Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 16 / 18 (50.000 ký tự/trang)
ེས་པད་དཀར་གདན་ལ་བཞུགས། །གོས་
དཀར་ཤེལ་སོགས་རྒྱན་དཀར་དང་། །གོས་དཀར་ཞི་བས་གཟིགས་པ་པོ། །ལེགས་དམིགས་སྔགས་འདིས་སྤྱན་དྲང་བྱ། །ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །ཆེན་པོ་འབར་བའི་གདན་ལ་བཞུགས། །
བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ལས་ཀྱི་ཆུ་ཡིས་བསངས་ནས་ཀྱང་། །དགུག་སོགས་ལས་ཀྱི་རོ་མཉམ་བྱ། །སྐུ་ཡི་དེ་ཉིད་སྔོན་འགྲོ་བས། །མཆོད་ཡོན་ཞལ་བསིལ་ལ་སོགས་ཀུན། །སྭཱ་ཧཱ་དང་ནི་རབ་ལྡན་པས། །མ་ལུས་པ་ནི་དབུལ་བར་བྱ། །ཐབ་འདྲའི་གདན་ལ་ལེགས་
གནས་ཏེ། །བྱང་གི་ཕྱོགས་སུ་མངོན་ཕྱོགས་པས། །ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས། །གཟར་བུ་ལེགས་པར་བཟུང་ནས་སུ། །ཞི་བའི་སེམས་ནི་སྔོན་འགྲོ་བས། །ཡམ་ཤིང་མར་ནས་བརྩམས་ནས་ཀྱང་། །རྫས་རྣམས་ཐམས་ཅད་རབ་ཏུ་དབུལ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ།
ཏིལ་ནི་གྲངས་མཐར་ཚང་བར་བྱ། །དང་བས་མེ་ནི་འབར་བྱས་ནས། །དེ་ནས་རང་གི་ལྷ་རྣམས་ནི། །རང་རང་གི་ནི་ཆོ་ག་ལྟར། །བསྐྱེད་དང་སྤྱན་དྲང་སོགས་སྤྱད་ནས། །མཆོད་དེ་ཡམ་ཤིང་མར་ལ་སོགས། །སྙིང་པོ་ཞི་བའི་ལས་རབ་བསྐུལ། །དགང་བླུགས་བདུན་ནི་ཀུན་
དུ་དབུལ། །མེ་ཡི་ལྷ་ལ་ལས་ཀྱི་སྔགས། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྷ་ནི་གཤེགས་གསོལ་ལ་སོགས་པ། །སྤྱད་བྱས་མེ་ཡི་ལྷ་རབ་མཆོད། །ལས་དང་དངོས་གྲུབ་རྣམས་བསླངས་ནས། །གཤེགས་སུ་གསོལ་བྱས་རབ་ཏུ་བསྡུ། །ཡང་

ན་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དཀྱིལ་འཁོར་ལ། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཏེ། །སྐུ་ནི་དྲང་པོའི་བདག་ཉིད་ལ། །སུམ་ཅུ་རྩ་གཉིས་མཚན་མངའ་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །དུང་དང་ཀུནྡ་འདྲ་བ་དང་། །དང་པོ་
རྡོ་རྗེ་དྲིལ་འཛིན་ཞིང་། །ཅོད་པན་སོགས་པས་རྣམ་པར་མཛེས། །འོད་དཀར་ཟླ་བ་ལ་བརྟེན་ཅིང་། །སེམས་ཅན་རྣམས་ལ་རབ་བརྩེའི་བདག །བསྐྱེད་དེ་སྤྱན་དྲང་མཆོད་སོགས་བྱ། །ཡི་གེ་དྲུག་ནི་མངོན་བརྗོད་ནས། །མགོན་པོའི་ལས་ལ་དེ་ནས་བསྐུལ། །མཐར་ནི་ལས་རྣམས་ཐམས་ཅད་
སྤྱད། །ཡི་གེ་བརྒྱ་ནི་རབ་བརྗོད་ནས། །དོན་རྣམས་གསོལ་ཞིང་ཉེ་བར་སྤྱད། །དེ་ལྟར་སྔགས་དང་མཆོད་པ་རྣམས། །ཟུང་དུ་མ་ཐིམ་པ་ཉིད་གཅེས། །གཟར་བུ་ལ་སོགས་མི་འབྱོར་ན། །གཡས་པའི་མཐེ་བོས་མཐའ་མནན་ཏེ། །གཡོན་གྱི་སོར་མོ་ལྔ་གཞིབས་ནས། །མཆོད་
སྦྱིན་རབ་སྤྱད་དེ་ནས་ནི། །ཅི་བདེ་བར་ཡང་གསུངས་པ་ཉིད། །ཡང་ན་ཐབ་ཁུང་ལ་སོགས་པ། །བྲི་བ་ལ་སོགས་བདེ་བར་སྤྱད། །མར་དང་ཏིལ་དང་ཡམ་ཤིང་རྣམས། །མེད་པར་སྦྱིན་སྲེག་ལས་རྣམས་ནི། །ཞི་སོགས་དག་པ་ཉིད་མི་འགྱུར། །དེ་བས་མཁས་པ་ཚུལ་ཤེས་པས། །ཆོ་ག་
ཐམས་ཅད་སྤྱད་པར་རིགས། །ཐམས་ཅད་དུ་ནི་སེམས་དགེ་བས། །སྤྱོད་བཅུ་རབ་གནས་བདག་ཉིད་བྱ། །སེམས་དགེ་རབ་ཏུ་བསྒྲུབས་པ་ཡིས། །ལས་རྣམས་ཐམས་ཅད་དོན་ཆེན་དུ། །འགྱུར་བར་གསུངས་པ་ཤེས་བྱས་ན། །བྱང་ཆུབ་སེམས་ནི་སྔོན་འགྲོ་བས། །ཉིན་དང་མཚན་མོ་ནམ་
དུ་ཡང་། །དུས་འདས་དོན་མེད་མི་བྱ་སྟེ། །སྦྱང་དང་ཚོགས་ནི་འཕེལ་བར་བྱ། །ས་གཞི་ཡིད་འོང་བདག་ཅན་དུ། །སེམས་དགེ་མེ་ཏོག་སིལ་མས་བཀང་། །གདན་ལ་སོགས་པས་རབ་བརྒྱན་ཏེ། །སྐུ་གཟུགས་གསུང་རབ་མཆོད་རྟེན་དང་། །རྡོ་རྗེ་དྲིལ་བུ་རིག་པ་སོགས། །ཡིད་དུ་
འོང་བ་ལེགས་པར་དགོད། །དེ་ལ་ཕྱག་སོགས་གུས་བྱས་ཏེ། །མཆོད་ཡོན་ཞལ་བསིལ་མེ་ཏོག་སོགས། །མར་མེ་དྲི་དང་བཟའ་བ་དང་། །སྒྲ་དང་གར་དང་གླུ་དབྱངས་རྣམས། །རྒྱ་ཆེར་རབ་ཏུ་དབུལ་བར་བྱ། །དེ་ལྟར་དགེ་བ་རྣམས་བརྟེན་ནས། །ཡང་དག་ཡིད་དུ་འོང་བ་རྣམས། །འབྱོར་རམ་

ཡང་ན་སྤྲུལ་པ་ཡིས། །ནམ་མཁའ་གང་བར་བྱས་ནས་ཀྱང་། །ཡོན་ཏན་ལྡན་ལ་ཐམས་ཅད་དུ། །ཚད་མེད་སེམས་ཀྱིས་དབུལ་བར་བྱ། །དེ་ལྟར་དགེ་ལ་རྣམ་བརྟེན་ནས། །དཔག་མེད་འགྲོ་བའི་དོན་གྱི་ཕྱིར། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །འབྲས་བུ་ཡོངས་སུ་བསྔོ་
བར་བྱ། །སྦྱིན་པ་དང་ནི་ཡོན་གནས་དང་། །བདག་དང་རྫས་དང་འབྲས་བུ་དང་། །རང་ངམ་གཞན་ནམ་གཉི་གའམ། །རྒྱུ་མེད་པར་ཡང་སྐྱེ་མིན་པས། །རང་བཞིན་གྱིས་ནི་མི་དམིགས་ཤིང་། །སྣང་བ་མེད་པའི་བདག་ཉིད་ལས། །སེམས་ནི་བརྟན་པར་རབ་ཏུ་བཞག །དེ་ལས་ལངས་ནས་
སེམས་དཔའ་མཆོག །གོས་པ་མེད་ཅིང་དྲི་མ་བྲལ། །འཁོར་བ་དག་པའི་ཆོས་བརྗོད་བྱ། །དེ་ལྟར་གནས་པའི་མི་མཆོག་སྟེ། །ཚངས་དང་དབང་ཕྱུག་དབང་པོ་དང་། །ཁྱབ་འཇུག་དང་ནི་གཞོན་ནུ་དང་། །དགའ་བྱེད་ནོར་སྦྱིན་ལ་སོགས་པ། །དྲེགས་པ་ཆེན་པོ་དང་ལྡན་པའི། །
འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང་། །བརྩེ་དང་ལྡན་པས་བསྲུང་བ་དང་། །དོན་སྒྲུབ་རྟག་ཏུ་ཕྱི་བཞིན་འབྲང་། །མན་ངག་ཤིན་ཏུ་རྙེད་དཀའ་བས། །དེ་ཡི་ལག་ན་ཉེ་བར་གནས། །ས་སྟེང་གྲགས་པ་དང་ལྡན་ཞིང་། །དགོས་པ་ཐམས་ཅད་ཡིད་བཞིན་དུ། །སྐྱེ་བོ་མང་པོས་རབ་ཏུ་
བསྒྲུབ། །དབུལ་བ་དང་ནི་སྡུག་བསྔལ་དང་། །ནད་དང་བཀྲེན་པ་ཉེ་ཟད་བྱེད། །དག་བྱེད་སྒྲུབ་པོའི་ཕོ་ཉ་དག །འབད་པ་མེད་པར་མདུན་དུ་གནས། །དེ་ཡི་སྤྱོད་པ་མི་ཉམས་ཤིང་། །རྣམ་གསུམ་གྲོལ་བའི་བདག་ཉིད་འགྱུར། །དེ་ནི་སྐྱེ་བོས་མཐོང་གྱུར་ན། །སྡིག་པ་ཐམས་ཅད་རབ་ཞི་ཞིང་། །
ཐར་པའི་ལམ་ལ་འཇུག་པར་འགྱུར། །ལས་ཀུན་འབྲས་བུ་དང་ལྡན་ཞིང་། །མཐོ་རིས་མི་ཡུལ་ས་འོག་ཏུ། །སྤྱོད་ཅིང་སེམས་ཅན་རྗེས་འཛིན་བྱེད། །བཅུ་གསུམ་ས་ལ་རྡོ་རྗེ་འཛིན། །རྒྱལ་མཆོག་དེ་ནི་ཆགས་ཤིང་གནས། །འཁོར་བའི་རྒྱ་མཚོ་སྲིད་པའི་དབའ་རླབས་དྲག་པོ་དང་ལྡན་ཞིང་། །
ཉོན་མོངས་སྦྲུལ་དང་ཆུ་སྲིན་སོགས་ནི་གདུག་པའི་འཚེ་བར་ལྡན། །ཚེ་འདི་མི་རྟག་དབང་མེད་རྣམ་རྟོག་རླུང་གིས་གཡོས་མཐོང་ནས། །དཔལ་འབྱུང་འཆི་མེད་དམ་པའི་ཆོས་ལ་འབད་པས་ཉེར་གནས་ཀྱིས། །དྲི་མེད་ལུང་ལས་བཤད་མཐོང་མགོན་པོས་རྗེས་བཟུང་བས། །ཀུན་བཟང་སྤྱོད་

ལ་སྣང་བ་རབ་སྐྱེས་དགའ་དང་ལྡན། །ལོག་པར་ལྟུང་ལ་ཉེར་ཕྱོགས་འགྲོ་ལ་རྣམ་བརྩེ་བས། །སྙིང་པོ་རྒྱན་གྱུར་ཆོ་ག་རྒྱུད་ཀུན་ཚུལ་འདི་བྱས། །དད་པས་ཉེར་བསྒྲུབས་སྐྱོན་བྲལ་དགེ་བ་རྣམ་རྒྱས་པས། །འགྲོ་བས་ལམ་རྟོགས་དྲི་མེད་འབྲས་ལ་ཉེར་གནས་ཤོག །དད་པས་སྤྱོད་པའི་ཚུལ་
བྱས་ལ། །དོན་དང་སྒྲ་ཡིག་འཁྲུལ་གྱུར་པ། །བླ་མ་མཁའ་འགྲོ་གྲུབ་ཀུན་གྱིས། །ཉེར་བརྩེས་བདག་ལ་བཟོད་པར་མཛོད། །གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་གའི་སྙིང་པོ་རྒྱན་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་རྫོགས་སོ།། །།བལ་པོའི་མཁན་པོ་ཀ་ན་ཀ་ཤྲཱི་དང་།
ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་ཧ་སྱ་བཛྲ་དང་། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡང་དག་བདེ་བས་མ་ལུས་གང་། །དངོས་གྲུབ་སྟེར་མཛད་བརྩེ་བ་ཅན། །རྣམ་གྲོལ་ཆོས་སྐུའི་བདག་ཉིད་དེ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །དཔལ་ལྡན་གསང་བའི་རྒྱུད་ལས་ནི། །གསུང་སོགས་ཤིན་ཏུ་སྦས་པ་ཉིད། །གསལ་བར་མདོར་
བསྡུས་མཛེས་པར་ནི། །ཚོགས་ཀྱི་འཁོར་ལོའི་ཆོ་ག་བཤད། །སྔགས་པས་ཁྱད་པར་མཚན་མོའི་དུས། །ཞག་རེའང་ནི་ཇི་སྙེད་པར། །ཟླ་རེ་དང་ནི་ལོ་རེ་ལ། །འཁོར་ལོ་ལས་འདས་ཉམས་པར་འགྱུར། །ཉེ་བར་འཚེ་མེད་དུར་ཁྲོད་དགོན། །རྫིང་བུའི་འགྲམ་དང་སྐྱེད་མོས་ཚལ། །མཚོ་
ངོགས་ཆུ་ཀླུང་རི་སུལ་དང་། །རང་གི་ཁྱིམ་སོགས་འབྲས་བུར་བཅས། །ཡང་དག་བརྒྱད་པ་ཐོབ་གྱུར་པ། །དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན། །འཇིག་རྟེན་ཆོས་ལ་མི་ཆགས་ཤིང་། །སྲེད་དང་སྒྱུ་སོགས་རྣམ་པར་སྤངས། །སྙན་པར་སྨྲ་ཞིང་འཛུམ་པའི་བཞིན། །བཟོད་ཅན་བརྟན་ལ་
བརྩོན་འགྲུས་ལྡན། །ཚོགས་ཀྱི་འཁོར་ལོའི་དབང་ཕྱུག་ཏུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་གསུངས། །འཁོར་ལོ་པ་ཡང་དེ་ཉིད་ཀྱི། །སློབ་མ་སྲེད་སོགས་རྣམ་པར་སྤངས། །དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས། །

རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པས་མི་རིག་པར། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །མེ་ཏོག་གདུགས་སོགས་མར་མེ་ལྡན། །སྣ་ཚོགས་སྟོན་མོ་བཏུང་བས་བརྒྱན། །མལ་སྟན་ཡོན་ཏན་བཅས་པ་ཡིས། །འཕགས་པའི་སྐྱེ་བོ་ཅི་སོགས་པའོ། །
དེ་ནས་ཚོགས་ཀྱི་དབང་ཕྱུག་གདན། །རོ་འམ་སྟག་ལྤགས་དུར་ཁྲོད་རས། །རྒྱན་ནི་རང་གི་རིགས་ལས་སོ། །ཕྱི་རོལ་དམ་པའི་ཕྱག་རྒྱས་འཁྱུད། །རང་གི་སློབ་མས་ཡོངས་སུ་བསྐོར། །དེས་ཀྱང་རང་རིགས་དག་ལ་འཁྱུད། །ཅི་ནུས་བསམ་གཏན་དག་གིས་བྱ། །བླ་མའི་ཆོ་ག་ཤེས་ཤིང་
དྲན། །བརྩོན་འགྲུས་བཟོད་དང་ལྡན་པ་དང་། །བླ་མ་ལ་གུས་བློ་མཐུན་པ། །ལས་ཀྱི་རྡོ་རྗེར་དེ་རབ་བསྔགས། །དབང་བསྐུར་ཡང་ནི་གདུང་ཅན་དང་། །ཐོབ་དང་སྒྱུ་ཅན་དག་དང་ནི། །དབང་མ་ཐོབ་པར་འཁོར་ལོ་གང་། །རིང་པོ་ནས་ཀྱང་བསྟེན་མི་བྱ། །བླ་མས་བདེ་ཆེན་བསྒོམ་བྱས་ནས། །
འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །སྟོབས་ལ་སོགས་པས་སྦྱང་བྱས་ལ། །མེ་ཏོག་གིས་ནི་རང་ལུས་མཆོད། །སྣོད་ནི་རེ་རེ་ཀུན་ལ་སྦྱིན། །བླ་མ་ལ་ནི་སྣོད་གཉིས་དབུལ། །དེ་བཞིན་བཟའ་བཏུང་ཉིས་འགྱུར་རོ། །དེ་ནས་རང་ཞལ་ཧོམ་ཁུང་དུ། །རྣམ་རིག་པ་ལའི་མཆོད་ཡོན་བྱ། །
ལག་པ་དགང་གཟར་བླུགས་གཟར་གྱིས། །ཡིད་ཀྱིས་མེ་ལ་སྟོབས་སོགས་བསྲེགས། །ནང་གི་བདག་ཉིད་སྦྱིན་སྲེག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །གླུ་སོགས་ཀྱིས་ནི་མཉེས་བྱ་ཞིང་། །ཡང་དང་ཡང་དུ་བརྡ་ཚིག་སྨྲ། །བདུད་རྩི་ལྔ་དང་སྒྲོན་མ་ལྔ། །རིག་མ་མིག་བཟང་བརྒྱད་ལ་
ནི། །ཆོ་ག་བཞིན་དུ་བརྟེན་ཞེས་བྱ། །ཀོ་ལ་ལ་སོགས་ཅི་ཤེས་བྱ། །ཧེ་རུ་ཀ་ཡི་གཟུགས་ཀྱི་གར། །དྲན་པ་རྗེད་མེད་རྣལ་འབྱོར་བྱ། །སྒོམ་ལ་ཆགས་པའི་སེམས་ཀྱིས་ནི། །རྟག་ཏུ་སེམས་ཀྱིས་གོམས་པར་བྱ། །རྡོ་རྗེ་ཆོས་དང་སངས་རྒྱས་ཀྱི། །རྣལ་འབྱོར་ཕ་དང་མ་ཚོགས་ཀུན། །
གླུ་དང་གར་ལ་གོམས་བྱ་ཞིང་། །མཆོག་ཏུ་གླུ་དང་གར་བྱའོ། །འདི་ཉིད་ཚོགས་ཀྱི་བསྲུང་བ་སྟེ། །བདག་ཉིད་ཀྱིས་ཀྱང་དེ་བཞིན་བསྲུང་། །འདི་ཡིས་འཇིག་རྟེན་དབང་དུ་བྱེད། །སྔགས་ཀྱི་བཟླས་པ་འདི་ཉིད་ཡིན། །རྒྱུན་དུ་གླུ་ནི་ལེན་པ་དང་། །གང་དུ་རྟག་ཏུ་གར་བྱེད་པ། །ཚོགས་ཀྱི་དབང་

ཕྱུག་མདུན་བྱའོ། །དེ་ནས་དྲི་ནི་མཚོན་པར་བྱ། །སྒྲོག་པའི་དྲི་ནི་དང་པོ་སྟེ། །བྱ་རྒོད་སྤོས་ནི་གཉིས་པ་ཡིན། །དེ་ནས་ག་བུར་ཙནྡན་དྲི། །གླུ་དབྱངས་སུ་ནི་མཚོན་བྱ་བ། །སྒྲ་ནི་ངང་པ་བུང་བའི་སྒྲ། །དྲི་ཡི་མཐར་ནི་ཐོས་པ་དང་། །ཅེ་སྤྱང་དག་གི་སྒྲ་ཡང་ནི། །ཕྱི་རོལ་སྐྱེད་མོས་ཚལ་དུ་
མཚོན། །གང་གི་བདག་གིས་མི་རྙེད་པའམ། །སྣོད་མ་ཡིན་པས་འཇིགས་པ་གང་། །བདུད་རྩི་ལྔ་དང་ཤ་ལྔ་སོགས། །བསམ་གཏན་གྱིས་ནི་ཡོངས་སུ་བརྟག །འཁོར་ལོའི་དབང་ཕྱུག་བྱིན་བརླབས་པ། །སྣོད་སྐྱོན་རྗེས་སུ་གཟུང་བར་བྱ། །འདུད་དང་བཅས་པས་སྣོད་དེ་ནི། །ཧ་
ཅང་མྱུར་མིན་བུལ་བ་མིན། །བགེགས་སོགས་བརྙས་པ་སྤང་བའི་ཕྱིར། །པདྨའི་ཕྱག་རྒྱས་སྨྲ་བར་བྱ། །ཧུབ་སྒྲ་མེད་ཅིང་མ་ཡེངས་པས། །ཅུང་ཟད་འཐུངས་ནས་ལེགས་བཀང་སྟེ། །ཕྱག་འཚལ་བ་ཡི་ཁྱད་པར་གྱིས། །གོང་གི་ཕྱག་རྒྱས་དབུལ་བར་བྱ། །སྒྲུབ་པ་པོ་ཡིས་ཡང་
དང་ཡང་། །དེ་དག་ཀུན་ལ་ཕྱག་བྱའོ། །སྣོད་ནི་ས་ལ་བཞག་པའམ། །གཞན་ལ་བྱིན་པར་གྱུར་པ་ན། །ལག་ནས་བོ་ན་ཆད་པས་བཅད། །རང་གིས་ཐམས་ཅད་མི་བཏུང་ངོ་། །བཟའ་དང་བཏུང་བ་རང་གིས་ནི། །ཤིན་ཏུ་ལྟོགས་ཀྱང་བླང་མི་བྱ། །རྩོད་པ་ལ་སོགས་གང་བྱེད་པ། །དེ་
ནས་དེ་ནི་གདོན་པར་བྱ། །གལ་ཏེ་གདོན་པར་མི་ནུས་ན། །དེ་ཚེ་སྡིག་པ་ལ་བརྟགས་ནས། །རང་ཉིད་གཞན་དུ་འགྲོ་བ་འམ། །མི་སྨྲ་བ་ལ་བརྟེན་པར་བྱ། །ལས་ཀྱི་རྡོ་རྗེས་བཏུང་སོགས་ལ། །རང་གིས་བླངས་ཀྱང་ཉེས་པ་མེད། །སྤྱོད་ལམ་ཤུགས་ཀྱིས་ཕྱིར་འགྲོ་ན། །དེ་ནི་དགག་པར་མི་
བྱའོ། །མངོན་པའི་ང་རྒྱལ་ཞེ་སྡང་གིས། །གཞན་སྣོད་དམ་པ་མ་ཡིན་པའི། །ཚིག་གིས་སྨད་དང་རྩོད་པའི་གཏམ། །མི་དགའ་བ་ཡང་སྤང་བར་བྱ། །བཀག་པ་རྣམས་ནི་སྤྱོད་གྱུར་ན། །རྩ་བའི་ལྟུང་དང་སྦོམ་པོ་ནི། །མྱུར་དུ་གསོ་བའི་ཆོ་ག་བྱ། །དེ་ནི་སྡང་བའི་ཆོ་གར་གྲགས། །རྡོ་
རྗེ་སློབ་དཔོན་ཚིམ་གྱུར་པས། །བར་དུ་གཏོར་མ་སྦྱིན་པར་བྱ། །གླུ་གར་ལ་སོགས་རྒྱུན་དུ་ནི། །དེ་ཡི་བཀའ་ཡིས་གནང་བར་བྱ། །ཚོགས་ཀྱི་འདུས་པས་བྱས་པ་ནི། །ལག་པ་རྐང་སོགས་བག་ལྡན་བྱ། །ཤིན་ཏུ་བག་མེད་རྒྱུ་ཡི་ཕྱིར། །བཏུང་བ་མང་པོ་སྤྱད་མི་བྱ། །མ་དག་

གིས་ནི་གཡེང་བར་འགྱུར། །གཡེངས་པས་རྣལ་འབྱོར་འཁྲུགས་འགྱུར་ཞིང་། །རྣལ་འབྱོར་ཉམས་པས་དངོས་གྲུབ་མེད། །བདུད་ཀྱི་ལས་ནི་བཟློག་པར་དཀའ། །གང་ཡང་སེམས་ནི་བསྲུང་ནུས་པས། །རང་ངམ་གཞན་ཡང་མཆོད་པར་བྱ། །གཟུགས་སོགས་
སྣ་ཚོགས་དག་པ་ཡིས། །དེ་ཡིས་འདིར་ནི་དངོས་གྲུབ་འགྱུར། །སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས། །མ་རིག་གདུག་ཅན་གྱི་ནི་སེམས། །འགྲུབ་འདོད་དངོས་གྲུབ་དོན་གཉེར་བས། །འབད་པས་མཁས་པ་གནས་མིན་བྱ། །ཇི་སྙེད་ལུས་ཀྱི་གཡོ་འགུལ་དང་། །ངག་
གི་བརྗོད་པ་ཇི་སྙེད་པ། །དེ་སྙེད་སྔགས་དང་ཕྱག་རྒྱ་སྟེ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །གང་གི་དུག་གི་དུམ་བུ་ཡིས། །སྐྱེ་བོ་རྣམས་ནི་འཆི་འགྱུར་བ། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འཇོམས་པར་བྱེད། །ཁ་ཅིག་བྲེལ་བར་གཞན་ཡོད་པས། །ཡུན་རིང་འདུག་
པར་མི་ནུས་ན། །དེ་ཡིས་ཕྱག་འཚལ་མཁྱེན་གསོལ་ན། །བཟོད་གསོལ་ནས་ནི་འགྲོ་བར་བྱ། །འདི་དང་གཞན་གྱི་རྒྱུད་གསུངས་པའི། །བྱ་བ་རྣམས་ནི་བརྡ་ལ་བྱ། །གང་ཕྱིར་མྱུར་དུ་བྱས་པ་ཡིས། །རྣལ་འབྱོར་པ་ཡི་དགའ་ཉམས་བྱེད། །དེ་ལྟར་ཆོ་གས་འཁོར་ལོ་ཆེར། །རང་གི་
སློབ་མ་དབང་བསྐུར་ཕྱིར། །བསྒོམ་པ་ལ་སོགས་སྟོབས་ཉིད་ཀྱིས། །ཚེ་འདི་ཉིད་ལ་དངོས་གྲུབ་སྟེར། །སྒོམ་པ་ལ་སོགས་དེ་བཞིན་འདིར། །ཡང་ནི་བཀའ་གསལ་བྱེད་པས་ཀྱང་། །གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །བླ་མས་ཐ་མའི་གཏོར་མ་སྦྱིན། །
དེ་བཞིན་ཕྱི་རོལ་ལྷག་གཏོར་ནང་། །སྒྲུབ་པ་པོ་ཡིས་ཕྱག་འཚལ་ཞིང་། །སྨོན་ལམ་དག་ནི་གདབ་པར་བྱ། །མ་ལུས་རྟོག་པ་ལས་འདས་པ། །སྲིད་ཞི་མཉམ་སྦྱོར་རྟག་མི་འགྱུར། །དཔེ་མེད་པ་ཡི་རོས་དགྱེས་པའི། །རྣལ་འབྱོར་ཚོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡན་ལག་མ་སྦྱར་
བས། །གཏིང་རྟོག་ཕུང་པོ་ཡོངས་བཅོམ་འགྱུར། །བདག་གི་དགེ་བ་འདི་ཡིས་ནི། །ཐབས་འདི་མྱུར་བ་ཉིད་སྟོན་ཤོག །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །དཔལ་ལྡན་ཚོགས་ཀྱི་འཁོར་ལོ་ཡི། །རིམ་པ་འདི་ནི་བསྡུས་ནས་ཀྱང་། །ཅི་བདེ་བར་ནི་གནས་པར་བྱ། །འདི་ནི་

བླ་མའི་རིམ་ཐོབ་པའི། །བདག་ཉིད་དྲན་པར་བྱ་བའི་ཕྱིར། །ཆོ་ག་ཅུང་ཟད་བརྗོད་པ་ལ། །མཁས་པ་རྣམས་ནི་བཟོད་པར་མཛོད། །དངོས་གྲུབ་ཀུན་གྱི་གཏེར་གྱུར་ཡོན་ཏན་སྔོན་འགྲོ་ཚོགས་འཁོར་གྱི། །ཆོ་ག་གསལ་པོར་བྲིས་པའི་བསོད་ནམས་དྲི་མེད་གང་ཐོབ་དེས། །མྱུར་དུ་
དཔལ་ལྡན་རྡོ་རྗེ་འཆང་ཡུལ་སྐལ་བཟང་ལ་ཆགས་ཤིང་། །སྲིད་པ་ལས་གྲོལ་ཞི་བའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །མ་ཧཱ་པཎྜི་ཏ་ཨ་བྷྱ་ཀ་ར་གུཔྟས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་རྫོགས་སོ།། །།མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏའི་ཞལ་སྔ་ནས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷིཿ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཚོགས་རྣམས་བསག་པར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །བསོད་ནམས་མཐར་ཐུག་ཚོགས་
འཁོར་ལོ། །ལུང་དང་མན་ངག་ཇི་བཞིན་བྲི། །དེ་ལ་རེ་ཞིག་དང་པོ་གཞུང་མཐུན་པའི་ཚོགས་ཀྱི་ཁང་པ་ཙནྡན་ལ་སོགས་པ་དྲི་ཞིམ་པོས་བསྐོར་བ་ཡིད་དུ་འོང་བའི་གནས་སུ་ལས་ཐམས་ཅད་པའི་སྐྱེས་བུ་ལྷའི་ང་རྒྱལ་དང་ལྡན་པས་ཆག་ཆག་གདབ་པ་དང་། མཎྜལ་བྱ་བ་དང་། མེ་ཏོག་དགྲམ་པ་དང་།
མཆོད་པ་བཤམ་པ་དང་། ཕྱོགས་སྐྱོང་གི་གཏོར་མ་རྒྱ་ཆེན་པོ་ལ་སོགས་པ་བཤམ་མོ། །དེ་ནས་སློབ་དཔོན་སྤྱན་དྲངས་ལ་གནས་ཇི་ལྟར་རིགས་པ་དང་བཅས་པར་བཞུགས་སུ་གསོལ་ནས། ལས་ཐམས་ཅད་པའི་བུམ་པ་རྒྱན་ཆས་དང་ལྡན་པ་བྱིན་གྱིས་བརླབ་བོ། །མཆོད་པའི་བུམ་པ་
ཡང་ཅི་རིགས་པར་བཤམ་མོ། །དེ་ནས་རྣལ་འབྱོར་པ་འདུ་བར་འོས་པ་ཀུན་བཀུག་ལ་དེ་དག་གིས་གསོལ་བ་གདབ་པོ། །ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་བཟང་པོ་ཡིད་དུ་འོང་། །ནོར་བུ་རིན་ཆེན་ཅེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ནི་འཁོར་བ་ལས་
བསྒྲལ་ཕྱིར། །དཔའ་བོས་གནང་གིས་གཏོང་དུ་གསོལ། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །བཟང་པོ་སྒོ་ནི་ཕྱེ་སྟེ་ཐོང་། །ཞེས་གསོལ་བ་བཏབ་ནས་ནང་དུ་བཀུག་སྟེ། ལས་ཀྱི་བུམ་པའི་ཆུས་གཏོར་ཞིང་སྐྱོར་ཆུ་བླུད་དོ། །དེ་ནས་གྲལ་རིམ་པ་བཞིན་དུ་བཀོད་ལ་རྡོ་རྗེ་སློབ་དཔོན་ལ་

མེ་ཏོག་ཕུལ། གསོལ་བ་གདབ། རྣལ་འབྱོར་པ་ཀུན་ལ་ཡང་མེ་ཏོག་གཏོར་ལ་བསྐུལ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ལྷག་པའི་ལྷར་བསྒོམས་ལ་མོས་པ་ཙམ་གྱིས་ལྕེ་ལག་བྱིན་གྱིས་བརླབ་པོ། །རྡོ་རྗེ་དང་དྲིལ་བུ་ཡང་ཧཱུཾ་གིས་བྱིན་གྱིས་བརླབས་ལ་མངོན་
པར་རྟོགས་པ་བརྗོད། ཧཱུཾ་ཐོག་མ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་པོའི་གཙོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ། དྲིལ་བུ་ཡང་། ཨཱཿསྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་གདོད་ནས་
དག །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །ཨོཾ་བཛྲ་གྷཎྜེ་ཨ། དེ་ནས་མཆོད་པའི་ཁྱད་པར་ཐམས་ཅད་འབྲུ་གསུམ་གྱི་བྱིན་གྱིས་བརླབ་བོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བླ་མ་དང་བཅས་པའི་ལྷ་རྣམས་ནམ་མཁའ་ལ་བལྟས་ལ།
ཡོན་ཆབ་དང་། ཞལ་བསིལ་དང་། ཞབས་བཀྲུ་དབུལ་ཞིང་། མེ་ཏོག་ནས་སྒྲ་སྙན་གྱི་བར་དུ་རིམ་པས་མཆོད་དོ། །དེ་ནས་དེ་ཁོ་ན་ལྔའམ། གཞུང་གང་ཡིན་པས་བསྟོད་པ་བྱ། ཡན་ལག་བདུན་པ་མདོ་རྒྱས་བསྡུས་གང་ཡང་རུང་བ་བྱའོ། །ཡི་གེ་བརྒྱ་པས་བཟོད་གསོལ་བྱས་
གཤེགས་སུ་གསོལ་ལོ། །དེ་ནས་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པ་ཉིད་དུ་བསྒོམས་ལ། ཡི་གེ་ཧཱུཾ་གི་སྣང་བ་ལས་ར་བ་དང་དྲ་བ་དང་ས་གཞིར་བསྒོམས་ལ། དེ་ནས་འབྱུང་བ་རིམ་བརྩེགས་རི་རབ་རིན་པོ་ཆེའི་རང་བཞིན་བསྒོམས་ལ། དེའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་
བསམས་ཏེ། དེའི་ལྟེ་བ་ལ་བྷྲཱུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད་ནས། དེར་གང་ཡིན་པའི་ལྷའི་དཀྱིལ་འཁོར་བསྐྱེད་ལ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ་མཆོད་ནས་དབྱེར་མེད་པར་བསྟིམ་མོ། །དེ་ནས་ཆང་ལ་སྲུང་བ་དང་བྱིན་གྱིས་བརླབ་པ་གཞུང་བཞིན་བྱས་ཏེ། ཡི་གེ་ཧ་
དམར་པོས་ཁ་དོག་སྦྱངས་ལ། ཧོ་དཀར་པོས་དྲི་ངན་བསལ་ཏེ་ཧྲཱིཿམཐིང་གས་ནུས་པ་བཅོམ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ། དེ་ཉིད་ཀྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམ་མོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ལྷ་ལ་སོ་སོའི་མིང་ནས་བརྗོད་ཅིང་མཆོད་དེ། དེ་ནས་

བདུད་རྩི་དང་བཅས་པའི་སྲིན་ལག་གིས་མཎྜལ་གྲུ་གསུམ་བྲིས་ལ་དེར་བདུད་རྩི་གཏོར་བས་ཟླ་བའི་གདན་ཕྱོགས་མཚམས་སུ་གྱུར་པར་བསམ་མོ། །དེར་ཡེ་ཤེས་འཁོར་ལོ་མོས་པ་ཙམ་གྱིས་བསམས་ལ་བདུད་རྩིས་མཆོད། དེ་ནས་བདག་ཉིད་ལ་མཆོད་དེ་འདི་ལྟར་མཐེབ་སྲིན་གྱིས་ལྕེ་
རྩེ་དང་སྨིན་མའི་དབུས་དང་སྤྱི་བོར་གཏོར་རོ། །དེ་ནས་དེ་དག་མི་དམིགས་པར་བསམས་ལ་གཙོ་བོའི་དཀྱིལ་འཁོར་ལ་ཡོན་ཆབ་ལ་སོགས་པའི་ཁྱད་པར་གྱིས་མཆོད་དེ་བསྟོད་པ་བྱས་ཏེ་གཤེགས་སུ་མི་གསོལ་ལོ། །དེ་ནས་ཞིང་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་སྟེ་ཡི་གེ་འབྲུ་གསུམ་གྱིས་སྦྱང་བ་
དང་སྤར་བ་དང་། རྟོགས་པར་བྱས་ལ་མཎྜལ་ཐིག་བཏབ་པའི་ལེའུ་ཙེ་དགུ་པར་བྱས་ཏེ་དབུས་མ་ལ་ཡེ་ཤེས་ཀྱི་འཁོར་ལོ་བསམ། ཕྱོགས་མཚམས་ལ་ཞིང་སྐྱོང་བརྒྱད། མ་མོ་སུམ་ཅུ་གཉིས་དང་བཅས་པ་སྤྱན་དྲངས་ལ་མཆོད་དོ། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། །རི་བོ་དང་ནི་རི་སུལ་
ཕུག །གྲོང་དང་བཞི་མདོ་ཉིད་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང་། །རིགས་ངན་ཁྱིམ་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང་། །ནག་པོ་གཙིགས་དང་མི་སྡུག་པ། །དགའ་ལས་འདས་པའི་ལོག་འདྲེན་རྣམས། །
རྒན་བྱེད་མོ་དང་དྲག་མོ་དང་། །མི་སྡུག་མ་དང་དབུ་མ་དང་། །རྒྱལ་མ་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །རབ་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་དམར་
སེར་མ། །འཇིགས་བྱེད་གྲོང་ནས་རྣལ་འབྱོར་མ། །དྲག་མོ་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་བཞིན་གཤེགས་པ་མཁའ་ཆེན་པོ། །ལས་
ཀུན་རྗེས་སུ་སྒྲུབ་བྱེད་མ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་དེ། །རྡུལ་མེད་རྣལ་འབྱོར་འབྱིན་པའོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཨོཾ་ཀཀྐ་ཌྷཱ་ན་བ་བནྡྷ་ན། ཁཁྑ་དྷ་ན། སརྦ་དུཥྚཱཾ་ཧ་ན་ཧ་ན། གྷཱ་

ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་ཧཱུཾ་ཛཿཞེས་པས་བཀུག་ལ་པདྨའི་གདན་ལ་གནས་པར་བསམས་ལ། མཆོད་པ་ལྔར་བྱིན་གྱིས་བརླབས་ལ་དེ་ཉིད་དབུལ་ཏེ། སོ་སོའི་ལྕེ་ཧཱུཾ་ལས་རྡོ་རྗེར་བྱིན་གྱིས་བརླབས་པའི་རྡོ་རྗེའི་སྦུ་གུའི་འོད་ཀྱིས་བདུད་རྩི་མཆོད་པར་བསམས་ལ་ཆོས་
བཤད་དེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས་སྨོན་ལམ་གདབ་སྟེ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གིས་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དང་ཕྲད་པར་
ཤོག །མ་རྒལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དེ་ལྟར་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་དགོད། །ཅེས་པས་བསྔོ་བ་བྱས་ལ་གཤེགས་སུ་མི་གསོལ་ལོ། །དེ་ནས་རྣལ་འབྱོར་པ་ཕོ་མོ་ཀུན་ལྷའི་དཀྱིལ་འཁོར་དུ་བལྟས་
ལ་དང་པོར་དྲིས་མཆོད། དེ་ནས་མེ་ཏོག་དང་བདུག་པ་དང་། མར་མེས་ཚུལ་བཞིན་དུ་མཆོད། དེ་ནས་བདུད་རྩི་དང་བཅས་པའི་ཆང་གིས་མཆོད་དེ། དེ་ནས་ལག་པ་གཡས་པར་ཆང་བཟུང་ལ་གཡོན་པ་རྩེ་གསུམ་པར་བྱས་ཏེ་ཚིག་འདིས་ཆང་སྦྱིན་ཏེ། ལྟོས་ཤིག་མཛེས་པ་དམ་ཚིག་
ཆོས། །དེ་ལ་ཐེ་ཚོམ་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་རྟོགས་པས་བཟའ། །ཞེས་བརྗོད་ལ་དྲང་ངོ་། །ལེན་པ་པོས་བརྗོད་པ། འདོད་ཆགས་དྲི་མ་དང་བྲལ་བའི། །རིན་ཐང་མེད་ལས་ལེགས་འོང་ཆོས། །གཟུང་དང་འཛིན་མེད་རྣམ་པར་
སྤངས། །དེ་ཁོ་ན་ཉིད་བདག་ཕྱག་འཚལ། །ཞེས་བརྗོད་ལ་པད་ཀོར་དང་བཅས་པས་བླང་ངོ་། །དེ་ནས་འོག་མ་རྣམས་དྲང་བ་ལ་འདི་སྐད་བརྗོད་དེ། སྦྱོར་བའི་དངོས་གྲུབ་དོན་དུ་ནི། །སྦྱོར་ཀུན་དེ་ཉིད་དེ་བཞིན་དུ། །རྣལ་འབྱོར་པ་ཡིས་ཀུན་དུ་སྤྱད། །ཇི་ལྟར་བདེ་བ་སྤྱད་པར་བྱ། །
ཞེས་བརྗོད་ལ་དྲང་ངོ་། །དེའི་འོག་ཏུ་ཤ་དང་མར་ལ་སོགས་པས་མཆོད་དོ། །དེ་ནས་བཤོས་སོ་སོར་དྲངས་ལ་དེ་དག་ཀུན་གྱི་ཕུད་བསྡུས་ལ་སློབ་དཔོན་ལ་དབུལ། སློབ་དཔོན་གྱིས་ཕུད་དེ་ཆ་གཉིས་སུ་བགོས་ལ། ཆ་གཅིག་བྱིན་གྱིས་བརླབས། གཡོན་ཕྱོགས་སུ་བཞག་སྟེ་དཀྱིལ་འཁོར་

གྱི་ལྷ་ལ་དབུལ། ཆ་གཅིག་གཡས་སུ་བཞག་ལ་བྱིན་གྱིས་བརླབས་ཏེ་ཕྱོགས་སྐྱོང་གི་གཏོར་མར་དབུལ་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་པའི་སྔགས་ཀྱིས་མཆོད་ལ། དེ་ནས་ཅི་བདེར་རོལ་ཞིང་སྤྱད་དོ། །སྐབས་དེར་བཀྲ་ཤིས་ཀྱི་གླུ་བླང་ངོ་། །དེ་ནས་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་སྐྱོང་
ལ་གནང་བ་ནོད་པ་དང་བཟོད་གསོལ་བྱས་ལ་གཤེགས་སུ་གསོལ་ལོ། །དེ་ནས་ཡེ་ཤེས་ཀྱི་ལྷ་ལ་ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་ལོ། །དམ་ཚིག་གི་ལྷ་ལ་ཨོཾ་ཨཱཏྨ་ཏིཥྛ་ཧཱུཾ་ཞེས་བརྗོད་ལ་བདག་གི་སྙིང་གར་བསྡུའོ། །ཨོཾ་སརྦ་དུཥྚ་
གྲྀཧྞ་གཙྪ་ཧཱུཾ་ཞེས་པས་ཕྱི་རོལ་གྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་ལྷག་མ་བསྡུས་ཏེ་ཁྱིམ་གྱི་ལྷག་མ་ནི་ཁྱིམ་དེ་ཉིད་ཀྱི་མི་མ་ཡིན་པ་ལ་བསྔོའོ། །རྣལ་འབྱོར་པ་རྣམས་ཀྱི་ལྷག་མ་ནི་ཕྱི་རོལ་གྱི་ཤ་ཟ་ལ་སོགས་པའི་མི་མ་ཡིན་པ་རྣམས་ལ་སྦྱིན་ཏེ་ཕྱིའི་སྒོར་བསྐྱལ་ལོ། །ལྷག་མ་
དེ་ལྟ་བུ་བཟའ་བའི་སྐལ་བ་མེད་པ་ལ་ཡང་སློབ་དཔོན་གྱི་ཁ་ནས་བདུད་རྩི་བྱིན་ནོ། །དེ་ནས་ཡོན་བདག་ལ་བཀྲ་ཤིས་དང་སྨོན་ལམ་གདབ་པོ། །དེ་ནས་གཏོར་སྐྱེལ་ལོག་པ་དང་ཚོགས་ཀྱི་ཁང་པའི་སྒོར་མེ་ལོང་དང་བུད་དཀྲོལ་དང་། ཆུ་ཆན་གྱི་ཞོ་དང་ཟན་གྱིས་མཆོད་དོ། །དེ་ནས་ནང་དུ་ཕྱིན་
ལ་རྣལ་འབྱོར་པ་ཕོ་མོ་རྣམས་ལ་ཡང་མཆོད་པར་བྱའོ། །མ་འོངས་སྐྱེ་བོ་གང་དག་ཚོགས་རྣམས་བསག་པར་འདོད་པ་དང་། །བསླབ་པའི་ལམ་ལ་ངེས་པར་ཞུགས་པའི་སྒྲུབ་པ་པོ་དག་གི །དྲི་མེད་ལུང་དང་བླ་མའི་གདམས་ངག་ལྟར། །མ་ནོར་བཟུང་སྟེ་བདག་དང་གཞན་ལ་ཕན་
པའི་ཕྱིར་དུ་བྲིས་པ་ཡིན། །ཚོགས་ཀྱི་འཁོར་ལོའི་མཆོད་པའི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷིཿ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དད་པ་ཆེན་པོ་ཡིས། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །མདོར་བསྡུས་ཚོགས་ཀྱི་འཁོར་ལོ་ནི། །ཡང་དད་པར་ནི་བརྩམ་པར་

བྱ། །དངོས་གྲུབ་ཐམས་ཅད་འགྲུབ་བྱེད་པའོ། །རྟག་ཏུ་བྱའམ་ཟླ་བར་ནི། །ཡང་ན་ལོ་རེ་ན་ནི་བྱ། །ལོངས་སྤྱོད་མཆོག་དང་ལྡན་པས་ནི། །ཚོགས་ཀྱི་འཁོར་ལོ་མཆོད་པར་བྱ། །རང་གི་སློབ་མ་དག་དང་ལྡན། །དེ་ཡང་དམ་ཚིག་སྡོམ་ལ་གནས། །ཡོན་
ཏན་རྣམས་ཀྱིས་བརྒྱན་པ་དང་། །སྣ་ཚོགས་པདྨའི་སྟེང་དུ་ནི། །བདེ་བ་ཆེན་པོ་དང་ལྡན་ནས། །དེ་ལྟར་དམ་ཚིག་དབུས་གནས་ལ། །རང་གི་ཏིང་འཛིན་རྫོགས་བྱས་ནས། །དང་པོ་འབྱུང་པོའི་གཏོར་མ་བཏང་། །དེ་ནས་རིམ་བཞིན་བཞུགས་སུ་གསོལ། །དེ་ཡང་ཤེས་རབ་དང་ལྡན་
པར། །མེད་ན་ཏིང་ངེ་འཛིན་གྱིས་བསམ། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་ཕྲེང་དང་ན་བཟའ་དང་། །ཇི་ལྟར་འདོད་པ་བཞིན་དུ་ནི། །བཟའ་བ་བཏུང་བ་ལྷ་བཤོས་རྣམས། །དེ་དག་གིས་ནི་མཆོད་པར་བྱ། །དེ་ལྟར་ཕྱི་ཡི་མཆོད་བྱས་ནས། །ནང་གི་མཆོད་པ་དག་ནི་བྱ། །པདྨ་ལྟ་
བུར་རང་གི་ཁ། །ཧོམ་ཁུང་ཉིད་དུ་བསམ་བྱས་ལ། །དགང་གཟར་བཀང་བ་བླུགས་པར་བྱ། །ལག་པ་བླུགས་གཟར་དག་གིས་ཀྱང་། །མཆོད་རྫས་ཡང་དག་དབུལ་བར་བྱ། །དེ་ལྟར་ཧོམ་གྱིས་མཆོད་བྱས་ནས། །རང་གི་དགའ་བའི་རྩེད་མོ་ཡིས། །ཡི་དམ་ལྷ་ནི་མཉེས་པར་བྱ། །ཚོགས་
ཀྱིས་མཆོད་ལ་དམ་ཚིག་སྤྱད། །སེམས་ནི་བརྟན་པར་ཤེས་རབ་སྤྱོད། །བཏུང་བའི་སྣོད་ནི་མང་གྱུར་ན། །ཀུན་ལ་རེ་རེ་སྦྱིན་པར་བྱ། །བླ་མ་ལ་ནི་ངེས་པར་གཉིས། །ཡང་དག་པར་ནི་དབུལ་བར་བྱ། །བཟའ་བ་གང་ཞིམ་བླ་མ་ལའོ། །བླ་མ་ལ་དད་བརྩོན་འགྲུས་ལྡན། །སེམས་བཟང་
བཟོད་དང་ལྡན་པ་ཡིས། །ལས་རྣམས་ཀུན་ནི་བྱ་བ་ཡིན། །སྔགས་པ་རང་གིས་བྱིན་བརླབས་ནས། །གཞན་དག་ལ་ནི་སྦྱིན་པར་བྱ། །དེ་ཡིས་པདྨའི་ཕྱག་རྒྱ་ཡིས། །གུས་པར་བྱས་ཏེ་བླང་བར་བྱ། །མ་དད་པས་ནི་བླང་མི་བྱ། །སྐོམ་ཡང་ཀུན་ནི་བཏུང་མི་བྱ། །བཀྲེས་སྐོམ་
ཡོད་ཀྱང་རང་གིས་ནི། །བླང་བ་རུ་ནི་མི་བྱའོ། །བདུད་རྩི་བཞིན་དུ་བཏུང་བར་བྱ། །ས་ལ་བོར་བར་མི་བྱ་ཞིང་། །སླར་ནི་སྐྱོགས་ནི་སྦྱིན་པར་བྱ། །གནང་བ་བྱིན་ནས་ས་ལ་གཞག །གཏོར་བ་གཞན་ལ་སྦྱིན་མི་བྱ། །ས་ལ་འཇོག་པ་ཆད་པས་བཅད། །རྩོད་བྱེད་སློབ་དཔོན་ལ་

སྨོད་དང་། །ང་རྒྱལ་དང་ནི་ལྡན་པ་ནི། །ཚོགས་ཀྱི་ནང་དུ་གཞག་མི་བྱ། །བླ་མ་དག་གིས་བཟའ་བཏུང་ལ། །གནང་མེད་ལེན་པར་བྱེད་གྱུར་པ། །ཆད་པས་བཅད་དམ་ཡང་ན་དབྱུང་། །དེ་ཉིད་མི་ཉན་པར་འགྱུར་ན། །རང་གི་གནས་ནས་གཞན་དུ་འགྲོ། །ཡང་ན་ཉལ་ལ་འདུག་
པར་བྱ། །གང་ཞིག་དངོས་གྲུབ་འདོད་པ་ཡིས། །འཐབ་མོ་ལ་སོགས་སེམས་ཀྱིས་ཀྱང་། །ངེས་པ་རུ་ནི་བསམ་མི་བྱ། །བྱས་གྱུར་ཕྱིས་ནི་མི་བྱ་བའི། །སྡོམ་པ་ཡང་དག་པར་ནི་བླང་། །ར་ནི་རོ་བར་གྱུར་ན་ནི། །ནན་ཏན་གྱིས་ནི་ལུས་ངག་བསྡམ། །ལས་ཀྱི་རྡོ་རྗེ་དག་གིས་ནི། །རང་
གིས་བླངས་ཏེ་བཟའ་བར་བྱ། །དེ་ནི་སྐྱོན་ནི་མེད་པར་བསྟན། །གར་ལ་སོགས་པའི་རོལ་མོ་རྣམས། །གནང་བ་མེད་པར་མི་བྱའོ། །གང་ལ་གནང་བ་བྱིན་པ་ཡིས། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །དེ་ཡི་སྐད་ཅིག་ཉིད་ལ་བྱ། །དེ་ལྟར་གང་གིས་མ་བྱས་པ། །དེ་བཞིན་གཤེགས་
པའི་བཀའ་བཅག་གོ། །ཕྱི་རོལ་དུ་ནི་འབྱུང་བའི་ཚེ། །ལུས་ངག་ཡིད་གསུམ་བསྡམ་བྱས་ཏེ། །བླ་མ་ལ་ནི་ཕྱག་བྱས་ལ། །ཕྱི་རོལ་དུ་ནི་འབྱུང་བར་བྱ། །སྤྱོད་ཡུལ་དུ་ནི་བབ་གྱུར་ན། །སྡུག་བསྔལ་གྱིས་ནི་གཟུང་མི་བྱ། །བྱ་བ་ཐམས་ཅད་བསྔལ་ལ་ནི། །དགའ་བ་དང་ནི་བཅས་
པར་བྱ། །སེམས་ཀྱི་དྲན་པ་མེད་གྱུར་ན། །ལྷ་ཡི་ཏིང་འཛིན་དང་མི་ལྡན། །ཏིང་ངེ་འཛིན་དང་མི་ལྡན་ན། །ལྷ་ཡི་དངོས་གྲུབ་ཐོབ་མི་འགྱུར། །ཏིང་ངེ་འཛིན་ལ་གཡེངས་གྱུར་ན། །སྐྱོན་དེ་གོང་མ་ཉིད་དང་མཚུངས། །རྩེ་གཅིག་སེམས་ཀྱིས་དངོས་གྲུབ་འཐོབ། །དེ་རུ་འདུག་པར་མི་
ནུས་ན། །ཕྱག་བྱས་ལ་ནི་འགྲོ་བར་བྱ། །ལྷག་མ་ཐམས་ཅད་བསྡུས་ནས་ནི། །ཕྱི་རོལ་དུ་ནི་གཏོར་མ་གཏང་། །རྫོགས་ནས་མགུ་བ་ལ་སོགས་སྦྱིན། །ཕྱག་བྱས་ནས་ནི་བཟོད་པར་གསོལ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་བྱས་པ་ཡི། །དགེ་བའི་རྩ་བ་བདག་གིས་གང་ཐོབ་པ། །
ཁམས་གསུམ་སེམས་ཅན་རྣམས་ནི་ཡང་དག་པར། །དངོས་གྲུབ་ཆེན་པོ་ཡང་དག་ཐོབ་གྱུར་ཅིག །པཎྜི་ཏ་བཟང་པོ་སྦྱིན་པས་ཚོགས་ཀྱི་འཁོར་ལོ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་

བའོ།། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་ཀུན་གྱི་གཞི། །ལམ་དང་དངོས་གྲུབ་
མཐར་ཕྱིན་པ། །རྒྱུད་ལས་གསུངས་པའི་ཆོ་ག་བཞིན། །དེ་འདིར་བསྡུས་ཏེ་བརྗོད་པར་བྱ། །དམ་ཚིག་ཉམས་པའི་སྐྱོན་སེལ་ཅིང་། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་པ། །འདོད་པའི་དོན་ཀུན་སྒྲུབ་པ་ཉིད། །ལྷག་པའི་ལྷ་ཡང་ཚིམ་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་
པར་བྱེད། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི། །རིམ་འདིས་འདོད་པའི་འབྲས་བུ་འབྱིན། །ཇི་ལྟར་ཡང་དག་སྦྱོར་བ་ལས། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །འདོད་པའི་དོན་ཀུན་གྲུབ་བྱེད་ཅིང་། །དགེ་བའི་ཚོགས་ལ་འདུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་བ་ཉིད། །དེ་བཞིན་རྡོ་
རྗེ་ཕྲེང་བ་ལས། །དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཚོགས་ཀྱི་འཁོར་ལོའི་རིམ་པ་འདི། །གང་ཞིག་མཆོད་པ་བཞིན་དུ་སྤྱད། །རང་གཞན་དངོས་གྲུབ་ཉེ་བ་ཉིད། །འདིར་ནི་མགྲོན་དང་དུས་དང་ནི། །གནས་དང་རྫས་དང་བྱ་བའོ། །མཆོག་ཏུ་གྱུར་པའི་ཆོ་ག་འདིས། །གང་
ཞིག་དངོས་གྲུབ་མངོན་དུ་འགྱུར། །དེ་ལ་ཚོགས་ཀྱི་འཁོར་ལོའི་སྒྲ། །དོན་ནི་དགོས་པའི་སྒོ་ནས་ཏེ། །མགྲོན་གྱི་རང་བཞིན་བཤད་པར་བྱ། །དཔལ་ལྡན་རྡོ་རྗེ་ཕྲེང་བ་ལས། །རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན། །མཉམ་ཞིང་གཅིག་ཏུ་གྱུར་བྱས་ནས། །བརྡ་དང་ཕྱག་རྒྱའི་སྦྱོར་
བ་ཤེས། །དམ་ཚིག་ལྡན་པ་འཇུག་པའོ། །དེ་ལ་མང་དུ་འདུས་པའི་ཚོགས། །འཁོར་ལོ་ལྷ་ཡི་རིམ་པ་ཉིད། །ཐུན་མོང་དུས་སུ་བཤད་པ་ཉིད། །ཁྱད་པར་འདི་ཡིས་ཤེས་པར་བྱ། །ཐམས་ཅད་དུ་ནི་དམ་ཚིག་གཅིག །རྟོག་པ་ཐམས་ཅད་ཡོངས་སུ་སྤངས། །བླ་མ་ལ་གུས་ཏིང་
འཛིན་གནས། །སྦྱིན་སོགས་ཡོན་ཏན་རྒྱན་སྤྲས་པའི། །ཐབས་འདིས་ཚོགས་ཀྱི་འཁོར་ལོ་ལ། །བགེགས་མེད་པར་ནི་རབ་ཏུ་འཇུག །གཞན་དུ་སྐྱོན་དང་བཅས་པར་འགྱུར། །ཐབས་དང་ཤེས་རབ་ཕན་ཚུན་དུ། །ཡིད་འཕྲོག་བྱ་དང་བྱ་མིན་མཁས། །ལོ་ནི་ཉི་ཤུ་ལྔ་ལོན་ལས། །

ལྷག་པ་ཡོངས་སུ་སྤང་བར་བྱ། །ཡོངས་ཤེས་ཐབས་ནི་ཐམས་ཅད་ལ། །ཤེས་རབ་གཅིག་གིས་བྱ་བ་མིན། །འདིར་ནི་སྒྲུབ་པ་གཅིག་པ་ཡི། །བླ་མས་སློབ་མ་རྗེས་སུ་གཟུང་། །ཇི་སྐད་སྡོམ་པ་འབྱུང་བ་ལས། །གང་ཞིག་དཀྱིལ་འཁོར་དགེ་བར་འགྱུར། །སློབ་དཔོན་སྔོན་དུ་
ཕྱོགས་བྱས་ནས། །སློབ་དཔོན་ཡོན་ཏན་མ་བསྡམས་ན། །འཇིག་རྟེན་པ་ཡིས་དཔྱས་པར་འགྱུར། །སློབ་དཔོན་མེད་པར་གྱུར་པ་ན། །གཞན་ཡང་བླ་མ་མཚན་ཉིད་ལྡན། །འཁོར་ལོའི་དབང་ཕྱུག་བྱས་པ་ཉིད། །གུས་པ་གཅིག་པའི་ཚུལ་གྱིས་སྤྱད། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །
ཞི་ལ་སོགས་པའི་ཕྲིན་ལས་དང་། །སྔགས་ཀྱི་སྦྱོར་བའི་ཆོ་ག་ཤེས། །བྱ་བ་ཉི་ཤུའི་དབྱེ་བས་ནི། །བླ་མའི་ཆོ་ག་བྱ་བ་ཉིད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཕ་རོལ་འགྲོ། །ཉིན་མཚན་རྟག་པར་དགེ་ལ་སྤྲོ། །ཤེས་རབ་རྣོ་ཞིང་བཟོ་གནས་
མཁས། །གཉིས་མེད་ཡོན་ཏན་གྱིས་ལྕི་བ། །འདི་ནི་དཔལ་ལྡན་བླ་མའོ། །ནང་དུ་གསང་བ་འདུས་ལ་སོགས། །ཕྱི་རུ་ཉན་ཐོས་སྤྱོད་པ་ཅན། །མན་ངག་རིམ་པའི་ཁྱད་པར་གྱིས། །ཇི་ལྟར་རིགས་པའི་སྤྱོད་པ་ལ། །སློབ་མ་རྗེས་འཛིན་སྟོན་པ་དངོས། །དེ་བཞིན་དཀྱིལ་འཁོར་ལ་
སོགས་དང་། །མདོ་དང་ལས་ཀྱི་ཚོགས་རྣམས་དང་། །དོན་དམ་པ་ཡི་བྱ་བ་མཁས། །སྣང་བ་གསུམ་ལ་སོགས་པ་ལ། །རང་གིས་གོམས་འགྱུར་གཞན་ལ་སྟོན། །རྣལ་འབྱོར་རིམ་པའི་སློབ་དཔོན་ཏེ། །ཡིད་འཕྲོག་སྡུད་པ་སློབ་དཔོན་ནོ། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་
འཁོར་འདྲི་བའི་ལས་ལ་མཁས། །སློབ་མ་རྗེས་འཛིན་ནུས་པ་དང་། །གསང་བའི་དབང་གི་མཐར་སོན་པ། །ཤེས་རབ་སྙིང་རྗེ་མཚུངས་པར་ལྡན། །རྒྱུད་ཀྱི་རིམ་པའི་སྦྱོར་བ་མཁས། །ཟབ་མོའི་སྤྱོད་པ་རབ་ལྡན་པ། །འདི་ནི་རྡོ་རྗེ་སེམས་དཔའ་དངོས། །ཇི་སྐད་ཕྱག་ན་རྡོ་རྗེ་ཡིས། །
འཁོར་ལོ་སྡོམ་ལ་འབྲེལ་པ་ལས། །ཐུན་མོང་བསོད་ནམས་བསག་པའི་རྒྱུ། །ཡེ་ཤེས་དངོས་གྲུབ་སྒྲུབ་པའི་ཐབས། །དགེ་བསྙེན་ཕ་མ་ལ་སོགས་པ། །སློབ་དཔོན་དག་ལ་རབ་ཏུ་ཕྱོགས། །གསང་སྔགས་ཐེག་པའི་ཆོ་ག་འདིར། །སློབ་དཔོན་རྣམ་པ་གསུམ་ཡིན་ལ། །

ཁྱིམ་པ་དགེ་ཚུལ་དགེ་སློང་སྟེ། །ཐ་མ་འབྲིང་དང་མཆོག་ཡིན་ནོ། །སྦྱིན་བདག་བློ་གྲོས་མི་འཕེལ་ཕྱིར། །ཐུན་མོང་སྤང་བྱའི་སློབ་དཔོན་ནི། །སྙིང་རྗེ་མེད་ཅིང་ཁྲོ་བ་དང་། །ཁེངས་ཤིང་ཆགས་ལ་མི་བརྟན་པ། །བསླབ་པས་མ་བསྡམས་འདོད་པ་ཆེ། །རང་ལ་བསྟོད་
པ་མི་བྱའོ། །ཁྱད་པར་ཁྱིམ་པའི་སློབ་དཔོན་ནི། །བུད་མེད་བཅས་ཤིང་དཀོར་ཟས་དང་། །ཞིང་ལས་གཡོག་དང་ཚོང་པ་དང་། །རྨོངས་པ་རྙེད་ཕྱིར་ཆོས་སྨྲ་བ། །འདི་ནི་ཚོགས་ཀྱི་སློབ་དཔོན་མིན། །འདིར་ནི་ཚུལ་ཁྲིམས་ཡོན་ཏན་ལྡན། །རྣལ་འབྱོར་དཀྱིལ་འཁོར་ལ་སོགས་པའི། །ཡོན་
བདག་ཟིལ་གནོན་བཀུར་བའི་གནས། །འདི་ཉིད་འཁོར་ལོའི་དབང་ཕྱུག་འགྱུར། །འདིས་ནི་དཀྱིལ་འཁོར་གཙོ་བོ་དག །མ་བྱས་ཡོན་བདག་བསོད་ནམས་ཉམས། །དཀྱིལ་འཁོར་འཁོར་ལོ་འདི་ཉིད་དུ། །དམ་ཚིག་སྡོམ་པ་མ་གཅིག་ན། །འཁོར་ལོའི་དབང་ཕྱུག་དེ་ཡིས་ནི། །རྣལ་
འབྱོར་བསྡུ་བར་མི་བྱའོ། །གཞན་གྱི་རྒྱུད་ཀྱི་བསླབ་བྱར་མངོན། །གནས་ཁང་གཞན་དུ་མཆོད་པར་བྱའོ། །འདི་ཉིད་ལུང་དང་བཅས་པའི་ཕྱིར། །བྱ་བ་དོན་དང་བཅས་པར་འགྱུར། །ཁ་ཅིག་རྣལ་འབྱོར་རྣལ་འབྱོར་མ། །སྒོམ་རིམ་གཞན་དུ་གྱུར་པ་ན། །རྣལ་འབྱོར་ལྷག་པའི་ལྷ་
ལ་མཆོད། །དེ་ཡི་རྗེས་སུ་རིམ་པ་འདིས། །སྐད་ཅིག་བྱེད་པའི་རྣལ་འབྱོར་གྱིས། །བསྒྲུབ་བྱ་དེ་ཡི་ལྷ་མཆོད་པ། །འདི་ཉིད་ཡང་དག་མཚན་ཉིད་ཡིན། །ཐ་དད་སོ་སོའི་རྒྱུད་དག་གིས། །བསླབ་པས་གྲོལ་བར་འདོད་པ་ལ། །བརྡ་ཡི་རིམ་པ་སོ་སོ་ཡི། །ཕན་ཚུན་དམ་ཚིག་སྦྱོར་མི་ཤེས། །
འཁོར་ལོའི་ཆོ་ག་ཉམས་པ་ཉིད། །དེ་རྣམས་མགྲོན་གྱི་རྣམ་གཞག་གོ །དེ་ནས་ལྷ་ཡི་ང་རྒྱལ་གྱིས། །གོང་དུ་གསུངས་པའི་རྣལ་འབྱོར་ལ། །མཎྜལ་སྔོན་དུ་འགྲོ་བ་ཡིས། །སྔགས་ཀྱིས་མཆོད་ལ་གསོལ་བ་གདབ། །རྣལ་འབྱོར་ཀུན་སྤྱོད་ལ་སོགས་པའི། །འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་
དཀར་ཕྱོགས་ཀྱི། །བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ནི་བརྒྱད་པ་ལ། །དཔལ་ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང་། །དེ་བཞིན་བཅོ་ལྔ་ནག་

ཕྱོགས་ལའང་། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། །ལོ་ཟླ་ཀུན་དུ་བྱ་བའོ། །གནས་ནི་དབེན་པར་གསང་བ་ཡི། །འཁོར་ལོ་རབ་ཏུ་བསྐོར་བར་བྱ། །ཕྱག་
རྒྱ་ཆེན་པོ་ཐིག་ལེ་ལས། །ཐམས་ཅད་འཇིགས་པ་སྤངས་པ་ཡི། །སྐྱེ་བོས་དབེན་ཞིང་ཡིད་འཕྲོག་པ། །གྲོང་ངམ་ལྡུམ་ར་ནགས་ཚལ་དང་། །དུར་ཁྲོད་རི་ཡི་ཕུག་ཏུའོ། །དང་པོ་ཡིད་འཇུག་བྱི་དོར་བྱ། །དཀྱིལ་འཁོར་རྣམ་པར་མེ་ཏོག་དགྲམ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི། །མེ་
ཏོག་སྣ་ཚོགས་བཀྲམ་པ་ཡི། །གཞལ་ཡས་ཁང་གིས་རྣམ་པར་སྤྲས། །དེ་དག་གནས་ཀྱི་རྣམ་བཞག་གོ། །གང་ཞིག་དམ་ཚིག་མེད་པར་ནི། །བུ་ལ་སོགས་པའང་མི་གཞུག་གོ། །ཇི་སྐད་སྡོམ་པ་འབྱུང་བ་ལས། །ཡོངས་སུ་གྲུབ་པའི་གནས་དག་དང་། །གདན་ལ་འཇུག་པར་བྱ་བ་
ནི། །རྒན་དང་གཞོན་པའི་དབྱེ་བས་དེར། །སློབ་དཔོན་རྗེས་སུ་འཇུག་པར་བྱ། །སྣོད་དང་མི་ལྡན་ང་རྒྱལ་ཆེ། །བླ་མའི་སྐྱོན་རྟོག་ཤེས་རྒྱུད་རྩུབ། །གོང་མའི་དབང་གིས་མ་སྨིན་པ། །རང་གི་བུ་དང་ཆུང་མ་དང་། །དེ་བཞིན་བྲན་དང་བྲན་མོར་བཅས། །དངོས་གྲུབ་འདོད་ཕྱིར་སྒྲུབ་པ་
པོས། །དམ་ཚིག་འདི་དག་གཞུག་མི་བྱ། །དེ་ལྟར་འདི་དག་གཞུག་པ་ན། །རྨོངས་དང་དངོས་གྲུབ་རིང་བར་འགྱུར། །དམ་ཚིག་བྲལ་གྱུར་སྡུག་བསྔལ་ཞིང་། །དེ་བཞིན་ལུས་ངག་ཡིད་ཀྱིས་མྱོང་། །གནས་ནས་འཐོན་དང་ཕུན་ཚོགས་ཉམས། །སྣ་ཚོགས་སྡུག་བསྔལ་མྱོང་བ་ཉིད། །
སྒྲུབ་པོས་འདི་བཞིན་མཆོད་པའི་ཡུལ། །ཕ་རོལ་རྣལ་འབྱོར་དངོས་གྲུབ་ཉམས། །དམ་ཚིག་མེད་པའི་འཁོར་ལོ་ནི། །ནམ་ཡང་བསྐོར་བར་མི་བྱའོ། །མཆེད་ཡུལ་རྣམ་པར་བཞག་པ་ནི། །ཚུལ་དང་མཐུན་པའི་གནས་དག་ཏུ། །སྙན་གསན་ཕབ་པའི་རྣལ་འབྱོར་པ། །སློབ་དཔོན་
རྗེས་སུ་འཇུག་པར་བྱའོ། །ཕྱི་རུ་རྣལ་འབྱོར་ཁྲུས་བྱས་ནས། །སྒོ་དག་སྐྱོང་བའི་སློབ་དཔོན་ལ། །ཚིགས་བཅད་འདི་ཡིས་འཇུག་པར་བྱ། །ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྲས་པ་ཡི། །དབྱུག་པ་ཕྱག་ན་བསྣམས་པ་ཉིད། །བདག་

ནི་འཁོར་བ་ལས་བསྒྲལ་ཕྱིར། །རྣལ་འབྱོར་ཚོགས་ཀྱི་དབུས་དག་ཏུ། །བཟང་པོའི་སྒོ་ནི་ཕྱེ་ནས་སུ། །དཔའ་བོས་གནང་གིས་གཏོང་དུ་གསོལ། །ནང་དུ་སྟན་ལ་རྒན་རིམ་གྱིས། །དཀྱིལ་འཁོར་འཁོར་ལོའི་རིམ་པའམ། །ཡང་ན་གྲལ་གྱི་རིམ་པའོ། །དེ་ནས་
སློབ་དཔོན་ཡོན་བདག་གིས། །རི་རབ་སྟེང་དུ་སྐད་ཅིག་ལ། །གནས་པའི་གཞལ་ཡས་ཁང་དཀྱིལ་དུ། །ལྷག་པའི་ལྷ་ཡི་གཟུགས་སུ་བལྟ། །དམ་ཚིག་སེམས་དཔའི་རང་བཞིན་ལ། །ཡེ་ཤེས་སེམས་དཔའ་གཞུག་པར་བྱ། །ཨརྒྷ་དང་ནི་ཞལ་བསིལ་དང་། །བསང་ཆུ་སྔོན་དུ་འགྲོ་
བ་ཡིས། །མེ་ཏོག་ཕྲེང་བ་སྤོས་ལ་སོགས། །ཐུན་མོང་གི་ནི་མཆོད་པ་དབུལ། །ཡོན་གྱི་བདག་པོས་བསྟོད་པ་བྱ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་
འགྲོ་མ། །ཀུན་དུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཡོད་མེད་རྟོག་པ་ལས་གྲོལ་ཞིང་། །འཁོར་འདས་རྣམ་པ་གཉིས་མེད་པ། །དཔེ་མེད་བདེ་བས་གང་གྱུར་པའི། །འཁོར་ལོའི་དཔའ་བོ་ལ་སོགས་བསྟོད། །འདིས་ནི་
མངོན་པར་བརྐྱང་ཕྱག་འཚལ། །སློབ་དཔོན་རྒྱུད་ཀྱི་དབྱེ་བས་དེར། །ཏིང་ངེ་འཛིན་གྱི་རིམ་པས་ནི། །རང་གི་ལྷ་ཡི་གཟུགས་སུ་འགྱུར། །ཇི་ལྷའི་རྫོགས་པའི་རིམ་པ་བསྒོམ། །ཡོན་བདག་ཡི་དམ་གཞན་ཡིན་ན། །སྔོན་ལ་རང་གི་ཡི་དམ་སྟེ། །རྗེས་ལ་སྐད་ཅིག་ཉིད་ལ་ནི། །ཡོན་བདག་
འདོད་ལྷའི་རྣལ་འབྱོར་བསྒོམ། །རྒྱུད་ལས་གསུངས་པའི་མཚན་ཉིད་ཅན། །ལས་ཀྱི་རྡོ་རྗེའི་བྱ་བ་ནི། །ཇི་སྐད་བདེ་མཆོག་འབྱུང་བ་ལས། །གཙང་ཞིང་ཞི་ལ་བློ་གྲོས་ལྡན། །རྨོངས་དང་སེར་སྣ་རྣམ་པར་སྤང་། །ཐམས་ཅད་དང་ནི་མཐུན་པར་བལྟ། །ལས་ཀྱི་རྡོ་རྗེར་དེར་རྟོག་གོ། །དེ་བཞིན་
རྡོ་རྗེ་ཕྲེང་བ་ལས། །ཁྱོད་ནི་རང་བྱུང་རྡོ་རྗེ་སེམས། །མཚུངས་མེད་ལས་ཀྱི་རྡོ་རྗེ་ཉིད། །དེ་ནས་སྣ་ཚོགས་སྟོན་མོ་དང་། །ཤ་དང་ཆང་ནི་མཉམ་པོར་སྦྱོར། །ལོངས་སྤྱོད་ཡིད་འཕྲོག་བདེ་བ་ཅན། །དཔལ་ལྡན་རྡོ་རྗེ་སེམས་དཔའ་མཉེས། །ཨ་མྲ་དང་ནི་པ་ན་ས། །མི་དིམ་ན་རཱི་ཀེ་ལ་

སོགས། །འབྲས་བུ་རྣམ་པ་སྣ་ཚོགས་པ། །ཚོགས་ཀྱི་དཀྱིལ་དུ་དབུལ་བ་ནི། །ཡང་དག་སྦྱོར་བའི་རྒྱུད་ལས་གསུངས། །འཕགས་པ་ཕྱག་ན་རྡོ་རྗེས་གསུངས། །ཇི་ལྟར་ཚོགས་པའི་རྣལ་འབྱོར་ལ། །བདུད་རྩི་རི་ལུའི་ཆུ་ཡིས་བསང་། །སྔོན་དུ་གཏོར་མ་སྦྱིན་པར་བྱ། །ཕྱག་རྒྱ་ཆེན་
པོའི་ཐིག་ལེ་ལས། །ཐོག་མར་གཏོར་མ་ཆེན་པོ་ནི། །སྣ་ཚོགས་པ་ཡི་བཟའ་བ་དང་། །བཏུང་བ་དང་ནི་ལྡན་པ་ཉིད། །ཐོག་མ་བར་དང་ཐ་མ་ནི། །ལྷག་པ་ལྷ་ཡི་རྣལ་འབྱོར་གྱིས། །གཏོར་མ་དབུལ་བར་བྱ་བ་ནི། །མདུན་དུ་དྲི་བཟང་སོགས་པས་བྱུག །དྲི་ཡིས་ཐིག་ལེས་དཀྱིལ་འཁོར་
ལ། །རང་གི་ལྷ་ཡི་འཁོར་ལོ་ནི། །ཆོ་ག་བཞིན་དུ་བསྐྱེད་ལ་མཆོད། །དམ་ཚིག་སེམས་དཔའ་མཁའ་ཉིད་ལས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་ཡི་རྩིབས་བཅུར་ཁྲོ་བོ་བཅུ། །སྲུང་བའི་འཁོར་ལོའི་ལྟེ་བ་ལ། །སྒྲུབ་པ་པོ་ཡི་ལྷ་ཉིད་དེ། །སྲུང་བའི་འཁོར་ལོའི་ཕྱི་རོལ་
དུ། །འཁོར་དང་བཅས་པའི་ཕྱོགས་སྐྱོང་དང་། །ཞིང་སྐྱོང་དུར་ཁྲོད་ལ་སོགས་པ། །ཇི་ལྟར་མངོན་རྟོགས་སྔགས་ཀྱིས་ནི། །སྐད་ཅིག་གིས་ནི་རང་གི་ལྷ། །དཀྱིལ་འཁོར་འཁོར་ལོའི་གཟུགས་སུ་བལྟ། །ཡུམ་དང་བཅས་པ་ཉིད་དུ་བསྒོམ། །དམ་ཚིག་ལ་ནི་གཞུག་པར་བྱ། །
ཇི་ལྟར་ཆོ་ག་ལ་སོགས་པ། །གཏོར་མ་བདུད་རྩིར་བྱིན་བརླབས་ཏེ། །རང་རང་སྔགས་ཀྱིས་དབུལ་བར་བྱ། །ཁྱད་པར་སོ་སོའི་མངོན་རྟོགས་ནི། །གཞུང་མངས་འཇིགས་པས་མ་བྲིས་ཤིང་། །ཡོངས་སུ་གྲགས་པ་ཅུང་ཟད་བཀོད། །དེ་ནས་གཡོན་པའི་མིང་མེད་དང་། །རྒན་པོའི་སོར་
མོ་གཉིས་སྦྱར་ནས། །ཤེས་རབ་ཁུ་བ་བྱིན་གྱིས་བརླབ། །དེ་ཡི་མདུན་དུ་ཆོས་འབྱུང་བྲི། །ཤེས་རབ་ཐབས་ཀྱི་ཁུ་བས་གཏོར། །ལྷག་པ་ལྷ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་བཞིན་དུ་གསལ་བར་བལྟ། །སྲུང་བས་བྱིན་གྱིས་བརླབས་པའི་གནས། །ཏིང་འཛིན་བྱེད་པ་རྒྱུན་མི་
བཅད། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །སློབ་དཔོན་ལ་ནི་སྣོད་གཉིས་དབུལ། །གཞན་པ་རྣམས་ལ་རེ་རེའོ། །མཆོད་རྫས་བླ་མ་ཉིས་འགྱུར་རོ། །དེ་ནས་གཞན་རྣམས་མཉམ་པོར་ཤེས། །འགའ་ཞིག་ཚིམ་པར་མ་གྱུར་ནའང་། །རང་གིས་བླང་བར་མི་བྱ་སྟེ། །ལས་ཀྱི་རྡོ་རྗེ་

ལས་བླངས་ན། །ལྟུང་བ་ཉིད་དུ་མི་འགྱུར་རོ། །གང་ཞིག་ལག་ནས་ལྷུང་བ་དག །དངོས་པོ་གཞན་གྱིས་དགབ་པར་བྱ། །འདྲེན་པས་ཧ་ཅང་གང་བ་མིན། །ལེན་པས་ཧ་ཅང་སྟོང་པ་མིན། །ཕན་ཚུན་གཅིག་ལ་གཅིག་མིན་བཞིན། །
འདོད་ཅེས་ངག་གིས་སྨྲ་བ་མིན། །འདྲེན་པས་པད་ཀོར་ཕྱག་རྒྱ་སྟེ། །གཡོན་པས་སྟེང་དུ་བསྐྱོད་པར་བྱ། །ལེན་པས་ཀྱང་ནི་དེ་བཞིན་ནོ། །ཕྱག་འཚལ་ནས་ནི་དབུལ་བྱ་ཞིང་། །འདྲེན་པས་དེ་བཞིན་ཤེས་པར་བྱ། །གཡས་པའི་ལྷ་ང་སར་བཙུགས་ཏེ། །ཐོག་མར་ཐབས་དང་
ཤེས་རབ་ལ། །གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཡང་། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཚིགས་བཅད་འདིས་ནི་སྦྱིན་པར་བྱའོ། །ཡང་ནི་ལེན་པ་པོ་ཡིས་ནི། །བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་
ཆགས་ལ་སོགས་དྲི་མ་བྲལ། །གཟུང་འཛིན་རྣམ་པར་སྤངས་པ་ཡིས། །དེ་ཁོ་ན་ཉིད་ལ་སྐྱབས་མཆིའོ། །ཚིགས་བཅད་འདིས་ནི་ལེན་པར་བྱའོ། །བླ་མའི་བཀའ་དྲིན་གནང་བ་ཡི། །སྣོད་ནི་ས་ལ་གཞག་མི་བྱ། །གནང་བ་ཐོབ་གྱུར་གཞག་པར་བྱའོ། །དེ་ལས་གཞན་དུ་ཆད་པར་
འགྱུར། །སློབ་དཔོན་རྗེས་གནང་མ་བྱིན་པར། །རྣལ་འབྱོར་བཟའ་བཏུང་དོན་གཞན་མིན། །སློབ་དཔོན་ཐོག་མར་རང་གི་ནི། །ཕྱག་རྒྱ་མཆོད་ལ་དེ་ནས་རོལ། །བཏུང་བ་དགའ་བ་བསྐྱེད་པ་ཙམ། །དེ་བས་ལྷག་དང་ཆད་པ་མིན། །བདེ་བ་བསྐྱེད་ཕྱིར་བཏུང་བ་སྟེ། །མྱོས་པའི་
ཕྱིར་ནི་མ་ཡིན་ནོ། །རྣལ་འབྱོར་ལྷ་ཡི་ང་རྒྱལ་དང་། །དུས་རྣམས་ཀུན་དུ་བྱ་བ་ཉིད། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི། །ཚོགས་ཀྱི་འཁོར་ལོར་འདུས་པས་ན། །གཏམ་གྱི་རྙེད་པ་ལ་སོགས་པ། །དེ་བཞིན་གཡེང་བ་སྤང་བར་བྱ། །མཆིལ་མ་འདོར་ལ་སོགས་པ་དང་། །སྨང་ར་འཐོག་དང་དགོད་
པ་དང་། །རྐང་ལག་བརྐྱང་བར་མི་བྱའོ། །ཡང་ཡང་ལྡང་དང་འདུག་པ་དང་། །མགྲིན་པ་བསྒྱུར་སོགས་རྟག་ཏུ་སྤང་། །གང་ཞིག་དགོས་པའི་དབྱེ་བ་ལ། །བརྡ་སྐད་ཕྱག་རྒྱ་བགོ་བར་བྱ། །འདུས་པའི་དཀྱིལ་འཁོར་དབང་ཕྱུག་གིས། །གནང་བ་བྱིན་པར་མ་གྱུར་པར། །གཞན་དུ་གླུ་དང་

གར་དང་ནི། །དེ་བཞིན་རོལ་མོ་འཁྲོལ་ལ་སོགས། །ཟབ་མོའི་སྐད་སོགས་འདྲི་བ་མིན། །གནང་བ་ཐོབ་ནས་ཅི་བདེར་འགྱུར། །གང་ཞིག་བཟའ་དང་བཏུང་བ་ལ། །ཐམས་ཅད་བདུད་རྩིར་སྦྱར་བྱས་ལ། །དེ་ནས་རང་གི་ལྟེ་བར་ནི། །གང་ཞིག་དགོས་པའི་དབྱེ་བ་ཡིས། །ལྷ་ཡི་འཁོར་ལོ་
གནས་པར་བསམ། །རང་གི་ལག་པ་གཡས་དང་གཡོན། །བླུགས་གཟར་དགང་གཟར་རང་གཟུགས་ཉིད། །ལྟེ་བའི་ལྷ་ལ་མཆོད་པའི་ཚུལ། །ལོངས་སྤྱོད་ཚོགས་ཀྱིས་མཆོད་པར་བྱ། །དེ་བཞིན་གཟུགས་ལ་སོགས་པའི་ཡུལ། །མིག་ལ་སོགས་པའི་དབང་པོ་ཉིད། །ཇི་
ལྟར་ལྷ་ཡི་གཟུགས་ཀྱིས་ནི། །རྣམ་པར་དག་པའི་རོ་གཅིག་པའི། །ཕན་ཚུན་ཤེས་པ་ཉིད་ཀྱིས་སོ། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ལྟེ་བ་པདྨའི་དབུས་སུ་ནི། །དཔའ་བོ་དབང་ཕྱུག་དྲན་པ་ཉིད། །གང་ཞིག་ཕན་ཚུན་གཅིག་ལ་གཅིག །རྣམ་པར་དག་པར་མི་ཤེས་ན། །དེ་
ལ་འཁོར་ལོའི་འབྲས་བུ་མེད། །ཐམས་ཅད་དངོས་གྲུབ་འབྲས་ཉམས་འགྱུར། །གང་དུ་རིམ་པ་འདི་ཡིས་ནི། །ཕྱི་དང་ནང་གི་བདག་ཉིད་ཀུན། །རོ་གཅིག་པར་ནི་སྤྱད་བྱས་ནས། །དེ་ནི་འགྲུབ་པར་འགྱུར་བ་ཉིད། །ཡང་དག་ཚོགས་འཁོར་འབྲས་བུ་འབྱིན། །མྱོས་བྱེད་བདེ་བ་
བསྐྱེད་པའི་ཚེ། །གླུ་དང་གར་ནི་བྱེད་འདོད་ན། །གནང་བ་ཐོབ་ནས་རྡོ་རྗེ་ཡི། །གླུ་གར་རྣལ་འབྱོར་པ་ཡིས་བྱ། །དེ་ཡང་བརྟག་གཉིས་རྒྱལ་པོ་ལས། །གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་སྡོམ་པ་བྱེད་པ་ཉིད། །དེ་ཡི་ཕྱིར་ནི་གླུ་དང་གར། །རྣལ་འབྱོར་པ་ཡིས་རྒྱུན་དུ་བྱ། །
དགའ་བ་རྡོ་རྗེ་བསྡམས་པ་ཡིས། །རྐང་པ་རྡོ་རྗེ་རྩེ་གཅིག་དང་། །རྣལ་འབྱོར་མཉམ་པར་གཞག་པ་ཡིས། །བདེ་བ་བསྐྱེད་ཕྱིར་གར་ཉིད་དེ། །ཐར་པའི་རྒྱུར་ནི་བརྗོད་པར་བྱའོ། །རྒྱུད་ལས་གསུངས་པའི་རིམ་པ་སྟེ། །གཞན་དུ་གནང་བ་མ་ཡིན་ནོ། །དེ་བཞིན་རྡོ་རྗེ་ཕྲེང་བ་ལས། །
དགའ་བ་བསྐྱེད་ནས་གནང་བ་ཡིས། །གླུ་དང་གར་ནི་བྱ་བ་ཉིད། །གང་ཞིག་རྡོ་རྗེ་བསྡམས་ལ་སོགས། །དེ་བཞིན་ལྷ་ནི་མཉེས་པ་ཉིད། །རྒྱུད་ལས་གསུངས་པ་རྡོ་རྗེའི་གླུ། །ཀོལླ་ཨི་རེཊྛི་ཨཱ་བོ་ལཱ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི་

ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱ་ཌྷེཾ་མ་ཨ་ཎཱ་པིཛྫ་ཨ་ཨི། ཧ་ལེ་ཀྭ་ཡེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪ་རཱི་སིཧླ། ཀཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨནྡྷ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རེནྟེ། ཤུདྡྷ་ཨ་
ཤུདྡྷ་ཎ་མུ་ཎི་ཨ་ཨི། ནི་རཾ་སུ་ཨཾ་གེཙྪ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་པཱ་ཊ་ཨི་ཌེཎྜི་མ་ཏ་ཧིཾ་ཎ་བཱཛྫི་ཨ་ཨི། གྲུབ་ཐོབ་བླ་མས་གསུངས་པའི་དབྱངས། །སྟོང་པ་སྙིང་རྗེ་དབྱེར་མེད་པར། །དོན་སྟོན་རྡོ་རྗེའི་གླུ་ཉིད་དོ། །གཞན་དུ་རྟོགས་པས་ཕན་ཚུན་
དུ། །སྦྲེལ་བ་རྡོ་རྗེའི་གླུ་མ་ཡིན། །རྡོ་རྗེ་རྐང་པའི་གར་ལ་སོགས། །གཞན་དུ་གྲགས་ཕྱིར་འདིར་མ་སྤྲོས། །འདིར་ནི་ཆོ་ག་ཇི་བཞིན་དུ། །གླུ་གར་ལ་སོགས་རིམ་པ་ནི། །བྱིན་གྱིས་བརླབ་པར་འགྱུར་བ་ཉིད། །དེ་ལ་ཐུན་མོང་བྱིན་རླབས་རྟགས། །དེ་ཡང་བརྟག་གཉིས་རྒྱལ་པོ་
ལས། །གསུངས་པ་རིམ་བཞིན་ཤེས་བྱས་ཏེ། །འཁོར་ལོའི་དབང་ཕྱུག་མདུན་དུ་ནི། །གང་ཞིག་གུས་པས་གླུ་དང་གར། །བྱས་པས་དྲི་ཡི་མཚན་ཉིད་ནི། །ཐོག་མར་སྒོག་པའི་དྲི་ཉིད་དེ། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་པུར་མ་ལ་ཡ་ཡི་དྲི། །བྱིན་རླབས་གླུ་ཡི་མཚན་ཉིད་དོ། །ངང་པ་དང་ནི་བུང་
བའི་སྒྲ། །ཐོས་པས་གླུ་ཡི་ཁྱད་པར་ཉིད། །བ་ལང་ཚེ་ཡི་སྒྲ་ཉིད་ནི། །ཕྱི་རོལ་ཉེ་བའི་མཚན་ཉིད་དོ། །ཁྱད་པར་བྱིན་གྱིས་བརླབས་པའི་རྟགས། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །གལ་ཏེ་ཐུན་མོང་རྣལ་འབྱོར་མ། །འདུས་པའི་ཚོགས་སུ་འོངས་པ་ན། །གཡོན་པའི་ཙྪོ་མའི་བརྡ་ཡིས་ནི། །
བདེ་བའི་ཕྱག་རྒྱ་བྱ་བ་ཉིད། །དེ་ལ་སྒྲུབ་པ་པོ་ཡིས་ནི། །གཏམ་འདྲི་རྣམ་རྟོག་བྱར་མི་རུང་། །ཅུང་ཟད་དྲི་བར་འདོད་ན་ཡང་། །གང་ཞིག་རྡོ་རྗེ་སློབ་དཔོན་ནམ། །ཡང་ན་ལས་ཀྱི་རྡོ་རྗེ་ཡིས། །བརྡ་དང་ཕྱག་རྒྱ་འདྲི་བར་འགྱུར། །སྣ་ཚོགས་གཟུགས་ཀྱི་རྣལ་འབྱོར་མ། །ཡང་
དང་ཡང་དུ་འགྲོ་ཞིང་འོང་། །དེ་ལ་ཐེ་ཚོམ་ཟ་བ་དང་། །ཡ་མཚན་འཇིགས་པར་བྱེད་དོན་སོགས། །སྒྲུབ་པ་པོ་ཡིས་མི་བྱ་སྟེ། །བྱས་ན་དངོས་གྲུབ་ཉམས་པ་ཉིད། །དེ་ནས་དཀྱིལ་འཁོར་སྡུད་པ་ན། །ལྷག་མའི་གཏོར་མ་སྦྱིན་པར་བྱ། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ལྷག་མའི་

གཏོར་མའི་སྦྱོར་བ་ཡིས། །དངོས་གྲུབ་རྣལ་འབྱོར་ཆེན་པོར་འགྱུར། །ཨོཾ་ཀྵི་ཨུཙྪིཎྜེ་ཀྵེ་ཏྲ་པཱ་ལཱ་ཡ་སྭཱ་ཧཱ། །སྔགས་འདི་བརྗོད་ཅིང་ཁ་ཕྲུས་གདབ། །ཡང་ན་སློབ་དཔོན་སྔོན་འགྲོ་བས། །གང་ཞིག་མ་མཐོང་གྱུར་པ་ན། །རྟགས་ཀྱི་སྦྱོར་བའི་མཚན་ཉིད་ནི། །རྣལ་འབྱོར་གྱིས་
ནི་ཤེས་པར་བྱ། །གང་ཞིག་བྱད་ཟླུམ་ཁ་དོག་དམར། །བཞིན་བཟང་སྨིན་མ་རིང་བ་ནི། །འོད་དཔག་མེད་ཀྱི་རིགས་ཤེས་བྱ། །དེ་ལ་རུས་སྦལ་ཕྱག་རྒྱ་བསྟན། །ཅུང་ཟད་སྦོམ་ཞིང་མིག་དཀྱུས་རིང་། །དཀར་སེར་མདོག་ཅན་ཡིད་འཕྲོག་མ། །སྣ་ཚོགས་གོས་ནི་འཛིན་པ་སྟེ། །རི་
མོ་གསུམ་འགྲེང་དཔྲལ་བར་མཚན། །གང་དུ་གནས་པའི་ས་དག་ཏུ། །གྲོང་བའི་ཤི་སོགས་གཏམ་སྨྲ་བ། །འདི་ཉིད་རིན་འབྱུང་རྣལ་འབྱོར་མ། །དཔལ་ལྡན་མཁའ་འགྲོ་ཞེས་བྱར་བལྟ། །རྩེ་གསུམ་པ་ཡི་ཕྱག་རྒྱ་བསྟན། །གཡོན་བརྐྱང་བ་ཡི་གར་སྟབས་ཀྱིས། །དེ་ཡི་
མདུན་དུ་བལྟ་བར་བྱའོ། །ལག་ཏུ་གཡོན་པས་བྱིན་ནས་ནི། །ཕྱག་རྒྱ་རབ་ཏུ་སྟོན་པར་བྱེད། །ཁ་དོག་གནག་ཅིང་གོས་ནག་འཛིན། །སྐྲ་ལི་དཔྲལ་བ་གཞུ་ཡི་དབྱིབས། །མཚན་མའི་རྣམ་པར་རྟོག་པར་སྟོན། །སེམས་འགྲོ་བ་ཡི་མར་རབ་གྲགས། །གཡོན་བསྐུམ་དགེ་བའི་
གར་གྱིས་ནི། །ཕྱག་རྒྱ་རབ་ཏུ་བསྟན་པར་བྱ། །མི་བསྐྱོད་པ་ཡི་རིགས་སུ་ཤེས། །གཡོན་པའི་སྟངས་ཀྱི་ལན་ཡང་འདེབས། །ལུས་སྦོམ་གསུས་པ་ཅུང་ཟད་འཕྱང་། །མིག་ཡངས་རྫི་མ་མང་བ་ལ། །བྱིན་པ་སྦོམ་ཞིང་མཛེས་པ་ནི། །ས་འོག་གྲུབ་པ་ཤེས་པ་སྟེ། །རྣམ་སྣང་
རིགས་སུ་ཤེས་པས་ན། །དེ་ལ་དུང་གི་ཕྱག་རྒྱ་བསྟན། །མིག་སྐམ་བ་སྤུ་ཐམས་ཅད་ལངས། །ལུས་སྐེམ་ལག་པ་རིང་བ་ལ། །མཁའ་འགྲོ་ཞེས་སྒྲ་རབ་ཏུ་སྒྲོགས། །འདི་ཉིད་དོན་གྲུབ་རིགས་སུ་ཤེས། །དེ་ལ་རབ་བལྟ་མཐའ་མ་བསྐོར། །ལག་པ་གཡོན་གྱི་དབྱེ་བ་
ཡི། །བ་དན་ཕྱག་རྒྱ་བསྟན་པར་བྱ། །ཇི་ལྟར་འདི་དག་ལ་མཁས་པས། །རབ་ཏུ་འབད་པས་ཤེས་པར་བྱ། །དྲི་བའམ་ཕྱག་རྒྱ་བྱེད་པ་ན། །དེ་ཡི་དོན་གྱིས་མཆོད་པར་བརྗོད། །གང་ཞིག་འདི་རྣམས་ཐམས་ཅད་ལ། །དཔའ་བོ་རྐྱང་པའི་བྱ་བ་ནི། །དཔའ་བོའི་སྟོན་མོ་ཞེས་

སུ་བརྗོད། །ཚོགས་ཀྱི་དབང་ཕྱུག་དེ་ལྟ་མིན། །དེ་བཞིན་དཔའ་མོ་རྐྱང་པ་ལ། །དཔའ་མོའི་དབང་ཕྱུག་སྟོན་མོ་ཉིད། །དེ་ལྟར་འཁོར་ལོའི་དབང་ཕྱུག་ལ། །ཤེས་རབ་ཐབས་དང་བཅས་པ་ཉིད། །གཞན་ཡང་གང་ཞིག་སྟོབས་དང་ནི། །མྱོས་བྱེད་ཁུ་བ་རྐྱང་པས་
ནི། །འཕགས་པ་ཕྱག་ན་རྡོ་རྗེའི་ཞབས། །སྟོབས་དང་མྱོས་བྱེད་ཁུ་བར་ནི། །མི་ལྡན་ཡོན་ཏན་བསོད་ནམས་ཉམས། །གཙོ་བོ་ཚོགས་ཀྱི་དབང་ཕྱུག་གིས། །ཁྱད་པར་ཤེས་རབ་གཡོན་དུ་བཞག །འདིར་ནི་ཇི་ལྟར་འབྱོར་པ་དང་། །ཇི་ལྟར་ནུས་པའི་རིམ་པ་ཡིས། །ལྔ་ཡི་
བདག་ཉིད་དཀྱིལ་འཁོར་སོགས། །རྣམ་པར་དག་པའི་ཆོ་གས་མཆོད། །ཐམས་ཅད་རང་གི་རྣལ་འབྱོར་གྱིས། །འདིར་ནི་དགེ་བར་འདོད་པས་ན། །རྣམ་དག་ལྷ་ཡི་རྣལ་འབྱོར་གྱིས། །སློབ་མས་ཚོགས་ཀྱི་རྣལ་འབྱོར་གོམས། །ནང་གི་དབང་ཕྱུག་གྱུར་པ་སྟེ། །རྒྱུན་པར་
ཤིན་ཏུ་གོམས་པས་ན། །གང་ཚེ་ཆོ་ག་འདི་ཡིས་ནི། །རིམ་པ་འདི་ནི་རྣམ་པར་སྤྱད། །དེ་ཚེ་རྟག་ཏུ་གོམས་པས་ན། །སྤྲོས་བཅས་སྤྲོས་མེད་རྣམ་པར་གཞག །དེ་ནས་སྒྲུབ་པ་པོ་ཡིས་ནི། །ཞལ་བསིལ་ཕྱག་ཕྱིས་གོ་ལ་དབུལ། །ཡོན་ཏན་སོགས་པས་མཉེས་པར་བྱ། །
རང་གི་ལྷ་ཡི་འཁོར་ལོ་ཉིད། །དང་པོ་ཐར་པར་འགྱུར་བ་སྟེ། །དེ་ནས་བསོད་ནམས་བསྔོ་བར་བྱ། །བཟོད་པར་གསོལ་ལ་ཚོགས་ཀྱི་ནི། །འཁོར་ལོ་གཤེགས་པར་བྱ་བ་ཉིད། །བདག་ཉིད་དབང་ཕྱུག་གྱུར་པས་ན། །གཞན་ལ་ཕྱག་ནི་བྱ་མི་དགོས། །ཆོ་གའི་རིམ་པ་འདི་
ཡིས་ནི། །ཇི་ལྟར་རིགས་པར་འབད་གྱུར་ན། །དེ་ཡི་བསོད་ནམས་མཐའ་མ་ནི། །ཚད་གཟུང་ནུས་པ་མ་ཡིན་ནོ། །དེ་ལྟར་ཕྱག་ན་རྡོ་རྗེ་ཡིས། །གསུངས་པའི་རྗེས་སུ་འབྲང་བར་འགྱུར། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་པཎྜི་ཏ་རཏྣ་རཀྵི་ཏས་
མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་རཏྣ་རཀྵི་ཏ་པའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་པྲཱ་ཀ་ས་ནཱ་མ། བོད་སྐད་དུ།

ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་རྒྱལ་པོ་ཡི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། །དངོས་གྲུབ་དགོས་པ་ཀུན་སྒྲུབ་པའི། །ཚོགས་ཀྱི་འཁོར་ལོའི་རིམ་བཤད་བྱ། །དེ་ལ་ཚོགས་
ཀྱི་འཁོར་ལོ་བརྒྱ་རྩའམ་འབུམ་ལ་སོགས་པ་བྱེད་པར་འདོད་པས་འབྱོར་པ་དང་བསྟུན་པའི་རིམ་པ་ནི་གསུམ་སྟེ། རྒྱལ་པོ་ལྟ་བུའི་དང་། འབངས་ལྟ་བུའི་དང་། རྣལ་འབྱོར་པའི་རིམ་པ་ལྟ་བུས་བྱ་བའོ། །དང་པོ་ནི་འབྱོར་པ་དང་ལྡན་པས་རྒྱུད་གང་དང་རྟོག་བསྲེ་མཐུན་པའི་རྣལ་
འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་རང་གི་སློབ་དཔོན་སྔོན་དུ་འགྲོ་བའི་བློ་ཅན་རྣམས་ཀྱིས་དེའི་ཆོ་ག་དང་། བརྡ་དང་ཕྱག་རྒྱ་ལ་སོགས་པ་ཐ་མ་སྙོམས་འཇུག་གི་བར་དུ་བྱ་བ་ནི་གཅིག་སྟེ། རིམ་པར་ཕྱེ་བ་དང་པོའོ། །གཉིས་པ་ནི་ཇི་ལྟར་ཚོགས་པའི་འབྱོར་པ་དང་། ཇི་ལྟར་རིགས་པའི་རྣལ་
འབྱོར་ཕོ་མོ་རྣམས་རྡོ་རྗེ་སློབ་དཔོན་སྔོན་དུ་འགྲོ་བར་བྱ་སྟེ། ཆོ་ག་ནི་རྒྱུད་ཀྱི་དབྱེ་བ་ལས་ཤེས་ཏེ། དེ་ལྟ་བུའི་བྱ་བ་གཅིག་ཏུ་འདོད་དེ་རིམ་པར་ཕྱེ་བ་གཉིས་པའོ། །གསུམ་པ་ནི་འབྱོར་པ་དང་ལྡན་པས་རྒྱུད་དུ་མའི་རྣལ་འབྱོར་པ་རང་གི་རིག་བྱེད་ལ་མཁས་པའི་ཚོགས་ལ་སྤྲོ་བ་
དང་བསྡུ་བའི་རིམ་པས་བྱ་སྟེ། དེ་ལྟར་རྣལ་འབྱོར་པའི་གྲངས་ཇི་སྙེད་པ་དེ་སྙེད་ཚོགས་ཀྱི་འཁོར་ལོའི་དབྱེ་བ་ཤེས་པར་བྱ་སྟེ། འདི་ནི་རིམ་པར་ཕྱེ་བ་གསུམ་པའོ། །དེ་ཐམས་ཅད་ལ་གནས་དང་རྫས་དང་། རྣལ་འབྱོར་པ་དང་། ཆོ་ག་དང་། ཡོན་བདག་ལ་བར་ཆད་མེད་པར་
བྱའོ། །གྲངས་དུ་མ་བྱ་བར་འདོད་པས་ཚུལ་འདིས་ནི་ཡོངས་སུ་ཤེས་པར་བྱའོ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་ཞེས་བྱ་བ་ཨཱ་ཙཱརྱ་ཧེ་རུ་ཀ་བཛྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་རཏྣ་རཀྵི་ཏའི་ཞལ་སྔ་ནས་ལོ་ཙཱ་བ་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་བཱ་ཀ་ཙིཏྟ་སུ་པྲ་ཏིཥྛ་ནཱ་མ། བོད་སྐད་དུ། སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་

རྟེན་བླ་མ་ལ། །གུས་པས་ཕྱག་འཚལ་རྟེན་གསུམ་ལ། །རྒྱུད་དང་བླ་མའི་གསུང་བརྟེན་ནས། །སྒྲིབ་སྦྱོང་རབ་གནས་བྲི་བར་བྱ། །སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་
ཀུན་ལ་མཁས་པ་སྟེ། །དམ་སྡོམ་བྱང་ཆུབ་སེམས་འབྱོངས་པས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ལ། །དེ་དང་འདྲ་བའི་གྲོགས་བཅས་ཀྱིས། །དུས་ཟླ་གཟའ་སྐར་ཚེས་གྲངས་ནི། །ཉི་མའི་ཁྱིམ་ནི་བཅུ་གཉིས་ཏེ། །དགུན་དཔྱིད་ར་འབྲིང་རོ་ཧི་ཏའི། །དུས་སུ་ཉི་མ་ལོག་ནས་ནི། །
བྱང་འགྲོ་ཟླ་དྲུག་ཉིན་མོ་འཕེལ། །དེ་དྲུག་ཞི་བ་རབ་གནས་ཤིས། །དབྱར་སྟོན་ར་འབྲིང་ཟླ་དྲུག་ལྷོར། །ནག་འཕེལ་དྲག་ཉི་དེར་མི་བརྩམ། །ཕུར་བུ་ལག་དང་པ་བ་སངས། །ཟླ་བ་བཟང་ལྡན་གཟའ་དེ་ཤིས། །ཉི་སྤེན་དམག་དཔོན་ནོར་འཇོམས་ངན། །ཆུ་སྨད་སྣར་མ་གྲོ་བཞིན་དང་། །
ལག་དང་སྣྲོན་སྣྲུབས་རྒྱལ་ཆུ་སྟོད། །ཁྲུམས་སྨད་སྐྱེ་དགུ་འཕེལ་བ་དང་། །རབ་ཏུ་གནས་པའི་མཆོག་ཏུ་བྱེད། །ཡིད་འདོད་དངོས་གྲུབ་མེ་བཞི་སྟེ། །སྣྲུབས་དང་གྲོ་བཞིན་དེ་བཞིན་ཏེ། །ལག་གིས་སྐལ་བཟང་སྣར་མས་རྒྱལ། །མགོ་ཡིས་ཉེ་བར་ཞི་བར་བྱེད། །ཆུ་སྟོད་ཀྱིས་ནི་བུ་
དག་གསོན། །ཁྲུམས་སྨད་རྟག་པར་དངོས་གྲུབ་སྟེར། །རྒྱལ་གྱིས་ཚེ་རིང་བརྟན་པར་འགྱུར། །སྣྲོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ན་མི་མཆོག་སྟེར་འགྱུར། །གཟའ་དང་སྐར་མ་དེ་དག་ཀྱང་། །དར་གུད་མི་རིགས་ལས་དང་སྦྱར། །ཚེས་གཅིག་གསུམ་ལྔ་དྲུག་
བདུན་བཅུ། །དྲུག་པོ་ནོར་འཇོམས་སྤང་གཞན་ཤིས། །གཟའ་སྐར་ཚེས་གྲངས་མཐུན་འཛོམ་ན། །མར་གྱི་ངོ་ལའང་བྱ་བར་ཤིས། །གནམ་སྟོང་བཅུ་བཞི་ཀུན་དུ་སྤང་། །ཟླ་བ་གཟའ་དང་སྐར་མ་དང་། །ཉི་མ་དུས་འཛོམ་སྐད་ཅིག་ལ། །ཇི་སྐད་གསུངས་པ་བཞིན་བྱས་ན། །
བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །རབ་ཏུ་གནས་པ་མཆོག་འགྱུར་ཏེ། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སློབ་དཔོན་མཚན་མ་ཐོབ་པ་ན། །གཟའ་དང་རྒྱུ་སྐར་བརྩི་མི་དགོས། །བགེགས་དང་ལོག་པར་འདྲེན་པའང་མེད། །

གཟའ་རྣམས་ཐམས་ཅད་རྗེས་མཐུན་ཞིང་། །བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད། །དེ་དྲུག་བཀའ་སྒྲུབ་ཀུན་གནས་ཤིང་། །གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱི། །དངོས་གྲུབ་དག་ནི་སྟེར་བར་མཛད། །ཡིད་ཀྱིས་ཅུང་ཟད་གང་བསམས་པ། །སྐྱེ་དང་སྐྱེ་བར་འགྲུབ་པར་
འགྱུར། །ཡང་ཐོག་མཆོད་རྟེན་ལ་སོགས་གནས། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་བྱ། །བརྡུངས་ལུགས་འབུར་བྲིས་སོགས་རྟེན་ནི། །རང་རང་མཚན་ཉིད་ལྡན་པ་སྟེ། །ཞི་ཁྲོ་ལ་སོགས་རང་ཚུལ་མཐུན། །ཚད་ཀྱིས་ཚད་ལ་ཕབ་ཅིང་
བཟང་། །དེ་འདྲ་རབ་ཏུ་གནས་པར་འགྱུར། །བཟློག་པ་སྐྱོན་འགྱུར་དེ་ཕྱིར་གཟབ། །རབ་གནས་དགོས་དང་མི་དགོས་གཉིས། །དམ་པའི་དོན་དུ་དཔྱད་པ་ན། །གང་ཞིག་གང་གིས་གང་དུ་བརླབ། །གདོད་མ་ནས་ཞི་སྐྱེ་མེད་ལ། །ཇི་འདྲ་ཇི་ལྟར་རབ་ཏུ་གནས། །ཆོས་རྣམས་ཐམས་
ཅད་འོད་གསལ་དུ། །རྟོག་དང་ལྡན་པའི་མཆོད་གནས་ལ། །རབ་ཏུ་གནས་པ་མི་དགོས་ཏེ། །ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །མཆོད་རྟེན་གླེགས་བམ་སྐུ་གཟུགས་སོགས། །སངས་རྒྱས་རྣམ་འཕྲུལ་བྱིན་རླབས་ལས། །བྱུང་བ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་
ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །དང་པོའི་ལས་ཅན་མ་འབྱོངས་ལ། །འཇིག་རྟེན་ཐ་སྙད་ཀུན་རྫོབ་ཏུ། །འགྲོ་བས་དེ་ཉིད་མི་ཤེས་ལ། །སྟོན་པས་རབ་ཏུ་གནས་པ་བཤད། །དབྱེ་བ་སྒྲ་དོན་སྐྱོན་ཡོན་ལས། །བྱ་བའི་ཐབས་དང་རྣམ་པ་དྲུག །དོན་དམ་
སྤྲོས་མེད་རབ་གནས་དང་། །ཀུན་རྫོབ་སྐུ་གསུང་ཐུགས་གསུམ་སྟེ། །ཡོན་ཏན་ཕྲིན་ལས་ཞོར་ལ་འབྱུང་། །དམ་ཚིག་སེམས་དཔའ་སྦྱངས་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་ཡུན་རིང་དུ། །གནས་པའི་ཕྱིར་ནི་རབ་ཏུ་གནས། །གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་
མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འགྱུར་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་བཞིན་བྱིན་མ་བརླབས་སྐུ་ལ། །གང་ཞིག་ཕྱག་འཚལ་མཆོད་

བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་ཏེ། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །བདེ་འགྲོ་མཐོ་རིས་ཡོད་མིན་ལ། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་
བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཏ་ལའི་མགོ་བཅད་སྔོ་མིན་ལྟར། །དེ་བཞིན་སྔགས་སྒྲུབ་རྨོངས་པ་དང་། །ཚུལ་ཁྲིམས་ཉམས་ཤིང་སྡིག་ལས་བྱེད། །རྟག་ཏུ་བུད་མེད་ཆགས་པ་ལ། །འདི་ནི་རབ་ཏུ་བསྟེན་མ་ཡིན། །མི་དགེ་བཤེས་གཉེན་བསྟེན་
པས་ནི། །སྔགས་ཀྱི་རྒྱལ་པོ་ག་ལ་འགྲུབ། །ཡོན་ཏན་ཡང་ནི་རྩ་རྒྱུད་ལས། །འཇིག་རྟེན་སྔགས་རྣམས་ཇི་སྙེད་དང་། །དེ་སློབ་བསེ་རུ་བྱང་ཆུབ་སེམས། །བདག་ཉིད་ཆེན་པོས་གསུངས་པ་ཡིན། །ཆོ་ག་གཞུང་དང་མཐུན་པར་ནི། །རབ་ཏུ་གནས་པ་བྱས་ནས་ཀྱང་། །
རི་མོ་འདི་ནི་མདུན་བཞག་ན། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར། །དེ་བཞིན་མཆོད་དང་ཕྱག་འཚལ་དང་། །མཐོང་དང་རེག་པ་ཙམ་གྱིས་ཀྱང་། །སྡིག་པའི་རྙོག་པ་ཀུན་ལས་གྲོལ། །རས་རིས་ལ་སོགས་མཐུ་ཆེན་ལ། །དོན་དུ་གཉེར་དང་བསྐུལ་བས་ནི། །མྱུར་
དུ་སྐྱེ་བ་དོན་ཡོད་ཐོབ། །རྗེས་སུ་ཡི་རང་དེ་བཞིན་ནོ། །རྟེན་འདི་མཐོང་བའི་སྐྱེ་བོ་ཡིས། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །ལས་ནི་ཡོན་བདག་བསོད་ནམས་སྤེལ། །སྔགས་པས་དགེ་བ་རྙེད་པར་བྱེད། །དེ་
བཞིན་སློབ་དཔོན་སྔགས་གནས་པས། །ཆོས་ལྡན་མཆོད་པ་བྱེད་པ་གང་། །དེ་ཡིས་སྐྱེ་བར་མཆོད་པར་འགྱུར། །བྱ་ཐབས་ཆོ་ག་དག་ལས་བྱ། །ཆོ་ག་དམན་གནས་བཀྲ་མི་ཤིས། །འདིར་སྡུག་ཕ་རོལ་འཇིགས་པ་ཆེ། །དངོས་གྲུབ་འདོད་པས་ཆོ་གར་འབད། །
ཆོ་གའི་ཚུལ་ལེགས་བསོད་ནམས་ནི། །མཐོང་དང་མི་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །རྟེན་ལ་བྱིན་རླབས་འཇུག་པར་འགྱུར། །གང་ཟག་བློ་རིགས་ཐ་དད་པས། །ཡོན་མཆོད་འབྱོར་ཆོག་ཚོགས་པ་ཡིས། །རབ་གནས་རྒྱས་པ་སྤྲོས་བཅས་བྱ། །

འབྲིང་པོས་ཆོ་ག་ཚད་ཙམ་དང་། །བསྡུས་པ་ཏིང་འཛིན་ཐུན་གཅིག་ལ། །རྡུལ་ཚོན་ལ་སོགས་མི་དགོས་བྱ། །རྒྱས་པ་མཚན་ལྡན་བླ་མ་ལ། །སློབ་མས་ལན་གསུམ་གསོལ་བཏབ་ནས། །བཀའ་བསྒོ་སློབ་མས་རྫས་བསོགས་ཏེ། །ཡིད་འོང་གནས་སུ་བསྙེན་གསུམ་བསྐྱལ།
ས་ཡི་ཆོ་ག་གཞུང་བཞིན་བྱ། །ལྷ་བུམ་སྦྱིན་སྲེག་ས་ཡི་ལྷ། །སྟ་གོན་སྤྱི་དང་མཐུན་པར་བྱ། །འདི་སྐབས་སློབ་མ་སྟ་གོན་ནི། །གང་བྱེད་གཞུང་དང་མཐུན་གནས་ཡིན། །དེ་ཡང་སྔགས་གྲོགས་སློབ་དཔོན་འདྲ། །ཡོན་བདག་སྟ་གོན་གནས་པ་ནི། །རྒྱས་པ་བཀྲ་ཤིས་ཆོ་ག་
འདི། །བརྩམས་ནས་ཡོངས་སུ་རྫོགས་ཀྱི་བར། །ཡོན་མཆོད་ལ་སོགས་མི་རྣམས་ཀུན། །ལུས་ངག་ཡིད་སྤྱོད་བཟང་ལྟས་བྱ། །ངན་པའི་ཕྱོགས་ཀུན་ཐག་རིང་སྤང་། །བཟང་ངན་གང་བྱུང་མི་རབས་བདུན། །འབྱུང་བས་ངན་ན་འབར་སོགས་བཟློག །ནང་པར་དཀྱིལ་
འཁོར་རྫས་ཚང་བཤམ། །ཤར་ལྷོར་རབ་གནས་དབང་སྟེགས་ནི། །དཔངས་ཁྲུ་རྒྱ་ནི་རྟེན་དང་སྦྱར། །བ་ཡི་ལྔས་བྱུགས་པད་འཁོར་སེར། །ཉི་ནུབ་དཔོན་སློབ་ཁྲུས་བྱས་བརྒྱན། །བགེགས་བསྐྲད་ཆད་ལྷག་བསྐང་བྱས་ཏེ། །བུམ་པའི་བསྙེན་སྒྲུབ་གཞུང་ལྟར་བྱ། །
དེ་ཡང་སྲུང་བའི་འཁོར་ལོ་ནས། །མཆོད་བསྟོད་བསྒོམ་བཟླས་བར་དུ་ནི། །མཚན་མ་བྱུང་གི་བར་དུ་བྱ། །དེ་རྗེས་རང་འཇུག་དབང་ཡང་བླང་། །དེ་རྗེས་སྙན་གསན་གསོལ་བ་གདབ། །ཕྱིར་ཕྱིན་གཏོར་མ་རྒྱ་ཆེན་གཏང་། །བགེགས་ལ་བཀའ་བསྒོ་བདེན་བདར་བྱ། །ནང་
ཞུགས་ཉེ་རེག་འཐོར་འཐུང་བྱས། །སྔོན་དུ་ཡོན་བདག་དབང་རྒྱས་བསྐུར། །དེ་ནས་རབ་གནས་སྟ་གོན་ཏེ། །རྟེན་གསར་རྣམས་ནི་དེར་དྲངས་ལ། །དཀྱིལ་འཁོར་མཁར་འདེགས་བདག་ཁྲོར་བསྒྱུར། །བགེགས་ལ་བཀའ་བསྒོ་སྟང་སྟབས་བྱ། །ཁྲོ་བོའི་བསྟོད་བཟླས་ར་
དྲ་སོགས། །སྲུང་འཁོར་རྒྱས་པར་བསྒོམ་པར་བྱ། །གོང་ནས་རྟེན་གསར་བཞུགས་པ་ན། །ན་བཟའ་ཅར་གཡོགས་ཞལ་ཕྱིར་བསྟན། །དཀྱིལ་འཁོར་བྲིས་ནས་སྟ་གོན་ཏེ། །མ་བྲིས་རབ་གནས་དབང་ནུས་མེད། །སློབ་དཔོན་བརྟན་མ་ཐོབ་ནུས་མེད། །དཀྱིལ་

འཁོར་བྲིས་ཆོག་དགོས་མེད་འགྱུར། །དེས་ན་རྒྱུད་དང་བླ་མ་ནི། །དམ་པའི་སྙན་བརྒྱུད་གདམས་ངག་དགོས། །སྟ་གོན་བགེགས་ནི་བསྐྲད་པའི་གནད། །དངོས་གཞི་བྱིན་རླབས་སྦར་བའི་གནད། །རྗེས་ནི་བསྟན་པ་དར་རྒྱས་གསུམ། །སྟ་གོན་ནུབ་མོ་
ཕྱག་རྒྱ་དགྲོལ། །དཀྱིལ་འཁོར་ཤར་སོགས་ཀུ་ཤའི་སྟེང་། །སེང་གེའི་ཉལ་སྟབས་ཆོས་ཉིད་ཉལ། །སྐྱ་རེངས་ཤར་དུས་ཆོས་ཉིད་ལས། །ལངས་ཏེ་ཁྲུས་བྱས་བརྒྱན་ལྷར་བསྐྱེད། །རྟེན་གསར་ཐ་མལ་དྲིལ་སྦྱང་ཕྱིར། །ཤིང་བུ་གྲུ་གསུམ་མེ་སྦར་ལ། །ཁམ་ཕོར་
སྟེང་དུ་བག་ཟན་གྱི། །ཀོང་བུ་གསུམ་ལ་མར་མེ་སྦར། །འབྲས་ཀྱི་ཆང་བུ་གསུམ་ལ་ནི། །རྡོ་རྗེ་གཙུག་ཏོར་གནོད་སྦྱིན་གྱིས། །སྐུ་ལ་ཕྱི་བཀྲུ་ལན་གསུམ་བྱ། །འབྲས་མེད་བག་ཕྱེས་བྱ་བར་འོས། །སྔགས་གཉིས་ཟློས་ཤིང་ཡུངས་ཀར་བྲབ། །མི་གཙང་དོར་བསམ་སླ་
ངར་བླུགས། །དེ་རྗེས་ཆུ་མེས་དེ་ལྟར་བྱ། །ཡང་ན་གཡམ་སྟེང་ཆུ་མེ་དང་། །ཞོ་ཟན་བསྲེས་དང་ཡུངས་ཀར་ལ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བཟླས་མེར་བསྲེགས་བཞི་མདོར་དོར། །འདག་ཆལ་སུག་པ་ཉེ་ཤིང་པ། །ཤུ་ཏི་སྲན་ཕྱེ་བ་ཡི་ལྔ། །ཏིལ་
མར་གྱིས་ནི་སྔགས་བཅས་བཀྲུ། །བག་ཆགས་སྦྱང་ཕྱིར་ཆུ་བརྒྱད་ཁྲུས། །རྡུལ་གཡབ་མེ་ལོང་བསྟན་བྱས་ཏེ། །ཆབ་གཙང་ཆུ་གཙང་སྨན་ཆབ་དང་། །སྤུ་ཆབ་འོ་མ་འབྲུ་སྣ་ལྔ། །རིན་ཆེན་མཆོད་ཡོན་ཁྲུས་བྱས་ལ། །ཤིང་བལ་རས་ཀྱིས་སྐུ་ཕྱིས་ལ། །དབང་སྟེགས་
སྟེང་དུ་བཞུགས་གསོལ་ལ། །མར་དང་དྲི་ལྔ་ག་པུར་དང་། །ཙནྡན་ཛཱ་ཏི་གུར་གུམ་དང་། །གླ་རྩི་བྱུགས་ཏེ་སྟོང་པར་སྦྱང་། །སྟོང་པའི་སྔགས་གསུམ་རིམ་བཞིན་བརྗོད། །དེ་ནས་ལྷར་བསྐྱེད་དངོས་དེའམ། །དཀྱིལ་འཁོར་གང་བྲིས་ཡི་དམ་ལྷ། །གཙོ་འཁོར་བཅས་པའམ་གཙོ་
རྐྱང་ནི། །མངོན་པར་བྱང་ཆུབ་ལྔས་བསྐྱེད་ལ། །རབ་གནས་དབང་བསྐུར་མངའ་གསོལ་གསུམ། །རབ་གནས་ཡེ་ཤེས་སེམས་དཔའ་ཡི། །སྤྱན་དྲང་ཆོས་བརྒྱད་སྙན་གསན་དབབ། །སྤྱན་དྲངས་བཞུགས་གསོལ་ཁྲུས་མཆོད་ཡོན། །ཕྱག་འཚལ་སུམ་བསྲེས་སྐུ་གསུང་

ཐུགས། །བྱིན་གྱིས་བརླབ་པའི་བར་དུ་བྱ། །དེ་ལ་མཆོད་པའི་རིམ་པ་ནི། །རིན་ཆེན་མཎྜལ་ཐུན་མོང་ལྔ། །རྒྱན་དང་གཞལ་ཡས་གདུགས་རྒྱལ་མཚན། །བ་དན་འཕན་དང་བླ་རེ་དང་། །མེ་ཏོག་ཕྲེང་བ་རོལ་མོས་བསྐོར། །ན་བཟའ་ནམ་མཁའ་མཛོད་ཞལ་ཟས། །
གླིང་བཞི་མཎྜལ་དབུལ་བར་བྱ། །རང་རང་སྔགས་དང་རྟེན་འབྲེལ་གྱི། །སྙིང་པོ་བརྒྱ་དང་རྩ་བརྒྱད་བཟླས། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད། །བཟླས་པས་བརྟན་པར་བྱེད་པ་ཡིན། །དེ་དག་སྤྱི་ཡི་རབ་གནས་ཏེ། །ཁྱད་པར་སྐུ་གསུང་ཐུགས་
རྣམས་ལ། །རང་རང་ཆོ་ག་གཞུང་བསྲངས་ལ། །མཆོད་རྟེན་ལ་སོགས་ཐུགས་རྟེན་ལ། །ཁྱད་པར་ཆོས་བཞི་བྱིན་གྱིས་བརླབ། །རྡོ་རིང་ཐེམ་སྐས་ཆུ་སྲིན་གྱི། །རྒྱལ་མཚན་ལ་སོགས་དབུལ་བའོ། །བྱིན་བརླབས་ས་གཞི་ཆོས་ཀྱི་དབྱིངས། །སེང་ཁྲི་མི་འཇིགས་བཞིར་
བྱིན་བརླབ། །རྨང་ནི་དགེ་བཅུ་ཁྲི་འཕང་ནི། །དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བཞི་པ་སྣང་བའི་དབང་པོ་ལྔ། །བུམ་རྟེན་སྟོབས་ལྔར་བྱིན་གྱིས་བརླབ། །བུམ་པ་བྱང་ཆུབ་ཡན་ལག་
བདུན། །ཁ་ཁྱེར་འཕགས་ལམ་ཡན་ལག་བརྒྱད། །དེ་དག་རྒྱུ་ཆོས་བྱིན་བརླབ་སྟེ། །འབྲས་བུའི་ཆོས་སུ་འདི་ལྟར་བརླབ། །སྲོག་ཤིང་མཁྱེན་བཅུ་བྲེ་ལེགས་ནི། །ཡེ་ཤེས་བཞི་དང་རྣམ་ཐར་བཞི། །འཁོར་ལོ་བཅུ་གསུམ་ས་བཅུ་དང་། །དྲན་པ་ཉེར་གཞག་
གསུམ་དུ་བརླབ། །ཆར་ཁབས་གདུགས་ནི་ཐུགས་རྗེའི་སྐྱབས། །ཏོག་ནི་ཆོས་དབྱིངས་ངོ་བོ་ཉིད། །ཕྱི་ནི་སྐུ་གསུམ་ནང་གཞལ་ཡས། །རྡོ་རིང་རིན་ཆེན་ཐེམ་སྐས་དང་། །ཆུ་སྲིན་རྒྱལ་མཚན་དར་དཔྱངས་དང་། །རིན་ཆེན་ཕྲེང་བ་ཉི་ཟླ་དབུལ། །བྱ་རུ་ཐབས་དང་ཤེས་རབ་
ཡིན། །མཆོད་རྟེན་སྐུ་བསྡུས་རབ་གནས་བྱ། །རང་རང་རབ་གནས་ལེགས་པར་བྱ། །སྐུ་གཟུགས་ཁྱད་པར་ཆོས་བརྒྱད་དེ། །སྤྱན་དབྱེ་དབུ་སྐྲ་སྤྲུལ་སྐུའི་གཞར། །ལོངས་སྐུའི་དུང་གི་སོ་མང་ས་བཤད། །ཤངས་དབྱེས་སྤུ་འཐོག་ཚེམས་རྩ་བྲུ། །ལྗགས་བཞར་སྙན་སྤབས་

བྲུ་ཞིང་བསལ། །ན་བཟའ་སྤྲུལ་པའི་སྐུ་ལ་ནི། །སྨད་གསུམ་ཆུ་ཚགས་པར་འཁར་གསིལ། །ལོངས་སྐུ་ཞི་ལ་དར་གྱི་སྟེ། །ཁྲོ་བོའི་སྟག་ལྤགས་དར་སྔོན་གྱི། །སྟོད་གཡོགས་རྒྱན་ནི་སྦྲུལ་ཐོད་སོགས། །སྤྲུལ་སྐུ་རྒྱན་མེད་ལོངས་ཞི་ལ། །བྲིས་
བཀོད་དབུལ་བསམ་ཆོ་གས་དབུལ། །དངོས་སུ་དབུལ་དུ་ཡོད་ན་རབ། །གསུང་རབ་ཞལ་བསྲོའི་ཁྱད་པར་དགུ། །དོན་གསུང་སྐྱེ་འགག་མེད་པར་བརླབ། །ཚིག་གསུང་ཡིག་འབྲུ་གསུང་རབ་ནི། །ཡན་ལག་ཚད་མེད་བཞི་བཅུར་བརླབ། །ཁྲི་དབུལ་གླེགས་ཤིང་གླེགས་
ཐག་དབུལ། །ན་བཟའ་ཞལ་ཁེབས་རྒྱ་རིམ་བདུན། །ཕ་རོལ་ཕྱིན་པ་ཡུམ་ཆེན་མོ། །མདོ་སྡེ་འདུལ་བ་བྱང་ཆུབ་ཆེ། །རྒྱུད་སྡེ་རྡོ་རྗེ་ཆོས་སོགས་ཏེ། །ཆོ་ག་ཡི་དམ་ལ་སོགས་པ། །ངོ་ཤེས་བྱེ་བྲག་མི་ཤེས་སྤྱི། །ཡང་ན་བདེན་གཉིས་ཡི་གེར་བསམ། །དྲི་ལྔ་ཡིས་
ནི་དེ་ནས་བྱུག །ས་བོན་ལྔ་ཡི་གཏོར་བྱའི་དོན། །སྐྱེ་མེད་རྟོག་པ་གསལ་བ་ཡིས། །ཆོས་སྐུ་ལ་ནི་ཆོས་སྐུ་ཐིམ། །གཉིས་སུ་མེད་བསམས་མེ་ཏོག་དབུལ། །ཐུགས་ཀྱི་མཆོད་པ་དྲི་ཡིས་བྱུག །དེ་ནས་སྤྱིར་ནི་དབང་བཅུ་གཅིག །བུམ་པ་དབ