུ་པ་ནི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སོ། །འཁོར་ལོ་བཅུ་པ་ནི་ཟག་པ་ཟད་པ་
མཁྱེན་པའི་སྟོབས་སོ། །འཁོར་ལོ་བཅུ་གཅིག་པ་ནི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་སྟེ། གང་གིས་དེ་བཞིན་གཤེགས་པའི་འཁོར་རྣམས་ལ་ཆོས་སྟོན་པ་ན། སློབ་མ་ཐམས་ཅད་མཐུན་པར་གུས་པར་ཉན་པ་ལ་དགའ་བའི་སེམས་མི་འབྱུང་བའོ། །འཁོར་ལོ་
བཅུ་གཉིས་པ་ནི། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གཉིས་པ་སྟེ། གང་གིས་དེ་བཞིན་གཤེགས་པའི་འཁོར་རྣམས་ལ་ཆོས་སྟོན་པ་ན། སློབ་མ་ཐམས་ཅད་མཐུན་པར་གུས་པར་མི་ཉན་པ་ལ་ཁོང་ཁྲོ་བ་མི་འབྱུང་བའོ། །འཁོར་ལོ་བཅུ་གསུམ་པ་ནི་མ་འདྲེས་པའི་
དྲན་པ་ཉེ་བར་གཞག་པ་གསུམ་པ་སྟེ། གང་གིས་དེ་བཞིན་གཤེགས་པ་འཁོར་རྣམས་ལ་ཆོས་སྟོན་པ་ལ་སློབ་མ་ལ་གུས་པར་མཉན་ལ། ལ་ལ་གུས་པར་མི་ཉན་པ་རྣམས་ལ་དགའ་བ་དང་། ཁོང་ཁྲོ་བ་གཉིས་མི་འབྱུང་བའོ། །ཆར་ཁེབས་ནི་སྙིང་རྗེ་ཆེན་པོ་སྟེ། གང་གིས་དེ་བཞིན་
གཤེགས་པའི་འདུལ་བའི་རྒྱུད་སྨིན་པ་དང་། མ་སྨིན་པ་དང་། ད་ལྟར་སྨིན་པ་རྣམས་ཀྱི་དོན་དཔྱོད་ཅིང་། འཇིག་རྟེན་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་མ་ལུས་པ་དུས་ཀྱི་ཁྱད་པར་དག་ཏུ་ཡང་དག་འཛིན་འདི་ནི་མཆོད་རྟེན་གྱི་རང་བཞིན་ནོ། །དེ་ལས་གཞན་པའི་
རྡོ་རིངས་དང་། ཐེམ་སྐས་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། མེ་ཏོག་གི་ཕྲེང་བ་དང་། འཇིག་རྟེན་སྐྱོང་བ་དང་། དྲིལ་བུ་དང་། གདུགས་དང་། ཟླ་བ་དང་། དར་གྱི་ཅོད་པན་དང་། བ་དན་ལ་སོགས་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་རྐྱེན་དུ་འབབ་པའི་མཆོད་པའི་ཡོ་བྱད་དག་

ཀྱང་ཡོད་དེ། དེ་ལ་རྡོ་རིངས་རྣམས་ནི་མི་འཇིགས་པ་བཞི་བསྟན་ཏེ། འདི་ལྟར་ཟག་པ་ཟད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བར་དུ་གཅོད་པའི་ཆོས་རྣམས་ཕྱིན་ཅི་ལོག་པར་བསྟན་པ་དང་། ངེས་པར་འབྱུང་བའི་ལམ་ཕྱིན་ཅི་མ་ལོག་པར་བསྟན་
པའོ། །ཐེམ་སྐས་ཀྱིས་ནི་བསྲུང་བ་མེད་པ་བཞི་བསྟན་ཏེ། འདི་ལྟར་སྐུའི་ཕྲིན་ལས་ཡོངས་སུ་དག་པ་དང་། གསུང་གི་ཕྲིན་ལས་ཡོངས་སུ་དག་པ་དང་། ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང་། འཚོ་བ་ཡོངས་སུ་དག་པའོ། །ཆུ་སྲིན་རྒྱལ་མཚན་རྣམས་ཀྱིས་ནི། བདུད་ཀྱི་
རྒྱལ་མཚན་བསྙལ་བར་བསྟན་ཏེ། འདི་ལྟར་ལྷའི་བདུད་བསྙལ་བ་དང་། ཉོན་མོངས་པའི་བདུད་བསྙལ་བ་དང་། ཕུང་པོའི་བདུད་བསྙལ་བའོ། །འཆི་བདག་གི་བདུད་བསྙལ་བའོ། །མེ་ཏོག་གི་ཕྲེང་བས་ནི་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བསྟན་ཏོ། །འཇིག་རྟེན་སྐྱོང་བ་རྣམས་
ཀྱིས་ནི་འཕགས་པའི་བདེན་པ་བཞི་བཤད་པས། འཇིག་རྟེན་བཞི་ལ་ཕན་འདོགས་པར་བསྟན་ཏོ། །འདི་ལྟར་སོ་སོའི་སྐྱེ་བོ་ལ་ཕན་འདོགས་པ་དང་། རྒྱུན་དུ་ཞུགས་པ་ལ་ཕན་འདོགས་པ་དང་། ལན་ཅིག་ཕྱིར་འོང་བ་ལ་ཕན་འདོགས་པ་དང་། ཕྱིར་མི་འོང་བ་ལ་ཕན་འདོགས་པའོ། །དྲིལ་
བུ་རྣམས་ནི་ཚངས་པའི་དབྱངས་བསྟན་ཏེ། གང་གིས་དེ་བཞིན་གཤེགས་པས་ཚེགས་ཆུང་ངུས་སྟོང་གསུམ་གྱི་སྟོང་ཆེན་པོར་ཚངས་པའི་འཇིག་རྟེན་གྱི་ཁམས་སུ་ཆོས་བསྟན་པའི་སྒྲ་སྐད་ཀྱིས་ཀུན་དུ་འགེངས་པའོ། །གདུགས་ཀྱིས་ནི་འགྲོ་བ་ཐམས་ཅད་ཀྱི་སྤྱི་བོར་གྱུར་པར་བསྟན་ཏེ། དེ་བཞིན་
གཤེགས་པ་སེམས་ཅན་རྐང་པ་མེད་པ་དང་། རྐང་པ་གཉིས་པ་དང་། རྐང་མངས་དང་། གཟུགས་ཅན་དང་། གཟུགས་མེད་པ་རྣམས་ཀྱི་མཆོག་ཅེས་བྱ་བར་གྱུར་པའོ། །ཟླ་བས་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་བསྟན་ཏེ། གང་གིས་དེ་བཞིན་གཤེགས་པ་མུན་པའི་འཇིག་རྟེན་དུ་བླ་
ན་མེད་པའི་ཤེས་རབ་ཀྱི་མིག་སྐྱེད་པར་མཛད་པའོ། །དར་གྱི་ཅོད་པན་གྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཅོད་པན་ཐོགས་པ་བསྟན་ཏེ། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་ཀུན་དུ་འཇུག་པའོ། །བ་དན་རྣམས་ཀྱིས་ནི་བླ་ན་མེད་

པའི་ཆོས་ཀྱི་གྲགས་པའི་བ་དན་བསྟན་ཏེ། གང་གིས་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གྲགས་པས་འཇིག་རྟེན་གྱི་དཀྱིལ་འཁོར་ནོན་པར་གྱུར་པའོ། །མཆོད་རྟེན་གྱི་ཆ་དབྱེ་བ་འདུལ་བ་ལས་བྱུང་བའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཏ་ཐཱ་
ག་ཏ་ས་མ་ཡ་རཀྵ་སཱ་དྷ་ནཾ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས། དེ་བཞིན་གཤེགས་པའི་འོད་ཟེར་དྲི་མ་མེད་པའི་སྙིང་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །གང་འདོད་དངོས་གྲུབ་སྦྱིན་མཛད་པའི། །བླ་མའི་
ཞབས་ཀྱི་རྡུལ་ལ་ནི། །དངོས་པོ་ཀུན་གྱིས་ཕྱག་འཚལ་འདུད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྒྱལ་སྲས་ཐུ་བོ་རྣམས་ལ་ཡང་། །དངོས་ཀུན་ཕྱག་བྱས་འོད་ཟེར་གྱི། །དྲི་མེད་སྙིང་པོ་སྒྲུབ་ཐབས་བཤད། །བཀྲ་ཤིས་ཡིད་འོང་བདེ་གནས་སུ། །ཁྲུས་བྱས་བདེ་བའི་སྟན་ལ་
འདུག །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །སྡོམ་བཟུང་ཚད་མེད་བཞི་ལ་གནས། །རང་སྙིང་ཨ་ལས་འོད་བྱུང་བས། །བླ་མ་སངས་རྒྱས་བྱང་ཆུབ་སེམས། །ནམ་མཁའི་ངོས་ལ་བསམ་པར་བྱ། །ཕྱག་འཚལ་མཆོད་པ་ལ་སོགས་བྱ། །དེ་ནས་
སྟོང་པའི་ངོ་བོར་བསམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ལས་རྗེས་དྲན་པར་བྱ། །ཨ་ལས་ཟླ་བ་རྡོ་རྗེར་བསྐྱེད། །དེ་ཡིས་ཇི་ལྟར་འདོད་རྒྱལ་པོས། །བགེགས་རྣམས་བསྐྲད་པར་བྱས་ནས་ནི། །དེ་དབུས་ནམ་མཁའ་གྲུ་གསུམ་ཟླུམ། །གྲུ་བཞི་རི་རབ་རྣམ་པར་
བསམ། །གྲུ་བཞི་སྒོ་དང་རབ་ལྡན་པ། །འོད་དང་ལྡན་པའི་ཁང་པར་བསྒོམ། །ལྟེ་བར་པདྨ་ཟླ་བ་ལ། །ཨ་དང་མཾ་མུ་ཧྲིཿཧཱུཾ་ལས། །ཨ་ལས་ནོར་བུ་འབར་བར་གྱུར། །སྐུ་མདོག་སྣ་ཚོགས་མ་ངེས་ལ། །ཞལ་གཅིག་ཕྱག་གཉིས་རྒྱན་དང་ལྡན། །གཡས་པ་སྐྱབས་སྦྱིན་གཡོན་ནོར་
བུ། །མཚན་དང་དཔེ་བྱད་ཚོགས་པ་དབུས། །གཡས་སུ་འཇམ་དཔལ་རྣོན་པོ་ལ། །རྒྱབ་ཏུ་ཤཱཀྱ་ཐུབ་པ་ཉིད། །གཡོན་དུ་སེང་གེ་སྒྲ་བསམ་བྱ། །མདུན་དུ་ཕྱག་ན་རྡོ་རྗེ་བསྒོམ། །མདུན་གྱི་ནམ་མཁར་ཡེ་ཤེས་བསམ། །བྱིན་བརླབས་དབང་བསྐུར་བསམ་པར་བྱ། །མཆོད་བསྟོད་

ལེགས་པར་རྫོགས་པ་དང་། །རྩེ་གཅིག་ཡིད་ཀྱིས་བསྒོམ་པར་བྱ། །དེ་ལས་སྐྱོ་ན་སྙིང་པོ་བཟླས། །གཙུག་ཏུ་བཟླས་དང་སྨིན་ཕྲག་བཟླས། །སྙིང་ག་ཉིད་དུ་བཟླས་པའོ། །ཉེ་བའི་སྙིང་པོ། ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་དྷིཥྛི་ཏེ་སྭཱ་ཧཱ། དེ་ནས་གཏོར་མས་མཆོད་ནས་
གཤེགས། །བདག་ཉིད་སྨོན་ལམ་ཉིད་བྱ་ཞིང་། །སྣང་བ་སྒྱུ་མ་བཞིན་དུ་སྦྱང་། །འདི་བྱས་ངལ་བའི་བསོད་ནམས་ཀྱིས། །འདི་བྱས་ངལ་བ་སྡིག་པ་དག །དྲི་མེད་འཁོར་ལོའི་སྐུར་གྱུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བ་ཞེས་བྱ་བའི་སྒྲུབ་ཐབས་རྒྱ་གར་གྱི་
མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ༄། །སཱཙྪ་ལྔ་གདབ་པའི་ཆོ་ག་བཞུགས། ༄༅། །དེ་ནས་ཁྲུས་བྱས་གོས་གཙང་བགོས། །སྤོས་ཀྱི་དཀྱིལ་འཁོར་གྲུ་བཞི་བྱ། །མཆོད་རྟེན་ལྔ་གདབ་
གྲོ་ག་ལ། །འཁོར་ལོ་བྱ་རུ་རྫོགས་པར་བྱ། །བ་དན་གདུགས་དང་རྒྱལ་མཚན་སོགས། །མེ་ཏོག་ཕྲེང་བས་བརྒྱན་པ་ནི། །དབུས་དང་གྲྭ་ལ་བཞུགས་སུ་གསོལ། །བུམ་པ་གང་བ་བཞི་ལ་ནི། །བྱིན་གྱིས་བརླབས་ལ་ཕྱོགས་བཞིར་གཞག །རྨ་བྱའི་སྒྲོ་ལྔའི་མུ་མེན་དང་། །སྤོས་ཀྱི་སྡོང་པོ་
སྣོད་བཞི་ཡང་། །གྲྭ་ལ་ལེགས་པར་གཞག་པར་བྱ། །མཆོད་ཡོན་སྤོས་དང་མེ་ཏོག་ཚོགས། །མར་མེ་དྲི་དང་ལྷ་བཤོས་དང་། །རོལ་མོ་སྣ་ཚོགས་རེག་བྱས་མཆོད། །ཨ་ལས་བྱུང་བའི་ངོ་མཚར་མཆོག །ཐུགས་ནི་ནམ་མཁའ་སངས་རྒྱས་ཉིད། །གཙུག་ཏོར་དྲི་མེད་སྙིང་པོའི་མཆོག །
ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལ། །ཤེས་རབ་མཆོག་གྱུར་འཇམ་པའི་མགོན། །ཨ་ལ་ལ་ཧོ་ངོ་བོའི་ཆོས། །ཡིད་བཞིན་ནོར་བུའི་མཆོག་འབྱུང་བ། །འཇམ་པའི་མགོན་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ། །ཐུགས་རྗེའི་མཆོག་ཏུ་གྱུར་པ་ནི། །ཡིད་བཞིན་
ནོར་བུ་ལྟ་བུར་མཚུངས། །ཤཱཀྱ་ཐུབ་པར་ཕྱག་འཚལ་བསྟོད། །སྙིང་རྗེ་ཆེན་པོའི་མཆོག་གྱུར་པ། །དྲི་མེད་དག་པའི་སྙིང་པོའི་སྐུ། །འོད་ཟེར་འབར་བས་གསུང་དག་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བདུད་རྣམས་འཇོམས་པའི་རྡོ་རྗེ་ཅན། །ཐུགས་ཀྱི་རྡོ་རྗེ་ཡིད་བཞིན་

ཚུལ། །ནད་རྣམས་སེལ་བ་སྨན་པའི་མཆོག །ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད། །སྡིག་བཤགས་བསོད་ནམས་རྗེས་ཡི་རང་། །འཁོར་ལོ་བསྐོར་དང་མྱང་མི་འདའ། །བསྔོ་དང་གསོལ་གདབ་འདོད་དོན་ཞུ། །གང་འདོད་པ་ཡི་ལས་ལ་འཇུག །རྒྱུན་དང་ནར་མར་ཚོགས་བསག་བྱ། །
དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།དང་པོར་སེམས་བསྐྱེད་ལ་གང་ལ་དམིགས་པའི་བསམ་རྒྱུད་དང་བཅས་པར་བྱའོ། །དང་པོར་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་། གཙུག་ཏོར་དྲི་མ་མེད་པ་ལ་སོགས་པ་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམས་
ལ། མཆོད་པ་རྒྱ་ཆེན་པོ་དངོས་སུ་དབུལ་ལོ། །དེ་རྣམས་ཀྱིས་ཀྱང་བདག་དང་བུམ་པ་ནད་པའམ་གང་ལ་སྒྲུབ་པར་བྱེད་པ་དེ་ལ་བྱིན་གྱིས་རློབ་པར་གསོལ་བ་གདབ་པས་བྱིན་གྱིས་རློབ་པར་བསམ་མོ། །བུམ་པ་ཁ་རྒྱན་དང་བཅས་པ་དེ་ལ་རང་ཡང་ཁྲུས་བྱ། གསོ་སྦྱོང་ལ་སོགས་པ་གཙང་མར་
བྱས་ལ་གཟུངས་ཚར་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་གང་ལ་དམིགས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བསམས་ལ་ཁྲུས་བྱའོ། །བསམ་རྒྱུད་དང་བཅས་པས་སོ།། །།༄༅༅། །གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་བཞུགས། ༄༅། །བླ་མ་རྣམས་
ལ་ཕྱག་འཚལ་ལོ། །གལ་ཏེ་ཆོ་ག་བྱ་བར་འདོད་ན་དེས་ཁྲུས་བྱས་ལ་གོས་གཙང་མ་བགོས། སྤོས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱའོ། །སྙིང་པོའི་རིག་སྔགས་གྲོ་ག་ལ་བྲི་བར་བྱའོ། །མཆོད་རྟེན་ལྔ་གདབ་པར་བྱ། །རིག་སྔགས་འདི་ཡང་མཆོད་རྟེན་གྱི་ནང་དུ་གཞུག་པར་བྱ། མཆོད་
རྟེན་ནི་གྲྭ་བཞིར་གཞག་པར་བྱ། གཅིག་ནི་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱ། ཤིང་བུ་བཙུགས་ཏེ་བ་དན་དམར་པོ་དཔྱང་བར་བྱའོ། །མེ་ཏོག་གིས་གཏོར་བར་བྱ། བུམ་པ་གང་བ་བཞི་བཞག །གྲྭ་བཞིར་པོག་ཕོར་བཞི་དང་། ཏུ་རུ་སྐ་དང་། ཨ་ཀ་རུ་དང་། གུ་གུལ་གྱི་དུད་པས་
བདུག་པར་བྱའོ། །སྤོས་ཀྱི་མཆོད་ཡོན་གྱི་སྣོད་བཞི་གཞག་པར་བྱ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྔགས་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ། དཀྱིལ་འཁོར་ལ་བསྐོར་བར་བྱའོ། །ནད་ཀྱིས་བཏབ་པ། གནོད་པ། ནད་ཚབས་ཆེ་བ། ཚེ་ཟད་པ། དུས་མ་ཡིན་པར་

འཆི་བས་འཇིགས་པ། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ། བུ་འདོད་པ་རྣམས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་གཞག་གོ། །རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ། །མཆོད་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །ཆོ་ག་འདི་ལན་གཅིག་
བྱས་ན་བསྐལ་པ་འབུམ་དུ་བྱས་པའི་ལས་ཀྱི་སྒྲིབ་པ་མེད་པར་འགྱུར་རོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། དམ་ཚིག་ལ་རྣམ་པར་བལྟ་བའི་གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་གོ། །
མཆོད་རྟེན་གསར་པའམ། རྙིང་པ་བཅོས་པ་ཡང་རུང་། དེའི་ནང་དུ་གཞུག །སྤོས་དང་བྱུག་པ་ཡང་དབུལ་ལོ། །གཟུངས་ཀྱི་སྔགས་ཟློས་ཤིང་བརྒྱ་རྩ་བརྒྱད་བསྐོར་བར་བྱ། ཉིན་ཞག་རེ་ལ་ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱའོ། །དེ་ནས་ཉི་མ་ཤར་བ་དང་ཤར་ཕྱོགས་སུ་
སྤོས་ཀྱི་དཀྱིལ་འཁོར་བྱ། ཉི་མ་ལ་ལོགས་སུ་མེ་ཏོག་གིས་གཏོར་རོ། །ཨ་ཀ་རུ་དང་། ཏུ་རུསྐའི་དུ་བས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་ལ་རིག་སྔགས་ཀྱི་སྙིང་པོ་བྲིས་ཏེ་མཆོད་
རྟེན་གྱི་ནང་དུ་བཅུག །དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །སྙིང་པོ་འདི་བྲིས་ལ་གཞུག་གོ། །གཙུག་ཏོར་དྲི་མ་མེད་
པའི་གཟུངས་ཀྱི་ཆོ་ག་རྫོགས་སོ།། ༄། །གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་བཞུགས།།༄༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་ཆོ་ག །དང་པོར་བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། དེ་
ལ་ཙནྡན་དང་གུར་ཀུམ་ལ་སོགས་པས་གཏོར་ལ། མེ་ཏོག་སིལ་མའང་གཏོར་རོ། །དེའི་སྟེང་དུ་གཙུག་ཏོར་དྲི་མ་མེད་པའི་ཡང་སྙིང་གུར་ཀུམ་མམ། གི་ཝཾ་གིས་མེ་ཏོག་དཀར་པོ་འབྱུང་བའི་མྱུ་གུས་གྲོ་ག་ལ་བྲིས། དེ་ལ་དཀྱིལ་འཁོར་དུ་བཅུག་པའི་སཱཙྪ་ལྔའམ། བདུན་ནམ་དགུ་

ཙམ་བྱས་ལ། མཎྜལ་གྱི་མེ་ཏོག་ཕུང་པོའི་སྟེང་དུ་གཞག །དེ་ནས་མཆོད་རྟེན་རེ་རེ་ལ་ལྷ་བཤོས་ལ་སོགས་པ་མཆོད་པ་རྣམ་པ་ལྔ་རེ་རེ་བཤམས་ལ། མཎྜལ་གྱི་སྟེང་དུ་བསྐོར་བ་ལྟར་གཞག །ཡང་མཎྜལ་གྱི་སྟེང་དུ་གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་བུམ་པ་བཞི་ཙམ་དང་། སྐྱོགས་
ལ་སོགས་པའི་སྣོད་བཞི་ཙམ་ཨ་ཀ་རུ་དང་ཏུ་རུ་སྐ་ལ་སོགས་པ་དྲི་བཟང་པོས་བཀང་ལ། ཕྱོགས་མཚམས་རྣམས་སུ་གཞག་གོ། །དེ་ནས་མཆོད་པ་བཤམས་པ་རྣམས་སྐུ་གཟུགས་དང་སཱཙྪ་ལ་སོགས་པ་དཀོན་མཆོག་ལ་འབུལ་ཞིང་། བསོད་ནམས་ཀྱི་ཡན་ལག་རྣམས་ཚང་བར་བྱ། དེ་ནས་
མཆོད་གཡོག་གཅིག་བདག་གིས་བཟླས་བརྗོད་མ་ཟིན་གྱི་བར་དུ་ཨ་ཀ་རུ་ལ་སོགས་པའི་སྤོས་དྲི་ཞིམ་པོ་བསྲེག་དུ་གཞུག །བཟླས་པའི་དུས་སུ་གཏམ་གཞན་དང་མ་འདྲེས་པར་བྱ། བཟླས་པ་ཟིན་པ་དང་ཡང་སྙིང་པོ་འབའ་ཞིག་བཟླས་ཤིང་བསྐོར་བ་བརྒྱ་རྩ་བརྒྱད་བྱ། དེ་ལྟར་ཟིན་པ་
དང་། རིན་པོ་ཆེའི་སྣོད་རྣམས་ཀྱི་ཆུ་ཀུན་ལས་ཅུང་ཟད་བསྡུས་ལ། ནད་པ་ལ་ཅུང་ཟད་བླུད་ཅིང་ཁྲུས་བྱ། དེ་ལྟར་བྱས་ན་གློ་བུར་བ་ལ་སོགས་པའི་ནད་ཚབས་ཆེ་བ་ལས་ཀྱང་ཐར་བར་འགྱུར་རོ། །ཚེ་ཟད་པ་ལས་རིང་དུ་འཚོ་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཆེན་པོ་རྣམས་ཀྱང་བྱང་བར་འགྱུར་ཏེ། དེ་
དག་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་ནི་དེ་ཉིད་ཀྱི་ཆོ་ག་རྒྱ་ཆེན་པོ་ལས་ཤེས་པར་བྱའོ། །ཆོ་ག་གང་བྱེད་ཀྱང་འབྱུང་པོ་ཐམས་ཅད་པའི་གཏོར་མ་གསུམ་མམ་བཞི་གཏུང་བར་བྱའོ། །སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་གཙུག་ཏོར་དྲི་མ་མེད་པའི་གཟུངས་
ཀྱི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏཱ་ནཱ་མ་ནོ་པི་ཀཱ །བོད་སྐད་དུ། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་མ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །
ལྷ་མོ་གདུགས་དཀར་ཅན་བསྒྲུབ་པར་འདོད་པས། གནས་དབེན་པར་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། རང་སྐད་ཅིག་གིས་ལྷ་མོར་བསྐྱེད་པའི་ཨོཾ་གྱི་འོད་ཀྱིས་འཕགས་མ་རི་ཁྲོད་མ་དང་སངས་རྒྱས་ལ་སོགས་པ་སྤྱན་དྲངས་ལ་ཕྱག་བྱ་སྟེ། མཆོད་པ་ལ་སོགས་པའི་བདུན་རྣམ་དག་

གིས་ཚོགས་བསགས་ནས། ཚངས་པའི་གནས་བཞི་དང་། ཡེ་ཤེས་ཀྱི་ཚོགས་བསག་པར་བྱའོ། །དེའི་ངང་ལས་སྙིང་གའི་ཨོཾ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་གདུགས་དཀར་མོ་ཨོཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་སྐུ་ཕྲ་མོར་
འཕྲོས་འདུས་པ་ལས་བདག་ཉིད་ལྷ་མོ་གདུགས་དཀར་ཅན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་ལས་བྱམས་པ་དང་སྙིང་རྗེའི་འོད་ཟེར་འཕྲོ་བ། གཡས་སྐྱབས་སྦྱིན། གཡོན་གདུགས་དཀར་མོ་བཟུང་བ། པད་ཟླའི་གདན་ལ་ཞབས་སྐྱིལ་ཀྲུང་གིས་
བཞུགས་ཤིང་སྒེག་པའོ། །དེ་དབུ་རྒྱན་དང་རྣ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པར་ལྟའོ། །སྤྲོ་ན་རི་ཁྲོད་མ་དང་ལེགས་ལྡན་གྱིས་བསྐོར་བར་བསམ་མོ། །དེ་ལ་ཨོཾ་གྱི་འོད་ཀྱིས་ཡེ་ཤེས་པ་དགུག་གཞུག་ཅིང་དབང་དུ་བྱའོ། །དེ་ཉིད་ལ་དབང་བསྐུར་ལ། བཻཻ་རོ་ཙ་
ནས་དབུ་རྒྱན་ནོ། །དེའི་ཐུགས་ཀར་འཕགས་མ་མཚོན་གང་བ་ཨོཾ་དང་བཅས་པར་བལྟའོ། །དེ་ཉིད་ལས་སྐྱོ་བར་གྱུར་ན་ཡེ་ཤེས་ཀྱི་ལྷ་མདུན་དུ་བཀུག་ལ་ཕྱག་དང་མཆོད་བསྟོད་བྱས་ནས་ཐུགས་ཀ་གཉིས་སུ་ཨོཾ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཞལ་དང་ལྟེ་བར་འགལ་
མེ་ལྟར་འཁོར་བས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ལ་སོགས་པ་བསྲེགས་པར་བསམས་ནས། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཤ་དེ་བི་ཤ་དེ། བཻ་རེ་བཻ་རེ། བཛྲ་དྷ་རི། བནྡྷ་བནྡྷ་ནི་བཛྲ་པཱ་ཎི་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་དྲུཾ་བནྡྷ་ཕཊ་སྭཱ་ཧཱ། འབུམ་ལ་སོགས་པ་བཟླས་པར་བྱའོ། །
དེ་ནས་ཐུན་མཚམས་སུ་མདུན་གྱི་ཡེ་ཤེས་པ་ལ་དམིགས་པའི་མདོ་དང་། ལྷ་མོ་ལེགས་ལྡན་ལ་གཏོར་མ་བཏང་ནས། སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །འཕགས་པ་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་འཕགས་པ་
ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏ་བ་ལིཾ་ཏ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གྱི་གཏོར་མའི་ཆོ་ག་ཞེས་བྱ་བ། འཕགས་མ་གདུགས་དཀར་མོ་ཅན་ལ་

ཕྱག་འཚལ་ལོ། །འཕགས་མ་ཐུགས་རྗེའི་རང་བཞིན་ཅན། །འབྱུང་པོ་ཀུན་ལ་མངའ་མཛད་མའི། །ཁྲོ་མོའི་སྐུ་ལ་ཕྱག་འཚལ་ནས། །སྟོང་བཟློག་གཏོར་མ་བཤད་པར་བྱ། །བ་ལིཾ་གཞལ་ཡས་ཁང་བསམ་བྲི། །ཕོ་བྲང་ཟླུམ་པོར་བྱ་བ་མཆོག །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལ། །
པདྨ་འདབ་མ་བརྒྱད་ཀྱིས་བསྐོར། །དེ་བཞིན་འཁོར་ལོ་རྩིབས་བརྒྱད་དེ། །ཕྱི་རོལ་དཀྱིལ་འཁོར་སྒོ་བཞིར་ལྡན། །ཁ་དོག་འཇིག་རྟེན་པ་དང་མཐུན། །སྒོ་རྒྱན་ལ་སོགས་དེ་བཞིན་ནོ། །དེ་ནས་ལྷ་རྣམས་དགོད་པར་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་དང་། །ཡུམ་ཆེན་གདུགས་དཀར་
འཁོར་ལོ་དང་། །ཚངས་པ་ལྷ་ཡི་གཙོ་བོ་དང་། །གསོལ་ཁའི་ཕོ་ཉ་ལས་བྱེད་པ། །སྲིང་མོ་མིང་པོར་བཅས་པའོ། །སྣ་ཚོགས་རྡོ་རྗེའི་ར་བཞི་ལ། །རྒྱལ་ཆེན་བཞི་པོ་རིམ་བཞིན་དགོད། །པདྨ་འདབ་མ་བརྒྱད་པོ་ལ། །བརྒྱ་བྱིན་གཤིན་རྗེ་ཀླུ་ཆེན་བརྒྱད། །གནོད་སྦྱིན་རྣམས་ནི་
རིམ་པ་བཞིན། །ཕྱོགས་བཞི་དག་ཏུ་དགོད་པར་བྱ། །མེ་ལྷ་སྲིན་པོ་རླུང་ལྷ་དང་། །ལྷ་ཆེན་བརྒྱད་རྣམས་མཚམས་བཞིར་དགོད། །དེ་བཞིན་འཁོར་ལོ་རྩིབས་བརྒྱད་ལ། །འབྱུང་པོ་དང་ནི་གཟའ་གདོན་དང་། །ས་བདག་དང་ནི་ལྷ་མ་ཡིན། །རིམ་པ་བཞིན་དུ་ཕྱོགས་བཞིར་དགོད། །
མི་འམ་ཅི་དང་མཁའ་འགྲོ་མ། །མ་མོའི་ཚོགས་དང་ནམ་མཁའ་ལྡིང་། །རིམ་པ་བཞིན་དུ་མཚམས་བཞིར་དགོད། །ལྟོ་འཕྱེ་དང་ནི་རྣལ་འབྱོར་མ། །ཀླུ་ཡི་གདོན་དང་འབྱུང་པོའི་ཚོགས། །དཀྱིལ་འཁོར་སྒོ་བཞིར་དགོད་པར་བྱའོ། །དེ་ནས་གཡོས་ཀྱི་རྣམ་པ་ནི། །རཀྐ་དང་ནི་བོ་
དེ་ཙེ། །ལུང་ཐང་དང་ནི་ལྷ་ཡི་མིག །ཕྲེང་བ་ཟ་བ་རྣམས་ལ་སྦྱིན། །འབྲས་ཆང་རྒུན་ཆང་ལ་སོགས་པ། །ཟས་སུ་སེམས་འཕྲོག་རྣམས་ལ་སྦྱིན། །འོ་མ་ཞོ་དང་ཁ་ར་ནི། །སྲོག་རྣམས་འཕྲོག་ལ་སྦྱིན་པར་བྱ། །ཤིང་ཐོག་རྣམ་པ་སྣ་ཚོགས་པ། །འབྲས་བུ་ཟ་བ་རྣམས་ལ་སྦྱིན། །
བོང་རྩི་ཟས་སྐྱུགས་ཟ་ལའོ། །བདུག་པ་ཟ་བ་སྤོས་སྣ་ཚོགས། །མངར་གསུམ་སྦྱར་བ་མངལ་ཟ་ལའོ། །བཙོས་དང་རྗེན་པ་ཤ་སྣ་ཚོགས། །ཤ་ཟ་བ་ལ་སྦྱིན་པར་བྱའོ། །སྦྲང་རྩི་མཆིལ་མ་འཐུང་བ་ལའོ། །ཁུར་བ་རྣམ་པ་སྣ་ཚོགས་པའོ། །གཏོར་མ་ཟ་བ་རྣམས་ལ་སྦྱིན། །ལག་པ་

སྦྱིན་སྲེག་ཟ་བ་ལའོ། །རྐང་དང་རྐང་མར་བཅས་པ་ནི། །རྐང་ཟ་བ་ལ་རབ་ཏུ་སྦྱིན། །འབྲུ་ནི་རྣམ་པ་སྣ་ཚོགས་པ། །ལོ་ཐོག་ཟ་བ་རྣམས་ལ་སྦྱིན། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་རྣམས། །མེ་ཏོག་ཟ་བ་རྣམས་ལ་སྦྱིན། །ལ་ཕུག་སྒོག་བཙང་ལ་སོགས་པ། །མི་
གཙང་ཟ་བ་རྣམས་ལ་སྦྱིན། །ཚིལ་ནི་རུལ་དང་མ་རུལ་བ། །ཚིལ་ཟ་བ་ལ་སྦྱིན་པར་བྱ། །བྱ་མོའི་སྒོ་ང་འབྱོར་ཐང་པ། །ཟས་སུ་སྣབས་ཟ་བ་ལ་སྦྱིན། །ཤ་རུལ་ཡིབས་སུམས་སོང་བ་རྣམས། །རྣག་ཟ་བ་ལ་སྦྱིན་པར་བྱ། །བྱ་ཕོ་ལས་བྱུང་སྒོ་ང་འདི། །ངར་སྣབས་ཟ་བ་རྣམས་ལ་སྦྱིན། །
ཁྲག་རྣག་མང་པོ་ཇི་སྙེད་པ། །ཟས་སུ་ཁྲག་འཐུང་རྣམས་ལ་སྦྱིན། །ཤ་རྣམས་བཙོས་པའི་ཞག་རྣམས་ནི། །ཟས་སུ་ཞག་ཟ་རྣམས་ལ་སྦྱིན། །བུ་རམ་ཤིང་ཀུན་སྦྱར་བ་ནི། །བཙས་པ་ཟ་བ་རྣམས་ལ་སྦྱིན། །ག་པུར་གུར་ཀུམ་ལ་སོགས་པས། །ཟས་སུ་དྲི་ཟ་བ་ལ་སྦྱིན། །ཀུན་གྱིས་ལྷག་
མ་བསྡུས་པས་ནི། །ལྷག་མ་ཟ་བ་རྣམས་ལ་སྦྱིན། །ཆུ་སྣ་མང་པོ་བསྡུས་པ་ནི། །སྟོར་ཁུང་འཐུང་བ་རྣམས་ལ་སྦྱིན། །ཤ་དང་ཁྲག་དང་སྒོག་བཙང་རྣམས། །བགེགས་རིགས་འཁོར་དུ་གྱུར་ལ་སྦྱིན། །དེ་ནས་འཇམ་དཔལ་གཞོན་ནུ་ཡི། །རྒྱུད་ཀྱི་གདམས་པས་གཏོར་མ་སྦྱིན། །
འདི་ཡིས་ཉེ་བར་མཚོན་པ་ནི། །ཀུན་ལ་མཁས་པས་ཤེས་པར་བྱ། །དེ་ལ་ལག་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷ། སརྦ་དྷརྨཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཞེས་པས་ཕྲེང་བའི་དྲི་མ་སྦྱང་ངོ་། །ལག་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སོར་མོ་རྣམས་རྩེ་སྤྲད་དེ། ཚིགས་ཟུར་
ཅན་རིན་པོ་ཆེའི་སྒྲོམ་བུ་ལྟར་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ད་ཁཾ་ཨུངྒ་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཕྲེང་བ་རྒྱ་ཆེན་པོར་སྤྲུལ་ལ་རྣམ་པ་མི་འགྱུར་བའི་བདུད་རྩིའི་ཟས་ཕུན་སུམ་ཚོགས་པར་བསམ་མོ། །ལག་པ་ཐལ་མོ་སྦྱར་བ་ཕྱིར་བཀྱེད་དེ། མཐེ་བོ་
གཉིས་བསྣོལ་ཏེ་ཁ་ཕྱེ་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་གང་མོས་སུ་བསྒྱུར་རོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ནས་མཛུབ་མོ་བསྒྲེང་སྟེ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། སཾ་བྷཱ་ར་སཾ་བྷཱ་ར་ཧཱུཾ་གིས་འདོད་ཡོན་ལ་སོགས་པ་ཐམས་ཅད་ལོངས་སྤྱོད་ནུས་པར་བསམ་

མོ། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བསྟན་ལ། གཡོན་མཆོད་སྦྱིན་གྱིས་སྣོད་འདེབས་པའི་ཚུལ་དུ་བྱས་ནས། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ། ན་མཿས་མནྟ་སྤ་ར་ཎ་རསྨི་བྷ་བ་ས་མ་ཡ། མ་ཧཱ་མ་ནི་དུ་རུ་དུ་རུ། ཧྲྀ་ད་ཡ་ཛ་ལ་ནི་ཧཱུཾ་ཞེས་བརྗོད་པས་མགྲོན་རྣམས་ཀྱིས་སོ་སོར་ཐོབ་ཅིང་།
ཚིམ་པར་བསམ་མོ། །ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། སོར་མོ་རྣམས་ནང་བསྣོལ་ཏེ། མཐེ་བོང་གཤིབས་ནས་བརྐྱང་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། གྲ་ཧེ་ཤྭ་རི་ཛ་ལ་ནི་ས་མ་ཡ་སྭཱ་ཧཱ། ཟང་ཟིང་དང་ཆོས་ཀྱི་སྦྱིན་པའོ། །དེ་ཉིད་དབང་དུ་བསྡུའོ། །བསྟོད་ཅིང་ཕྲིན་ལས་ལ་སྦྱར་
རོ། །གཏོར་མ་ཐམས་ཅད་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་རང་ལས་ཀྱི་ལྷ་མོའི་ཐུགས་ཀའི་ཨོཾ་གྱི་འོད་ཀྱིས་གཙོ་འཁོར་རྣམས་སྤྱན་དྲང་བར་བྱ་སྟེ། ཧཱུཾ་བཅོམ་ལྡན་གདུགས་དཀར་འཁོར་བཅས་རྣམས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །མཆོད་ཡོན་ཞལ་བསིལ་
བཞེས་ནས་ཀྱང་། །པདྨའི་གདན་ལ་བཞུགས་སུ་གསོལ། །ན་མཿས་མནྟ་བུདྡྷ་ནཱཾ་། ག་ག་ན་པྲ་བ་ར་སངྐ་རཾ་པདྨ་ལེ་ས་མ་ཡ་སྟྭཾ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འབྱུང་པོ་གཟའ་གདོན་ས་བདག་དང་། །ལྷ་མིན་མིའམ་མཁའ་འགྲོ་མ། །མ་ཚོགས་མཁའ་ལྡིང་འདིར་
གཤེགས་ཤིག །ལྟོ་འཕྱེ་ཆེ་དང་རྣལ་འབྱོར་མ། །ཀླུ་ཡི་གདོན་དང་འབྱུང་པོའི་ཚོགས། །སྤྱན་འདྲེན་མཆོད་འབུལ་སྙན་གསན་འབེབས། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་པས་དཀྱིལ་འཁོར་གྱི་དམ་
ཚིག་ལ་བསྟིམ་པར་བྱའོ། །དེ་ནས་གཙོ་མོ་རི་ཁྲོད་མ་ལེགས་ལྡན་འཇིག་རྟེན་པའི་ཚོགས་དང་བཅས་པ་ལ་རྣམ་པ་ལྔ་དང་། འདོད་ཡོན་ལྔ་ལྷ་མོ་བརྒྱད་ལ་སོགས་པས་ཁྱད་པར་མཆོད་ལ། རྒྱུད་ཀྱི་བསྟོད་པ་བྱའོ། །དེའི་རྗེས་ལ་གཏོར་མ་ཐམས་ཅད་ཀྱི་ཕུད་ཀྱིས་གཙོ་མོ་ལ་མཆོད་དེ།
དེ་ནས་ཚངས་པ་ལ་སོགས་པའི་འཇིག་རྟེན་པ་རྣམས་ལ་ཚིག་འདི་རྣམས་ཀྱིས་སྦྱིན་པར་བྱའོ། །ཧཱུཾ་འཇིག་རྟེན་མེས་པོ་ཚངས་པ་དང་། །དེ་ཡི་བཙུན་མོ་ཚངས་མ་དང་། །ཚངས་པའི་རྒྱལ་མོ་གཙུག་ཕུད་དང་། །དཀར་མོའི་འོད་དང་མཆོག་འོད་དང་། །རིན་ཆེན་འོད་དང་སྣང་བའི་འོད། །

སྤྲིན་གྱི་འོད་དང་ཀུན་དུ་འཇོམས། །ཚངས་པ་སྲིད་པ་འཛིན་ལ་སོགས། །ཚངས་པ་འཁོར་དང་བཅས་པ་ལ། །ཕྱག་འཚལ་བསྟོད་དེ་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཕྲེང་བ་ཟ་བ་ལ། །རཀྴ་བོ་དེ་ཙེ་ལས་ནི། །གཞི་བླངས་
པ་ཡི་གཏོར་མ་ནི། །འཇིག་རྟེན་དཀོན་པའི་སྨན་རྣམས་ལ། །སྙིང་པོ་ལ་སོགས་སྦྱར་བ་འདི། །ཚངས་པའི་རྒྱལ་པོ་འཁོར་བཅས་ལ། །བསྔོས་ཤིང་ཚིམ་པས་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཚེ་སྲོག་འཕྲོག་རྣམས་
བཟློག་ཏུ་གསོལ། །ཉེས་པ་ཐམས་ཅད་བཟློག་པ་དང་། །ཚེ་སྲོག་བར་ཆད་བཟློག་ཏུ་གསོལ། །སྲིང་མོ་བཞི་དང་མིང་པོ་གསུམ། །རྣམ་པར་རྒྱལ་བ་མི་ཕམ་མ། །གཞན་གྱིས་མི་ཐུབ་དྲིལ་བུ་མ། །རྒྱལ་བར་བྱེད་དང་སྦྲང་རྩིར་བྱེད། །དོན་ཀུན་གྲུབ་དང་རྒྱལ་བྱེད་མ། །མིང་སྲིང་འཁོར་
དང་བཅས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་གཅིན་འཐུང་ཞེས་བྱ་ལ། །འབྲས་ཆང་རྒུན་ཆང་ལ་སོགས་པ། །འབྲུ་དང་བཅུད་དུ་སྦྱར་བ་འདི། །སྲིང་མོ་མིང་པོ་འཁོར་བཅས་ཀུན། །བསྔོས་པས་ཚིམ་ཞིང་དགྱེས་
གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱིས། །བཟའ་ཉེས་པ་དང་བྲི་ཉེས་པ། །སྒོམ་ཉེས་པ་ལ་སོགས་པ་ཡི། །ཉེས་པ་མ་ལུས་ཞི་བ་དང་། །ཚེ་སྲོག་སྲུང་ཞིང་རྒྱས་པར་མཛོད། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་ལ་
བསྔོ་བ་ནི། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །བཙུན་མོ་རྡོ་རྗེ་ཡངས་བྱེད་མ། །དྲི་ཟ་ཕོ་མོ་ཤུགས་ཆེན་དང་། །ཨུཏྤལ་དང་ནི་ཙནྡན་སོགས། །ཟུར་ཕུད་ལྔ་ལ་སོགས་པ་ཡི། །དྲི་ཟའི་རྒྱལ་པོ་འཁོར་བཅས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་
མཆིས་པའི་གཏོར་མ་འདི། །ཟས་སུ་སྲོག་འཕྲོག་ཅེས་བྱ་ལ། །འོ་མ་ཞོ་དང་ཁ་ར་དང་། །སྨན་དང་བཅུད་སྦྱར་གཏོར་མ་འདི། །དྲི་ཟ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །

དྲི་ཟའི་གདོན་ཚོགས་བཟློག་པ་དང་། །ཚེ་སྲོག་བར་ཆོད་བཟློག་ཏུ་གསོལ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །བཙུན་མོ་རྡོ་རྗེ་འདུལ་མཁས་མ། །འཁོར་ནི་གྲུལ་བུམ་མགུལ་མཛེས་དང་། །མགུལ་ངེས་
དང་ནི་མ་ངེས་དང་། །ཀུན་དུ་ལྷ་དང་མངོན་ཤེས་ལྡན། །བུམ་ལྟོ་ཅན་དང་འདོད་པ་མཆོག །གྲུལ་བུམ་རྒྱལ་པོ་འཁོར་བཅས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་འབྲས་བུ་ཟ་བ་ལ། །ཤིང་ཐོག་སྣ་ཚོགས་གཞི་
བླངས་པའི། །འབྲུ་དང་སྨན་དུ་སྦྱར་བ་འདི། །གྲུལ་བུམ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གྲུལ་བུམ་གདོན་ཚོགས་བཟློག་པ་དང་། །ཚེ་སྲོག་བར་ཆོད་བཟློག་ཏུ་གསོལ། །
རྒྱལ་པོ་ཆེན་པོ་མིག་མི་བཟང་འཁོར་དང་བཅས་པ་ལ་བསྔོ་བ་ནི། ནུབ་ཕྱོགས་རྒྱལ་པོ་མིག་མི་བཟང་། །བཙུན་མོ་རྡོ་རྗེ་མྱོས་བྱེད་མ། །ཀླུ་ཡི་རྒྱལ་པོ་རྣམས་ལུང་དང་། །པདྨ་ཆེན་པོ་རྒྱ་མཚོ་དང་། །མ་གྲོས་འོད་ཟེར་རྒྱལ་བ་དང་། །གློག་ཆེན་འབྱིན་དང་རིན་ཆེན་འོད། །སོག་མ་
མེད་ལ་སོགས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་སྐྱུགས་པ་ཟ་བ་ལ། །སྦྲང་རྩི་ལ་ནི་སྦྱར་བ་ཡི། །རྩི་དང་བཅུད་དུ་སྦྱར་བ་འདི། །མིག་མི་བཟང་ནི་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །
ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཀླུ་ཡི་གདོན་ཚོགས་ཞི་བ་དང་། །ཚེ་སྲོག་བར་ཆོད་བཟློག་ཏུ་གསོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་ལ་བསྔོ་བ་ནི། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་རིག་མ་ཕྲེང་ལྡན་དང་། །གནོད་
སྦྱིན་འཛིན་དགའི་རིང་པོ་དང་། །མིག་མི་བཟང་དང་ཉི་སེང་གེ། །སེང་གེ་དལ་རྡོབ་སེར་སྐྱ་དང་། །གནོད་སྦྱིན་རྒྱལ་པོ་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་བདུག་པ་ཟ་བ་ལ། །སྤོས་སོགས་དྲི་དང་སྤོས་སྦྱར་

འདི། །བྱང་ཕྱོགས་གནོད་སྦྱིན་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གནོད་སྦྱིན་གདོན་ཚོགས་ཞི་བ་དང་། །ནད་དང་སྡུག་བསྔལ་བཟློག་ཏུ་གསོལ། །བརྒྱ་བྱིན་
འཁོར་དང་བཅས་པ་ལ་བསྔོ་བ་ནི། ཤར་ཕྱོགས་དབང་ལྡན་བརྒྱ་བྱིན་དང་། །དྲི་ཟའི་རྒྱལ་པོ་ཏམྦུ་ར། །ཡིད་འོང་ཡིད་དག་འོད་སྦྱངས་དང་། །འཇམ་སྙན་དབྱངས་དང་ཉི་ཟེར་དང་། །ཡིད་འཕྲོག་གཙོ་བོ་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་
པའི་གཏོར་མ་འདི། །ཟས་སུ་མངལ་ཟ་ཞེས་བྱ་ལ། །མངར་གསུམ་རྩི་སྨན་སྦྱར་བ་འདི། །ཕྱོགས་སྐྱོང་དྲི་ཟ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །དྲི་ཟའི་གདོན་ཚོགས་བཟློག་པ་དང་། །
ཚེ་ཡི་བར་ཆོད་བཟློག་ཏུ་གསོལ། །གཤིན་རྗེ་འཁོར་དང་བཅས་པ་ལ་བསྔོ་བ་ནི། གཤིན་རྗེ་ལོང་བའི་རྒྱལ་པོ་དང་། །དེད་དཔོན་རྗེ་མོ་སྲིང་མོ་དང་། །མ་མོ་དང་ནི་ལྷ་མ་སྲིན། །དུས་མཚན་དང་ནི་ཤ་ཟ་མོ། །གཤིན་རྗེའི་རིགས་ཀྱི་གདོན་རྣམས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །
ཚད་མ་མཆིས་པའི་གཏོར་མ་ནི། །ཟས་སུ་ཤ་ཟ་ཞེས་བྱ་ལ། །བཙོས་དང་ཤ་ཆེན་གཏོར་མ་འདི། །གཤིན་རྗེ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གཤིན་རྗེའི་གདོན་ཚོགས་
བཟློག་པ་དང་། །ཕ་རོལ་རིག་སྔགས་བཟློག་ཏུ་གསོལ། །ཀླུ་རྒྱལ་འཁོར་དང་བཅས་པ་ལ་བསྔོ་བ་ནི། ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་དུང་སྐྱོང་པདྨ་དང་། །ཆུ་ལྷ་ནོར་རྒྱས་ལ་སོགས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །
ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མཆིལ་མ་འཐུང་བ་ལ། །བོང་རྩི་བཅུད་དུ་སྦྱར་བ་འདི། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཀླུ་གདོན་ཐམས་ཅད་ཞི་བ་དང་། །

ཀླུ་དུག་རིག་སྔགས་བཟློག་ཏུ་གསོལ། །གནོད་སྦྱིན་འཁོར་དང་བཅས་པ་ལ་བསྔོ་བ་ནི། གནོད་སྦྱིན་རྒྱལ་པོ་ཀུ་བེ་ར། །འབྲོག་གནས་མཆེད་ལྔ་གང་བ་བཟང་། །ནོར་བུ་བཟང་དང་ལག་བརྒྱ་པ། །ལྔ་རྩེན་ལྔ་བརྩེགས་ཕྱིས་ལ་སེར། །གནོད་སྦྱིན་རྒྱལ་པོ་ལ་སོགས་པ། །ཕྱག་
འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་གཏོར་མ་ཟ་བ་ལ། །ཁུར་བ་སྣ་ཚོགས་བཅུད་དང་སྦྱར། །སྤྱན་གཟིགས་སྣ་ཚོགས་བཅས་པ་འདི། །གནོད་སྦྱིན་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་
ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གནོད་སྦྱིན་གདོན་ཚོགས་བཟློག་པ་དང་། །རྐྱེན་ངན་བར་ཆོད་བཟློག་ཏུ་གསོལ། །མེ་ལྷ་འཁོར་དང་བཅས་པ་ལ་བསྔོ་བ་ནི། དྲང་སྲོང་མེ་ལྷ་བྱིན་ཟ་དང་། །གནས་མཆོག་གནས་བརྟན་ཨ་ཀོ་ཏ། །གཽ་ཏ་མ་ཐོགས་པའི་
དཔལ། །གར་ལྡན་དང་ནི་ཕྲེང་བ་ཅན། །དྲང་སྲོང་དཔལ་སྦྱིན་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །བསྲེག་བྱ་ཟ་བ་ཞེས་བྱ་བ། །འབྲས་ཀྱི་ལག་པན་ལ་སོགས་དང་། །འབྲུ་དང་བཅུད་ཀྱིས་སྦྱར་བ་འདི། །མེ་ལྷ་འཁོར་
དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །དྲང་སྲོང་གདོན་ཚོགས་ཞི་བ་དང་། །དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ། །བདེན་བྲལ་འཁོར་དང་བཅས་པ་ལ་བསྔོ་བ་ནི། བདེན་བྲལ་
སྲིན་པོ་བུམ་རྣ་དང་། །གདོང་པ་བཅུ་ལ་ཁྲོས་པ་བཞིན། །མཆེ་བ་ཟངས་མདོག་དྲག་པོ་ལ། །རབ་གཏམས་དང་ནི་འཇིགས་པ་ལྟར། །སྲིན་པོ་དྲག་བྱེད་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་རྐང་ཟ་ཞེས་བྱ་
ལ། །རྐང་དང་རུས་པ་སྣ་ཚོགས་དང་། །ཁུར་བ་ལ་སོགས་སྦྱར་བ་འདི། །སྲིན་པོ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །སྲིན་པོའི་ཚོགས་རྣམས་བཟློག་པ་དང་། །ཚེ་སྲོག་བར་

ཆད་བཟློག་ཏུ་གསོལ། །རླུང་ལྷ་འཁོར་དང་བཅས་པ་ལ་བསྔོ་བ་ནི། རླུང་ལྷ་བཻ་དུར་རམ་པ་དང་། །ཕྲེང་བ་ཅན་དང་འཇིག་རྟེན་སྤྲིན། །རླུང་གི་ལྷ་དང་འཇིགས་བྱེད་དང་། །ཚངས་ཆེན་དང་ནི་ཀུན་དུ་མགྱོགས། །རླུང་ལྷ་རྣམ་པར་འཐོར་བྱེད་དང་། །རླུང་ཕྱོགས་
གདོན་ལ་སོགས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ལོ་ཏོག་ཟ་བ་ལ། །འབྲས་དང་ནས་དང་སྙེ་མ་དང་། །གང་དུ་འབྲུ་གཙང་བྱས་པ་འདི། །རླུང་ལྷ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་
ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །རླུང་ལྷའི་གདོན་ཚོགས་བཟློག་པ་དང་། །ལོ་ཉེས་ལ་སོགས་གདོན་རྣམས་བཟློག །དབང་ཕྱུག་ཆེན་མོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། དབང་ཕྱུག་མ་ཧཱ་དེ་བ་དང་། །བཙུན་མོ་ཨུ་མ་དེ་བ་གཉིས། །
དགའ་བྱེད་དབང་ཕྱུག་བྷྲྀངྒི་རི། །ཚོགས་བདག་གཞོན་ནུ་སྨིན་དྲུག་དང་། །པ་ཏྲ་བ་ལ་ནཱནྟི་ཀར། །མ་ཧཱ་ཀཱ་ལ་ཤ་རི་སོགས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མེ་ཏོག་ཟ་བ་ལ། །ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་
རྩི་བཅུད་སྦྱར་བ་འདི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ལྷ་ཡི་གདོན་ཚོགས་ཞི་བ་དང་། །རིམས་ནད་ཐམས་ཅད་བཟློག་ཏུ་གསོལ། །འབྱུང་པོའི་བདག་པོ་འཁོར་
དང་བཅས་པ་ལ་བསྔོ་བ་ནི། འབྱུང་པོའི་བདག་པོ་དབང་ལྡན་དང་། །ལོག་འདྲེན་སྣ་འདྲེན་མདུང་ཐུང་དང་། །གཤོལ་མདའ་ཅན་དང་གཏུན་ཤིང་དང་། །འཁྲུག་བྱེད་སྙ་དྲག་ཡང་དག་འགུགས། །འབྱུང་པོ་འཁོར་བཅས་ལ་སོགས་པས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །
ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མི་གཙང་ཟ་བ་ལ། །འབྱུང་པོའི་ཁ་ཟས་སྒོག་ཙོང་དང་། །ལ་ཕུག་འབྲས་ལ་སོགས་པ་ལ། །རྒྱུ་དང་རྐྱེན་དུ་སྦྱར་བ་འདི། །འབྱུང་པོ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་

ཅག་འཁོར་བཅས་ཐམས་ཅད་ཀྱི། །འབྱུང་པོའི་གདོན་ཚོགས་བཟློག་པ་དང་། །བགེགས་ཀྱི་བསམ་ངན་བཟློག་ཏུ་གསོལ། །གཟའི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། གཟའ་ཆེན་བྱི་ཏྲི་པ་ཏྲ་དང་། །ཟླ་བ་ཉི་མ་གཟའ་ལག་ཅན། །པ་བ་སངས་དང་ཕུར་བུ་དང་། །སྤེན་པ་དང་
ནི་མིག་དམར་དང་། །སྒྲ་གཅན་འཛིན་ལ་སོགས་པ་ལ། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཚིལ་ཟ་ཞེས་བྱ་ལ། །ཕྱི་ཚིལ་ནང་ཚིལ་ལ་སོགས་པ། །བཅུད་དང་ལེན་དུ་སྦྱར་བ་འདི། །གཟའ་གདོན་འཁོར་དང་བཅས་པ་ལ། །བསྔོས་
པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གཟའ་ཡི་གདོན་ཚོགས་བཟློག་པ་དང་། །ལྟས་ངན་མཚན་ངན་བཟློག་ཏུ་གསོལ། །ས་བདག་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། ས་བདག་རྒྱལ་པོ་ཕག་མགོ་ཅན། །
ས་བདག་ཧོང་ཕན་ཐེ་སེ་དང་། །བེ་སྣ་ལག་ཆེན་ཙང་ཀུ་དང་། །རྩང་ཀུན་འཁོར་དང་པརྟ་ལི། །ས་བདག་བརྟན་མ་ལ་སོགས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་སྣབས་ཟ་ཞེས་བྱ་ལ། །བྱ་ཡི་སྒོ་ང་ལ་སོགས་པའི། །
སྲིད་པའི་རྒྱུ་དང་སྦྱར་བ་འདི། །ས་བདག་འཁོར་བཅས་ཐམས་ཅད་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ས་བདག་གདོན་ཚོགས་བཟློག་པ་དང་། །ཚེ་དང་དབང་ཐང་སྤེལ་དུ་གསོལ། །ལྷ་མ་ཡིན་
གྱི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། ལྷ་མིན་རྒྱལ་པོ་ཐགས་བཟངས་རིས། །རབ་གསལ་དང་ནི་ཞི་བའི་མཆོག །ཐག་པ་སྲི་དང་ཁྲ་ཆེན་པོ། །དུས་ཀྱི་འཁོར་དང་དྲི་མེད་པོ། །ལྷ་མིན་རྒྱལ་པོ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་
མཆིས་པའི་གཏོར་མ་འདི། །ཟས་སུ་རྣག་ཟ་ཞེས་བྱ་ལ། །ཤ་སུམས་རུལ་པ་ལ་སོགས་པ། །རྒྱུ་དང་རྐྱེན་དུ་བསགས་པ་འདི། །ལྷ་མིན་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་

ཀྱི། །ལྷ་མིན་གདོན་ཚོགས་ཞི་བ་དང་། །ལོ་སྐེག་ཟླ་སྐེག་བདུད་སྐེག་དང་། །ཁྲམ་སྐེག་ལ་སོགས་བཟློག་ཏུ་གསོལ། །མིའམ་ཅིའི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། མི་ཅིའི་རྒྱལ་པོ་ལྗོན་པ་དང་། །ཆོས་ལྡན་ཆོས་སྐྱོང་ཆོས་བཟངས་དང་། །ལྷ་མིན་
ཕུང་བྱེད་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ངར་སྣབས་ཟ་བ་ལ། །དེ་ཕོའི་ངར་སྒོང་སྦྱར་བ་དང་། །མི་ཅིའི་རྒྱལ་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །
བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །གཞན་གྱི་སྦྱོར་བ་ངན་པ་དང་། །བསམ་ངན་ཐམས་ཅད་བཟློག་ཏུ་གསོལ། །མཁའ་འགྲོ་མ་འཁོར་དང་བཅས་པ་ལ་བསྔོ་བ་ནི། མཁའ་འགྲོ་མ་ཚོགས་དེ་བི་ར། །ཧ་པདྨ་དང་སུ་ཀ་རི། །བི་ཧི་བི་དང་བི་མ་ཀ །བེ་བོ་ཀ་དང་ཀརྟི་ཀ །བ་ཀར་
ཏ་དང་མུ་ཧ་ཀ །མཁའ་འགྲོ་ཆེན་མོ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཁྲག་འཐུང་ཞེས་བྱ་ལ། །ཁྲག་སྣ་བརྒྱ་ཡི་གཏོར་མ་འདི། །མཁའ་འགྲོ་ཆེན་མོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་
གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མཁའ་འགྲོའི་གདོན་ཚོགས་ཞི་བ་དང་། །མདངས་འཕྲོག་ཐམས་ཅད་བཟློག་ཏུ་གསོལ། །མ་མོ་འཁོར་དང་བཅས་པ་རྣམས་ལ་བསྔོ་བ་ནི། མ་མོ་འཛིན་མོ་ཛི་མ་ཀ །རྡོ་རྗེ་གཞོན་ནུ་ལུ་གུ་རྒྱུད། །
པདྨའི་མིག་དང་རིགས་གསེར་ཕྲེང་། །རྡོ་རྗེ་ཤུགས་ལྡན་བརྒྱ་ལྡན་མ། །རྡོ་རྗེ་པདྨོའི་འོད་ཕྲེང་མ། །མ་མོའི་གདོན་ཚོགས་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ཞག་ཟ་ཞེས་བྱ་ལ། །ཞག་དང་བཅུད་དུ་སྦྱར་
བ་འདི། །མ་མོ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མ་མོའི་གདོན་ཚོགས་ཞི་བ་དང་། །སྲོག་འཕྲོག་སྡུག་བསྔལ་བཟློག་ཏུ་གསོལ། །ནམ་མཁའ་ལྡིང་འཁོར་དང་བཅས་པ་

ལ་བསྔོ་བ་ནི། ནམ་མཁའ་ལྡིང་གི་རྒྱལ་པོ་ལ། །གསེར་མིག་ཅན་དང་ཡན་ལག་འདུ། །རྣ་བདུད་དང་ནི་འཇིགས་པར་འགྲོ། །འདབ་བརྒྱད་དང་ནི་གཙུག་ཕུད་ཅན། །ཤུགས་ལྡན་བཟང་དང་ཡན་ལག་ལྡན། །ནམ་མཁའ་ལྡིང་གི་འཁོར་བཅས་ལ། །ཕྱག་འཚལ་བསྙེན་བཀུར་
མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་བཙས་པ་ཟ་བ་ལ། །བུ་རམ་ཤིང་ཀུན་ལ་སོགས་པའི། །བཅུད་དང་བདུད་རྩི་སྦྱར་བ་འདི། །མཁའ་ལྡིང་རྒྱལ་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་
ཅག་འཁོར་བཅས་ཐམས་ཅད་ཀྱི། །མཁའ་ལྡིང་གདོན་ཚོགས་བཟློག་པ་དང་། །ཚེ་ཡི་བར་ཆད་སྐྱབ་ཏུ་གསོལ། །ལྟོ་འཕྱེའི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ་ནི། ལྟོ་འཕྱེའི་རྒྱལ་པོ་ཆེན་པོ་ནི། །མགྱོགས་ཆེན་དང་ནི་དུ་བ་ཅན། །ལ་བ་ཅན་དང་ཧུ་ཏ་ཀ །ཤུ་བར་ཀ་
སྣ་སྣ་བཟང་དང་། །དཔུང་བཟངས་དང་ནི་འཇིགས་ཆེན་དང་། །ལྟོ་འཕྱེའི་རྒྱལ་པོ་ལ་སོགས་པ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་དྲི་ཟ་ཞེས་བྱ་ལ། །ག་པུར་གུར་ཀུམ་སུག་སྨེལ་དང་། །ལི་ཤི་ཛཱ་ཏི་ལ་སོགས་པའི། །
དྲི་དང་སྨན་དུ་སྦྱར་བ་འདི། །ལྟོ་འཕྱེ་འཁོར་དང་བཅས་པ་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ལྟོ་འཕྱེའི་གདོན་ཚོགས་ཞི་བ་དང་། །གདོན་གྱི་བར་ཆད་བཟློག་ཏུ་གསོལ། །སྲིན་པོ་འཁོར་དང་
བཅས་པ་ལ་བསྔོ་བ་ནི། རྣལ་འབྱོར་སྲིན་མོ་ནག་མོ་དང་། །སྦལ་མིག་མོ་དང་རྟ་ནག་མོ། །སྲིན་མོ་ནག་མོ་གནོད་སྦྱིན་མོ། །བེ་ཅོན་ནག་མོ་ལ་སོགས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་ལྷག་མ་ཟ་བ་ལ། །ཀུན་གྱི་
ལྷག་མའི་ཚོགས་སྦྱར་འདི། །སྲིན་མོ་འཁོར་བཅས་ཐམས་ཅད་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མ་མོ་སྲིན་མོའི་གདོན་ཚོགས་དང་། །མི་ནད་ཕྱུགས་ནད་བཟློག་ཏུ་གསོལ། །ཀླུའི་ཚོགས་

འཁོར་དང་བཅས་པ་ལ་བསྔོ་བ་ནི། གངྒཱའི་ལྷ་དང་སིནྡྷུའི་ལྷ། །བྱམས་ལྡན་ལྷ་དང་དབྱངས་ཅན་ལྷ། །ཟླ་བ་ཅན་དང་ཡ་མུ་ཏ། །ཀུན་གྱི་ལྷ་དང་མགྱོགས་ཆེན་ལྷ། །མཚོ་སྟེང་ལྷ་ལ་སོགས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་
མཆིས་པའི་གཏོར་མ་འདི། །ཟས་སུ་གཏོར་ཁུང་འབབ་འཐུང་ལ། །ཆུ་སྣ་བརྒྱ་རྩ་བརྒྱད་དང་ནི། །བཅུད་དང་རྩི་ལྡན་སྦྱར་བ་འདི། །ཆུ་རླུང་སྣ་ཚོགས་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་ནི། །བདག་ཅག་འཁོར་བཅས་ཐམས་
ཅད་ཀྱི། །ཆུ་རླུང་གནས་པའི་བགེགས་གདོན་དང་། །ཚེ་སྲོག་བར་ཆོད་བཟློག་ཏུ་གསོལ། །ཕྱོགས་བཞིའི་བགེགས་ཆེན་འཁོར་དང་བཅས་པ་ལ་བསྔོ་བ་ནི། ཤར་ཕྱོགས་ཁམས་ཀྱི་བདག་པོ་དང་། །ལྷོ་ཕྱོགས་སྤྲིན་གྱི་སྒྲོན་མ་དང་། །ནུབ་ཕྱོགས་བགེགས་རྒྱལ་རྡོ་རྗེ་དང་། །བྱང་
ཕྱོགས་པི་ནཱ་ཡ་ཀ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཚད་མ་མཆིས་པའི་གཏོར་མ་འདི། །ཟས་སུ་མི་གཙང་ཟ་བ་ལ། །ཁྲག་དང་ཤ་སྣ་སྦྱར་བ་འདི། །བགེགས་ཆེན་བཞི་པོ་འཁོར་བཅས་ལ། །བསྔོས་པས་ཚིམ་ཞིང་དགྱེས་གྱུར་ཅིག །ཁྱེད་ལ་ཕྲིན་ལས་ཞུ་བ་
ནི། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཕྱོགས་བཞིའི་བགེགས་ཚོགས་ཞི་བ་དང་། །བསམ་སྦྱོར་ངན་པ་བཟློག་ཏུ་གསལ། །འབྱུང་པོ་མ་ལུས་ཁྱེད་རྣམས་ཀུན། །སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་
བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ལྷན་ཅིག་ཏུ། །གཏོར་མ་མེ་ཏོག་དྲི་དང་བདུག་པར་བཅས། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་
བརྗོད་པར་བྱའོ། །དེ་ནས་བྷྱོ་འབག་བཞི་བྱས་པའི་མདུན་དུ་བསྐོར་བཞི་དྲངས་ལ། དེ་བྷྱོ་སྔགས་ཀྱིས་བསྔགས་ཏེ་ཕྱོགས་བཞིར་བསྐྱལ་ལོ། །དེ་ནས་བཅོམ་ལྡན་འདས་མ་འཁོར་བཅས་ལ་མཆོད་པ་དང་། རྒྱུད་ཀྱི་བསྟོད་པ་ལ་སོགས་པས་བསྟོད་ནས་བདག་དང་ཡོན་བདག་འཁོར་བཅས་

ཀྱིས་མེ་ཏོག་ཐོགས་ལ། རྒྱལ་མཚན་ནམ། སྐུ་དང་དཀྱིལ་འཁོར་བཅས་པ་ལ་ཡང་སྟོད་པ་བྱེད་ཅིང་བསྐོར་བ་བྱ། ནད་གདོན་ཞི་བའི་གསོལ་བ་གདབ། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། གཏོར་མ་གནོད་བྱེད་ཀྱི་ཕྱོགས་སུ་བཏང་ལ། བཀྲ་
ཤིས་བརྗོད་པར་བྱའོ། །དེ་ནི་མི་ནད་དང་། ཕྱུགས་ནད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བྱད་ཀ་དང་། ཕུར་ཀ་དང་། ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཆར་ཆུ་ཡང་དུས་སུ་འབབ་པ་དང་། རྩི་བཅུད་དང་། ལོ་ཏོག་ལ་སོགས་
པའི་འབྲུ་ཐམས་ཅད་རྒྱས་པ་དང་། མི་ཕྱུགས་ཐམས་ཅད་འཕེལ་བ་དང་། མཆོག་ཏུ་དགེ་བར་འགྱུར་རོ། །ཙནྡྲ་གོ་མིས་འཕགས་པ་ཡི། །རྗེས་གནང་དངོས་སུ་ཐོབ་གྱུར་ནས། །གཏོར་ཆོག་བཤད་རྒྱུད་ལ་བརྟེན་བརྩམས། །དགེ་དེས་འགྲོ་ཀུན་བདེ་ཐོབ་ཤོག །འཕགས་
མ་གདུགས་དཀར་མོ་ཅན་གྱི་གཏོར་མའི་ཆོ་ག །སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།ཐོ་ལིང་གི་གཙུག་ལག་ཁང་དུ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཊྭཱ་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ་ཨ་པ་
རཱ་ཛི་ཏ་དྷཱ་ར་ཎི་སཱ་དྷ་ན་མ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། མཐོང་དང་མ་མཐོང་ལ་སྒྲོལ་
བའི། །གདུགས་དཀར་ཡུམ་ལ་ཕྱག་འཚལ་ཏེ། །བདག་གཞན་དོན་དེ་ཐོབ་བྱའི་ཕྱིར། །ལོ་འདབ་ཙམ་ཅིག་གསལ་བར་བྱ། །དེ་ལ་འཕགས་པ་གདུགས་དཀར་མོ་ཅན་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། གནས་དབེན་ཞིང་ཡིད་དང་མཐུན་པར་དང་ངོ་མཎྜལ་དང་མཆོད་
པ་བཤམས་ལ་ཤཱ་ཁྲུས་བྱ་སྟེ། ལུས་ལ་དྲིས་བྱུགས་ནས་གོས་གཙང་མ་བགོས་ཏེ། སྟན་བདེ་བ་ལ་གནས་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་བསམས་ཏེ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་

འཕགས་པ་གདུགས་དཀར་མོ་ཅན་དམིགས་ཏེ། ཕྱག་འཚལ་བ་ལ་སོགས་པ་རིམ་པ་བཞིན་དུ་བྱའོ། །དེ་ནས་ཚད་མེད་པ་བཞི་བསྒོམས་ཏེ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་སྟོང་པ་ཉིད་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དཀར་པོ་བསམས་ཏེ།
དེ་ཉིད་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འགྲོ་བའི་དོན་བྱས་ཏེ། ཚུར་འདུས་པ་ལས་གདུགས་དཀར་པོ་ཨོཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་འོད་ཟེར་ལྷ་མོའི་སྐུ་དང་བཅས་པ་འཕྲོས་པས་འཇིག་རྟེན་ཐམས་ཅད་དུ་ནད་དང་སྡུག་བསྔལ་ཐམས་ཅད་ལས་དགྲོལ་ཏེ་ཚུར་འདུས་པས་
འཕགས་པ་གདུགས་དཀར་མོ་ཅན་སྐུ་མདོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་གདུགས་དཀར་པོ་འཛིན་པ། སྤྲུལ་པའི་དབུ་སྟོང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་ཕྲག་བརྒྱ་སྟོང་མངའ་བ་ཆེན་མོ། དབུ་ལ་མི་ཕྱེད་རྡོ་རྗེ་འབར་བའི་མཚན་རྟགས་ཅན། ས་
གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ། བདག་དང་གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། ཕྱག་རྒྱའི་ཚོགས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ཏེ་གནས་པར་བསམས་ཏེ། མཆོད་པའི་ཚོགས་རྣམས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །དེ་ནས་མདུན་གྱི་ནམ་མཁར་བྷྲཱུཾ་
ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སེམས་ཀྱི་འབྱོར་པའི་རྒྱན་དང་ལྡན་པར་བསྒོམས་པའི་ནང་དུ་སེང་གེ་ལ་སོགས་པའི་གདན་རྣམས་བསྐྱེད་པ་ལ། སྤྱན་དྲང་བ་ནི་སྙིང་གའི་ཨོཾ་གྱི་འོད་ཀྱིས་བསྐུལ་ཏེ་དམིགས་པ་རྣམས་མཆོད་ཡོན་གྱིས་བཞུགས་སུ་གསོལ་བར་བྱའོ། །དེ་ཡང་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བ་དང་། སྤྲུལ་པའི་ཚོགས་རྣམས་གསལ་བར་དམིགས་ཏེ། གཞུང་ལས་བྱུང་བའི་ཕྱག་རྒྱ་དང་བསྟོད་པ་སྔོན་དུ་འགྲོ་བས་མཆོད་པའི་ཚོགས་ཀྱིས་མཆོད་དོ། །དེ་ནས་གསོལ་བ་བཏབ་
སྟེ་བཟླས་པ་ནི་བདག་དང་ཡེ་ཤེས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་བཟླས་པའི་ཡི་གེ་མུ་ཏིག་གི་རྡོག་པོ་ལྟ་བུར་བསམས་ཏེ། སྤྲོ་བ་དང་བསྡུ་བའི་སྦྱོར་བས་བཟླས་པའི་སྐྱོན་སྤངས་ཏེ་བཟླས་པ་བྱའོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་

དམིགས་ཤིང་སེམས་ཅན་གྱི་དོན་དྲན་པས་བཟླས་པ་བྱའོ། །དེ་ནས་ངལ་ལམ་གཏོང་བར་འདོད་ན་བཟླས་པ་ཡིད་ཀྱིས་འཕགས་པ་གདུགས་དཀར་མོ་ཅན་ལ་ཕུལ་ཏེ། བདག་ལས་ཀྱི་ལྷ་མོས་འཕགས་པ་རྣམས་ལ་མཆོད་པ་དང་བསྟོད་པ་བྱ་སྟེ། བཟོད་པར་གསོལ་ཞིང་དགེ་བའི་རྩ་
བ་བསྔོས་ནས་གཤེགས་སུ་གསོལ་ལོ། །དེ་ནས་ལུས་བསྲུང་བར་བྱ་སྟེ་ལྡང་བར་བྱའོ། །ལངས་ནས་ཀྱང་མདོ་སྡེ་ཟབ་མོ་བཀླག་པ་ལ་སོགས་པ་བྱའོ། །རྟག་ཏུ་འཕགས་པ་གདུགས་དཀར་མོ་དྲན་པར་བྱའོ། །ཕྱག་འཚལ་བར་དམིགས་ཤིང་འབྱུང་པོའི་ཁ་ཟས་སྤངས་ཏེ་བསྒྲུབ་
པར་བྱའོ། །སྲུང་བ་དང་། འཁྲུལ་འཁོར་དང་། བཟློག་པ་དང་། སྦྱིན་སྲེག་དང་། བགེགས་བཟློག་ཅིང་གཟིར་བ་དང་། དམག་དཔུང་གཞོམ་པ་དང་། དངོས་གྲུབ་བསྒྲུབ་པ་དང་། སེར་བ་སྲུང་བ་དང་། སྲིའུ་གསོ་བ་དང་། གཏོར་མ་བཏང་བ་དང་། མཛེ་ནད་གསོ་བ་དང་། འཇིགས་
པ་སྐྱོབ་པ་ཀུན་དང་པོའི་ཕན་ཡོན་ལས་འབྱུང་བ་ལྟར་ཐམས་ཅད་བྱའོ། །བདག་འདྲ་བློ་དམན་སོ་སོའི་སྐྱེ་བོ་ཡིས། །འཕགས་མ་མཆོག་ལ་ཆུ་ཡི་ཐིགས་ཙམ་བསྟོད། །འདི་ལས་སྐྱེས་པའི་བསོད་ནམས་གང་བྱུང་བས། །བདག་དང་སེམས་ཅན་ཀུན་གྱིས་མཆོག་ཐོབ་ཤོག །འཕགས་
པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅༅། །དེ་ལ་རང་ངམ་གཞན་ལ་སྲུང་བར་འདོད་པས། དང་པོར་གྲོ་གའམ་
རས་སམ་ཤིང་ཤུན་ལ། གུར་ཀུམ་གྱིས་རིམ་པ་བཞིར་གནས་པར་བསྐོར་ཏེ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བཀོད་པའི་ལྟེ་བ་ལ་བསྲུང་བར་བྱ་བའི་མིང་སྲུང་ཚིག་དང་བཅས་པ་བྲིས་ཏེ། རྩིབས་བརྒྱད་པོ་དག་ལ་ནི། ཨོཾ་རྀ་ཥི་ག་ན་ནས་ཨཥྚ་ན་མའི་བར་དུ་སོ་སོར་བྲིས་ཏེ། དེ་ཡང་སྲུང་
བའི་ཚིག་དང་བཅས་པར་རོ། །གཉིས་པ་ལ་ནི། ཏདྱ་ཐཱ། ཨོཾ་ནས་ཧཱུཾ་དྲུཾ་བནྡྷའི་བར་དུ་སྡེ་ཚན་བརྒྱད་དུ་དགོད་པར་བྱའོ། །རིམ་པ་གསུམ་པར་ནི་ཞི་བར་བྱེད་པའི་རིག་སྔགས། ཏདྱ་ཐཱ། ཧཱུཾ་ནས་མ་མའི་བར་དུ་དགོད་པར་བྱའོ། །རིམ་པ་བཞི་པར་ནི་ཐམས་ཅད་འཇོམས་པའི་རིག་སྔགས།

ཨོཾ་ཨ་སི་ཏཱ་ན་ལཱརྐ་ནས་བི་ས་ན་ཡའི་བར་དུ་སྲུང་བའི་ཚིག་དང་བཅས་པ་དགོད་པར་བྱའོ། །དེ་ལྟར་བྲིས་པ་དེ་བུམ་པའམ་མཎྜལ་སྟེང་དུ་བཞག་ནས། བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ། འཁོར་ལོའི་དབུས་ཀྱི་ཡི་གེ་ལས་འཕགས་མ་གདུགས་དཀར་མོ་
ཅན་འཁོར་བཅས་བསྐྱེད་པར་བྱའོ། །དེ་ནས་མདུན་དུ་གཞལ་ཡས་ཁང་བསམས་ཏེ། ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་དྲངས་མཆོད་པ་བྱ་སྟེ། གཟུངས་ནས་འབྱུང་བས་གསོལ་བ་བཏབ་ལ། བཟླས་པ་བརྒྱའམ་སྟོང་ངམ་ཅི་ཙམ་འཚམ་པར་བྱའོ། །དེ་ནས་འཁོར་ལོ་ཡང་མཆོད་ཅིང་ཚངས་
པ་དང་། དབང་པོ་དང་། ཉེ་དབང་དང་། ལེགས་ལྡན་ལ་སོགས་པ་ལ་གཏོར་མ་ཕུལ་ཏེ། གསོལ་བ་བཏབ་ནས་རང་ངམ་གཞན་སྐྱེས་པའམ་བུད་མེད་དེ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་བྱས་ནས། ཡུངས་ཀར་དང་བཅས་པས་ལུས་སམ་མགུལ་དུ་བཏགས་ན་མེས་མི་ཚུགས་
པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་བསྲུང་བའི་འཁོར་ལོ་རྫོགས་སོ།། ༄༅། །བདག་ཉིད་བསྙེན་པ་ཐོབ་པས་འཁྲུལ་འཁོར་འཆིང་བར་འདོད་ན། དུར་ཁྲོད་ཀྱི་རས་ལ་ཁྲག་དང་དུག་དང་ལན་ཚྭ་དང་སྐེ་ཚེ་ལ་སོགས་པའི་ཁུ་
བས་འཁོར་ལོ་མུ་ཁྱུད་གཉིས་ལ་བསྐོར་བ་བྲིས་ཏེ། ནང་མའི་ལྟ་བ་ལ་བསྒྲུབ་བྱའི་མིང་ས་བོན་གྱི་ཡི་གེ་བྲིས་པའི་ཕྱི་རོལ་དུ། ཏདྱ་ཐཱ། ཨོཾ་ནས་ཧཱུཾ་དྲུཾ་བནྡྷའི་བར་དུ་བྲིས་པའམ་མཐར་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྲིའོ། །རིམ་པ་གཉིས་པ་ལ་ཐམས་ཅད་འཇོམས་པའི་སྔགས་མཱ་ར་ཡ་དང་
བཅས་པར་དགོད་དོ། །དེ་ནས་གྲོག་མཁར་གྱི་ས་དང་། བ་ལང་གི་གཅི་བ་དང་། དགྲའི་རྐང་རྗེས་ཀྱི་ས། བགེགས་ཀྱི་ཆུ་ཕར་འགྲམ་གྱིས་ལས་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་འཁྲུལ་འཁོར་བཅུག་སྟེ་དོང་གྲུ་གསུམ་དུ་གཞུག་གོ། །དེ་ནས་བདག་ཉིད་ལྷའི་རྣལ་
འབྱོར་རྫོགས་པར་བྱ། འཁོར་ལོ་བསྒྲུབ་བྱར་བསམས་པའི་རྟེན་ལ་ཕྱག་རྒྱའི་ཚོགས་ལ་སོགས་པ་ཀུན་བཀུག་ཅིང་བཅུག་པར་བྱས་ལ། ཚངས་པ་དང་དབང་པོ་དང་ལེགས་ལྡན་དྲག་པོ་ལ་སོགས་པ་རྣམས་ལ་གཏོར་མ་བྱིན་ཏེ། གསོལ་བ་བཏབ་ནས་བཟླས་པ་ནི་ཕྱག་རྒྱའི་ཚོགས་ལ་

སོགས་པས་བསྒྲུབ་བྱ་བཀུག་ཅིང་། བཅུག་ནས་བཅིངས་པར་བསམས་ཏེ། དེ་ནས་ལིངྒ་འགུལ་བ་དང་ལྡེག་པ་དང་གཡོ་བ་ལ་སོགས་པ་བྱུང་ནས་ཐམས་ཅད་འཇོམས་པའི་སྔགས་ཀྱིས་རིག་སྔགས་བཅད་ཕུར་བས་གདབ་པར་བྱའོ། །ཐ་མར་སྨན་མ་རླུང་ལ་འཕྱར་བའམ། གན་ན་
པར་བྱའོ། །ཡང་ན་ལིངྒ་ལ་བཟླས་པ་བྱ་སྟེ། ཆུ་མིག་གམ། སྦྱིན་སྲེག་གམ། ས་གཏེར་རམ། རི་རྩེར་གཏད་བྱའོ། །འཁྲུལ་འཁོར་རྫོགས་སོ།། ༄༅། །དུས་མ་ཡིན་པར་འཆི་བ་དང་ཕ་རོལ་གྱི་དམག་བཟློག་པ་ནི་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ།
ཕྱག་རྒྱའི་ཚོགས་དང་བཅས་པར་བསྒོམས་ནས། མདུན་དུ་འཆི་བདག་གནས་པར་བསྒོམས་ཏེ། ཕྱག་རྒྱའི་ཚོགས་ཀྱིས་དེ་ལ་བསྣུན་པའི་སྦྱོར་བ་བྱ་སྟེ། ཚུར་འདུས་པས་བདག་ཡེ་ཤེས་ཀྱི་བདུད་རྩིས་ལུས་ལ་ཕན་གདགས་པར་བསམས་ཏེ། ཐམས་ཅད་འཇོམས་པ་བཟླས་པར་བྱའོ། །
ངག་བཟློག་པ་ནི་གྲོག་མཁར་གྱི་ས་དང་། བ་ལང་གི་གཅི་བ་ལ་བསྒྲུབ་བྱའི་མིང་གཟུགས་བྱས་ལ། དེའི་སྙིང་གར་སྔར་གྱི་འཁྲུལ་འཁོར་བྲིས་པའི་མཐར། ཆེ་གེ་མོ་མཱ་ར་ཡ་བནྡྷ་ཡ་ནན་བྱ་བ་བཅུག་སྟེ་བཀོད་ནས་བཅུག་ནས། གཟུགས་ཀྱི་ཁར་ཐམས་ཅད་འཇོམས་པའི་
སྔགས་བཟླས་པའི་ཡུངས་ཀར་དང་ཕུར་བུས་བཏབ་སྟེ། དེ་ནས་མཆོད་རྟེན་རྙིང་པའམ། ལྷ་ཁང་གི་ཐེམ་པའམ། ལམ་རྒྱ་གྲམ་དུ་བཟློག །བསྒྲུབ་བྱའི་ཡུལ་གྱི་ཕྱོགས་སུ་ཚ་ཚའི་འོག་ཏུའམ། ཡང་ན་རང་གི་མལ་འོག་ཏུ་དོང་གྲུ་གསུམ་པ་བྱས་པའམ། འོག་ཏུ་བཞག་ནས་བྱེ་
མས་བཀང་སྟེ། གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན་པའི་སྦྱོར་བ་བྱའོ། །དེ་ནས་ཚངས་པ་དང་བརྒྱ་བྱིན་དང་ལེགས་ལྡན་དྲག་པོ་ལ་གཏོར་མ་བྱིན་ལ། འཆི་བདག་གཞོམ་པའམ། ཆེ་གེ་མོའི་ངག་བཅིངས་ཤིང་ཆེ་གེ་མོའི་སྲུང་མ་བདག་གི་དབང་དུ་གྱིས་ཤིག་ཅེས་བསྒོ་བར་
བྱའོ། །རང་སྲུང་བ་ཡང་ཐུན་མོང་དུ་ལྷའི་ང་རྒྱལ་གྱིས་བཟླས་སྒོམ་རྟག་ཏུ་བྱ་བ་དང་། ལུས་ལ་སྔར་བཤད་པའི་མཚན་ཉིད་ཅན་གདགས་སོ། །བཟློག་པའི་ཐབས་རྫོགས་སོ།། ༄༅། །བགེགས་བཟློག་ཅིང་གཟིར་བ་ནི་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ།

གྲོག་མཁར་གྱི་ས་དང་། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་ཕར་འགྲམ་ཚུར་འགྲམ་གྱི་ས་ལས་བགེགས་ཀྱི་གཟུགས་བརྙན་བྱས་ཏེ། འཁྲུལ་འཁོར་སྔ་མ་ལྟར་བྲིས་པའི་མཐར་ཆེ་གེ་མོའི་འབྱུང་པོ་མཱ་ར་ཡ་ནན་བྱ་བ་བཀོད་དེ། དེའི་སྙིང་གར་བཅུག་ནས་དེ་ལ་
བདག་གི་ཐུགས་ལས་ཕྱག་རྒྱའི་ཚོགས་སྤྲོས་པས་བསྒྲུབ་པར་བྱ་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྔ་མོ་ལ་བསྐྱོན་ཏེ། བཀུག་སྟེ་གཟུགས་བརྙན་ལ་བཅུག་སྟེ། བཅིངས་ནས་ལ་ཆས་དྲིལ་ཏེ་གྲེས་མས་དཀྲིས་ལ། ཐོད་པའམ་ཁམ་ཕོར་ཁ་སྦྱར་སར་པ་རུ་བཅུག་སྟེ།
ཚངས་པ་དང་། དབང་པོ་དང་། ལེགས་ལྡན་དྲག་པོ་ལ་སོགས་པ་ལ་གཏོར་མ་བྱིན་ནས་འབྱུང་པོ་འདི་དག་གི་དབང་དུ་གྱིས་ཤིག་ཅེས་བསྒོ་ལ། ལྷ་ཁང་གི་ཐེམ་པའམ། ལམ་རྒྱ་གྲམ་མམ། མཆོད་རྟེན་རྙིང་པའི་འོག་དོང་གྲུ་གསུམ་དུ་བཅུག་ལ། བྱེ་མའམ་ཚེར་མས་བཀང་ནས་
རྡོ་རྗེ་རྒྱ་གྲམ་གྱིས་མནན་ཏེ། བསྐལ་པར་མི་ཐར་བར་བསམ་མོ། །བགེགས་གཟིར་བ་ནི་གཟུགས་བརྙན་སྔ་མ་ལྟར་རམ། འཇག་མ་ལ་བྱས་ཏེ། འཁྲུལ་འཁོར་སྔ་མ་ལྟར་བྱས་ཏེ། དེའི་མཐའ་མར་ཆེ་གེ་མོ་མཱ་ར་ཡ་བཏགས་ཏེ་བྲིས་ནས། གཏོར་མ་སྔ་མ་ལྟར་བྱིན་ཏེ། ཚངས་
པ་དང་། དབང་པོ་ལེགས་ལྡན་ལ་སོགས་པས་གནོད་པར་བྱེད་པའི་འབྱུང་པོ་འདི་ཆོམས་ཤིག་ཅེས་བསྐུལ་ནས། ཕྱག་རྒྱའི་ཚོགས་ཀྱིས་རང་དབང་མེད་པར་སྔ་མ་ལྟར་བཀུག་བཅིངས་ནས། ཐམས་ཅད་འཇོམས་པའི་སྔགས་དང་ཡུངས་ཀར། ཕུར་བུ་དང་རལ་གྲི་དང་བཅས་པས་
གཟིར་ཅིང་ཐ་མར་མནན་པའམ་བསྲེག་པར་བྱའོ། །ཡང་ན་ཐ་མར་མནའ་ཆུ་བླུད་ལ་གཏང་བར་བྱའོ། །བགེགས་བཟློག་ཅིང་གཟིར་བའི་ཐབས་རྫོགས་སོ།། ༄༅། །ཕ་རོལ་གྱི་དམག་དཔུང་གཞོམ་པར་འདོད་ན། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་འཁྲུལ་
འཁོར་མུ་ཁྱུད་གཉིས་པ་སྔ་མ་ལྟར་རམ། རས་དམར་པོ་ལྟ་བུ་ལ་བྲིས་པའི་མཐར་ཆེ་གེ་མོའི་ཚོགས་དང་། དེ་དག་གི་སྲུང་མའི་མིང་གི་མཐར་བནྡྷ་ཡ་ནན་བྱ་བ་བྲིས་ནས་ཕྱག་རྒྱའི་ཚོགས་ཀྱིས་དེའི་སྲུང་མ་དང་། དམག་དཔུང་རླུང་གི་དཀྱིལ་འཁོར་གྱིས་བཀུག་ནས་བསྟིམས་ཏེ།

བཅིངས་ནས་འཐབ་མཚམས་སུ་སྔ་མ་ལྟར་གནན་པར་བྱའོ། །ཡང་ན་ཕ་རོལ་གྱི་དམག་འོང་བ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པའི་གཟུངས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་དང་མཆོད་པ་བྱ་སྟེ། གྲོང་
ཁྱེར་ཐམས་ཅད་ཀྱི་སྒོའམ། གྲོང་ངམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །ཡང་ན་རིན་པོ་ཆེའི་བྱང་བུའམ། གྲོ་གའམ། ཤོག་བུ་ལ་གཟུངས་འདི་བྲིས་ཏེ། ལྷར་བསྐྱེད་ཅིང་སྤྱན་དྲང་བ་དང་། མཆོད་པ་ཆེན་པོ་བྱས་ནས་བསྐོར་བར་བྱས།
ཚངས་པ་དང་དབང་པོ་བརྒྱ་བྱིན་ལ་སོགས་པ་ལ་གཏང་ངོ་། །ཆེ་གེ་མོའི་དམག་དཔུང་ཆོམས་ཤིག་པ་ཞེས་པས་ཀྱང་བསྐུལ་ཏེ། དེ་ལྟར་གཟུངས་དུ་མར་བྲིས་ཏེ། སྤྱི་གཙུག་ཏུ་གདགས་པ་དང་། གདུགས་དང་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། དམག་དཔུང་གི་མདུན་དུ་
བདག་ཉིད་ལྷའི་རྣལ་འབྱོར་དུ་བྱ་སྟེ། ང་རྒྱལ་དང་ལྡན་པ་ཕྱག་རྒྱའི་ཚོགས་དང་། ཚངས་པ་དང་དབང་པོ་ལ་སོགས་པས་བསྐོར་ཏེ། གནས་པར་བསམས་ཤིང་ཕྱར་ཏེ་འགྲོ་བར་བྱའོ། །རྟག་ཏུ་མཆོད་ཅིང་གསོལ་བ་གདབ་པར་བྱའོ། །དེས་ནི་ཕ་རོལ་གྱི་དམག་ཚོགས་རྣམས་
ཞི་བར་འགྱུར་རོ། །དམག་དཔུང་གཞོམ་པའི་ཐབས་རྫོགས་སོ།། ༄༅། །དངོས་གྲུབ་བསྒྲུབ་པར་འདོད་ན། གནས་ཡིད་དང་མཐུན་ཞིང་བཀྲ་ཤིས་པར་གྲོ་གའམ་རས་ལ་གཟུངས་འདི་བྲིས་ཏེ། གདུགས་ཀྱི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པའམ། ཡང་
ན་རིན་པོ་ཆེའི་སྒྲོམ་དུ་བཅུག་སྟེ། མཎྜལ་གྱི་དབུས་སུ་བཞག་ནས་སམ་དངོས་གྲུབ་ཀྱི་རྟེན་པ་དམར་སེར་གྱི་ཞོའམ། མར་ཁུའམ་ཡང་ན་ཆང་ངམ། ཟན་ལ་སོགས་པ་བཞག་ནས་ལྷའི་རྣལ་འབྱོར་བྱས་ཏེ་གསོལ་བ་བཏབ་ལ། ཚངས་པ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་
སྦྱིན་ཏེ། ཡང་གསོལ་བ་བཏབ་ནས་དངོས་གྲུབ་གསོལ་བར་དམིགས་ཏེ་བསྒོམ་ཞིང་བཟླས་པར་བྱའོ། །དེ་ནས་ནམ་ཞིག་ན་དུ་བ་དང་། དྲོ་བ་དང་། འབར་བ་ཀུན་བྱུང་ནས་འཐུངས་སམ། ཟོས་ན་ཚེ་རིང་བ་དང་། དབང་ཆེ་བ་དང་། རིགས་རྒྱས་པ་དང་། ནམ་མཁར་འགྲོ་བ་ལ་

སོགས་པ་འབྱུང་བར་འགྱུར་རོ། །ཡང་ན་བུ་འདོད་པ་གང་ལ་ལས་གཟུངས་འདི་བྲིས་ཏེ། གདུགས་སམ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་ལྷའི་རྣལ་འབྱོར་དང་ལྡན་པས། བསྐོར་བ་དང་མཆོད་པ་བྱེད་ཅིང་ཚངས་པ་ལ་སོགས་པ་ལ་མཆོད་པ་དང་གཏོར་
མ་སྦྱིན་ཏེ། གསོལ་བ་བཏབ་ན་བུ་འདོད་པ་དེས་བུ་རྙེད་དེ་ཚེ་དང་བསོད་ནམས་ཀྱི་སྟོབས་ཀྱང་དཔག་ཏུ་མེད་པ་ཡང་རྙེད་དོ། །དངོས་གྲུབ་སྒྲུབ་པའི་ཐབས་རྫོགས་སོ།། ༄༅། །ཡང་འཇིགས་པ་ལས་སྒྲོལ་བར་འདོད་པས། གཟུངས་འདི་བྲིས་ཏེ་གདུགས་སམ་
རྒྱལ་མཚན་གྱི་རྩེ་མོར་བཏགས་ལ་གྲོང་ངམ་གྲོང་ཁྱེར་རམ་སྐྱེས་པའམ། བུད་མེད་ཀྱིས་མཆོད་པ་དང་། བསྐོར་བ་བྱ་སྟེ། གསོལ་བ་བཏབ་ནས་ཚངས་པ་ལ་སོགས་པ་ལ་མཆོད་པ་དང་གཏོར་མ་བྱིན་ཏེ། གཟུངས་འདི་བརྒྱའམ་སྟོང་དུ་བཟླས་བརྗོད་བྱ་བ་དང་། བྲིས་ཏེ་ལུས་
སམ་མགུལ་དུ་བཏགས་ནས་རྟག་ཏུ་འཕགས་མ་གདུགས་དཀར་མོ་ཅན་ཡིད་ལ་བྱེད་པ་དང་གསོལ་བ་འདེབས་ཤིང་བཟླས་བརྗོད་བྱས་ན་རྒྱལ་པོའི་ཆད་པས་འཇིགས་པ་ལ་སོགས་པ་དང་། ལྷའི་གདོན་ལ་སོགས་པ་དང་། མདངས་ཟ་བ་ལ་སོགས་པའི་འཇིགས་པ་དང་། གདོན་
ཐམས་ཅད་ཀྱིས་བྱས་པ་ལ་སོགས་པ་དང་། ནད་དང་རླུང་དང་མཁྲིས་པ་ལ་སོགས་པ་དང་། གཅན་གཟན་སྦྲང་བུ་ཏྲེ་མ་ལ་སོགས་པ་ལས་གྲོལ་བ་དང་། རིམས་ནད་ཐམས་ཅད་གྲོལ་བར་འགྱུར་རོ། །འཇིགས་པ་ལས་སྐྱོབ་པའི་ཐབས་རྫོགས་སོ།། ༄༅། །སེར་བ་
སྲུང་བར་འདོད་པས། འཁྲུལ་འཁོར་སྔ་མ་ལྟར་བརྒྱད་བྱས་ཏེ། ཐ་མར་སེར་བའི་འབྱུང་པོ་མཱ་ར་ཡ་བནྡྷ་ཡ་ནན། བྱ་བ་བཀོད་ནས་བདག་ཉིད་ལྷའི་རྣལ་འབྱོར་བྱས་ནས། ཕྱག་རྒྱའི་ཚོགས་ཀྱིས་བཀུག་བཅིངས་ནས། ཁམ་ཕོར་རམ་ཐོད་པར་བཅུག་ནས། བསྲུང་བར་བྱ་བའི་
ཡུལ་གྱི་ཕྱོགས་མཚམས་བཞིར་དོང་གྲུ་གསུམ་དུ་སྔ་མ་ལྟར་མནན་ཏེ། ཚ་ཚ་བཏབས་ནས་མཆོད་རྟེན་བརྒྱད་བྱས་ཏེ། དེ་གཟུངས་འདི་བྲིས་ཏེ་མཆོད་ཅིང་བསྐོར་བ་བྱས་ནས་གཞག་པ་དང་། ཡུངས་ཀར་ལ་སྔགས་འབུམ་ལ་སོགས་པ་བཟླས་ཏེ་གཞག་པ་དང་། གཞན་དུ་ཡང་

བསྐོར་བ་དང་ཚངས་པ་ལ་སོགས་པ་ལ་གཏོར་མ་བྱིན་ཏེ། གསོལ་བ་གདབ་པ་དང་། སྣང་སྲིད་ཀྱི་ལྷ་འདྲེ་དང་། བར་སྣང་གི་ལྷ་དང་། གནོད་སྦྱིན་ཀུན་དང་། ཡུལ་དེའི་ལྷ་དང་ཀླུ་ལ་སོགས་པ་ལ་མཆོད་པ་དང་གཏོར་མས་ཚིམ་པར་བྱས་ནས་གསོལ་བ་གདབ་བོ། །དེ་ནས་
གཟུངས་ལ་རྟག་ཏུ་མཆོད་ཅིང་བཟླས་པ་དང་། སྐབས་སུ་མཆོད་པ་དང་གཏོར་མ་གཏང་ཞིང་སྤྲིན་ལ་སོགས་པ་བྱུང་བའི་ཚེ་བདག་ཉིད་ལྷའི་ང་རྒྱལ་བྱས་ཏེ་ཐམས་ཅད་འཇོམས་པ་བཟླས་ཤིང་ཡུངས་ཀར་དང་བཅས་པ་ནམ་མཁའ་ཐམས་ཅད་ཕྱག་རྒྱའི་ཚོགས་ཀྱིས་གང་བས་འཇོམས་
པར་བསམ་མོ། །སེར་བ་སྲུང་བའི་ཐབས་རྫོགས་སོ།། ༄༅། །མཛེ་ལ་སོགས་པ་ས་བདག་གི་ནད་གསོ་བ་ནི། དང་པོ་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། བསྒྲུབ་བྱ་འཕགས་པ་གདུགས་དཀར་མོའི་སྤྱན་སྔར་སེམས་བསྐྱེད་པ་དང་། སྐྱབས་སུ་འགྲོ་བ་
བྱ་སྟེ། གཟུངས་བྲིས་ནས་གདུགས་སམ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཆོད་བསྟོད་བྱ་ཞིང་མདུན་དུ་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བར་བསམས་ཏེ། རྟག་ཏུ་ཁྲུས་བྱ་ཞིང་བཟླས་བརྗོད་བྱ་བ་དང་། ཐུན་མཚམས་སུ་ཚངས་པ་ལ་སོགས་པ་ལ་
གཏོར་མ་བྱིན་ལ་གསོལ་བ་གདབ་པ་དང་། གནོད་པར་བྱེད་པ་ལ་ཡང་གཏོར་མ་བྱིན་ཏེ་གསོལ་བ་གདབ་པར་བྱ་བ་དང་། གདུགས་དཀར་མོའི་སྲུང་བ་གདགས་ཤིང་ཐ་མར་ཐམས་ཅད་འཇོམས་པས་བསྐྲད་ཅིང་གཟིར་བ་དང་། ཀུན་སྔར་བཤད་པ་བཞིན་བྱའོ། །དེ་ལྟ་བུའི་གང་
ཟག་ལ་ནི་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། རིམས་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་། གཡན་པ་ལ་སོགས་པ་གཞུང་གི་ཕན་ཡོན་དེ་ཡང་སྔོན་གྱི་ལས་ཀྱི་
རྣམ་པར་སྨིན་པ་མ་གཏོགས་སོ། །རྐྱེན་ལས་གྱུར་པ་ཐམས་ཅད་ལ། ཕན་ཡོན་ཇི་ལྟར་བཤད་པ་བཞིན་འབྱུང་བར་འགྱུར་རོ། །ནད་གདུག་པ་ཅན་གསོ་བའི་ཐབས་རྫོགས་སོ།། ༄༅། །གཏོར་མ་གཏང་བར་འདོད་པས། སྣོད་གཙང་ཞིང་མཛེས་པ་ཡིད་དུ་འོང་

བའི་ནང་དུ་ཟན་དང་། ཁུར་བ་དང་། ཆན་དང་། འབྲུའི་ཚོགས་དང་། ཤིང་ཐོག་དང་། རིན་པོ་ཆེའི་ཚོགས་དང་། སྨན་དང་ལྡན་པར་བྱ་སྟེ། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་པས་ཨ་ཀཱ་རོས་སྦྱངས་ཏེ། ནམ་མཁའ་མཛོད་ཀྱིས་སྤེལ་ལ། བདུད་རྩིའི་
རྒྱ་མཚོར་བསམས་ཏེ། དེའི་ཕྱོགས་རྣམས་སུ་ཧྲཱིཿལས་པདྨའི་ཚོགས་བསྐྱེད་པ་ལ་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་ཆོས་ཀྱི་སྲུང་མ་དང་། ཁྱད་པར་དུ་ཚངས་པ་དང་། དབང་པོ་དང་ལེགས་ལྡན་ལ་སོགས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །ཡང་འབྱུང་པོའི་གཏོར་མ་གཉིས་པ་
ལ་ལྷའི་གདོན་ལ་སོགས་པ་དང་། ཟས་སུ་མདངས་ཟ་བ་ཀུན་ལ་སྦྱིན་པར་བྱའོ། །དེ་ཡང་ལྕེ་རྡོ་རྗེར་བསམ་ཞིང་། སྦུ་གུས་བདུད་རྩི་ཐམས་ཅད་ངོམས་ཤིང་ཚིམ་པར་བྱ་བ་དང་། འདོད་པའི་ཡོན་ཏན་ལྔ་ཆར་བཞིན་དུ་འབྱུང་བར་བསམ་མོ། །དེ་ནས་ཐ་མར་བཟོད་པར་གསོལ་ཏེ། གསོལ་
བ་བཏབ་ནས་ཡི་གེ་བརྒྱ་པ་བརྗོད་དོ། །ཐམས་ཅད་གཤེགས་སོ། །དེ་ཡང་འབྱུང་པོའི་གཏོར་མ་ནི་མངལ་དང་། ཁྲག་དང་། ཞག་དང་། ཤ་དང་། ཚིལ་དང་། རྐང་དང་། བཙས་པ་ཟ་བ་ལ་སོགས་པ་ལ་སྦྱིན་ནོ། །དེ་ཡང་། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། གཟུངས་ཀྱི་
ལྷའི་གདོན་དང་། བྱ་བ་ནས་ཟས་སུ་མངལ་ཟ་བ་ཀུན་གྱིས་སྦྱིན་ནོ། །གཏོར་མའི་ཆོ་ག་རྫོགས་སོ།། །།པཎྜི་ཏ་མ་ཧཱ་ཛ་ན་ཉིད་ཀྱི་རང་འགྱུར་ཡིན་གསུང་།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ་དྷཱ་ར་ནི་བི་དྷི་ནཱ་མ། བོད་སྐད་དུ། འཕགས་
པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བའི་གཟུངས་ཀྱི་ཆོ་ག་ཞེས་བྱ་བ། འཕགས་མ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནུས་པ་ཆུང་གྱུར་ཞིང་། །བསྡུས་པ་ལ་མོས་སེམས་ཅན་ལ། །ཙཎྜ་བདག་གིས་ལེགས་
བསྡུས་ཏེ། །གཟུངས་ཀྱི་ཆོ་ག་དགོད་པར་བྱ། །དང་པོར་སྔགས་པ་དམ་ཚིག་ལྡན། །བྱང་ཆུབ་སེམས་ལྡན་རབ་སྦྱངས་ཏེ། །ཆོ་ག་བསྡུས་རྒྱས་མཁས་པ་ཡིས། །མཎྜལ་ཆག་ཆག་བཏབ་སྟེང་དུ། །དྲི་ཡི་བྱུག་པ་ལེགས་བསྒོས་ཏེ། །དང་པོར་དབུས་སུ་པདྨ་ནི། །འདབ་བརྒྱད་གེ་སར་

བཅས་པ་བྲི། །དེ་ཡི་ཕྱིར་ནི་བཅུ་དྲུག་པ། །བྲིས་ཏེ་སྒོ་ནི་གཅིག་པ་བྱ། །དེ་དབུས་རིན་ཆེན་ཁྲི་སྟེང་དུ། །བུམ་པ་མཚན་ཉིད་ལྡན་པ་གཞག །རྒྱན་དང་དྲི་ཡི་ས་ཆུས་གང་བྱའོ། །དེ་ནས་མཆོད་དང་གཏོར་མ་བཤམ། །དང་པོ་བྱང་ཆུབ་སེམས་བསྐྱེད་ལ། །བདུན་པོ་རྣམ་པར་དག་
པ་ཡི། །སྔོན་འགྲོས་ལྷ་མོ་བསྐྱེད་པར་བྱའོ། །དེ་ནས་བཟླས་དང་གཏོར་མ་དང་། །མཆོད་དང་བསྟོད་པ་ལ་སོགས་བྱ། །བུམ་པ་མི་དམིགས་བྷྲཱུཾ་ལས་ནི། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །དཀྱིལ་འཁོར་ཆོ་ག་ནས་གསུངས་པ། །རིམ་པས་བསྐྱེད་པ་རྫོགས་པར་བྱ། །བྱིན་
བརླབས་ཡེ་ཤེས་སྤྱན་དྲང་དང་། །དེ་རྗེས་མཆོད་པས་མཆོད་པར་བྱ། །བསྟོད་དང་གསོལ་གདབ་བཟླས་པ་བྱ། །ཕར་འཕྲོས་འོད་ཀྱིས་ལྷ་མཆོད་ལ། །ཚུར་འདུས་བདག་གི་སྡིག་པ་དག །ངོ་བོ་ཆུ་ལ་རྣམ་པ་ལྔ། །ཡང་ན་བཟློག་པའི་རྣམ་པར་བྱ། །དེ་ནས་ལེགས་ལྡན་ཆེན་པོ་ལ། །
གཏོར་མ་རྒྱས་པར་བྱིན་ནས་ནི། །སློབ་མ་ཁྲུས་བྱས་སྟན་ལ་འདུག །ཐུན་མོང་ཁྱད་པར་སྡོམ་པ་ཀུན། །ཕོག་ལ་ལྷ་ལ་མཆོད་བསྟོད་བྱ། །དེ་ནས་ཐམས་ཅད་འཇོམས་པ་ཡི། །སྔགས་ཀྱིས་སློབ་མ་བསྲུང་བསྐྲད་ལ། །དེ་ནས་བུམ་པའི་ཆུ་ཡིས་ནི། །སློབ་མའི་མགོ་ནས་བླུགས་
པ་དང་། །བཀྲ་ཤིས་ཚིགས་བཅད་བརྗོད་པར་བྱ། །སྡིག་སྒྲིབ་དག་སྟེ་རང་གི་ནི། །རིགས་ཀྱིས་དབུ་ལ་བརྒྱན་པར་བྱ། །དེ་ནས་མེ་ཏོག་མཆོད་པ་དང་། །དབུ་རྒྱན་ལ་སོགས་བྱས་དེ་ནས། །རང་གི་འདོད་དོན་གསོལ་བ་གདབ། །བླ་མ་ལ་ནི་ཡོན་ཕུལ་ལ། །རང་གི་དམ་ཚིག་བརྗོད་
པར་བྱ། །བླ་མས་དཀྱིལ་འཁོར་ལ་སྲུང་བའི། །དམ་ཚིག་རྒྱས་པར་བསྒྲགས་ནས་ནི། །བྱུར་བསལ་ལ་སོགས་རྫོགས་པར་བྱ། །དེ་ནས་སྲུང་བའི་འཁོར་ལོ་ཡང་། །ཆོ་ག་ལྟར་བྲིས་བསྔགས་པར་བྱ། །མདོར་བསྡུས་མཎྜལ་འདབ་བརྒྱད་པ། །བྱས་ཏེ་གོང་ལྟར་ཆོ་ག་བྱ། །ཤིན་ཏུ་བསྡུས་
ལ་བུམ་པར་ནི། །ལྷ་མོ་ཉིད་སྐུ་རྫོགས་པར་ནི། །བྱས་ཏེ་སྨོན་ལམ་ལ་སོགས་བྱ། །དེ་ནས་ཁྲུས་སོགས་རྒྱས་པར་བྱ། །དེས་ནི་ཕྱི་ནང་གནོད་པ་དང་། །སྡིག་པའི་ཚོགས་རྣམས་མ་ལུས་པ། །ཐམས་ཅད་ཞི་བར་འགྱུར་བ་ཡིན། །གཞན་ཡང་ལས་ཚོགས་མ་ལུས་པ། །ཀུན་ཀྱང་དེ་

ལས་འགྲུབ་པར་འགྱུར། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ཆོ་གའི་མན་ངག །སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།བླ་མ་ཟངས་དཀར་ལོ་ཙཱ་བས་བསྒྱུར་བའོ།།
༄༅། །ལྷ་མོ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་རིམས་བསྲུང་བར་འདོད་ན། དང་པོ་མཆོད་པ་དང་གཏོར་མས་རིམས་ཀྱི་འབྱུང་པོ་ཚིམ་པར་བྱས་ཏེ། བདེན་པའི་སྟོབས་ཀྱིས་བརྗོད་པ་དང་གསོལ་བ་གདབ་པར་བྱའོ། །དེ་ནས་གདུགས་དཀར་མོའི་གཟུངས་
བྲིས་ཏེ། བསྒྲུབ་པར་བྱ་བའི་དཀྱིལ་འཁོར་གྱི་དབུས་སུ་དེ་གདུགས་སམ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ། མཆོད་པ་དང་གཏོར་མ་བཤམས་ཏེ། རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། ཐུན་བཞིར་བསྒོམ་བཟླས་བྱའོ། །དེ་ཡང་ཉིན་མཚན་དུས་དྲུག་ཏུ་གདུགས་དཀར་མོ་འཁོར་
དང་བཅས་པ་ལ་གསོལ་བ་གདབ་པ་དང་། མཆོད་བསྟོད་དང་བསྐོར་བ་བྱས་ཏེ། བུམ་པའི་ཆུས་བཀྲུ་ཞིང་། བསྲུང་བ་ཡང་གདགས་པར་བྱའོ། །དཔལ་ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་། མགོན་པོ་ལ་ཡང་གཏོར་མ་བྱིན་ཏེ་གསོལ་བ་གདབ་བོ། །དེ་ནས་བསྒྲུབ་
བྱ་གདུགས་དཀར་མོའི་སྤྱན་སྔར་ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། བསྐོར་བ་ཐུན་བཞིར་བྱ་ཞིང་གདོན་གྱི་ཚོགས་རྣམས་ལ་གཏོར་མ་བྱིན་ཏེ་གསོལ་བ་གདབ་བོ། །ཁྱད་པར་དུ་རིམས་ཀྱི་འབྱུང་པོ་ལ་ཡང་གཏོར་མ་བྱིན་ཏེ་གསོལ་བ་གདབ་པར་བྱའོ། །ཆོ་ག་དེ་ལྟ་བུ་
དང་ལྡན་པས་ཐུན་བཞིར་གཟུངས་འདོན་པར་བྱའོ། །ཐ་མར་ཡང་འཕགས་པ་ལ་མཆོད་པ་དང་། སྲུང་མའི་ཚོགས་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན་ནོ། །རིམས་བསྲུང་བའི་ཆོ་ག་རྫོགས་སོ།། ༄༅། །ལྷ་མོ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །ཕྱུགས་ནད་
སྲུང་བར་འདོད་པས། དང་པོར་གོར་གྱི་འབྱུང་པོ་ལ་མཆོད་པ་དང་གཏོར་མས་ཚིམ་པར་བྱས་ཏེ། དེ་ནས་བསྒྲུབ་བྱ་རྣམས་ལ་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་ཀྱིས་བགེགས་བསྐྲད་ཅིང་གཟིར་བ་དང་། སྲུང་བའི་འཁོར་ལོ་བཏགས་ཏེ་ཁྲུས་བྱ་བ་དང་། འཕགས་པ་གདུགས་

དཀར་མོ་ཅན་སྒོམ་པའི་རྣལ་འབྱོར་པས། མཐར་མཆོད་བསྟོད་བྱས་ཏེ།