Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 11 / 21 (50.000 ký tự/trang)
གཡུལ་རྒྱལ་དང་། དགེ་བསྙེན་ཆེན་མོ་དང་། ལྷ་སྲས་གཞོན་ནུ་དང་། ཀླུ་སྲས་གཞོན་ནུ་དང་། རིག་སྔགས་འཆང་གཞོན་ནུ་དང་། དྲང་སྲོང་གཞོན་ནུ་དང་། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང་། གནོད་སྦྱིན་གཞོན་ནུ་དང་། ཏི་ར་ཀ་ལ་ སོགས་པ་དང་། གཟི་བརྗིད་ཆེན་པོའི་གཞོན་སྡེ་ཐམས་ཅད་དང་། སྐྱེ་དགུའི་བདག་པོ་དང་། ལྷའི་བཟོ་བོ་ལས་ཐམས་ཅད་པ་དང་། བགེགས་ཀྱི་རྒྱལ་པོ་ལོག་འདྲེན་དང་། གཙུག་ལག་ཁང་གི་སྲུང་མར་ཞལ་གྱིས་བཞེས་པ་གཉུག་མར་གནས་པ་ལ་སོགས་པ་སངས་རྒྱས་མཐོང་ བ། ཆོས་ཐོས་པ། དགེ་འདུན་ལ་བརྟེན་པ། བསྟན་པ་བསྲུང་བ། དམ་ཚིག་མནོས་པ། ལྷ་དང་མིའི་མགོན་མཛད་པ། ཕྱག་བྱ་བའི་གནས། བཀུར་སྟི་བྱ་བའི་གནས། བླ་མར་བྱ་བའི་གནས། བཙུན་པར་བྱ་བའི་གནས་ཇི་སྙེད་པ་ཐམས་ཅད་དང་། གཞན་ཡང་མཆོད་པའི་ གནས་དང་། དྲིན་བསབ་པའི་གནས་དང་། སྙིང་རྗེའི་གནས་སུ་གྱུར་པའི་སྦྱིན་གནས་ཇི་སྙེད་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་། རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བསོད་ནམས་བསྟབ་པའི་གནས་དཔལ་ལྷ་བཙན་པོའི་སྐུ་ཡོན་དང་། དགེ་བའི་བཤེས་གཉེན་དང་། ཕ་མ་དང་། གཞན་ཡང་མཆོད་པའི་གནས་སམ། དྲིན་བསབ་པའི་གནས་སམ། སྙིང་རྗེའི་གནས་གང་ཡང་རུང་བ་དང་། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེང་དཀོན་མཆོག་གསུམ་དང་། མཆོད་རྟེན་ཁྱད་པར་ཅན་འཁོར་དང་ བཅས་པ་སྤྱན་དྲང་བའི་གནས་འོག་མིན་ལ་སོགས་པར་གནས་པ། བར་སྣང་དང་ས་བླའི་གཞལ་མེད་ཁང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གཞལ་མེད་ཁང་ཆེན་པོ་ཇི་ལྟ་དེ་ལྟ་བུར་གཤེགས་པར་གསོལ། བསྟོད་པ་དང་ཕྱག་བཙལ་བ། ཡེ་ཤེས་ཚོགས་ཀྱིས་བསྐྱེད་པའི་སྐུ། ། མིང་དང་གཟུགས་ལས་རྣམ་པར་གྲོལ། །རྟོག་དང་སྤྲོས་ལས་རབ་འདས་ཀྱང་། །བསྙེལ་བ་མི་མངའི་རང་བཞིན་ཅན། །དངོས་དང་དངོས་མེད་མཐའ་ལས་དབེན། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །ཡེ་ཤེས་རྣམས་ཀྱི་གནས་གྱུར་པ། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། ། བསོད་ནམས་ཚོགས་ཀྱིས་བསྐྱེད་པའི་སྐུ། །དབང་ཕྱུག་ཆེན་པོའི་གནས་མཆོག་ན། །ཆོས་ལ་མངའ་མཛད་ལོངས་སྤྱོད་པ། །བྱང་ཆུབ་སེམས་དཔའ་ཡོངས་ཀྱི་མགོན། །གཙང་མའི་གནས་ནས་མ་གཡོས་པ། །གདུལ་བྱའི་བསམ་པ་ཇི་བཞིན་དུ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། ། སྦྲུལ་མང་འགྱེད་ལ་ཕྱག་འཚལ་བསྟོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །དགའ་ལྡན་མཆོག་ནས་བབས་པ་དང་། །འཇིག་རྟེན་སྒྱུ་རྩལ་ཕུལ་ཕྱུང་ཞིང་། །བདུད་བཅོམ་བྱང་ཆུབ་འཚང་རྒྱ་སྟེ། །འཁོར་ལོ་བསྐོར་ནས་འདས་པའི་བར། །ཆོ་འཕྲུལ་ཅིག་ཅར་སོ་སོར་སྟོན། །ཆོ་འཕྲུལ་ངོ་ མཚར་རྨད་བྱུང་བ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་མཆོག་བཞུགས་གཞལ་མེད་ཁང་། །དབྱིབས་ལེགས་རྣམ་པར་ཕྱེ་བས་མཛེས། །ཁ་དོག་སྣ་ཚོགས་སྤེལ་ལེགས་སུ། །རིན་ཆེན་འབར་བ་མང་པོས་བརྒྱན། །ཡིད་འོང་ཉམས་དགའ་ལྷ་ཡི་གནས། །རྒྱན་བཀོད་ དཀྱིལ་ན་མཛེས་པ་ལ། །འཕགས་པ་མཆོད་པའི་རྟེན་བགྱིས་ཏེ། །སྟོན་པ་འཁོར་དང་བཅས་ལ་བསྟོད། །མཆོད་རྟེན་བསུ་བའི་ཨརྒྷ་གསོལ་བ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་ སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །མཁས་པ་གང་དག་རབ་ཏུ་སེམས་དང་ཞིང་། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ ཆུ་བོ་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །མཆོད་རྟེན་མཆོད་ནས་དཔལ་ལྡན་པ། །སྐུ་གདུང་ཆོས་སྐུ་ཆོས་དབྱིངས་དང་། །རིག་སྔགས་གསང་སྔགས་སྙིང་པོ་དང་། །ཕྱག་རྒྱ་བྱིན་བརླབས་གཤེགས་སུ་གསོལ། །གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། ། ཇི་ལྟར་སྨོན་བཞིན་ཡོད་པ་དག །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །དཀོན་མཆོག་དང་མཆོད་རྟེན་ཁྱད་པར་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་དེ་དག་ལ་བསུ་བའི་མཆོད་ཡོན་ཨརྒྷ་གསོལ་བ། སངས་རྒྱས་ཆོས་དང་དགེ་འདུན་ དང་། མཆོད་རྟེན་ཁྱད་པར་འཁོར་གཏོགས་པ། །འོག་མིན་གནས་དང་ལྷ་ཚོགས་དང་། །བསམ་གཏན་བཞི་དང་འདོད་ཁམས་དྲུག །སྡེ་བརྒྱད་ཚོགས་དང་འབྱུང་པོ་ཀུན། །དམ་ཚིག་ཅན་དང་ཐུགས་དམ་ཅན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་ དང་རྒྱུ་སྐར་དང་། །དཀོན་མཆོག་མཐོང་ཐོས་སྐྱབས་བརྟེན་པ། །ཕྱག་བགྱི་ཐལ་མོ་སྦྱར་འོས་ཤིང་། །མགོས་གཏུགས་མཆོད་དང་ཀུན་སྦྱིན་དང་། །རབ་ཏུ་སྦྱིན་འོས་ཀུན་གཤེགས་ཤིག །མཆོད་པ་དྲི་མེད་ཡང་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་ དུ། །འོས་པའི་བདེ་བ་སྦྱར་བ་དབུལ། །མཆོད་རྟེན་གདན་ལ་བཞུགས་པར་གསོལ། །སྐུ་གདུང་ཆོས་སྐུ་བྱང་ཆུབ་ཕྱོགས། །མ་འདྲེས་བསྲུང་མེད་བསྙེལ་མི་མངའ། །མི་འཇིགས་སྟོབས་དང་སངས་རྒྱས་ཆོས། །རྡོ་རྗེ་ཡེ་ཤེས་ཚོགས་བསགས་པ། །ཆོས་དབྱིངས་རིག་སྔགས་ གསང་སྔགས་དང་། །སྙིང་པོ་ཕྱག་རྒྱ་བྱིན་བརླབས་ཀྱིས། །མཆོད་རྟེན་ཁྱད་པར་ཇི་སྙེད་པ། །དཔལ་ལྡན་བསོད་ནམས་ཞིང་མཆོག་ཀུན། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །རིན་ཆེན་སྟེགས་དང་ཁྲི་འཕང་དང་། །གཙང་གདང་ལྷ་རྫས་པདྨ་ལ། །མི་གནས་ཚུལ་གྱིས་གདན་ལ་ བཞུགས། །དཀོན་མཆོག་དང་མཆོད་རྟེན་ཁྱད་པར་དང་བཅས་པའི་འཁོར་དུ་གཏོགས་པ་དེ་དག་སོ་སོར་གདན་ལ་བཞུགས་པར་གསོལ་བ། ཆོས་དོན་ཀུན་གྱི་དཀྱིལ་འཁོར་དུ། །དཔལ་ལྡན་དག་པའི་གདན་བཤམས་པར། །ཏིང་འཛིན་མི་གཡོ་མཉམ་གཞག་ཅིང་། །དགེ་བའི་དགོངས་ པས་གདན་ལ་བཞུགས། །གཙང་གདང་གདན་ཁྲི་ཡངས་པ་ལ། །ཐོགས་མེད་དོགས་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་བདེར་བཞུགས་ཤིང་། །བདེ་བར་སྦྱར་བ་བཞེས་སུ་གསོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་ དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །མཆོད་རྟེན་ལ་སྐུ་ ཁྲུས་གསོལ། རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་རྟོག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །ཀུན་གྱིས་ཕྱག་བྱས་བསྟོད་ཅིང་མཆོད་པའི་གནས། །བདུད་བཞི་དཔུང་རྣམས་མ་ལུས་ཚར་གཅད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་ཁྲུས་ཆབ་གསོལ། །ཉོན་མོངས་ འཁྲུལ་པའི་རྟོག་པ་དག་གྱུར་ཅིག །ཇི་ལྟར་མེ་ལོང་གཟུགས་བརྙན་སྣང་གྱུར་ཡང་། །ཆོས་དབྱིངས་དག་པའི་སྐུ་ལ་བསྐྱོད་པ་མེད། །རིན་ཆེན་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སའམ་ཆུའམ་འོན་ཏེ་བར་སྣང་ལ། །སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་རྟེན་དམིགས་པར་ བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །གཞི་རྨོང་དགེ་བཅུའི་རྣམ་དག་པདྨ་འཇམ། །དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་བསྟོད། །ཐེག་པ་རྣམས་ཀྱི་བང་རིམ་བརྩེགས་པ་སྟེ། །ཆོས་དབྱིངས་སྤྲོས་མེད་བུམ་པ་ཟླུམ་པོ་ལ། །སྨོན་ལམ་ཆེན་ པོའི་སྲོག་ཤིང་དགེ་བ་བཙུགས། །དགེ་བའི་ལོངས་སྤྱོད་ནམ་མཁའི་གདུགས་ཀྱིས་བཀབ། །བྱང་ཆུབ་སེམས་ཀྱི་ཟླ་ཚེས་རྣམ་པར་དག །དགེ་སྡེ་བཅུ་གསུམ་འཁོར་ལོའི་ཕྲེང་བས་བརྒྱན། །སྣང་དབྱིངས་ཆོས་ཀྱི་དབྱིངས་ལ་སྐུ་ཁྲུས་གསོལ། །ཤར་ཕྱོགས་བྱམས་པ་བརྩེགས་པའི་ ཆོས་སྐུ་ལ། །བྱམས་པའི་སེམས་ཀྱིས་སྐུ་ཁྲུས་འདི་གསོལ་བས། །ཞེ་སྡང་གདུག་པའི་ཚོགས་རྣམས་ཀུན་བསལ་ནས། །རྟག་ཏུ་བྱམས་པའི་ཏིང་འཛིན་ཐོབ་གྱུར་ཅིག །ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཆོས་སྐུ་ལ། །ང་རྒྱལ་གདུག་པའི་ཚོགས་རྣམས་བསལ་བའི་ཕྱིར། །བྱང་ ཆུབ་སེམས་ཀྱི་ཆུ་བོས་སྐུ་ཁྲུས་གསོལ། །ཁམས་གསུམ་འཁོར་བའི་ང་རྒྱལ་སྐྱོན་བྲལ་ནས། །རྟག་ཏུ་འདོད་པའི་ཡོན་ཏན་ཐོབ་གྱུར་ཅིག །ནུབ་ཕྱོགས་རྣམ་དག་པདྨ་ཆོས་ཀྱི་དབྱིངས། །འདོད་ཆགས་སྐྱོན་བྲལ་པདྨའི་ཁྲི་འཕང་བརྩེགས། །ཁམས་གསུམ་སེམས་ཅན་བག་ཆགས་ སྦྱང་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཡེ་ཤེས་སྐུ་ཁྲུས་གསོལ། །སེམས་ཅན་འཁོར་བའི་འདོད་ཆགས་དག་གྱུར་ཅིག །བྱང་ཕྱོགས་རྣམ་དག་ལས་ཀྱི་ཞིང་རབ་ནི། །འདོད་སྲེད་སྤངས་པའི་ཡོན་ཏན་རྫོགས་པས་སྟོན། །རིན་ཆེན་ཨིནྡྲ་ལྟ་བུའི་མཆོད་རྟེན་ལ། །ལས་ཀྱི་སྒྲིབ་པ་སྦྱང་ཕྱིར་སྐུ་ ཁྲུས་གསོལ། །སེམས་ཅན་རྣམས་ཀྱི་འདོད་པ་འགྲུབ་གྱུར་ཅིག །ཆོས་སྐུ་རྣམ་པར་དག་པའི་སྐྱོན་བྲལ་ནས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཆུ་བོ་རྣམ་ལྔས་སྐུ་ཁྲུས་གསོལ་བ། སྐུ་མཆོག་རྣམ་དག་བལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་ བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་ གིས་ཐོབ་པར་ཤོག །ཨོཾ་བཛྲ་ཙནྡྷ་ལ་སེ་པ་སྭཱ་ཧཱ། ཨོཾ་བཛྲ་ས་མ་ཡ་མ་ཐེ་སྭཱ་ཧཱ། ཨོཾ་ཨ་མྲཱྀ་ཏེ་ཧཱུྃ། ཨོཾ་སརྦྦ་ཨཱ་བེ་ཤ་ཧཱུྃ། དེ་ནས་རས་དཀར་པོ་ཁ་ཚར་མ་ཉམས་པ་ཡུག་གཅིག་གིས་སྐུ་ཕྱིས་ཏེ། བསམ་པ་ནི་ཚིགས་བཅད་ལས་སྨོས་པ་ལྟར་བསམ། བདེར་གཤེགས་སྐུ་གསུམ་དཔེ་ དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་ དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་མྱུར་གྲུབ་ཤོག །ཨོཾ་སརྦྦ་ར་ཙོ་ཨ་དི་ར་ཎ་སྭཱ་ཧཱ། མཆོད་པ་རྣམ་པ་ལྔ་དབུལ་བ། །བདེ་གཤེགས་རྣམས་ཀྱི་ལོངས་སྤྱོད་ཀྱིས། །ཀུན་བཟང་མཆོད་པས་རོལ་མཛད་ཀྱང་། །འགྲོ་བའི་དབུལ་བ་བསལ་སླད་དུ། །བཀུར་སྟི་ རིམ་གྲོའི་ཚུལ་ཙམ་གྱིས། །བླ་མེད་མཆོད་པ་རྣམ་ལྔ་འདི། །འགྲོ་བའི་དོན་དུ་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །རྒྱན་དང་ན་བཟའ་དབུལ་བ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་ འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ ལ་གནས་པར་ཤོག །བླ་རེ་དང་། འཕན་གདུགས་དང་། རྒྱལ་མཚན་དང་རོལ་མོ་ལ་སོགས་པ་དབུལ་བ། ཐེག་མཆོག་བླ་རེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །ལྷ་དང་མི་ཡི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ མཛེས་པས་རབ་བརྒྱན་པས། །བླ་རེ་འཕན་གདུགས་རྒྱལ་མཚན་རོལ་མོ་བརྗིད། །བདུག་སྤོས་དྲི་ཞིམ་སིལ་སྙན་སྤྲིན་ཚོགས་མཛེས། །བདག་དང་འགྲོ་བའི་དོན་དུ་འདི་ཕུལ་བས། །དབང་མཆོག་དམ་པ་དུས་འདིར་ཐོབ་གྱུར་ཏེ། །གནོད་པའི་དགྲ་བཅོམ་བླ་མེད་གོ་འཕང་ལ། །ཐེག་པ་ མཆོག་གིས་ངེས་པར་བགྲོད་པར་ཤོག །བཤོས་དང་ཞལ་ཟས་གསོལ་བ། རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །འབྲུ་དང་སྨན་དང་སྤོས་དང་སྙིང་པོ་དང་། རིན་པོ་ཆེ་ལྔ་དབུལ་བ། བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་ མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔར་བཅས་རྒྱལ་བར་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོར་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལས་ཀུན་ལ་ཕན་ འདོགས་ཤོག །བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱིས་གུས་བཅས་པས། །སྔགས་གྲུབ་རྒྱལ་པོས་ཡུངས་ཀར་ཕུལ་བ་ལྟར། །དེང་འདིར་སྟོན་པས་བདུད་བཞི་ཚར་བཅད་ནས། །སྐྱེ་རྒ་ན་འཆི་ འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེ་གདན་ལ་མངོན་པར་སངས་རྒྱས་ཤོག །བཀྲ་ཤིས་ཤིང་ཞལ་དྲོ་ཞིང་བྱིན་ཕེབས་ཤིང་འཇིག་རྟེན་དུ་ཡུན་རིང་པོར་བཞུགས་སུ་གསོལ་བ། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། ། རྒྱལ་སྲས་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། ། བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པ་མཐར་ཐུག་བར་དུ་བཞུགས་སུ་གསོལ། །སྤྱན་དབྱེ་བའི་སྨོན་ལམ་དུ་གསོལ་བ། ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ གཟུགས་བརྙན་བཞེངས་སུ་གསོལ་ཏེ། ཆུ་གཙང་དང་། སུག་ཆབ་དང་། འོ་མ་དང་། སྤོས་ཆུ་དང་། སྨན་ཆབ་ཀྱིས་སྐུ་ཁྲུས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་། དུག་གསུམ་གྱི་ཉོན་མོངས་པའི་དྲི་མ་ དག་ནས་རྣམ་པར་དག་པའི་སྐུ་དང་ལྡན་པར་གྱུར་ཅིག །ཨརྒྷ་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དག་སྟེ། དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐོབ་པར་གྱུར་ཅིག །དྲི་ཆབ་ཀྱིས་སྐུ་ལ་གཏོར་ཏེ་བྱུགས་པས་བདག་དང་མཐའ་ ཡས་པའི་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་ཆུའི་གཡེང་བའི་དྲི་མ་ཐམས་ཅད་རྣམ་པར་བསལ་ཏེ་བདེ་ཞིང་ཚིམ་པར་གྱུར་ཅིག །སྤོས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་རྣམ་པར་དག་སྟེ། ཡང་དག་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ ཅིག །མེ་ཏོག་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་གྱུར་ཅིག །མར་མེ་ཕུལ་བས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་པར་གྱུར་ཅིག །བཤོས་ དང་ཞལ་ཟས་གསོལ་བས་སེམས་ཅན་ཐམས་ཅད་བཀྲེས་པའི་སྡུག་བསྔལ་བསལ་ནས་ཡིད་བཞིན་གྱི་ཟས་སྐོམ་དང་ལྡན་པར་གྱུར་ཅིག །འབྲུ་རྣམ་པ་ལྔ་ཕུལ་བས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ལོ་ཏོག་འཕེལ་ཞིང་དགེ་བའི་ལོ་ཏོག་དུས་ཀུན་དུ་རྒྱས་པར་གྱུར་ཅིག །སྤོས་ ལྔ་གསོལ་བས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་སྟེ། ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །སྨན་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ནད་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་དང་བྲལ་ནས་ཐུགས་རྗེའི་སྨན་གྱིས་དུག་གསུམ་གྱི་ནད་ལས་ཐར་བར་གྱུར་ ཅིག །རིན་པོ་ཆེ་སྣ་ལྔ་གསོལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དགོས་དགུ་ཡིད་བཞིན་དུ་བསྐངས་ནས་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྙིང་པོ་ལྔ་གསོལ་བས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ སྙིང་པོ་དང་ལྡན་པར་གྱུར་ཅིག །རྒྱན་དང་ན་བཟའ་གསོལ་བས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ངོ་ཚ་མཁྱེན་པའི་ན་བཟའ་དང་ལྡན་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་རྒྱན་དང་ལྡན་པར་གྱུར་ཅིག །བླ་རེ་དང་རྒྱལ་མཚན་དང་འཕན་དང་གདུགས་ལ་སོགས་པ་ཕུལ་ བས་བདུད་བཞི་ལས་རྒྱལ་བའི་ཏིང་ངེ་འཛིན་དང་གཟུངས་དང་ལྡན་ནས་ཐེག་པ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །ཡུངས་ཀར་གསོལ་བས་འཇིག་རྟེན་ཇི་སྲིད་གནས་པའི་བར་དུ་འཇིག་རྟེན་ན་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་ནས་མཆོད་པའི་དོན་དུ་གྱུར་ཅིག །བཀྲ་ཤིས་ཕུལ་བས་ མི་དགེ་ཞིང་བཀྲ་མི་ཤིས་པ་ཐམས་ཅད་བསལ་ནས་བུ་གཅིག་པའི་མ་ལྟར་བྱམས་པ་ཆེན་པོ་རྒྱས་ནས་བཀྲ་ཤིས་བྱིན་ཆེ་བར་གྱུར་ཅིག །འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། ། བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་བཅས་ཐམས་ཅད་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་ པོ་ཡིས། །དང་བའི་ཡིད་ཀྱིས་མཆོད་པ་འདི་བརྩིགས་པས། །དེས་ན་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག །ཤེས་རབ་མཆོག་གིས་བདག་མེད་ཐུགས་ཆུད་དེ། །ཡེ་ཤེས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་ཆོས་སྐུ་ སྤྲོས་མེད་པ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དོན་དུ་དཀའ་བ་རྣམས་མཛད་དེ། །བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། ། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །སེམས་ཅན་དོན་དུ་བྱང་ཆུབ་ཐུགས་བསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླ་མེད་འབྲས་བུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱིས་སྤྱོད་པ་མཛད་པ་མཐར་ཕྱིན་ཅིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ཡོངས་བསྐོར་ ནས། །མྱ་ངན་འདས་པའི་ཚུལ་ནི་རབ་བསྟན་པ། །སྐུ་གདུང་གཞག་པ་དག་ལ་ཕྱག་འཚལ་བསྟོད། །སྐུ་གདུང་ཕྲ་མོར་གསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པ་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པ་བྱ་བའི་རྟེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་ འཚལ་བསྟོད། །སྔོན་གྱི་སྨོན་ལམ་ཆེན་པོའི་རྒྱུན་མངའ་བས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལ་བསྟན་པ། །རྒྱུ་ཡི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་སྟོབས་དང་མ་འདྲེས་ཆོས། །ཐུགས་རྗེ་ཆེན་པོ་ ཚད་མེད་རབ་མངའ་བས། །འཁོར་ལོ་ཆར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །མི་འཇིགས་བསྲུང་བ་མེད་དང་བདུད་ལས་རྒྱལ། །ཚངས་པའི་དབྱངས་ལྡན་མངོན་པར་མཁྱེན་མངའ་བས། །རྡོ་རིང་ཐེམ་སྐས་རྒྱལ་མཚན་དྲིལ་བུ་ཏོག ། ཆོས་སྐུའི་རྟེན་དུ་བཞག་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་གྲགས་པ་ཡེ་ཤེས་བཞི་ལ་སོགས། །ཡོན་ཏན་ངོ་མཚར་ནང་གི་ཚོགས་རྫོགས་ཤིང་། །གང་གི་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བ། །བདག་ཉིད་ཆེན་པོ་དག་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་ བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རེག་ཀྱང་རུང་། །མཐོ་རིས་དཔལ་ དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་རྨང་ཚོགས་མངའ་ལ་ཕྱག་འཚལ་བསྟོད། །མཆོད་པ་དབུལ་བ། ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེ་སྤྲུལ་པའི་འཁོར་བའི་འདམ་བསྐམས་པ། །ཕྱོགས་ བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །དྲི་མེད་བདུད་རྩི་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་གཤེགས་འབྱུང་བའི་རྒྱུ། །ཡེ་ཤེས་ཉི་མས་མ་རིག་མུན་འཇོམས་པ། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ། །བྱམས་དང་སྙིང་རྗེ་དགའ་ དང་བཏང་སྙོམས་ཚུལ། །བདེ་གཤེགས་རིན་ཆེན་པདྨོ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་པའི་སྐུ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་ན། །ཡེ་ཤེས་དཔག་ཡས་ཐུགས་རྗེས་འབྲེལ་པའི་སྐུ། ། རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ། །ནུབ་ཕྱོགས་བདེ་ལྡན་པདྨའི་དཀྱིལ་འཁོར་ན། །ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཀྱི་དབྱིངས་ལ་ མཆོད་པ་འབུལ། །བྱང་ཕྱོགས་བསམ་ཡས་ཡིད་བཞིན་དཀྱིལ་འཁོར་ན། །ཐབས་དང་ཤེས་རབ་གསལ་ཞིང་མཆོད་པའི་གདུང་། །ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱས་སྒྲོན་ལ་མཆོད་པ་འབུལ། །ཤར་ཕྱོགས་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ ན། །བྱམས་པ་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། །བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང་། །མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་འབུལ། །ཁྲི་འཕང་དང་པོ་དྲན་པ་ཉེར་གཞག་བཞི། །ལུས་སེམས་ཚོར་དང་ཆོས་རྣམས་རྗེས་སུ་དྲན། །སྤྱི་དང་རང་གི་མཚན་ ཉིད་མངོན་རྟོགས་པ། །རིག་པའི་ཤེས་རབ་བསྐྱེད་ལ་མཆོད་པ་འབུལ། །ཁྲི་འཕང་གཉིས་པ་ཡང་དག་སྤོང་བ་བཞི། །སྡིག་པ་མི་བསྐྱེད་མི་དགེའི་ཆོས་སྤོང་ཞིང་། །དགེ་བའི་ཆོས་བསྐྱེད་ཚོགས་གཉིས་རྫོགས་མཛད་པ། རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ། །ཁྲི་འཕང་ གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །འདུན་དང་སེམས་དང་དཔྱོད་དང་བརྩོན་འགྲུས་རྣམས། །སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས། །ཐོགས་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ། །ཁྲི་འཕང་བཞི་པ་སྣང་བའི་དབང་པོ་ལྔ། །དད་བརྩོན་དྲན་དང་ཏིང་འཛིན་ དབང་པོ་དང་། །ཤེས་རབ་དབང་པོ་ཆོས་ལ་དབང་བསྒྱུར་བ། །འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ། །འགྱུར་མེད་བུམ་རྟེན་འདེབས་པའི་སྟོབས་ལྔ་སྟེ། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་ནོན། །མཐུ་དབང་ མངོན་དུ་གྱུར་ལ་མཆོད་པ་འབུལ། །བུམ་པ་མངོན་འཕགས་བྱང་ཆུབ་ཡན་ལག་བདུན། །བྲན་དང་ཆོས་འབྱེད་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། །འགྲུབ་འགྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། །ཁ་ཁྱེར་འཕགས་པའི་ལམ་གྱི་ ཡན་ལག་བརྒྱད། །ལྟ་དང་རྟོག་དང་ངག་དང་ལས་ཀྱི་མཐའ། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། །འཕགས་པའི་ལམ་ནས་འཇུག་ལ་མཆོད་པ་འབུལ། །སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ། །ཐབས་དང་ཤེས་རབ་ཏིང་འཛིན་རྩལ་མཆོག་གིས། །དམ་ཆོས་ བདུད་རྩི་འཛིན་པའི་མཆོག་གྱུར་པ། །ཤེས་རབ་དོན་ཀུན་རིག་ལ་མཆོད་པ་འབུལ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསུམ། །ཤེས་རབ་སྤྱན་ལྡན་ཐབས་ཆེན་མངོན་གཟིགས་ཏེ། །ཤེས་བྱའི་བག་ཆགས་སྦྱངས་པས་ཐོགས་པ་མེད། །ཡེ་ཤེས་ཕུན་སུམ་ཚོགས་ ལ་མཆོད་པ་འབུལ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །གདུལ་བྱའི་དུས་དང་སེམས་ཀྱི་རྒྱུད་མཁྱེན་ནས། །འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པ། །ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་ བཏུད་དེ། །བརྩོན་འགྲུས་དྲག་པོའི་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས། །རྫུ་འཕྲུལ་ཤུགས་ཀྱིས་ཕྱི་མཐར་གཞན་དོན་མཛད། །སྐྱེ་འགག་ མེད་པའི་དོན་གྱིས་བློ་སྦྱངས་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། །རྣམ་གྲོལ་ཐར་ལམ་མགོན་དུ་རབ་བརྩོན་པ། །ཟུང་བཞི་ཡང་བརྒྱད་རིག་པའི་སྐྱེས་བུའི་ཚོགས། །རྟེན་འབྲེལ་དོན་ཀུན་རིག་པས་རང་སངས་རྒྱས། །འཕགས་པའི་དགེ་འདུན་ཚོགས་ལ་ མཆོད་པ་འབུལ། །དགེ་བ་བཅུས་བསྐྱེད་སྐལ་ལྡན་སངས་རྒྱས་ཞིང་། །ཚངས་པའི་གནས་བཞིས་ངན་སོང་མཐའ་སྤངས་ཤིང་། །རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ། །རྡོ་རིངས་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། ། གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྟར་དམིགས་པ་དག་པར་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་སྤོས་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་ མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་ འཁོར་བའི་འདམ་ལས་གྲོལ་བ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མས་མཚན་པའི་སྐྱོན་སྤངས་ཏེ། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་རིང་བསྲེལ་མཆོད་འོས་བླ་མ་རྣམས། །སྤྱན་དྲངས་ཕྱག་བགྱིས་བསྟོད་ དང་བསྐུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །འགྲོ་དྲུག་ཚོགས་རྫོགས་མངོན་པར་སངས་རྒྱས་ཤོག །འཕགས་པའི་མཆོད་རྟེན་ལ་མཆོད་རྟེན་ཨརྒྷ་གསོལ་བ། མཆོད་རྟེན་སྐུ་ཡི་ཆ་ལུགས་ནི། །འོག་གི་རྨང་བཏིང་ཡེ་ཤེས་བཞི། །གྱེན་དུ་ཁྲི་འཕང་ རྣམ་ཐར་གསུམ། །ཆགས་མེད་པདྨའི་གདན་སྟེངས་སུ། །བུམ་པ་ཟླུམ་པོ་ཆོས་ཀྱི་རྗེ། །གསེར་གྱི་བྲེ་ཕུལ་འོད་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །འཁོར་ལོ་བཅུ་གསུམ་ཡེ་ཤེས་བརྒྱད། །འབར་བ་རྡོ་རྗེ་ཡེ་ཤེས་ལྔ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། ། བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །སྐུ་ཡི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །མཆོད་རྟེན་གསུང་གི་ཆ་ལུགས་ ནི། །མན་ངག་སྔགས་ཀྱི་སྙིང་པོ་བརྗོད། །བཟླས་བརྗོད་གསུང་རབ་བཅུ་གཉིས་བརྗོད། །དོན་དམ་སྒྲ་སྐད་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་ དེ། །གསུང་གི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །མཆོད་རྟེན་ཐུགས་ཀྱི་མཚན་ཉིད་ནི། །དཔེ་མེད་བསམ་ཡས་ནམ་མཁའ་ཆེ། །ཏིང་འཛིན་ཡིན་པས་ཅིར་ཡང་གསལ། །ཡེ་ཤེས་ཡིན་པས་སྣ་ཚོགས་ རྟོགས། །ཤེས་རབ་ཡིན་བས་མཁྱེན་པར་རྟོགས། །ཐམས་ཅད་མཁྱེན་པས་ལྷུན་གྱིས་གྲུབ། །དོན་དམ་སེམས་རྟོག་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་ རྒྱུན་ཡང་མི་འཆད་དེ། །ཐུགས་ཀྱི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བླ་མེད་མཆོད་རྟེན་ཆ་ལུགས་ནི། །རིན་ཆེན་འབར་བའི་སྲིད་རྩེ་ནས། །ཙིནྟཱ་མ་ཎི་ཡེ་ཤེས་བཞི། །བཀྲ་ཤིས་དཔལ་ཚོགས་ གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་ཆ་ལུགས་ནི། །ནམ་མཁའི་དབྱིངས་དང་རྒྱ་ མཚོའི་མཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་སྤྱི། །སྣང་ཞིང་སྟོང་ལ་སྟོང་ཞིང་གསལ། །ཡིད་ཀྱི་མཆོད་རྟེན་ཐམས་ཅད་ལ། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། ། རང་བཞིན་མཆོད་རྟེན་ཡེ་ཤེས་སྐུ། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །མཚན་མའི་སྡུག་བསྔལ་ཡོངས་བསལ་བས། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། ། རང་བཞིན་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ། །བྱམས་ཤིང་སྙོམས་པ་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོ་སྐྱོ་དུབ་མེད། །ནུབ་བྱང་རྒྱལ་པོ་མིག་ནད་སེལ། ། དཔལ་ཚོགས་བཀྲ་ཤིས་གཞལ་ཡས་འདིར། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །སྤྲུལ་པའི་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །གཟུགས་བརྙན་མཆོད་རྟེན་ཤེས་རབ་ སྐུ། །བདུད་ཀྱི་སྡེ་དང་གཤིན་རྗེའི་འཁོར། །སྲིན་པོའི་ཚོགས་དང་ལྷ་མ་ཡིན། །གནོད་སྦྱིན་མ་རུངས་ཐམས་ཅད་ཀྱི། །གཟི་བྱིན་མདངས་སྟོབས་འཇོམས་མཛད་ཅིང་། །གནོད་སྦྱིན་མང་པོའི་རྒྱུ་སྲོང་གཅོད། །གཟུགས་བརྙན་མཆོད་རྟེན་བཞུགས་དགུ་ལ། །བཀྲ་ཤིས་དཔལ་ ཚོགས་གཞལ་ཡས་འདིར། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །འཕགས་པའི་མཆོད་རྟེན་ལ་བསྟོད་པ། །རང་འབྱུང་འདྲེན་པ་དཔའ་བོ་ལྷ་ཡི་ལྷ། །བཅོམ་ལྡན་ ཤཱཀ་ཐུབ་སྐུ་གདུང་རིང་བསྲེལ་སྣོད། །འཇིག་རྟེན་གསུམ་གྱི་མཆོད་གནས་མཆོག་བཞུགས་པ། །བང་རིམ་རི་རབ་ལྟ་བུའི་ཁྲི་འཕང་ལ། །བུམ་རྟེན་པདྨ་བུམ་བཟངས་སྙིང་པོ་ནི། །ཚོགས་གཉིས་རྫོགས་པའི་འབྲས་བུ་ཡིད་བཞིན་སྐུ། །ཕྱག་འཚལ་མཆོད་པས་བརྒྱ་བྱིན་ ལུས་དག་ཅིང་། །མཐར་གྱིས་ཆོས་ཀྱི་རྒྱལ་པོའི་སྐུ་ཐོབ་པ། །ཡོན་ཏན་ཚོགས་ཀྱི་སྐུ་གདུང་མཐུ་ཆེན་བཞུགས། །བུམ་པ་དབྱིབས་ལེགས་སྲོག་ཤིང་དྲང་བརྟན་ལ། །འཁོར་ལོ་གདུགས་ཕྲེང་རིམ་པས་འགེགས་པའི་སྟེང་། །འོད་སྟོང་ཉི་དབྱིབས་ཆར་ཁེབས་གདུགས་བྲིས་ ཏེ། །ཟླ་བ་དྲིལ་བུ་ཅོད་ཕན་འཇིག་རྟེན་སྐྱོང་། །ཕྲེང་བ་ཐེམ་སྐས་རྒྱལ་མཚན་བ་དན་བརྒྱན། །རྒྱན་ལ་རྒྱན་བཀོད་འཇིག་རྟེན་ཀུན་གྱི་རྒྱན། །ཆོས་བཟངས་རྣམ་སྣང་རྣམ་པ་ཐམས་ཅད་ཞལ། །གཟུགས་ཀྱི་ཁྱད་པར་བལྟ་བས་མི་ངོམས་ཁྱོད། །ཡེ་ཤེས་ཚོགས་རྫོགས་ ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་བརྟན། །བརྩོན་འགྲུས་ཡང་དག་ཁྲི་འཕང་གཉིས་པ་ལེགས། །རྫུ་འཕྲུལ་ནང་བཞི་ཁྲི་འཕང་གསུམ་པ་དགེ །དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བཟང་། །བུམ་པ་བྱང་ཆུབ་ཡན་ལག་ བུམ་རྟེན་སྟོབས། །བྲེ་ལེགས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །སྲོག་ཤིང་ཤེས་བཅུ་སྟོབས་བཅུ་གདུགས་ཕྲེང་བཅུ། །གདུགས་ཕྲེང་མ་འདྲེས་དྲན་པ་ཉེར་གཞག་གསུམ། །ཐུགས་རྗེ་འཕགས་པའི་ཆོས་ཀྱི་ཆར་ཁེབས་ལྡིང་། །བླ་མེད་གོ་འཕང་གདུགས་ཀྱི་གནམ་འཕང་མཐོ། ། འཇིག་རྟེན་མུན་སེལ་ཡེ་ཤེས་ཟླ་བ་གསལ། །ཚངས་པའི་གསུང་གི་དྲིལ་བུའི་སྒྲ་སྙན་འཁྲོལ། །རྫོགས་པའི་བྱང་ཆུབ་དར་གྱི་ཅོད་པན་འཕུར། །བདེན་བཞི་ཕན་འདོགས་འཇིག་རྟེན་སྐྱོང་བཞི་བཙུན། །ཚུལ་ཁྲིམས་ཕུང་པོ་མེ་ཏོག་ཕྲེང་བ་བཟང་། །སྐྱོན་བྲལ་བསྲུང་བའི་ངོས་ཀྱི་ཐེམ་སྐས་ མཛེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་སྤ། །བདུད་བཞི་འཇོམས་པའི་ཆུ་སྲིན་རྒྱལ་མཚན་གྲགས། །མི་འཇིགས་བཞི་ཡི་རྡོ་རིངས་སེང་གེ་བརྗིད། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་ཀྱི་རྣམས། །ཐབས་མཁས་ཐུགས་རྗེས་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་ཁམས་ལ་ ཚོན་བཀྱེ་ཇི་བཞིན་དུ། །ཡོན་ཏན་ཁྱད་པར་ཁ་དོག་དབྱིབས་སུ་བསྒྱུར། །དཔལ་གནས་རིན་ཆེན་འབྱུང་གནས་ཆེན་པོ་པ། །དུས་གསུམ་རྒྱལ་བའི་མཆོད་རྟེན་སྐུ་གདུང་ཚུལ། །དཔལ་འབྱུང་ཀ་ནི་ཀ་དང་རབ་འབྱུང་ཚུལ། །བསོད་ནམས་ཕུང་པོས་ཡུལ་ཁམས་བྱིན་ཆགས་ཤིང་། །སངས་ རྒྱས་སྤྲུལ་པ་ཕྲིན་ལས་རྫོགས་པར་མཛད། །ས་བཅུའི་རྒྱལ་ཚབ་བྱམས་པའི་གཙུག་གི་རྒྱན། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེན་པོ་ལ། །རི་ལུང་ནགས་ཚལ་ཆུ་ཀླུང་མཁའ་གནས་པའི། །ལྷ་ཚོགས་དད་པས་གནམ་ས་ཀུན་ནས་དཀྲིགས། །སྡོམ་བརྩོན་རྒྱལ་སྲས་འཁོར་བཞི་ ཁྱིམ་བདག་དང་། །དབུས་མཐའི་རྒྱལ་ཁམས་མི་ཚོགས་ཀུན་འདུས་ནས། །མེ་ཏོག་ཕྲེང་བས་སྤེལ་ལེགས་མཛེས་པ་དང་། །ཙནྡན་དྲི་བཤོས་མར་མེ་རོལ་མོར་བཅས། །བཀྲ་ཤིས་གླུ་དབྱངས་བསྟོད་པའི་རྣམ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་བརྒྱན། །ལུས་ངག་ ཡིད་གསུམ་དང་བས་མཆོད་པར་བགྱི། །རྒྱལ་པོ་ཆེན་པོ་བཞི་ལ་མཆོད་ཅིང་བསྟོད་པ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ཀུ་བེ་ར། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་ ལྡན་པ། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་གཡུལ་ ཡང་མྱོང་བར་བྱེད། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད་ཆེན་པོ་དམ་ཚིག་ཅན་སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བརྟེན་པ་བསྟན་པ་བསྲུང་བ། ལྷ་དང་མིའི་མགོན་མཛད་པ། བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མདག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པ་རྟག་ཏུ་དཀོན་མཆོག་གསུམ་གྱི་ཞམ་འབྲིང་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བ། དམ་པའི་ཆོས་སྤེལ་བ། དགེ་ སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་རྣམ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་དང་། ཡུལ་དང་། ཡུལ་ཕྱོགས་དང་། གྲོང་དང་། གྲོང་ཁྱེར་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། སྐྱེ་དགུའི་ཚོགས་ ཐམས་ཅད་སྲུང་བར་མཛད་དུ་གསོལ། །སྦ་བ་དང་ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་ དང་། ས་བཅིང་བར་མཛད་དུ་གསོལ། ལོ་བརྒྱ་དག་ཏུ་འཚོ་བར་ཤོག །སྟོན་བརྒྱ་དག་ནི་མཐོང་བར་ཤོག །ཕྱོགས་སྐྱོང་བ་བཅུ་ལ་བསྟོད་ཅིང་མཆོད་པ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། ། མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་བཞེས་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བརྣབ་སེམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་ཐོགས་པའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་ བསྲུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་བསྲུང་གདོན་གྱི་བདག་པོ་སྟེ། །རླུང་མཚམས་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །གནོད་ སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ ཞིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་དང་ས་ཡི་ལྷ། །ས་འཛིན་དང་ནི་ལག་ཆེན་དང་། །དམ་ཚིག་ཤེས་པའི་ལྷ་རྣམས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པ་འབུལ་ ཞིང་ཕྱག་ཀྱང་འཚལ། །ཕྱོགས་སྐྱོང་བཅུ་པོ་བདག་ཉིད་ཆེན་པོ་དམ་ཚིག་ཅན་སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བརྟེན་པ། བསྟན་པ་བསྲུང་བ། ལྷ་དང་མིའི་མགོན་མཛད་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། སྡེ་དཔོན་ དང་བཅས་པ། མངག་པ་དང་བཅས་པ། ཕོ་ཉ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ། རྟག་ཏུ་དཀོན་མཆོག་གསུམ་གྱི་ཞམ་འབྲིང་མཆོད་ཅིང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། དམ་པའི་ཆོས་སྤེལ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་རྣམ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་དང་། ཡུལ་དང་ཡུལ་ཕྱོགས་དང་། གྲོང་དང་གྲོང་ཁྱེར་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། སྐྱེ་དགུའི་ཚོགས་ཐམས་ཅད་སྲུང་བར་མཛད་དུ་གསོལ། སྦ་བ་དང་ཡོངས་ སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བར་མཛད་དུ་གསོལ། ལོ་བརྒྱ་དག་ཏུ་འཚོ་ བར་ཤོག །སྟོན་བརྒྱ་དག་ཏུ་མཐོང་བར་ཤོག །ལྷ་ཀླུ་སྡེ་བརྒྱད་དང་འབྱུང་པོའི་ཚོགས་དམ་ཚིག་ཅན་ཐམས་ཅད་ལ་མཆོད་ཡོན་ཨརྒྷ་གསོལ་བ། འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། ། རིགས་ནས་རིགས་ཀྱི་གཙོ་མཛད་པ། །མཆོད་འོས་གྱུར་པ་ཐམས་ཅད་ལ། །རིམ་གྲོ་གུས་པས་མཆོག་བསྐྱེད་ནས། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མི་དང་མི་མིན་འབྱུང་པོའི་ཚོགས། །ས་ཆུ་བར་སྣང་གནས་བཅས་པའི། །བྱམས་སེམས་ལྡན་པ་ཐམས་ཅད་ལ། ། མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་ པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདི་ནི་བདེན་པར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །སྡིག་པ་བཤགས་པ། ཁམས་གསུམ་འགྲོ་ལྔ་སྐྱེ་གནས་བཞི། །འཁོར་བའི་རྒྱུད་དུ་གཏོགས་ཀུན་དང་། །རིགས་མཐུན་སྐྱེས་པ་བདག་ཅག་གིས། །དུག་ གསུམ་དབང་གིས་སྒོ་གསུམ་ནས། །ལས་དང་ཉོན་མོངས་སྐྱེ་བའི་རྒྱུ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བཞི། །སྒྲིབ་བ་རྣམས་དང་ཀུན་སྦྱོར་དང་། །དེ་ཡི་རྒྱུད་དང་འབྲས་བུ་དང་། །ཡུན་རིང་འཁོར་ཞིང་མི་ཁོམ་བརྒྱད། །མཐོ་རིས་ ཐར་པའི་ལམ་འགོག་ཅིང་། །བདག་དང་གཞན་ལ་ཡོངས་གདུང་བའི། །ཁ་ན་མ་ཐོ་ཅི་བགྱིས་པ། །ཆོས་དབྱིངས་ཕྱོགས་བཅུ་དུས་གསུམ་དང་། །རིགས་རྣམས་ཀུན་ལ་རབ་ཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མ་ལུས་བཤགས་ཤིང་བསྡམ་པར་བགྱི། །རྗེས་སུ་ཡི་ རང་བ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །རང་རྒྱལ་ཉན་ཐོས་ཐམས་ཅད་དང་། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །རྒྱུ་དང་འབྲས་བུ་ཐམས་ཅད་དང་། །སྐྱོན་རྣམས་སྤོང་ཞིང་ཡོན་ཏན་ཐོབ། །ཆགས་བྲལ་མཉམ་གཞག་ས་དང་ནི། །དེ་ཡི་འབྲས་བུའི་ཁྱད་པར་དང་། ། དགེ་བའི་བཤེས་དང་དམ་ཆོས་འཛིན། །བྱང་ཆུབ་སེམས་མཆོག་སྐྱེད་བྱེད་ཅིང་། །བདག་གཞན་སྨིན་པར་བྱེད་པ་དང་། །ལམ་དང་འབྲས་བུ་ཐོབ་པ་དང་། །བླ་མེད་གོ་འཕང་མཆོག་ཐོབ་པ། །དེ་དག་ཀུན་ལ་ཡི་རང་ཞིང་། །བསམ་དང་སྦྱོར་བ་དག་པ་ཡིས། །འགྲོ་བ་ཀུན་ལ་བདེ་སླད་དུ། ། འཁོར་གསུམ་དག་པའི་ཚུལ་གྱིས་བསྒྲུབ། །སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་པ། །བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས། །རིགས་འཁྲུང་ལུང་བསྟན་དབང་བསྐུར་བ། །བྱང་ཆུབ་རིམ་པར་ སངས་རྒྱས་པ། །དམ་ཆོས་བཙུན་པར་མཛད་པ་དང་། །གདུལ་བའི་དོན་ལ་བཞེས་པ་དང་། །རྒྱ་ཆེ་ཟབ་པ་རྟོགས་དཀའ་བས། །བསྐུལ་བའི་དོན་ལ་བཞེས་རྣམས་ལས། །ཆོས་ཀྱི་སྣང་བ་རྒྱས་པ་ལ། །འགྲོ་བ་ཀུན་ལ་བདེ་བ་དང་། །རྒྱ་ཆེ་ཟབ་པ་བསྟན་པ་དང་། །སྔོན་གྱི་ཐུགས་ དམ་བསྐང་བའི་ཕྱིར། །ཚངས་པ་འདྲ་བར་ཚུལ་བསྒྱུར་ཏེ། །རིམ་གྲོ་གུས་པ་མཆོག་བསྐྱེད་ཅིང་། །ཐལ་མོ་སྦྱར་བར་རབ་བཏུད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམ་ན། །བདེ་ གཤེགས་བདུད་བཞི་ངེས་བཅོམ་ཞིང་། །རྫོགས་སངས་རྒྱས་ནས་འཁོར་ལོ་བསྐོར། །འགྲོ་དོན་སངས་རྒྱས་མཛད་པ་མཛད། །འགྲོ་བ་གཞན་རྣམས་འདུལ་བ་དང་། །འདུ་བྱེད་མི་རྟག་བསྟན་པ་དང་། །གདུལ་བྱ་བརྩོན་པ་བསྐྱེད་སླད་དུ། །མྱ་ངན་འདའ་སྟོན་བཞེད་རྣམས་ལ། ། ཐལ་མོ་སྦྱར་བ་རབ་བཏུད་དེ། །འགྲོ་བ་ཀུན་ལ་ཕན་པ་དང་། །བདེ་བ་བསྐྱེད་པར་བྱ་བ་དང་། །ཆོས་ཚུལ་ཡུན་རིང་སྤེལ་བའི་ཕྱིར། །ཆོས་དབྱིངས་བསྟན་པའི་ལུགས་བཞིན་དུ། །མྱ་ངན་མི་འདའ་གཡུང་དྲུང་སྐུ། །སྟུག་པོ་བཀོད་པའི་བདག་ཉིད་རྣམས། །བསྐལ་པའི་མཐར་ ཡང་བཞུགས་པར་གསོལ། །བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ། རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དབང་གྱུར་སྤྱན་གྱུར་ཚད་མར་འགྱུར། །འགྲོ་དོན་མཛད་པར་དབང་གྱུར་པ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་ བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་བཞུགས་སུ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམས་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་ པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས། །སེམས་ཅན་ཐམས་ཅད་ཤིས་པར་བརྗོད། །དཀོན་མཆོག་གསུམ་གྱི་བྱིན་བརླབས་དང་། །འཕགས་ པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་དང་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིས་རྣམས་ཇི་སྙེད་པས། །སོ་སོའི་སྐྱེ་བོར་ གཏོགས་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པར་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་ གཞོལ་གྱུར་ཅིག །སེམས་ཅན་དང་འཕགས་པའི་ཚོགས་ཐམས་ཅད་ལ་བསོད་ནམས་བསྟབ་པ། འདས་པ་དང་ནི་མ་འོངས་དང་། །ད་ལྟར་དུས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ན་གང་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བསོད་ ནམས་དང་ནི་ཡེ་ཤེས་ཚོགས། །དེ་ཡི་རྒྱུ་དང་འབྲས་བུ་དང་། །སྦྱོར་བ་དང་ནི་དངོས་དང་མཇུག །སེམས་ཅན་ཀུན་ལ་བསྟབས་མཁྱེན་ལྟར། །བདག་དང་སེམས་ཅན་ཀུན་གྱིས་ཀྱང་། །རང་གི་བསོད་ནམས་མ་ལུས་པ། །རྫོགས་སངས་རྒྱས་བདེ་མ་ཐོབ་པའི། །སེམས་ཅན་རྣམས་ལ་ བསྟབ་པར་བགྱི། །སྦྱོར་བ་དང་ནི་མཐོང་བ་དང་། །བསྒོམ་དང་མི་སློབ་ལམ་བརྙེས་པའི། །འཕགས་པའི་ཚོགས་རྣམས་ཀུན་ལ་ཡང་། །དེ་དག་རབ་ཏུ་བསྟབ་པར་བགྱི། །དེ་དག་གི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། བླ་མའི་བླ་མ་དཀོན་མཆོག་དང་། །མཆོད་རྟེན་ཁྱད་པར་འཁོར་ བཅས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །ཡི་རང་བསྐུལ་ཞིང་གསོལ་བ་དང་། །སྐྱབས་གསོལ་ལུས་ཕུལ་སེམས་བསྐྱེད་དང་། །ཤིས་པ་བརྗོད་ཅིང་བསྟབས་པ་དང་། །གཞན་ཡང་དགེ་བ་ཅི་བསགས་པ། །ཐམས་ཅད་བླ་མེད་བྱང་ཆུབ་བསྔོ། །དེས་ནི་སེམས་ཅན་ ཐམས་ཅད་དང་། །འཕགས་པའི་སྐྱེ་བོའི་ཚོགས་ཀུན་གྱིས། །ཡེ་ཤེས་ས་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམས་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་གྲུབ་ པར་སྨོན། །འདི་བྲིས་བསོད་ནམས་ཅི་མཆིས་པ། །ཁམས་གསུམ་སེམས་ཅན་ཐམས་ཅད་དང་། །རྨོངས་པ་བདག་གིས་སྡིག་བགྱིས་པ། །ཐམས་ཅད་མ་ལུས་སོ་སོར་བཤགས། །འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་ མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། སློབ་དཔོན་ཆེན་པོ་བོ་དྷི་ས་ཏཱས་མཛད་པ་རྫོགས་སོ།། ༄༅༅། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་དང་། རྒྱུད་དག་ ལས་ཙཻ་ཏྱ་དང་། ཚ་ཚ་གདབ་པ་ལ་སོགས་པའི་ཆོ་ག །ཨཱ་ཙཱརྱ་དྷརྨ་ཀཱིརྟི་དང་། བཛྲ་ཀཱིརྟི་དང་། བཛྲ་བོ་དྷི་ལ་སོགས་པ་ལས་ཐོས་ནས། སློབ་དཔོན་དེ་དག་གིས་ལུང་བསྟན་ཏེ། གཏན་ལ་ཕབ་པར་བྱས་པའོ། །དེ་ལ་དང་པོ་ཙཻ་ཏྱ་གདབ་པའི་ས་གཞི་ནི། ཁང་པའམ། ཡོལ་བས་བསྐོར་ བའམ། རབ་ལ་སོགས་པ་གང་འབྱོར་པའི་ནང་བདེ་བར་དཀྱིལ་འཁོར་དུ་བྱ་བའི་ས་བརྟག་པ་ནི། །དཀྱིལ་འཁོར་གྱི་ཟབས་སུ་ཁྲུ་གང་བརྐོས་ལ་ས་རྣག་བྱུང་ན་བཟང་། རུས་པ་དང་གྱོ་མོ་ལ་སོགས་པ་བྱུང་ན་ཡང་། དེ་དག་མ་ལུས་པར་བསལ་ཏེ་ས་བརྐོས་པ་དེའི་དབུས་སུ། གསེར་དང་ དངུལ་དང་ཟངས་དང་ཁམ་པ་གང་འབྱོར་པ་སྣོད་སྦྱར་མའི་ནང་དུ་རིན་པོ་ཆེ་དང་། འབྲུ་ནང་སྨན་སྣ་ལྔ་དང་སྤོས་དག་བླུགས་ནས། ཁ་བཅད་དེ་བཞག་ལ་ས་བཟང་པོས་བཀང་སྟེ། དེའི་སྟེང་དུ་དཀྱིལ་འཁོར་འདོམ་དོ་གྲུ་བཞི་འཕང་དུ་ཁྲུ་གང་པ་ལེགས་པ་ཅིག་བྱས་ལ། དཀྱིལ་འཁོར་དེའི་ངོས་ གཅིག་ཀྱང་ཁྲུ་གང་གྲུ་བཞི་པའི་དཀྱིལ་འཁོར་ཆུང་ངུ་གཉིས་གཉིས་མགོ་སྙོམས་ཏེ། དཀྱིལ་འཁོར་ཆེན་པོ་དང་འབྲེལ་པར་བྱས་ཏེ། དཀྱིལ་འཁོར་དེའི་སྟེང་དུ་ཟ་འོག་དང་། རས་ལ་སོགས་པ་གང་འབྱོར་པའི་བླ་རེ་འདོམ་ཕྱེད་དང་གསུམ། ཁྲུ་བཞི་པ་ཡན་ཆད་འདོམ་གང་ཡང་ཡན་ ཆད་བྲེ། འཕན་བརྒྱད་ཡན་ཆད་དུ་འབྱོར་པ་གདགས། ཕྱོགས་བཞིར་རྒྱལ་མཚན་བཞི་གཟུགས། བླ་རེ་དེའི་དབུས་སུ་དར་རམ། རས་སམ་ཤོག་བུ་སྲིད་དུ་མདའ་གང་། ཞེང་དུ་ཁྲུ་གང་ལྷག་ཙམ་གྲྭ་སྦྱར། ཕྱོགས་བཞིར་མཆོད་རྟེན་དྲན་པ་ཉེ་བར་གཞག་པ་བཞི་དང་། འཕང་ལོ་ བདུན་དང་ལྡན་པ་རེ་རེས་བྲེས་ཏེ། དེའི་བུམ་པའི་དབུས་ནས་ཐད་ཀར་བི་མ་ལ་ཨུཥྞཱི་ཥའི་གཟུངས་སྔགས་འདི་གུར་ཀུམ་གྱིས་བྲི། དེའི་སྔགས་ལ། ཨོཾ་ན་མ་སྟྲེ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ། ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། ཆེ་གེ་མོ། །སཾ་བྷ་ར་ཨཱ་ཡུཿསཾ་ཤོ་དྷ་ཡ། སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ། ས་མནྟོཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཨཾ་བཾ་སཾ་ཛཿསྭཱ་ཧཱ། དེ་ནས་མཆོད་རྟེན་དེའི་འཕང་ལོའི་སྟེང་དུ་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདིས་གདུགས་ལྟ་བུར་འཁྱིལ་པར་གུར་ཀུམ་གྱིས་བྲི། དེའི་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། མ་ཧཱ་ཙིནྟཱ་མ་ཎི་ཛྭ་ལ་ན་སཱ་ག་ར། གམྦྷཱི་ རེ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཨཱ་ཡུནྡྷ་ར། ཨཱ་ཡུནྡྷ་ར། སནྡྷ་ར། སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡེ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན་སཱ་ག་རེ། སཾ་ཤོ་དྷ་ཡ་མཱཾ། སརྦ་སཏྭཱཾ་ཤྩ། བྷ་ག་བ་ཏཱི། སརྦ་པཱ་པཾ། བི་མ་ལེ། ཛ་ཡ་ ཛ་ཡ། ཛ་ཡ་ལབྡྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏེ། ཨཱ་བ་ར་ཎེ། བྷ་ཡ་ཧ་ར་ཎེ། ཧཱུཾ་ཧཱུཾ་ཧཱུཾ། མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞཱི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨཱ་ཀཪྵ་ ཡ། ཨཱ་ཀཪྵ་ཡ། ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། བྷཱ་ར་བྷཱ་ར། སཾ་བྷཱ་ར་སཾ་བྷཱ་ར། ཨིནྡྲི་ཡ། བི་ཤོ་དྷ་ནི། བྷཱུ་ཥི་ཏ་བྷཱུ་ཛི། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷེ་སིདྡྷེ། བུདྡྷེ་བུདྡྷེ། བོ་དྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བོ་དྷ་ནི། ཤོ་དྷ་ནི་ཤོ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པ། སརྦ་ཏ་ཐཱ་ག་ཏ། ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛ། པྲ་ས་རནྟུ། མ་མ་པུཎྱཾ། བི་ན་ཤྱཾ་ཏུ་པཱ་པཾ། སརྦ་ཀིལྦི་ཥཧ་རེ་མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ། བི་མ་ལེ། བི་ཀ་སི་ཏ་པདྨེ། ཀ་བ་ཙི་ཏ་བྷུ་ཛེ། ཥཊྤཱ་ར་མི་ཏཱ། པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་མ་ལེ་བི་ལོ་ཀི་ཏེ་ སྭ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། ཨོཾ་ཨཱ་ཡུརྡ་དེ་སྭཱ་ཧཱ། པུ་ཎྱད་དེ་སྭཱ་ཧཱ། པུཎྱ་བི་ལོ་ཀི་ཏེ་སྭཱ་ཧཱ། པུཎྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་དཎྜེ་སྭཱ་ཧཱ། ཡ་མ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏི་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷཱ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་ བ་ཏི་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏེ་མུ་དྲ་ཨ་དྷིཥྛཱ་ཎ་ཨ་དྷིཥྛི་ཏེ་སྭཱ་ཧཱ། མཆོད་རྟེན་དེ་དང་། གདུགས་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་ཞིང་འཁྲིགས་པ་བྲེ། དེའི་གཞིའི་དབུས་སུ་དར་རམ་ཤོག་ཤོག་གང་འབྱོར་པ་ལས། སྲིད་དུ་ མདའ་གང་ཙམ་ཞེང་དུ་ཁྲུ་གང་ལྷག་ཙམ་ལ། གཟུངས་གཉིས་ཀ་རྫོགས་པར་བྲི་ཞིང་འོད་ཟེར་འཕྲོ་བ་དང་ལྡན་པར་བྱས་ཏེ། དབུས་ཀྱི་མཆོད་རྟེན་རིང་བསྲེལ་ཅན་དེ་ལ་མི་རེག་ཏུ་གདགས། དེ་ནས་དཀྱིལ་འཁོར་དེའི་སྟེང་ལྕི་བ་གཙང་མ་དང་། ཙནྡན་དང་། གུར་ཀུམ་ལ་སོགས་པས་ བསྐུས་ལ། དེའི་སྟེང་དུ་དཀྱིལ་འཁོར་གྲུ་བཞི་ངོས་གཅིག་ལ་རེའུ་བཅུ་བཅུ། རེའུ་གཅིག་ལ་ཡང་ཆག་གང་དང་། ཚོན་དོའི་ཐད་དུ་བརྩིས་ཏེ། ཆ་མཉམ་པར་བྱས་ལ། སྲད་བུ་རིང་ཐུང་ཆ་མཉམ་པ་ཅིག་ཚོན་སྣ་གཅིག་གིས་ཐིག་བཏབ་སྟེ། རེའུ་བརྒྱ་དང་ངོས་གཅིག་ཀྱང་རེའུ་གཉིས་ གཉིས་ཡོད་པ་དང་། སྤྱིར་བརྒྱ་རྩ་བརྒྱད་དུ་སྦྱར། རེའུ་རེ་རེའི་སྟེང་དུ་ཡང་ཙཻ་ཏྱ་གཞག་པའི་བཞི་ཙནྡན་དང་སྤོས་ཆུ་གང་འབྱོར་པས་དཀྱིལ་འཁོར་ཟླུམ་པོ་རེ་རེ་བྱ། དེ་ནས་ལས་ཀྱི་བྱེ་བྲག་ལས་ཤར་ཕྱོགས་ལ་སོགས་པར་གོང་ཐབས་གསུམ་གདེང་། འཕན་གདུགས་ཅི་རིགས་པར་བྲེས་ ལ། སྟེང་དབུས་མའི་སྟེང་དུ་ཙཻ་ཏྱ་སུ་འདེགས་པ་འདུག །དེའི་གཡས་ཀྱི་སྟན་ལ་བི་མ་ལ་ཨུཥྞཱི་ཥའི་གཟུངས་སྔགས་ཀློག་ཅིང་འདུག་ལ། དེའི་མདུན་དུ་དཀྱིལ་འཁོར་ཅིག་བྱས་པའི་སྟེང་དུ་མཆོད་པ་སྣ་ལྔ་དགྲམ། དབུས་སུ་བུམ་པའམ། བྱ་གང་འབྱོར་པ་གཅིག་སྤོས་ཆུས་བཀང་ལ། དེའི་ནང་དུ་སྨན་དང་འབྲུ་དང་རིན་པོ་ཆེ་སྣ་ལྔ་ལྔ་བཅུག་ལ་ཁ་བཅིངས་ཏེ། དེའི་མགུལ་ནས་སྲད་བུ་གཙང་མ་གཅིག་བཏགས་ལ་སྔགས་གཉིས་ལན་བརྒྱ་རྩ་བརྒྱད་བསམ་པའི་རྒྱུད་མཉམ་པར་བཀླག་གོ། །དེ་ལ་སྨན་ལྔ་ནི་སིཾ་ཧ་དང་། བྱ་གྷྲྀ་དང་། ཀི་རི་ཀརྣི་ཀ་དང་། ས་ཧ་དང་ས་ཧ་དེ་ བའོ། །འབྲུ་ལྔ་ནི་ཏིལ་དང་། བལ་སྲན་དང་། འབྲས་སོ་བ་དང་། ནས་དང་གྲོའོ། །རིན་པོ་ཆེ་སྣ་ལྔ་ནི་བྱུ་རུ་དང་། གསེར་ས་ལེ་སྦྲམ་དང་དུང་དང་། མུ་ཏིག་དང་ཤེལ་ཏེ། མིང་གིས་སྨོས་པ་འདི་རྣམས་ལས་དངོས་སུ་མ་འབྱོར་ན། གང་འབྱོར་པ་དེ་རྣམས་ལས་སྣ་ལྔར་སྦྱར་རོ། །གཡོན་གྱི་ སྟན་ལ་ཤེས་རབ་ཚུལ་བརྒྱ་ལྔ་བཅུ་པ་ཀློག་པ་ཅིག་འདུག་ལ། ཡོ་བྱད་གཞན་ནི་གོང་མ་བཞིན་སྦྱར་ལ་དྷརྨ་ལན་ཅིག་ཡན་ཆད་ཙཻ་ཏྱ་འདེབས་ཀྱི་བར་དུ་རྫོགས་པར་བཀླག །དཀྱིལ་འཁོར་གྱི་སྟེང་དུ་ཙཻ་ཏྱ་ལ་སོགས་པ་འགོད་པའི་གོས་དང་། འབོབ་གཙང་མར་གསོལ་ལ། ཁྲུས་ལེགས་ པར་བྱས་པས་འགོད། ཙཻ་ཏྱ་འདེབས་པས་བདག་ཉིད་རང་གི་ལྷའི་ཚུལ་དུ་ཏིང་ངེ་འཛིན་མཉམ་པར་བྱས་ཏེ་བི་མ་ལ་ཨུཥྞཱི་ཥའི་སྙིང་པོའམ། འོག་ནས་ཙཻ་ཏྱ་གདབ་པའི་སྔགས་རིམ་གྱིས་འབྱུང་བ་གང་ཡང་རུང་བ་དེས། བསམ་པའི་རྒྱུད་དང་ལྡན་པར་བྱས་ཏེ་མཆོད་ཅིང་ཙཻ་ཏྱ་གདབ་བོ། ཙཻ་ཏྱ་ བཏབ་པ་དེས་ཐལ་བྱུང་དུ་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། དང་པོར་མཆོད་རྟེན་ལུགས་མ་ཤ་རི་རམ་ཡོད་པ་ཅིག་དཀྱིལ་འཁོར་གྱི་དབུས་ཀྱི་ཐིག་རྒྱ་གྲམ་ཡོད་པའི་སྟེང་གཞག །གཞན་གྱི་ལས་ཀྱི་ཁྱད་པར་གྱིས་འགོད་དེ། ཞི་བ་ནི་བྱང་ཤར་མཚམས་ནས་ཤར་ལྷོ་ མཚམས་སུ་ཕྲེང་གཅིག་རྫོགས་པར་བཀོད་ལ་ཤར་ནས་ནུབ་ཏུ་བསྒྲེའོ། །ཙཻ་ཏྱ་གཅིག་བཏབ་སྟེ། རིའུ་དབུས་སུ་བཞག་པ་དང་། དར་དང་ཤོག་ཤོག་གང་འབྱོར་པའི་རྒྱལ་མཚན་ཆུང་ངུ་ཆུ་སྲིན་གྱི་མགོའམ། ཏོག་ཟླུམ་པོ་གང་འབྱོར་པ་དང་བཅས་པ་དང་། འཕན་ཕྲན་ཆུང་ངུ་རེ་རེ་གཟུགས་ མཆོད་པ་སྣ་ལྔ་ཡང་རིམ་བཞིན་དུ་དབུལ་ཞིང་དགྲམ། མཆོད་པ་རྣམ་པ་ལྔ་ནི་བཤོས་དང་མར་མེ་དང་། སྤོས་ཆུ་དང་། བདུག་སྤོས་དང་མེ་ཏོག་གོ། །དེ་བཞིན་དུ་ཙཻ་ཏྱ་རེ་རེ་བཏབ་ཅིང་མཆོད་པ་ཚང་བར་དབུལ། དབུས་ཀྱི་འཁོར་ལོའི་སྟེང་མཆོད་རྟེན་བཏབ་ཟིན་ནས། མཐའི་ཙཻ་ཏྱ་བརྒྱད་དང་ ཤར་ལྷོར་བསྐོར་ཞིང་བྱང་གི་བར་དུ་རིམ་བཞིན་དགོད། དེ་ནས་ཙཻ་ཏྱ་འདེབས་པ་དེ་བསྟན། དབུས་མའི་སྟེང་དུ་འདུག་སྟེ། བསམ་པའི་རྒྱུད་དང་ལྡན་པ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ལ། དུང་ཕོར་ལ་སོགས་པ་གང་འབྱོར་པའི་ནང་དུ་ རིན་པོ་ཆེ་སྣ་བདུན་དང་། སྨན་དང་འབྲུ་སྣ་ལྔ་དང་། ཙནྡན་དང་། ག་པུར་དང་། གུར་གུམ་དང་འདི་རྣམས་ལས་ཅི་འབྱོར་པ་བཅུག་སྟེ། ཨརྒྷའི་ཆུ་ལན་གསུམ་དུ་སྦྲེང་ཞིང་བསམ་པའི་རྒྱུད་དང་ལྡན་པས་དབུལ། དེ་ལ་རིན་པོ་ཆེ་སྣ་བདུན་ནི་བྱུ་རུ་དང་། གསེར་དང་དངུལ་དང་ཟངས་དང་ ལྕགས་སོ། །དེ་ནས་ཀུན་དུ་བཟང་པོའི་མཆོད་པའི་སྤྲིན་ཕུང་རྣམ་པར་འཁྲིགས་པ་ཀུན་ནས་གང་བར་བྱིན་གྱིས་བརླབ་ཅིང་མཆོད་དོ། །དེའི་འོག་ཏུ་ཙཻ་ཏྱ་དེ་དག་ཐམས་ཅད་ཤེལ་སྒོང་ཡོངས་སུ་དག་པའི་ཚུལ་དུ་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་ཏེ། དེ་དག་གི་དབུས་སུ་སྔགས་མང་ ཉུང་གཉིས་ཀའམ། ཡང་ན་རིགས་སོ་སོའི་སྙིང་པོ་གང་གཅིག་པོ་ཡང་རུང་སྟེ། ཁ་དོག་གསེར་བཙོ་མ་བཞིན་དུ་དངས་ཤིང་འཚེར་བ་དེ་ལས་འོད་ཟེར་སྣ་ཚོགས་བྱུང་བས། འཇིག་རྟེན་གྱི་ཁམས་ནས་ནམ་མཁའི་མཐས་ཀླས་པ་ཀུན་དུ་ཁྱབ་པར་སེམས་ཅན་གྱི་དོན་མཛད་ཅིང་། རེ་བ་ སྐོང་བར་བྱིན་གྱིས་བརླབས་ནས། སླར་འདུས་པས་བདག་གི་སྤྱི་བོར་ཞུགས་པར་དམིགས་ནས། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་སྟེ། ཤེལ་སྒོང་ཡོངས་སུ་དག་པའི་ཚུལ་དུ་བསམ། དེ་བཞིན་དུ་ཡོན་བདག་གསོན་གཤིན་གང་ཡང་རུང་བའི་ གཟུགས་བརྙན་དུ་དམིགས་ནས། དེའི་སྤྱི་གཙུག་ཏུ་ཡེ་ཤེས་ཀྱི་འོད་ཟེར་ཤིན་ཏུ་འཕྲོ་བ་དག །ཚུལ་གོང་མ་བཞིན་དུ་ཞུགས་ཤིང་དེའི་ལས་དང་། ཉོན་མོངས་པ་ལ་སོགས་པ་དེ་དག་ཐམས་ཅད་རྣམ་པར་དག་སྟེ། ཤེལ་སྒོང་ལྟར་རབ་ཏུ་གསལ་བར་དམིགས། ཡོན་བདག་ཇི་ལྟ་བ་ བཞིན་དུ་འཁོར་ཐམས་ཅད་ལ་ཡང་དམིགས་ཤིང་བྱིན་གྱིས་བརླབ། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་ཚུལ་གོང་མ་ལྟར་བྱིན་གྱིས་བརླབ་པོ། །དེ་ནས་བི་མ་ལ་ཨུཥྞཱི་ཥའི་སྔགས་ཀྱི་སྙིང་པོ་ཉི་ཤུ་རྩ་གཅིག་ཡན་ཆད་ འཛབ་ཅི་རན་ཅིག་བྱ། དེའི་འོག་ཏུ་ཡོན་བདག་དངོས་སམ་གཟུགས་བརྙན་གང་ཡང་རུང་བ་དེ་ཚུལ་བཞིན་དུ་ལུས་བསྲུངས་ལ། བི་མ་ལ་ཨུཥྞཱི་ཥ་དང་ཚུལ་བརྒྱ་ལྔ་བཅུ་པ་བཀླགས་པའི་སྔགས་ཆབ་ཆོ་ག་བཞིན་དུ་བཏབ་ཅིང་དབང་བསྐུར་བ། སྤྱི་བོ་ནས་བླུགས་པར་བྱའོ། །དེ་དང་དུས་གཅིག་ ཏུ་སྔགས་མཁན་ཆོ་ག་ཤེས་པ་ཅིག་ཡོད་ན། ཕྱོགས་བཅུའི་མགོན་པོ་ཡང་ཚུལ་བཞིན་དུ་དགུག་ཅིང་ཨརྒྷ་གསོལ་ཏེ། མཆོད་པ་སྣ་ལྔ་ལ་སོགས་པ་དང་གཏོར་མ་བཟང་དུ་སྦྱར་ལ་རིམ་བཞིན་དུ་ཕུལ་ཏེ། འཕགས་པ་ཐུགས་དམ་ཅན་ཁྱེད་ཀྱིས་མཆོད་པ་འདི་དག་བསྣམས་ལ། སྦྱིན་བདག་ མིང་འདི་ཞེས་བྱ་བ་དགལ་ཁྱེད་ཀྱིས་བསྲུང་ཞིང་བསྐྱབ་པ་དང་། དོན་བསྒྲུབ་ཅིང་བྱིན་གྱིས་རློབས་ཤིག་ཅེས་བསྒོའོ། །དེ་ལྟར་སྔགས་མཁན་ཆོ་ག་ཤེས་པ་མེད་ན། མཆོད་རྟེན་བསྐོར་ཟིན་པའི་མཇུག་ལ་ཕྱོགས་བཅུའི་གཏོར་མ་སྦྱིན་ཞིང་བསྔོའོ། །དེ་ནས་རོལ་མོ་སྣ་ཚོགས་ཀྱིས་དྲངས་ལ་ འཁོར་ཐམས་ཅད་ཀྱིས་མཆོད་རྟེན་དེ་དག་ལ་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བར་བསམ་ཞིང་། ལན་བརྒྱ་རྩ་བརྒྱད་དུ་བསམ་པའི་རྒྱུད་མ་ཉམས་པར་བྱས་ཏེ་བསྐོར། དེ་ལྟ་ཟིན་ནས་ཡང་ཙཻ་ཏྱ་འདེབས་པའི་ཆོ་ག་ཤེས་པ་དེས། མཆོད་རྟེན་དེ་དག་ལས་འོད་ཟེར་བྱུང་བ་དེ་བདག་གི་སྤྱི་བོར་ ཞུགས་པ་ནས། ཕྱོགས་བཅུའི་སེམས་ཅན་གྱི་སྤྱི་བོར་ཞུགས་པའི་བར་དུ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ལ། བླ་ན་མེད་པའི་མཆོད་པ་དང་། ཡོན་ཅི་འབྱོར་པ་ཡང་སྐབས་འདིར་དབུལ་ལོ། །དེ་ནས་ཨརྒྷ་ཚུལ་བཞིན་དུ་གསོལ་ཏེ། བསྔོ་བ་དང་སྨོན་ལམ་རྒྱས་ པར་བྱས་ལ་འཕགས་པ་རྣམས་དང་། མགོན་པོ་དག་སླར་གཤེགས་པར་གསོལ་ལོ། །ཙཻ་ཏྱའི་ཡོ་བྱད་ལ་སོགས་པ་ཁ་དོག་དབྱེ་བ་ནི། ལས་གང་བྱེད་པའི་ཁྱད་པར་ལས་ཁ་དོག་དཀར་པོ་ལ་སོགས་པ་བཞིན་དུ་བྱས་ཏེ། དེ་ལ་ཞི་བའི་ཆོ་ག་ནི་ཁ་དོག་ཐམས་ཅད་དཀར་པོར་བསྒྱུར་རོ། ། རྒྱས་པའི་ཆོ་ག་ནི་ཡོ་བྱད་ཐམས་ཅད་ཁ་དོག་སེར་པོར་བསྒྱུར་རོ། །དབང་གི་ཆོ་ག་ནི་ཡོ་བྱད་ཐམས་ཅད་ཁ་དོག་དམར་པོར་བསྒྱུར་རོ། །མངོན་སྤྱོད་ཀྱི་ཆོ་ག་ནི་ཡོ་བྱད་ཐམས་ཅད་ནག་པོར་བསྒྱུར་ཞེས་སོ། །ཙཻ་ཏྱ་འདེབས་པ་དང་། ཡོན་བདག་དང་། ཙཻ་ཏྱ་འདེབས་པའི་ལས་མི་ཐམས་ ཅད་སྐྲ་བཀྲུ་ཞིང་ཁྲུས་བྱ་བ་དང་། གོས་སར་པ་ལ་སོགས་པ་ཅི་འབྱོར་གྱིས་ཟུང་དུ་བསྒོ་བར་བྱའོ། །ཙཻ་ཏྱ་འདེབས་པ་དང་། བསྐོར་བའི་མི་རྣམས་ལ་ཐོག་མ་ནས་ཐ་མའི་བར་དུ་གཞན་གྱིས་མ་རེག་པར་གྱིས་ཤིག །མཆོད་རྟེན་བརྒྱ་རྩ་བརྒྱད་བྱ་བ་རྫོགས་སོ།། །། ༄༅༅། །མཆོད་རྟེན་གཅིག་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲ། དཀྱིལ་འཁོར་གྱི་ཚད་ནི་ཁྲུ་གང་བཞི་པ་ཡན་ཆད་ལ། འཕང་ཡང་ཁྲུ་གང་བྱས་ལ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་གཅིག་བྲི་སྟེ། དེའི་དབུས་སུ་གཞག །ཙཻ་ཏྱ་དེའི་ནང་དུ་ཤ་རི་རམ་དང་རིན་པོ་ཆེ་ ཅི་འབྱོར་པ་ཡང་གཞུག་གོ། །མཆོད་རྟེན་གཅིག་གདབ་པའི་ཆོ་གའོ།། ༄༅། །མཆོད་རྟེན་གཉིས་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲ། དེ་ལ་དཀྱིལ་འཁོར་གྱི་སྟེགས་བུ་ནི་ཆུར་ཁྲུ་དོ་ཞེང་དུ་ཁྲུ་གང་། འཕང་དུ་ཡང་ཁྲུ་གང་བ་ཞིག་བྱས་ལ། ཁྲུ་གང་གྲུ་བཞི་པའི་རེའུས་ བཅད་དེ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་རེ་རེ་བྲིས་ལ་དེའི་དབུས་སུ་མཆོད་རྟེན་གཞག །མཆོད་རྟེན་དེ་གཅིག་གི་དབུས་སུ་བི་མ་ལ་ཨུཥྞཱི་ཥའི་སྔགས་མང་ཉུང་གཉིས་ཀ་གུར་གུམ་གྱིས་བྲིས་ཏེ་གཞུག །མཆོད་རྟེན་གཅིག་གི་ནང་དུ་གཟུངས་དེ་གཉིས་ཀ་ཡང་གཞུག་པའི་སྟེང་དུ། དེའི་བུམ་པའི་ནང་དུ་ཤ་རི་རམ་གཅིག་བཅུག་ལ་དབྱུང་དུ་རུང་བར་བྱས་ཏེ་མཆོད་པ་ཟིན་ནས་ཕྱིར་ཡང་དབྱུང་བར་བྱའོ། །མཆོད་རྟེན་གཉིས་གདབ་པའི་ཆོ་གའོ།། ༄༅། །མཆོད་རྟེན་གསུམ་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་དང་འདྲ། དཀྱིལ་འཁོར་གྱི་ཚད་ནི་ཆུར་ཁྲུ་གསུམ། ཞེང་ དུ་ཁྲུ་གང་། འཕང་དུ་ཁྲུ་གང་བྱས་ལ། ཁྲུ་གང་གི་རེའུ་གསུམ་ཐིག་གིས་བསྙམས་ཏེ། དེ་གསུམ་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་རེ་རེ་བྲིས་ལ། དེའི་སྟེང་དུ་མཆོད་རྟེན་གཞག །དེ་ལ་བཞག་པའི་གོ་རིམས་ནི། དང་པོར་དབུས་སུ་གཞག་གོ། །མཆོད་རྟེན་གསུམ་གདབ་པའི་ ཆོ་གའོ།། ༄༅། །མཆོད་རྟེན་ལྔ་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲའོ། །དེ་ལ་དཀྱིལ་འཁོར་གྱི་ཚད་ནི་སྟེགས་བུ་ཁྲུ་གང་གྲུ་བཞི་པ་འཕང་དུ་ཡང་ཁྲུ་གང་བ་ཞིག་བྱས་ལ། དེའི་གྲྭ་བཞིར་ཡང་དེ་དང་འདྲ་བ་རེ་རེ་བྱས་ལ། དབུས་ཀྱི་སྟེགས་བུ་གྲུ་བཞི་དང་མཐའ་ མའི་སྟེགས་བུ་བཞིའི་གྲྭ་བཞི་དང་སྦྱར་བར་བྱ། དེ་ནས་སྟེགས་བུ་དབུ་མའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་པའམ། །བཅུ་གཉིས་པ་ཅིག་བྲིས་ཏེ་གྲྭ་བཞིའི་སྟེགས་བུའི་དབུས་ཀྱི་པདྨ་འདབ་མ་གྲངས་བཅུ་དྲུག་པ་ཞིག་ན་ནི། པདྨ་འདབ་མ་བཅུ་གཉིས་པ་བྲི། དབུས་ཀྱི་བཅུ་གཉིས་པ་ཞིག་ན་ ནི། མཐར་བརྒྱད་པ་བྲིས་ཏེ། དེའི་དབུས་སུ་མཆོད་རྟེན་གཞག །མཆོད་རྟེན་བཞག་པའི་གོ་རིམས་ནི། དང་པོ་དབུས་སུ་བཞག་ནས། མཐའ་མ་བཞི་ནི་ཤར་ནས་ལྷོར་བསྐོར་ཐབས་སུ་གཞག་གོ། །ཡང་རྣམ་པ་གཞན་དུ་ན་དཀྱིལ་འཁོར་གྲྭ་མ་སྦྱར་བར་ཕྱོགས་བཞི་ངོས་ངོས་སྦྱར་ཏེ་ བྱའོ། །གྲྭ་བཞིར་དཀྱིལ་འཁོར་གྱི་སྟེང་དུ་ལྷུང་བཟེད་རེ་རེ་སྤོས་ཆུས་བཀང་སྟེ། མཆོད་དོ། །མཆོད་རྟེན་ལྔ་གདབ་པའི་ཆོ་གའོ།། ༄༅། །མཆོད་རྟེན་དགུ་གདབ་པའི་ཆོ་ག་ལ། ལས་གཞན་ནི་གོང་མ་དང་འདྲ། དེ་ལ་དཀྱིལ་འཁོར་གྱི་ཚད་ནི་ངོས་གཅིག་ལ་ཁྲུ་གསུམ་གྲྭ་ བཞི་འཕང་དུ་ཁྲུ་གང་བ་ཞིག་བྱས་ཏེ། ཁྲུ་གང་གྲུ་བཞི་པ་རེའུ་ཐིག་གིས་བཅད་ལ། དང་པོར་དབུས་སུ་དེ་ནས་ཤར་ནས་ལྷོར་བསྐོར་ཐབས་སུ་མཐའ་གཞག་པར་བྱའོ། མཆོད་རྟེན་དགུ་གདབ་པའི་ཆོ་གའོ།། ༄༅། །མཆོད་རྟེན་བྱེ་བ་གདབ་པའི་ཆོ་ག་ལ། སྔགས་བྱེ་བ་བྲིས་ པའམ། ཕྱག་རྒྱར་བཏབ་ལ་མཆོད་རྟེན་བྱེ་བ་བཏབ་པའི་ནང་དུ་བཅུག་ན་མཆོད་རྟེན་ཐམས་ཅད་འབར་རོ། །དེ་ནས་མཆོད་རྟེན་གཅིག་ནས་བྱེ་བའི་བར་དུ་སྔ་ཕྱིར་བཏབ་པ་དེ་དག་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་བཅུག་སྟེ། འཕན་ཤིང་ལ་འཕན་རིངས་བསྒྲང་བ་ནི། དུས་ གསུམ་གྱི་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་འཕུལ་བ་ཞེས་བྱའོ། །མཆོད་རྟེན་བྱེ་བ་གདབ་པའི་ཆོ་ག་སྟེ། མཆོད་རྟེན་གདབ་པའི་ཆོ་གའོ།། ༄༅། །མཆོད་རྟེན་དང་ཚ་ཚ་གདབ་པ་ཡན་ཆད་ནས་བྱེ་བ་གདབ་པ་ལ་སོགས་ཀུན་ཀྱང་། བསམ་པའི་རྒྱུད་དང་ སྔགས་ནི་འདྲ་སྟེ། དང་པོར་རྡོ་རྗེ་གནོད་སྦྱིན་གྱི་ཆ་བྱད། ཕྱག་རྒྱ་དང་སྔགས་སུ་ལྡན་པས་བདུན་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་དུ་ཆུ་ལ་བསྔགས་ཏེ། འཇིམ་པ་དང་ཡོ་བྱད་ཡན་ཆད་ལ་གདབ་པོ། །དེ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པ་བསྡོམས་ཏེ་མཐེ་བོང་གཉིས་ གཤིབས་པ་བསྒྲེང་། མཐེའུ་ཆུང་གཉིས་ཀྱང་གཞིབས་ཏེ་ཅུང་ཟད་ཀྱིས་མི་སྦྱར་བར་བྱས་ལ། མཛུབ་མོ་གཉིས་བརྐྱང་བ་ལས་མཆེ་བའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ལས་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེའི་སྔགས་ལ། བཛྲ་ཡཀྵ་ཧཱུཾ། འདིས་བཏབ་པས་ཐམས་ཅད་གཙང་ མར་བསམས་པ་དང་། བགེགས་ལ་སོགས་པས་མི་ཚུགས་པར་འགྱུར་རོ། །ཨོཾ་ཤུདྡྷེ་ན་དུ་ཤོ་དྷ་ཡ། ཞེས་འདིས་བཏབ་པས། ཐམས་ཅད་གཙང་མར་བསངས་པར་འགྱུར་རོ། །དེའི་འོག་ཏུ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱ་བའི་སྔགས་ལ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཛི་ནཱ་ནཱཾ། བནྡྷེ་རཾ་དྲ་ ཡཱ་ན། ཤུ་བྷ་ན་ཨཀྵོ་བྷྱ་མྲྀ་ཏ་པཉྩ་བནྡེ་ཨ་ཧཾ། ཨ་བ་ལོ་ཀི་ཏཾ། ན་མ་སྟྲཻ་ཡ་དྷྭི། ནུ་གྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏཏྱ་ཐཱ། ཨོཾ་སུཀྵྨེ་སུཀྵྨེ་ནུཀྟེ། ཤནྟེ་དཱནྟེ། ཤི་ཤི་བི་ནི། ར་ཀུ་ལེ། ཡ་ཤོ་ཡ་ཤོ་བ་ཏི། ཏེ་ཛ་ཏེ་ཛོ་བ་ཏི་སརྦ་བུདྡྷཱ་ཥྛི་ཏེ་སྭཱ་ཧཱ། མུ་དྲ་གདབ་པའི་འཇིམ་པའམ་སྔགས་བྲི་བའི་ ཚེ་སྔགས་ལན་བདུན་གདབ་པའི་སྔགས་ལ། ན་མཿས་མནྟ་བུངྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབི་འབི་བྱ་བའི་སྔགས་ལ། ཨོཾ་བཛྲོད་བྷ་བ་སྭཱ་ཧཱ། ཙཻ་ཏྱ་ཕོར་བུ་དང་། སཱཙྪའི་སྐོལ་ཕོར་གྱི་ནང་དུ་བྱེ་མས་གདབ་པའམ། སྣུམ་གྱིས་བསྐུ་བའི་སྔགས་ལ་ཨོཾ་བཛྲ་དྷཱ་ཏུ་གརྦྷེ་ སྭཱ་ཧཱ། ཐོ་བས་བརྡེག་ཅིང་གདབ་པའི་སྔགས་ལ། ཨོཾ་བཛྲ་མུངྒཱ་ར་ཨཱ་ཀོ་ཊ་ཡ་ཧཱུཾ། ཙཻ་ཏྱ་ཕོར་བུ་ནས་དབྱུང་བའི་སྔགས་ལ། ཨོཾ་དྷརྨ་རཏྣེ་སྭཱ་ཧཱ། འཁོར་ལོ་དང་དབུ་ཞུ་གསོལ་བའི་སྔགས་ལ། ཨོཾ་པྲ་མཱརྡ་ན་ཡེ་སྭཱ་ཧཱ། ཙཻ་ཏྱ་དཀྱིལ་འཁོར་དུ་བཞག་པའི་སྔགས་ལ། ཨོཾ་སུ་ཕྲ་ཏིཥྛ་བཛྲེ་ སྭཱ་ཧཱ། ཆོ་ག་དེ་ལྟར་བྱས་ན་ཙཻ་ཏྱ་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་རོ། །སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །དཀྱིལ་འཁོར་བྱས་པའི་ལག་པ་འཇིམ་པ་ཅན་གྱིས་གང་ན་བསྐུས་ན་ནད་མཛེའི་རྣམ་པ་བཅོ་བརྒྱད་ལ་སོགས་པ་ནད་ཐམས་ཅད་མ་ལུས་པ་ཞི་བར་འགྱུར་རོ། ། སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་གྱི་ཆ་དབྱེ་བ་བཤད་པ། ཡང་དག་པར་རྫོགས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། ཚེ་བླངས་པའི་སྐུ་དང་། ཆོས་ཀྱི་སྐུའོ། །དེ་ལ་ཚེ་བླངས་པའི་སྐུ་ནི་ཡབ་ཡུམ་ལས་སྐྱེས་པའི་མིག་དང་ཡིད་ཚིམ་པར་བྱེད་པ། དག་པར་ བྱེད་པ་སྐྲུན་པར་བྱེད་པ་སྟེ། སྐུ་ཚིགས་རེ་རེ་ཞིང་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་ལ། ཚིགས་རེ་རེ་ཡང་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་མཐོང་ན་བ་ལྟ་བས་ཆོ་ག་མི་ཤེས་ ཤིང་མི་མཐུན་པ་མེད་པ་དང་། བལྟ་བར་བྱ་བ་བླ་ན་མེད་པ་ནི་བཅོམ་ལྡན་འདས་རྣམས་ཀྱི་ཚེ་བླངས་པའི་སྐུའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་ནི། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་ཟད་ཀྱི། རང་ སངས་རྒྱས་བསེ་རུ་ལྟ་བུ་དག་དང་། གནས་བརྟན་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ནམ་ཆད་ནི། སུ་ཡང་རྒྱ་ཆེན་ཡང་དག་པར་རབ་ཏུ་སྟོན་པར་ཇི་ལྟར་བྱས་ཀྱང་ནུས་པ་མེད་དེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་ དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོའི་ཆོས་འདི་དག་དང་། འཕགས་པའི་བདེན་པ་བཞི་དང་། དགེ་སྦྱོང་གི་འབྲས་བུ་བཞི་དང་། ཚངས་པའི་གནས་བཞི་དང་། ཚད་མེད་པ་བཞི་དང་། བསམ་གཏན་བཞི་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ལམ་བཞི་དང་། སྙིང་རྗེ་ཆེན་པོ་དང་། བཏང་སྙོམས་དང་། བསྲུང་བ་མེད་པ་གསུམ་དང་། དཀོན་མཆོག་གསུམ་དང་། བསོད་ནམས་བྱ་བའི་དངོས་པོ་གསུམ་ དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། མི་སློབ་པའི་ཆོས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་ བཅུ་དང་། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིས་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་ པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པར་མཁྱེན་པའི་སྟོབས་སོ། །མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྟག་ཏུ་གནས་པར་བྱ་བ་དྲུག་དང་། མ་འདྲེས་པར་བསྒོམ་པ་རྣམས་དང་། བསམ་གཏན་རྣམས་དང་། ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ རྣམས་དང་། སྨོན་ནས་ཤེས་པ་དང་། ཤེས་རབ་ཀྱི་མཐར་ཕྱིན་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། མི་སྡུག་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་དང་། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་། མཐོང་ བའི་ལམ་དང་། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། དབང་པོ་ཉི་ཤུ་གཉིས་རྣམས་ཡིན་ནོ། །ཟབ་ཅིང་མཆོག་ཏུ་ཟབ་པའི་ཆོས་འདི་དག་ནི་ཡང་དག་པར་རྫོགས་ པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པ་སྟེ། གང་རང་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་རྗེས་སུ་རྟོགས་ནས་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་དེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། མུ་ སྟེགས་ཅན་སྣ་ཚོགས་དགེ་སྦྱོང་དང་། བྲམ་ཟེ་གཅིག་པ་དང་། རྒྱུ་བ་དང་། ཀུན་དུ་རྒྱུ་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། སངས་རྒྱས་ ཀྱིས་འདུལ་བ་རྣམས་བཏུལ་ནས་འཁོར་གྲངས་མེད་པ་ཁྲག་ཁྲིག་བརྒྱ་སྟོང་དང་། མྱ་ངན་ལས་འདས་པ་འཇིགས་པ་མེད་པའི་གྲོང་ཁྱེར་དུ་ཞུགས་སོ། །སངས་རྒྱས་ཀྱི་སྐུ་བཤད་པ་རྫོགས་སོ།། ༄༅༅། །དེ་ནས་མཆོད་རྟེན་གྱི་དོན་བཤད་དེ། བསགས་པར་བྱ་བ་ཡིན་ པས་བསགས་པའོ། །ཡང་ན་བསགས་སུ་རུང་བའི་ཕྱིར་ཡང་བསགས་པ་ཞེས་བྱའོ། །ཡང་ན་དོན་གྱི་སྐབས་སུ་འདིར་དྲན་པར་བྱ་བ་ཡིན་པས་ན་དྲན་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། དབང་པོ་ དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་དང་། ཡེ་ཤེས་དང་། སྟོབས་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་། སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཡོན་ཏན་དེ་དག་ཡུན་རིང་པོ་ནས་ཐབས་ཀྱི་བྱེ་བྲག་གིས་བསགས་པ་དང་། སྔོན་ཡང་དག་པར་མ་ བསྒོམས་ཀྱང་། དོན་གྱི་སྐབས་དག་ཏུ་འདུལ་བ་རྣམས་ཀྱིས་དྲན་པར་བྱ་བའི་ཕྱིར་ན་བཙིགས་པ་ཞེས་བྱ་བའམ། དྲན་པ་ཞེས་བྱ་སྟེ། དེ་དག་གི་གཟུགས་བརྙན་ལ་མཆོད་རྟེན་ཞེས་བྱའོ། །ཆོས་ཀྱི་སྐུའི་གཟུགས་བརྙན་ཞེས་བྱའོ། །དེའི་བང་རིམ་བཞི་དང་། བུམ་རྟེན་དང་། བུམ་པ་དང་། པུ་ཤུ་དང་། སྲོག་ཤིང་དང་། འཁོར་ལོ་བརྩེགས་མ་བཅུ་གསུམ་དང་། ཆར་ཁེབས་རྣམས་ནི་མཆོད་རྟེན་གྱི་དབྱིབས་ཡིན་ནོ། །དེ་ལ་བང་རིམ་དང་པོ་ན་དྲན་པ་ཉེ་བར་གཞག་པ་བཞི་སྟེ། འདི་ལྟར་ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། ། བང་རིམ་གཉིས་པ་ནི་ཡང་དག་པར་སྤོང་བ་བཞི་སྟེ། འདི་ལྟར་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་བརྩོན་པ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་བརྩོན་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བརྩོན་ པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་བརྩོན་པའོ། །བང་རིམ་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ།