Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
དི་ལྟ་བུ་ལ་བརྟེན་པ་དང་བརྟེན་པ་མ་ཡིན་པ་ཡང་རྣལ་འབྱོར་པའི་ནུས་པས་འགུགས་པ་དང་། མི་སྣང་བར་བྱེད་པ་ལ་སོགས་པས་བྱ་བར་གསུངས་ཀྱི། གཞན་དུ་སྙིགས་མ་ལྔའི་དུས་སུ་གང་ཟག་ངན་སོང་
དུ་གཞོལ་ཞིང་འདོད་པ་དང་ལྡན་པས་ཐབས་ཤེས་རབ་ཀྱི་རྒྱུད་ལ་བརྟེན་ནས་དུས་དང་སྣོད་དུ་མ་གྱུར་པ་ཡང་། འདོད་ཆགས་ལ་སོགས་པའི་བསམ་པས་སྒྲ་ཇི་བཞིན་དུ་སྦྱར་བས་ཕལ་ཆེར་ངན་སོང་དུ་སྐྱེ་སྟེ་རྡོ་རྗེ་ཐེག་པ་སྤོང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར། དགོངས་པའི་དོན་ལ་མཁས་པར་བྱའོ། །བརྟན་པ་ཆེར་
ཐོབ་རྣམས་ཀྱིས་ནི། །མགོན་པོ་ཀུན་དུ་སྤྱོད་བྱ་སྟེ། །རྟོག་པ་དང་བྲལ་བརྟན་ཐོབ་པས། །ཐམས་ཅད་བཟའ་ཞིང་ཐམས་ཅད་བྱེད། །འདི་ཡིས་མི་བྱ་གང་ཡང་མེད། །ཅུང་ཟད་མི་སྨྲ་གང་ཡང་མེད། །རྟག་ཏུ་མཉམ་པར་བཞག་པ་སྟེ། །འཛེམ་དང་འཇིགས་པ་ཡོད་པ་མིན། །དོགས་པ་མེད་པའི་སེམས་ཀྱིས་སུ། །
སྔགས་པ་སེང་གེ་བཞིན་དུ་རྒྱུ། །སྲོག་དང་རྩོལ་བ་བསྡམས་པ་མེད། །ཉོན་མོངས་དུག་སོགས་རང་བཞིན་དག །ལམ་དང་གཉེན་པོ་སྤང་བྱ་མེད། །མགོ་སྐྱེས་གྱེན་འགྲེང་རས་དང་བྲལ། །ཐལ་བས་བྱུགས་ནས་ཐོད་པས་བརྒྱན། །ཐིག་ལེ་བཀོད་ནས་ཁ་ཊྭཱཾ་འཛིན། །ལ་ལར་སྨྲ་བར་མི་བྱེད་ཅིང་། །དྲག་ཏུ་

རྒྱུག་ཅིང་གྲོང་ཁྱེར་རྒྱུ། །རྒྱལ་མཚན་ལྡན་མཐོང་ཆད་འགུགས་ཤིང་། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །དགེ་སློང་ལ་སོགས་ཕྱག་མི་བྱེད། །ལྷ་རྟེན་ཕྱག་བྱས་འགས་པར་འགྱུར། །རི་ལུ་མི་སྣང་རྒྱལ་པོའི་ཁྱིམ། །ཡུལ་གྱིས་བསྐྱོད་པ་མ་ཡིན་ཏེ། །འཇིག་རྟེན་ཆོས་ལ་ཆགས་སྡང་མེད། །སངས་རྒྱས་ལ་སོགས་
ཕྱག་མི་བྱེད། །གླང་ཆེན་མྱོས་དང་སེང་གེ་ཞོན། །ནགས་དང་རི་ཁྲོད་བསོད་སྙོམས་འཇུག །དུར་ཁྲོད་ཚོང་ཁང་སྲང་དུ་རྒྱུ། །འབྱུང་པོ་བཞིན་དུ་གནས་པ་མཆོག །འདི་ནི་ཀུན་དུ་སྤྱོད་པའོ། །ཞེས་བྱ་བ་ལ་སོགས་པས་བཤད་དེ། དེའི་ཕྱིར་འདི་ནི་བརྟན་པ་ཐོབ་པ་རྣམས་ཀྱིའོ། །གཞན་དུ་ཐོག་མ་ནས་འཇུག་
པ་དེ་དག་ཕལ་ཆེར་ཉམས་ཏེ་ལྟུང་བར་འགྱུར་རོ། །དེ་བས་ན་རིམ་པས་འཇུག་པ་རྣམས་ལྟུང་བར་མི་འགྱུར་བར་ཤེས་པར་བྱའོ། །བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ལ་རིམ་པ་བཞིན་དུ་འཇུག་པའི་རྣལ་འབྱོར་པས་ཀྱང་སྤྱོད་པའི་ཚུལ་དེ་བཞིན་དུ་གནས་པར་བྱ་སྟེ། དེའི་ཕྱིར། བསྐྱེད་པའི་རིམ་ལ་ལེགས་གནས་
ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། །ཞེས་བཤད་པ་འདི་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་ནས་མཉམ་པར་བཞག་པའི་སྤྱོད་པ་ཆེན་པོ་རང་བཞིན་གྱིས་རྟོག་པ་དང་བྲལ་བ་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ལ་གནས་
པར་བྱ་སྟེ། དེའི་ཕྱིར། འདི་ཡི་སྤྱོད་པ་ལ་གནས་པས། །སྤྲོས་བཅས་མེད་ཅིང་མཉམ་གཞག་མེད། །བྱ་དང་བྱེད་དང་རྩོལ་ལས་འདས། །དག་དང་མ་དག་དངོས་པོ་རྣམས། །སྒྱུ་མ་བཞིན་དུ་དངོས་མེད་པར། །བརྟགས་པས་དབེན་པས་བླང་དོར་མེད། །འདོད་ཆགས་ལ་སོགས་མི་སྤོང་སྟེ། །གཞན་གྱིས་སངས་
རྒྱས་སྒྲུབ་མི་བྱེད། །ཡོད་མེད་རྟག་ཆད་མཐའ་ལས་འདས། །ཁ་དོག་དབྱིབས་མེད་ལུས་ངག་མེད། །སྲོག་རྩོལ་རིམ་དང་ཅིག་ཅར་སྤོང་། །ཡི་གེ་མཚན་མ་ཕྱག་རྒྱ་མེད། །ཕྱོགས་བཅུ་གང་ལའང་གནས་མི་བྱེད། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །དམ་ཚིག་སྡོམ་པ་དཀྱིལ་འཁོར་མེད། །
དེ་ཉིད་བཅུ་ལ་རྣམ་མི་རྟོག །བསྒོམ་བྱ་སྒོམ་བྱེད་བསྒོམ་པ་མེད། །སངས་རྒྱས་སེམས་ཅན་བདག་རྩོལ་བྲལ། །རྒྱུ་འབྲས་ལམ་ལ་སོགས་པ་སྤོང་། །རྒྱུ་དང་མི་རྒྱུའི་དངོས་རྣམས་ལ། །ནམ་མཁའ་བཞིན་དུ་རྟོག་མི་བྱེད། །མཆོད་རྟེན་གླེགས་བམ་ལ་སོགས་སྤོང་། །བདུད་དང་དངོས་གྲུབ་གཉིས་སུ་མེད། །

རང་རིག་ཤེས་བརྗོད་ཡུལ་ལས་འདས། །སྒྲ་དང་བརྡ་དང་དབང་པོ་ཡིས། །འདི་ལ་བསྟན་བྱ་རྡུལ་ཡང་མེད། །རྟོག་གེའི་སྤྱོད་ལས་འདས་པ་སྟེ། །དམ་པའི་རྗེས་འབྲངས་རང་གིས་རིག །མཐོང་བ་མེད་པའི་དམ་པ་མཐོང་། །རྗེས་སུ་ཤེས་པ་སྒྱུ་མ་བཞིན། །རབ་མཐའི་ཤེས་པ་རྟོག་གོམས་པས། །
རྟོག་མེད་གཞན་དོན་ནོར་བུ་བཞིན། །སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས། །ཐུབ་པའི་ཡོན་ཏན་དཔག་བསམ་ཤིང་། །སྟོན་དུས་སྐད་ཅིག་གིས་རྫོགས་ལྟར། །དེ་ཕྱིར་དེ་ལ་གསང་བ་འདུས། །བཞི་པའི་དབང་གིས་རབ་ཏུ་བརྒྱན། །དེ་ཉིད་དཔལ་མཆོག་དང་པོ་སྟེ། །རྡོ་རྗེ་སེམས་དཔའ་མཐར་ཕྱིན་ལམ། །
ཞེས་བཤད་པའི་ཕྱིར་འདི་ནི་མཐར་ཕྱིན་པའི་སྤྱོད་པ་སྟེ། མཉམ་པར་བཞག་པའི་སྤྱོད་པ་ཆེན་པོའོ། །དུས་ཤེས་པའི་སྤྱོད་པ་ལས་འགལ་བར་སྤྱོད་པ་རྣམས་ཀྱི་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །བླ་མའི་བཀའ་དང་དོན་ཆེན་པོ་མཐོང་བ་དང་། གང་ཟག་ལ་སོགས་པའི་དུས་ཤེས་པ་དང་། སྲོག་གི་བར་ཆད་དུ་
འགྱུར་བ་ལ་ཉེས་པ་མེད་དོ། །ལྟུང་བ་དེ་དག་ལ་ཉེས་པ་ཆེ་འབྲིང་གི་རིམ་པས་དབང་དང་ཚོགས་ལ་བཤགས་པ་དང་། དཀྱིལ་འཁོར་སྔོན་དུ་འགྲོ་བས་དམ་པ་གཅིག་ལ་བཤགས་པའོ། །ཕྱིས་བསྡམ་པར་བྱ་བ་ལ་བསླབ་པར་བྱའོ། །ལྟུང་བ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་ཡན་
ལག་གི་ཉེས་པ་བཤད་པར་བྱ་སྟེ། དེའི་ཕྱིར། དམ་པ་ཉེར་བསྟེན་ཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤང་། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་དོར། །བྱང་ཆུབ་མིན་པར་དགེ་མི་འཇུག །རྣམ་ཤེས་འཕོ་བ་དེ་ཉིད་
མཁས། །གཞན་དུ་ཡན་ལག་ཉེས་པའོ། །དེ་ནས་སྡུག་བསྔལ་ཆེན་པོ་འཐོབ། །ཞེས་བཤད་པ་སྟེ། འདི་དག་གི་སྤྱིའི་མཚན་ཉིད་གོང་དུ་བསྟན་པ་ལས་ཤེས་པར་བྱའོ། །དམ་པ་ཉེ་བར་བསྟེན་པ་ནི་བླ་མ་དམ་པ་སྟེ། དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་
བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་

སྦྱིན། །ཐེག་པ་མཆོག་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་བཤད་པས་དམ་པ་མ་ཡིན་པ་བསྟེན་ན་ཡན་ལག་གི་ཉེས་པའོ། །ཅིག་ཤོས་མིན་པ་ནི་དམ་པ་མ་ཡིན་པ་སྟེ་དེ་ཉིད་ལས། ཕྱི་རོལ་བསྟན་བཅོས་ཡོངས་ཤེས་ཤིང་། །ཉན་ཐོས་རྣམས་ཀྱི་ལམ་བསྒྲོད་ཀྱང་། །གསང་བ་དེ་
ཉིད་བསྡུ་བ་དང་། །ཐེག་པ་ཆེན་པོ་མི་ཤེས་པ། །སྙིང་རྗེ་ཡོད་པ་མ་ཡིན་དང་། །དད་མེད་བརྩོན་འགྲུས་མི་ལྡན་པ། །རྟག་ཏུ་ངན་པའི་ཚུལ་སྤྱོད་དང་། །བསྟན་བཅོས་རྣམས་ལ་སྨོད་པ་ཡིན། །ཞེས་བཤད་པས་སོ། །དེ་བས་ན་བླ་མ་གཞན་གྱི་དོན་བྱེད་པ་མཆོག་གོ། །བདག་གི་དོན་ཅན་ཉོན་མོངས་པས་ཟིལ་
གྱིས་ནོན་པ་ནི་མཆོག་མ་ཡིན་པའོ་ཞེས་བཤད་པས་དེ་བསྟེན་པ་དེ་ནི་ཡན་ལག་གི་ཉེས་པའོ།། །།སྣོད་དང་ལྡན་པ་ནི་ཡང་སློབ་མ་སྟེ། དེ་ཉིད་ལས། དགེ་བ་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་དང་། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པ། །ཡོན་ཏན་ལྡན་པ་སློབ་མ་ཡིན། །སློབ་དཔོན་ཅི་འདྲར་ལྟ་ཞེ་ན། །
བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །ཞེས་བྱ་བ་ལ་སོགས་པ་དེ་ཉིད་རྒྱས་པར་ཤེས་པར་བྱའོ། །དེ་བས་ན་སྣོད་མིན་བསྟེན་པ་ནི་ཡན་ལག་གི་ཉེས་པའོ། །རིན་ཆེན་ཅན་ནི་སྨིན་པར་བྱས་པའོ། །འདོད་ཕྱིར་གཞན་ལ་གནོད་པ་སྤང་། །ཞེས་བཤད་དེ། འདོད་པ་ནི་ཉོན་མོངས་
པས་ཀུན་ནས་བསླང་བ་སྟེ། དེས་མི་བཟད་པ་དང་། ཤ་དང་པགས་པ་དང་རུས་པའི་ཕྱིར་ཡོངས་སུ་སྨིན་པར་བྱས་པས་དེ་དག་སྤྱད་ན་ཡང་ཡན་ལག་གི་ཉེས་པའོ། །མིན་ན་ནི་ལྟུང་བའི་ཕྱོགས་སུ་བསྡུ་བར་བྱའོ། །དེ་ནི་དྲི་མ་ལས་ལྡང་བ་ཡང་དེ་ཉིད་ཀྱི་ཕྱོགས་སུ་བསྡུའོ། །དཀོན་མཆོག་ལ་སོགས་ནོར་ལ་མིན། །
ཞེས་བཤད་པ་སྟེ། དཀོན་མཆོག་གསུམ་དང་། གྲོགས་ཁྱད་པར་ཅན་རྡོ་རྗེ་སྤུན་ལ་སོགས་པའི་དཀོར་ལ་མ་བྱིན་པར་མཐུ་དང་འཇབ་བུས་སྤྱད་ན་ལྟུང་བ་ལ་སོགས་པར་འགྱུར་ཏེ། དེ་ཡང་ཞིང་ཁྱད་པར་ཅན་གྱི་ནོར་བདུན་རི་བ་ཕུལ་ཏེ། དེ་ནས་དཔའ་བོའི་སྟོན་མོ་བྱས་ལ། འདུས་པ་ལ་བཤགས་ཏེ་བསྡམ་
པར་བྱའོ། །ཐ་ན་བདུག་སྤོས་ཀྱང་མནམ་པར་མི་བྱའོ་ཞེས་བཤད་པས་སོ། །རིམ་པས་ན་སྨད་པའོ། །ཐ་མལ་པ་དུས་ཤེས་པས་སོ། །སེར་སྣ་ཅན་ལ་མཐུ་ལ་སོགས་པས་ཕྲོགས་ཏེ་དོན་དང་བཅས་པས་སྤྱད་པར་བྱའོ་ཞེས་བཤད་པས་དེའི་ཕྱིར་རིམ་པ་ཤེས་པར་བྱའོ། །གཞན་དོན་སྐད་ཅིག་ཡལ་

མི་འདོར། །ཞེས་བྱ་བ་ནི་གོང་དུ་བཤད་ཟིན་ཏོ། །བྱང་ཆུབ་མེད་པར་དགེ་མི་འཇུག །ཅེས་བཤད་པས་ནི། སྨིན་པར་བྱས་པས་ཐ་ན་ལུས་ངག་གི་དགེ་བ་ཕྲ་མོ་གཅིག་ཀྱང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐ་མར་ཡོངས་སུ་བསྔོ་བའོ། །བསྔོ་བ་ཡང་འཁོར་གསུམ་ཡོངས་སུ་དག་པའོ། །
དེའི་ཕྱིར་སྒྱུ་མའི་བློ་ཅན་གྱིས་བྱ་བར་གསུངས་ཏེ། འཕགས་པ་དཀོན་མཆོག་འབྱུང་གནས་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་ཏུ་ཞི་བ་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། སྦྱིན་པ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །ལེན་པ་ཡང་ངོ་བོ་ཉིད་
མེད་པར་ཁོང་དུ་ཆུད་པར་བྱའོ། །ཡོན་གནས་ཀྱང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །བསྔོ་བ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་ཡང་སྔོ་བར་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་དུ་སྔོ་བར་བྱེད་པ་དེ་ཡང་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
སྦྱིན་པ་ནི་སྦྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་དུ་ལེན་པ་པོ་དང་ཡོན་གནས་དང་སྦྱིན་པའི་འབྲས་བུ་དང་། ཡོངས་སུ་བསྔོ་བ་དང་། གང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དང་སྦྱར་བར་བྱ་སྟེ། དེ་ལྟར་ན་སྟོང་པ་ཉིད་ལ་མོས་པ་དེ་ནི་བསམ་པ་ཚད་མེད་པའི་སྒོ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་
འགྱུར་ཏེ། སྦྱིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་འཐོབ་སྟེ་ཞེས་བྱ་བ་ལ་སོགས་པས་བཤད་དེ། དེ་ཡང་སྦྱོར་བ་སྒྱུ་མ་ལྟ་བུ་ལ་གནས་ལ། དེའི་དངོས་གཞི་མི་དམིགས་པས་རྣམ་པར་སྟོང་པ་སྟེ་སྒྱུ་མ་ལས་ཀྱང་འདས་པའོ། །རྗེས་ལ་ཐོབ་པའི་ཤེས་པས་སྨོན་ལམ་རྒྱ་ཆེན་པོ་ཚད་
གཟུང་དུ་མེད་པར་བསྔོ་བར་བྱའོ་ཞེས་བཤད་པས། དད་པ་མེད་པ་ལ་དངོས་གྲུབ་འབྱུང་བར་མི་འགྱུར། དེའི་ཕྱིར་གཞན་དུ་ཉེས་པར་འགྱུར་རོ། །རྣམ་ཤེས་འཕོ་བ་ནི་རྣལ་འབྱོར་པ་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཆི་བའི་ཚེ་ན་བདེན་པ་གཉིས་ཀྱི་ཚུལ་གྱིས་སྒྱུ་མའི་བློ་དང་ལྡན་པས་ཆགས་སྡང་
ལ་སོགས་པ་མེད་པས་དཀྱིལ་འཁོར་གསལ་བར་བྱས་ལ་དྲི་མ་ལས་ལྡང་བ་སྔོན་དུ་འགྲོ་བས། སྲོག་འཕྲོག་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། རང་གི་ཡེ་ཤེས་དང་མི་གཉིས་པར་བྱས་ཏེ། འོད་ཟེར་གྱིས་ཁམས་གསུམ་དག་པར་བྱས་ལ་དཀྱིལ་འཁོར་ལ་བལྟས་ཏེ། ཐབས་དང་ཤེས་

རབ་ཀྱི་དབུས་སུ་རང་གི་ཡི་གེར་བསྡུས་ལ། རང་གི་དེ་ཉིད་ཀྱི་ཐུགས་ཀར་འོད་ཟེར་དང་བཅས་པས་འཇུག་པར་བྱའོ། །གཞན་དུ་ན་ཉེས་པ་དང་བཅས་པའོ། །དེ་དག་ཀྱང་ཚོགས་པ་ལ་བཤགས་ཏེ་བསྡམ་པར་བྱའོ། །གཞན་ཡང་ལྟ་བ་དང་སྤྱོད་པ་ངེས་པར་གནས་པ་ལ་ཐེ་ཚོམ་སྐྱེ་བ་དང་། ཐེག་པ་གསུམ་གྱིས་
གདུལ་བྱའི་རིམ་པ་དང་སྦྱར་ནས་མི་འདུལ་བར་གཅིག་ཏུ་སྦྱོར་བ་དང་། དེ་ཁོ་ན་ཉིད་བཅུ་ལ་མི་གནས་པར་དཀྱིལ་འཁོར་དང་སློབ་མ་སྨིན་པར་བྱེད་པ་དང་། བདུད་བརྟག་པའི་ཐབས་ལ་མཁས་པར་མི་བྱེད་པ་དང་། རྩ་བ་དང་ཡན་ལག་གི་སྡོམ་པ་ཞིག་གམ་མ་ཞིག་པ་བསམ་པར་བྱ་བ་དུས་འདས་པ་དང་། ཕྲ་མོའི་
ཉེས་བྱས་ཀྱང་ཁྱད་དུ་བསད་ནས་མ་བཤགས་པར་དུས་འདས་ན་དུག་ཆུང་ཡང་རྨ་ལ་མཆེད་པ་བཞིན་དུ་དུས་འདས་པས་གཞི་དེ་ཉིད་ལས་འཕེལ་བ་ཡང་ཚད་དེ་ཉིད་དུ་འཕེལ་བས། དེ་བས་དེ་དག་ཀྱང་ཡན་ལག་གི་ཉེས་པའོ། །བླ་མའི་བཀའ་དང་བྱ་བ་བྱུང་བ་དང་། ནབ་དང་བར་ཆད་དང་བཅས་པ་དང་། དོན་
ཆེན་པོ་མཐོང་བ་ལ་ཉེས་པ་མེད་དོ། །དྲི་མ་ལས་ལྡང་བ་ཡང་གོང་དུ་བསྟན་ཏོ། །ལྟུང་བའི་རིགས་དེ་དག་ཀྱང་ཡུལ་དང་། བསམ་པ་དང་། རྐྱེན་གྱི་དབང་དང་སྦྱོར་བའི་བྱེ་བྲག་གིས་ལྕི་ཡང་ལ་སོགས་པ་བཞག་སྟེ་ཡུལ་ལས་ནི་ཡུལ་ཉེ་བར་གནས་པ་དང་། ཞིང་གི་བྱེ་བྲག་གོ། །དེས་རྟོགས་ཤིང་ཁོང་དུ་
ཆུད་པ་དང་། སྐྱོ་ཞིང་མི་འདོད་པ་དང་། བདག་གིས་ཀྱང་ཤེས་པའོ། །དུས་དང་བསམ་པ་ལས་ཆེད་དུ་བསམས་པ་དང་། རང་བཞིན་དུ་གནས་པའོ། །རྐྱེན་གྱིས་ནི་ནད་དང་འཇིགས་པ་ལ་སོགས་པའི་བར་ཆད་མེད་པ་དང་། འགྲོ་བ་གཞན་ལ་སོགས་པའི་དགོས་པ་མ་མཐོང་བའོ། །སྦྱོར་བས་ནི་ལུས་
ཀྱི་བྱ་བ་དང་། ངག་གི་སྦྱོར་བའོ། །དེ་དག་གིས་ནི་དངོས་གཞིར་འགྱུར་བའོ། །གཞན་དུ་ཅི་རིགས་པའི་ཉེས་པའོ། །ཉེས་པ་དེ་དག་ཀུན་གྱི་ཐུན་མོང་དུ་དབང་དང་ལྡན་པ་ཀུན་ལ་ཤེས་པར་བྱའོ། །དེ་དག་ལས་དྲི་མ་ལས་ལྡང་བ་ཡང་སྦྱོར་བ་ཆུང་བ་དང་། དེ་ཉིད་ཀྱིས་ཉེས་པར་འགྱུར་བ་དང་། རང་ཉིད་ཀྱིས་ལྡང་
བར་ནུས་པ་དང་། རྐྱེན་མ་ཚང་བ་དང་། དུར་ཁྲོད་ལ་སོགས་པར་ནི་བདག་ཉིད་ཆོ་ག་དང་ལྡན་པས་བྱིན་གྱིས་བརླབས་ཀྱིས་ལྡང་བར་བྱ་སྟེ། དེའི་ཕྱིར་སྨྲས་པ། ཆོ་ག་རྫོགས་པས་རྣམ་པར་སྦྱང་། །ཡོན་ཏན་ཕྱོགས་ཀྱིས་རྣམ་པར་འཕེལ། །མིག་གིས་རྣམ་པར་བརྒྱན་བྱས་ལ། །ཐབས་ཆེན་མཚན་གྱི་ཚད་

དུ་མཛེས། །དེ་དཀྱིལ་རི་བོང་བརྒྱད་པའི་གཞི། །དང་པོའི་ལྔ་པས་མཛེས་པས་འཛག །ཚེས་ལ་རི་བོང་ཅན་གྱིས་བརྒྱན། །སྒྲ་ཡིག་དེ་ཉིད་ཐིག་ལེས་མཛེས། །བཅུ་དྲུག་ཕྱེད་པ་བརྒྱད་ཀྱི་འོག །དབང་པོའི་ཕྱོགས་ཀྱིས་རྣམ་པར་འཕེལ། །རིག་བྱེད་ལྔ་པས་ཐབས་ཀྱིས་
མཛེས། །ཡང་ན་སྟེང་འོག་དབང་པོ་ཡིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་དབྲི། །ཐིག་ལེ་ལས་ཀྱང་རྣམ་པར་འདས། །ཐིག་ལེ་རྣམ་པར་རྫོགས་པར་ལྡན། །སྒྲ་ཡིག་དང་པོ་ཡོན་ཏན་ལྡན། །སྲོག་དང་རྩོལ་བ་རྣམས་བསྡམས་ནས། །རིམ་བཞིན་ཙཎྜ་ལཱི་འབར་བས། །མཁས་
པས་རིམ་བཞིན་རྣམ་པར་སྦྱང་། །ཞེས་བྱ་བ་འདི་དག་གིས་ཀྱང་དྲི་མ་ལས་ལྡང་བར་བཤད་པའོ། །ད་ནི་ལྟུང་བ་ལ་སོགས་པ་ཐམས་ཅད་ཀྱང་ཆུ་ཚོད་ནས་བརྩིས་ནས་རིམ་པས་དྲི་མ་ལས་ལྡང་ངོ་། །གཞན་དུ་ན་ཡན་ལག་གི་ཉེས་པས་སྡུག་བསྔལ་འཐོབ་པོ་ཞེས་པའོ། །ཡན་ལག་
གི་ཉེས་པའི་རྣམ་པར་བཤད་པའོ།། །།དེ་ནས་དེའི་འབྲས་བུའི་ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ནས་འབྱུང་བ་བཤད་པར་བྱ་སྟེ། དེའི་ཕྱིར། དད་ལྡན་ཐེ་ཚོམ་དམན་མི་མོས། །ཚུལ་བཞིན་ཆོ་ག་ལྡན་པ་ནི། །མངོན་སུམ་རྡོ་རྗེ་སེམས་དཔའ་སྟེ། །
མཆོག་དང་ཐུན་མོང་རྒྱས་པར་འགྱུར། །ཞེས་བཤད་པ་སྟེ། དད་ལྡན་ཞེས་པས་དད་པ་དང་ལྡན་པ་དངོས་གྲུབ་ཀྱི་སྣོད་དུ་བཞག་པས་ཀུན་གྱི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དད་པ་མེད་པ་ལ་དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་དད་པ་དང་ལྡན་པའི་གང་ཟག་ལ་རང་
བཞིན་གྱིས་དངོས་གྲུབ་འགྲུབ། ཇི་ལྟར་དད་བའི་སྣོད་དུ་ཡང་། །རྟོག་མེད་ཟླ་བའི་གཟུགས་བརྙན་འཆར། །དད་པ་དཀར་པོའི་གཞི་རྟེན་ཡིན། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ལོ་ཏོག་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །
ཞེས་བཤད་པས་སྙིང་རྗེ་དང་ཤེས་རབ་དང་བརྩོན་འགྲུས་ཀྱིས་གྲོགས་བྱས་པའི་གཞན་གྱི་དོན་གཉེར་བར་འདོད་པའི་རྣལ་འབྱོར་པས་བསྟེན་པར་བྱའོ་ཞེས་བཤད་པར་བྱའོ། །ཐེ་ཚོམ་ཡོད་པ་ནི་ཡིད་གཉིས་ཟ་བའོ། །དེ་ཡང་ཐབས་ཤེས་རབ་ཀྱི་རྒྱུད་མང་པོ་ལས་གྲུབ་པའི་མཐའ་

སྣ་ཚོགས་སུ་བརྟགས་པ་འདི་དག་འགལ་བ་མི་སྲིད་པས་དོན་དང་བཅས་པ་དང་དོན་མེད་པར་འགྱུར་རོ་ཞེས་རྟོག་པ་དེ་དག་ཀྱང་། དོན་དེ་དག་ཁོང་དུ་ཆུད་པ་སྟེ། ཐབས་དང་ཤེས་རབ་ཀྱི་རྒྱུད་དེ་དག་ཇི་ལྟར་དཔག་བསམ་གྱི་ཤིང་དང་འདྲ་བས། དེས་ཀྱང་སྐྱེས་བུ་མང་པོའི་འདོད་པ་ཆ་ཤས་
ཀྱི་བྱེ་བྲག་གིས་ཀྱང་བསྒྲུབ་པར་ནུས་ཏེ། དངོས་པོ་མཐའ་དག་གིས་གྲུབ་པ་ནི་མ་ཡིན་ནོ། །སྤྲོས་པ་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ལ་རྟོག་པ་མེད་པའི་ཚུལ་དུ་གུས་པ་དང་བཅས་པའི་གྲུབ་པའི་མཐའ་དེ་དག་ཀུན་གྱི་རྟོག་པ་མེད་པའི་ཚུལ་དུ་འགལ་བར་ག་ལ་འགྱུར། དེའི་
ཕྱིར་རྟགས་ཀྱི་ཆའི་ནུས་པར་བྱིན་གྱིས་བརླབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རེ་རེ་ལ་འཇུག་པས་སླུ་བ་མེད་པའི་དོན་དང་ཡང་ཕྲད་པར་འགྱུར་རོ། །དེའི་ཕྱིར་བཤད་པའི་རྒྱུད་ཆེན་པོ་ལས། ནམ་མཁའི་སྙིང་པོ་ཁྱོད་ཉོན་ཅིག །གཉིས་མེད་ཡེ་ཤེས་དོན་ལྡན་པའི། །ང་དང་འདྲ་བའི་
རྒྱུད་ཀུན་ལ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །བུམ་པ་བཟང་པོ་འདྲ་བར་ནི། །གུས་པས་ཚུལ་བཞིན་གནས་པ་ལ། །གཅིག་ཀྱང་ཐབས་ཀྱི་བྱེ་བྲག་གིས། །ནུས་པ་བསམ་གྱིས་མི་ཁྱབ་སྟེ། །དེ་ལྟ་དེ་ལྟར་དེ་བཞིན་བསྒྲུབ། །ཆོ་ག་ཉམས་པས་འགྲུབ་པའང་མིན། །
ཞེས་བཤད་པ་འདི་ནི་ཚུལ་དེ་དག་ལས་ཐ་དད་པའི་སྒོ་ནས་འབྲས་བུ་དང་ལྡན་པ་ཡང་མངོན་སུམ་དུ་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱོར་བའི་ནུས་པ་ཡང་། །སླུ་བར་བྱེད་པ་མ་མཐོང་ན། །ཡེ་ཤེས་ཆགས་པ་མི་མངའ་བའི། །སྨོན་
ལམ་སྙིང་རྗེས་གཞན་དོན་འཇུག །ཐམས་ཅད་མཁྱེན་པས་སྨོས་ཅི་དགོས། །ཞེས་བཤད་པས་དེ་ལ་བརྟག་པར་མི་བྱའོ། །འོན་ཀྱང་སྐྱེས་བུ་དམ་པ་ཉེ་བར་བརྟེན་པ་དང་བྲལ་བས་འདོད་པ་དང་བྲལ་བར་འདོད་པ་དང་། ཕྲག་དོག་དང་། ང་རྒྱལ་གྱིས་ནོན་པས་ཞུགས་པ་རྣམས་ནི་
རྟགས་འཁྲུལ་པས་དོན་དང་ཕྲད་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར། སློབ་དཔོན་ལས་ནི་དངོས་གྲུབ་འཐོབ། །ཅེས་བྱ་བ་ལ་སོགས་པས་རྒྱ་ཆེར་བཤད་དོ། །གཞན་ཡང་དེ་ལྟ་བུའི་དབང་དུ་མཛད་ནས། ལུང་མ་རྟོགས་པར་རྟོག་གེ་ཡི། །ཆོས་རྣམས་རྣམ་པར་གནས་མ་ཡིན། །དྲང་སྲོང་རྣམས་

ཀྱི་ཤེས་པ་ཡང་། །དེ་ཡང་ལུང་ནི་སྔོན་དུ་བཏང་། །ལོང་བའི་རྐང་པས་ཚོད་དཔག་ཤིང་། །ཉམ་ངའི་གཡང་སར་རྒྱུག་བྱེད་པ། །རྗེས་སུ་དཔག་ལ་གཙོར་འཛིན་པ། །རྣམ་པར་ལྟུང་བར་དཀའ་མ་ཡིན། །ཞེས་བཤད་པས་དེ་ནི་འགལ་བར་འགྱུར་རོ། །དམན་པ་ལ་མི་མོས་པ་ནི་ཉན་ཐོས་དང་རང་
སངས་རྒྱས་ལ་སྨོད་པ་དང་བྲལ་བའོ། །གཞན་ཡང་སྐྱེས་བུ་ཚེ་འདིའི་འབྲས་བུ་འདོད་པ་ལ་ཕྱི་མའི་ཚེ་ལ་འབྱུང་བར་མི་འགྱུར་རོ། །སྐྱེས་བུ་ཕྱི་མ་ལ་འདོད་པ་འདི་ལ་ཡང་རྒྱས་པར་འགྱུར་རོ། །མཆོག་འདོད་པ་ལ་ཐུན་མོང་ཡང་རྒྱས་པར་འགྱུར་རོ། །ཐུན་མོང་ལ་མོས་པ་ལ་མཆོག་དང་དེ་ཉིད་ཀྱང་ཐོབ་པར་མི་འགྱུར་
རོ། །དངོས་གྲུབ་རབ་དང་འབྲིང་དང་ཐ་མ་ཡང་རིམ་པས་ཐོབ་པར་འགྱུར་རོ། །དེའི་ཕྱིར། དྲུག་ཅུ་པ་ཡི་སྩོལ་བ་ཡིས། །སཱ་ལུའི་འབྲས་དང་ཕྲད་མ་ཡིན། །དམན་ལ་མོས་པའི་སྦྱོར་བ་ཡིས། །མཆོག་རྣམས་ཐོབ་པར་ག་ལ་འགྱུར། །ཞེས་བཤད་པས་སོ། །ཚུལ་བཞིན་ཆོ་ག་ལྡན་པ་ནི། །ཞེས་བཤད་
པ་ཡང་ཚུལ་བཞིན་ཆོ་ག་དང་ལྡན་པ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་ལས་གང་ཡང་རུང་བའི་གྲུབ་པའི་མཐའི་ཆོ་ག་དང་ལྡན་པའོ། །དེའི་ཕྱིར་རྒྱུད་མང་བ་དང་གྲུབ་པའི་མཐའི་ཚུལ་ཐམས་ཅད་དུ་བདག་གིས་བཤད་པ་སྟེ། ཀུན་གྱི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དགོངས་པའི་དོན་ལ་མཁས་པས་
བརྟག་པར་མི་བྱའོ། །མངོན་སུམ་རྡོ་རྗེ་སེམས་དཔའ་དེ་ནི་དམ་ཚིག་དང་ལྡན་པ་དང་། སྤྱོད་པ་ལ་གནས་པ་རྐྱེན་གཞན་གྱིས་འགལ་བར་མི་འགྱུར་བའི་ཕྱིར་རོ། །མཆོག་དང་ཐུན་མོང་རྒྱས་པར་འགྱུར་ཞེས་བཤད་པས་འབྲས་བུ་རྒྱས་པར་བསྟན་ཏེ། ཐུན་མོང་བརྒྱད་ལ་སོགས་པ་དང་རྡོ་རྗེ་འཛིན་པའི་ས་ཐོབ་
པའོ། །དེའི་ཕྱིར་བཤད་པ། རྟོག་པ་ཐམས་ཅད་ཤེས་རབ་ཏུ་ཤེས་པས། །དངོས་པོ་སྒྱུ་འདྲ་བསྡམ་བྱ་སྡོམ་བྱེད་མེད། །རང་བཞིན་གནས་དང་གཞན་གྱི་ནུས་པ་བསྐྱེད། །ངོ་བོ་ཉིད་དང་བསྡམ་བྱ་སྡོམ་བྱེད་དང་། །རྩ་བ་ཡན་ལག་དེ་བཞིན་ཡན་ལག་གོ། །རྡོ་རྗེ་སེམས་སོགས་བདེ་གཤེགས་མ་ལུས་ཀྱང་། །
དེ་ལ་འདའ་བར་སྤྱོད་པ་མ་ཡིན་ནོ། །མི་འདོད་དངོས་པོ་ཐམས་ཅད་སྲེག་པར་བྱེད། །སྡུག་བསྔལ་སྣ་ཚོགས་རྣམས་ཀྱི་གཞི་རྩ་སྟེ། །བདེ་གཤེགས་ཀུན་གྱིས་བུ་བཞིན་རབ་དགོངས་ནས། །སྐུ་གསུམ་ཡེ་ཤེས་ཆུ་ཡི་ཟླ་བ་བཞིན། །ནད་མེད་ནོར་དང་རྐང་འགྲོ་མང་པོ་འཕེལ། །འབད་པ་མེད་པར་

འདོད་པ་འགྲུབ་པར་འགྱུར། །རྒྱལ་པོ་ལ་སོགས་གསོང་པོར་སྨྲ་བྱེད་ཅིང་། །སྐྱེ་བོ་མང་པོས་རྟག་ཏུ་བཀུར་བར་འགྱུར། །འཁོར་དང་ལོངས་སྤྱོད་མང་པོས་རྣམ་པར་མཛེས། །རིམས་དང་གདོན་ལ་སོགས་པའི་གནོད་པ་རྣམས། །བླ་མ་མཁའ་འགྲོ་དམ་ཚིག་རྗེས་དྲན་པས། །དེ་དག་ལས་ཀྱང་མྱུར་
དུ་ཐར་བར་འགྱུར། །རིན་ཐང་མེད་པའི་རིན་ཆེན་རྣམས་ཀྱང་འཐོབ། །གདོན་དང་མཁའ་འགྲོ་རྣམས་ཀྱིས་འབར་བར་མཐོང་། །རྡོ་རྗེ་འཆང་བ་མང་པོས་རྗེས་སུ་འབྲང་། །བྱང་ཆུབ་སེམས་དཔའ་མང་པོས་སྤུན་བཞིན་དགོངས། །སྔགས་དང་ཞིང་ལས་སྐྱེས་པའི་མཁའ་འགྲོས་ཀྱང་། །རྒྱང་ནས་གཟིགས་
ཤིང་དངོས་གྲུབ་སྟེར་བར་བྱེད། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྟག་ཏུ་སྐྱོག །གདུག་པ་ཅན་རྣམས་མཐོང་ནས་དགའ་བར་བྱེད། །འབད་པ་མེད་པར་གསུངས་པའི་ལས་རྣམས་འགྲུབ། །བསྐལ་པ་མང་པོར་སྡོམ་ལ་གནས་པ་བས། །སྐད་ཅིག་གནས་པས་འབྲས་བུ་རྫོགས་པར་བྱེད། །ལྡོག་པ་
མེད་པའི་བྱང་ཆུབ་སེམས་བཟུང་ནས། །ཐབས་ཀྱིས་བསོད་ནམས་ཚོགས་ནི་རབ་རྫོགས་བྱེད། །བདེ་བའི་ངག་ཅན་དེ་ནི་ལུང་བསྟན་ཏེ། །བརྟགས་པ་རྣམས་ལོག་བདེན་པའི་དོན་མཐོང་ནས། །ས་ནས་སར་འཕར་མི་མཐུན་ཕྱོགས་སྤངས་ཏེ། །སྒྱུ་མ་ལྟ་བུས་རྟོག་མེད་མཉམ་པར་གནས། །ཁ་
སྦྱོར་བདེ་ཆེན་མཚན་གྱིས་རྣམ་བརྒྱན་པ། །སྟོབས་དང་མི་འཇིགས་ཕྱོགས་ཀྱི་ཆོས་རྣམས་དང་། །ཕ་རོལ་ཕྱིན་པས་ས་དང་དབང་ལ་སོགས། །དག་པའི་ཞིང་དུ་རྟག་པར་ཚོགས་ཆེན་བསྐོར། །འདུལ་བའི་དོན་དུ་སྣང་བ་འགག་པ་མེད། །ལེགས་པར་མཚན་པའི་རྒྱན་གྱིས་གར་ཡང་གནས། །
དུས་ལས་ཡོལ་མེད་དང་བའི་ཆུ་ཟླ་བཞིན། །འབད་རྩོལ་རྟོག་མེད་ཡིད་བཞིན་ནོར་བུ་ལྟར། །སྨོན་ལམ་གྲུབ་པས་ཐུགས་རྗེ་འགག་པ་མིན། །ལོངས་སྤྱོད་ཆེན་པོས་མཉམ་པ་ཉིད་ལ་གནས། །འདོད་པའི་ཡོན་ཏན་གྲུབ་པས་འགག་པ་མེད། །སྡོམ་ལྡན་རྣམས་ལ་མངོན་སུམ་གནས་ཞེས་
བཤད། །ཅེས་བཤད་པ་ཡང་ཐབས་དང་ཤེས་རབ་ཀྱི་རྒྱུད་མང་པོ་ལས་འབྲས་བུ་མང་དུ་བཤད་པས་བདག་གིས་མདོར་བསྡུས་ཏེ་བཤད་པའོ། །བསྐལ་པ་མང་པོར་ཚོགས་བསགས་ནས། །རིན་ཆེན་སྣོད་དུ་བདུད་རྩི་འཛག །རྟག་ཏུ་བརྩོན་པར་མི་བྱེད་པར། །ཅི་ཕྱིར་འདོད་པའི་

དུག་གིས་མྱོས། །ཞེས་བཤད་པས་ཀྱང་དོན་དེ་ཉིད་གྲུབ་པར་བསྟན་ཏེ། བསྐལ་པ་མང་པོ་ནས་རྒྱུད་ཤིན་ཏུ་སྦྱངས་པ་དང་། ཚོགས་བསགས་པ་དང་། སྨོན་ལམ་ལས་གྲུབ་པས་རིན་པོ་ཆེའི་སྣོད་ལྟ་བུར་གྱུར་པའི་ནང་དུ་བདུད་རྩི་འཐུང་བར་མི་བྱེད་པའི་འདོད་པའི་ཐག་པས་
བཅིངས་ནས། ཉོན་མོངས་པའི་དུག་གིས་མྱོས་པར་བྱེད་ཅེས་བཤད་དོ། །དེའི་ཕྱིར་ལམ་འདི་ལྟ་བུ་ནི་ཤིན་ཏུ་ཐོབ་པར་དཀའ་བའི་ལམ་ནི་རྟག་པར་བསྟེན་པར་བྱ་བ་དང་། ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱང་ཕྱིར་མི་ལྡོག་པར་བཤད་དོ། །དེ་ཉིད་ཀྱང་ཐོབ་པར་དཀའ་
བ་ཡང་། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་བཤད་དོ། །དེ་བས་ན་གུས་པ་དང་བཅས་པས་ཐོབ་པར་དཀའ་བའི་ལམ་འདི་རྟག་པར་བསྟན་པར་བྱའོ། །ཐབས་དང་
ཤེས་རབ་ཀྱི་རྒྱུད་མང་པོ་ལས་འབྱུང་བའི་སྡོམ་པའི་འབྲས་བུ་རྣམ་པར་བཤད་པ་མདོར་བསྡུས་པའོ།། །།དེ་བས་ན་རྩོད་པའི་དུས་ཀྱི་གང་ཟག་ཉོན་མོངས་པས་རྒྱུད་འཁྲུགས་པ་སྡོམ་པ་དང་དམ་ཚིག་ལ་གནས་པ་དཀའ་བ་སྟེ། དེའི་དུས་སུ་སྡོམ་པ་དང་དམ་ཚིག་ལ་གནས་ཏེ་
མཉམ་པར་བཞག་ནས་སྐད་ཅིག་ཙམ་བསྒོམས་པས་ཀྱང་དུས་གཞན་དུ་བསྐལ་པར་གནས་པ་བས་དོན་ཆེན་པོར་འགྱུར་ཞེས་བཤད་དོ། །དེ་ཡང་རྩོད་པའི་དུས་ཀྱི་གང་ཟག་གི་མཚན་ཉིད་བཅོམ་ལྡན་འདས་ཀྱིས་དམ་པ་དང་པོའི་རྒྱུད་ལས་བཀའ་སྩལ་ཏེ། རྩོད་པའི་དུས་ཀྱི་འཛམ་
བུ་གླིང་གི་མི་རྣམས་ནི་ལྷག་པར་ཡང་སྡིག་པའི་ལས་ལ་གཞོལ་ཞིང་། ཚེ་ཐུང་ཞིང་ཤེས་རབ་ཞེན་ཏེ། རྡོ་རྗེ་སློབ་དཔོན་གང་ཡིན་པ་དག་ཀྱང་དགེ་བའི་རྩ་བ་ལ་ལོག་པར་གཞོལ་བ་དང་། དགེ་སློང་རྣམས་ཀྱང་མི་དགེ་བ་བཅུ་བྱེད་པ་ལ་གཞོལ་བ་དང་། ཁྱིམ་པ་རྣམས་ཀྱང་
དཀོན་མཆོག་གསུམ་གྱི་ཡོ་བྱད་ལ་ལོངས་སྤྱོད་པར་འགྱུར་བ་དང་། མཁས་པ་རྣམས་ཀྱང་མ་ཐོས་པའི་རྒྱུད་འཆད་ཅིང་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་འགྲེལ་པ་བྱས་ནས། དོན་ཕྱིན་ཅི་ལོག་ཏུ་བསྟན་པས་དམྱལ་བར་གཞོལ་བར་འགྱུར་བ་དང་། གྲོང་མི་རྨོངས་པ་

རྣམས་ཀྱང་ལོག་པར་དད་པས་ཐམས་ཅད་མཁྱེན་པའི་རྒྱལ་མཚན་རྣམས་སུན་ཕྱུང་ནས། ཁྱིམ་པ་ལ་བསྙེན་བཀུར་བྱེད་པར་འགྱུར་བ་དང་། སློབ་མ་རྣམས་ཀྱང་ཞེ་སྡང་གི་བློས་སློབ་དཔོན་གྱི་སྐྱོན་རྟོག་པ་དང་། ལོངས་སྤྱོད་ལ་ཆགས་ནས་སློབ་དཔོན་དམ་པ་མ་ཡིན་པ་ལ་ཡང་བསྟོད་
ཅིང་མཆོད་པར་འགྱུར་ལ། བླ་མའི་བསྙེན་བཀུར་སངས་རྒྱས་ཀྱིས་གསུངས་པ་རྣམས་ནི་བྱེད་པར་མི་འགྱུར་ཞིང་། འཆད་པ་པོ་རྣམས་ནི་མི་དགེ་བ་བཅུ་ལ་འཇུག་པར་འགྱུར་ཞིང་། སྒྲུབ་པ་པོ་རྣམས་ཀྱང་བཟའ་བཏུང་ལ་ཆགས་པར་བྱེད་པ་དང་། བུད་མེད་རྣམས་ཀྱང་འདོད་པ་
ལ་ཤིན་ཏུ་ཆགས་སོ་ཞེས་གསུངས་སོ། །གཞན་ཡང་མངོན་པའི་བསྟན་བཅོས་ལས་བསྟན་པ་ནི་སྲོལ་གོང་མ་བཞིན་ཞེས་བཤད་དོ། །དེའི་ཕྱིར་རྣལ་འབྱོར་པས་འབད་པར་བྱའོ་ཞེས་རྗེས་སུ་གདམས་པའོ། །སྣ་ཚོགས་རྒྱུད་དང་ཐེག་ཆེན་མདོ། །དམ་པ་ཀུན་གྱི་དགོངས་པ་
དང་། །གཞན་སོགས་གཞུང་ལུགས་མང་པོ་ལས། །ཞལ་དང་འདྲ་བའི་བཤད་པ་འདི། །རྒྱ་ཆེར་འགྲེལ་པའི་དྲི་མ་མེད། །ལམ་གྱི་སྒྲོན་མ་ཞེས་བྱ་བའི། །བླ་མ་བརྒྱུད་དང་ལྷན་ཅིག་སྐྱེས། །དད་དང་སྙིང་རྗེ་གཙོར་བྱས་པས། །སྣ་ཚོགས་རྒྱུད་དང་སློབ་དཔོན་གྱི། །དགོངས་པ་སྣ་
ཚོགས་བརྟགས་པ་ལས། །ངལ་ལས་དགེ་བ་གང་ཐོབ་དེས། །འདས་སོགས་བླ་མ་རྡོ་རྗེ་སྤུན། །དམ་ཚིག་མ་ལུས་ཉམས་པ་གང་། །བླ་མ་འཇམ་བཅས་མདུན་བྱས་ཏེ། །བདག་སོགས་དམ་ཚིག་དག་གྱུར་ཅིག །ཐམས་ཅད་དངོས་གྲུབ་སྣོད་གྱུར་ལ། །ཐུན་མོང་མཆོག་གིས་
རྣམ་བརྒྱན་ཏེ། །འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་ལམ་གྱི་སྒྲོན་མ་ཞེས་བྱ་བ་དེ་ལ་ཕན་པར་བྱེད་པའི་ཡན་ལག་དང་བཅས་པ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་རྫོགས་སོ།། །།མྱང་རོ་སྟག་ཚལ་དུ་དཱི་པཾ་ཀ་ར་བོད་དུ་བྱོན་ཙམ་
ན་བསྒྱུར། པུ་རི་ཤའི་གྲོང་ཁྱེར་དུ་ཨཱ་ཙཱརྱ་ཨུ་པ་དྷ་ཤྲཱི་བཛྲ་ཤཱི་ལ་དང་། ལོ་ཙཱ་བ་དགེ་སློང་བརྩོན་འགྲུས་སེང་གེས་ལེགས་པར་མནོས་ཏེ་གུས་པར་བསྒྱུར་བའོ།། །།བལ་པོའི་ཁྱིམ་དུ་དུ་མའི་ལོ། །རིན་ཆེན་གྲགས་པ་བདག་གིས་འོངས། །འགྲེལ་དཔེ་རྙིང་པ་ལ་ཡང་གཏུགས། །ཤིན་ཏུ་ཡང་ནི་དག་པར་བགྱིས།། །།

༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མར་བདག་ཉིད་སྟན་བདེ་བ་ལ་འདུག་སྟེ། སྐྱིལ་མོ་ཀྲུང་གིས་གནས་ལ། སེམས་ཅན་ཐམས་
ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་དགོད་པར་བྱའོ་ཞེས་པའི་སེམས་བསྐྱེད་པ་སྔོན་དུ་སོང་བའི་རྗེས་ལ། དེ་ནས་རང་ཐ་མལ་པར་གནས་པའི་སྤྱི་བོའི་སྟེང་དུ་པྃ་ལས་པདྨ་དཀར་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་
གང་བ། དེའི་སྟེང་དུ་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པ། ཕྱག་གཡས་
པ་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་དྲིལ་བུ་རྐེད་པར་འཛིན་པ། སྐུ་རོལ་པས་བཞུགས་པ། ཞབས་གཡས་པ་ཅུང་ཟད་བརྐྱང་བའི་མཐེབ་ཆེན་གྱིས་བདག་གི་ཚངས་བུག་ལ་རེག་པར་བསམས་ལ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལ་ཡི་གེ་བརྒྱ་པས་བསྐོར་
ནས་ཡོད་པར་བསམས་ལ། དེ་ལས་འོད་འཕྲོས་པས་འོག་མིན་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་བདུད་རྩིའི་ཆུ་རྒྱུན་འོ་མ་ལྟ་བུ་དྲངས་ནས། རྡོ་རྗེ་སེམས་དཔའི་ཐུགས་ཀར་ཞུགས་ནས་ཞབས་ཀྱི་མཐེབ་ཆེན་གྱི་སྣ་བརྟོལ་ནས་བདག་གི་ཚངས་པའི་བུ་ག་ནས་
ཞུགས་པས་ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་བར་བསམས་ཏེ། དེས་བདག་གི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་མཚམས་མེད་པ་ལྔ་ལ་སོགས་པ་བྱས་པའི་སྡིག་པ་ཐམས་ཅད་དུད་ཁུ་ལྟ་བུ་རྐང་མཐིལ་ནས་འཐོན་པར་བསམས་ཏེ་ལུས་ཤེལ་དག་པ་ལྟར་ཕྱི་ནང་ས་ལེ་བར་བསམ་མོ། །དེ་ནས་
དངོས་སམ་ཡིད་ཀྱིས་མཆོད་པ་དབུལ་བར་བྱའོ། །དེ་ནས་རིག་སྔགས་བརྒྱ་པོ་ཇི་ལྟ་བ་བཞིན་དག་པར་བརྗོད་དོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་ཐམས་ཅད་དག་གོ་ཞེས་གསུང་བར་བསམས་ལ་དེ་ཉིད་དུ་ཐིམ་པར་བསམ་མོ། །བདག་ཉིད་ནུས་

ལྡན་ཀུན་གྱི་མཆོག་ཏུ་གྱུར་པར་ཤེས་པར་བྱའོ། །ལམ་ཐམས་ཅད་ཀྱི་དག་བྱེད་ཀྱི་ཐབས་དཔལ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བའི་སྒྲུབ་ཐབས་བླ་མ་མངོན་ཤེས་ཅན་རྡོ་རྗེ་གདན་པས་མཛད་པ་རྫོགས་སོ།། །།ཡུལ་དབུས་ཀྱི་དཔེ་ཇི་ལྟ་བ་བཞིན་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་
དཔལ་བཟང་པོས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་གུས་པས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་གུ་ཧྱ་བི་དྷི་གརྦྷ་ཨ་ལངྐ་ར་ནཱ་མ། བོད་སྐད་དུ། དཔལ་གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་གའི་སྙིང་པོ་རྒྱན་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་
དཔའ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་མཆོག་རྣམས་ཀྱི། །ཡེ་ཤེས་བློ་གྲོས་ཆེན་པོའི་སྐུ། །སེམས་ཅན་ཀུན་ལ་ཕན་བསྐྱེད་པ། །འཇམ་དཔའི་མགོན་ལ་ཕྱག་འཚལ་ཏེ། །ཐེག་མཆོག་གསང་བ་ཐམས་ཅད་ཀྱི། །ཆོ་གའི་སྙིང་པོ་རྒྱན་གྱུར་པ། །དང་པོའི་ལས་ཅན་རྗེས་
གཟུང་ཕྱིར། །རྣལ་འབྱོར་ཆེན་པོའི་ཚུལ་འདི་བཤད། །རྩ་བ་བཞི་དང་དག་པ་དང་། །ཚོགས་དང་ཡན་ལག་ཀུན་བསྡུས་པ། །རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པ། །ལམ་གྱི་འཁོར་ལོར་ཤེས་པར་བྱ། །བློ་ལྡན་ཐར་པའི་བདག་ཉིད་སེམས། །བཟོད་ལྡན་དུལ་བའི་སློབ་མ་ཡིས། །གྲུབ་པའི་
རྩ་བ་མཆོག་གཅིག་པུ། །བླ་མ་བསྟེན་བྱ་དང་པོར་བརྟག །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། །བཅོམ་དང་བཅས་པ་ཉིད་དང་ནི། །བརྐམ་བཅས་སློབ་མ་དགེ་ལས་བཟློག །རལ་གྲི་ཏིལ་དང་སྣག་ཚ་དང་། །ཁྱིམ་གྱི་ལས་ལ་མངོན་བརྩོན་ཞིང་། །
རང་གི་དོན་སེམས་རྙེད་པ་འདོད། །བླ་མ་བརྙས་བྱེད་སེམས་ཅན་ལ། །ཉེར་འཚེ་འགྲོ་ལ་ངན་པ་སྦྱོར། །སྔགས་དང་ཕྱག་རྒྱའི་ཆོ་ག་ཡིས། །རྟག་ཏུ་འཚོ་བ་སྒྲུབ་བྱེད་ཅིང་། །འཇིག་རྟེན་ཆོས་ཕྱིར་དགེ་ལ་འཇུག །ཆང་དང་སྨད་འཚོང་ལ་གདུངས་ཤིང་། །དེ་ཉིད་གཉིས་པོ་མི་
ཤེས་པར། །རྟག་ཏུ་སློབ་དཔོན་ཉིད་དུ་སེམས། །ཚངས་སྤྱོད་བརྟན་པར་མ་གྱུར་པ། །ན་ཆུང་བདེ་ལ་མངོན་པར་ཞེན། །དེ་ཉིད་བཅུ་ལ་མི་གནས་པར། །དཀྱིལ་འཁོར་ལས་ལ་འཇུག་བྱེད་ཅིང་། །དབུལ་བའི་སློབ་མ་ལ་སྡང་ཞིང་། །དམ་ཆོས་དམན་ལ་སྦྱོར་བ་དང་། །

རྟག་ཏུ་རྙེད་པ་དོན་གཉེར་བས། །སྐལ་མིན་གསང་བ་ལ་འགོད་དང་། །སྡོམ་པ་གསུམ་པོ་མི་འཛིན་ཅིང་། །རྩ་བའི་ལྟུང་བ་ཉེར་གནས་པ། །ཆོས་ལ་སེར་སྣ་ཀུན་སྤྱོད་ཅིང་། །དམ་མིན་ལས་ལ་སྦྱོར་བྱེད་པའི། །སློབ་དཔོན་རིང་ནས་སྤང་བར་བྱ། །
དེ་བསྟེན་དམྱལ་སོགས་འབྲས་ལ་སྦྱོར། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །དཀྱིལ་འཁོར་འདྲི་བའི་ལས་ལ་བྱང་། །
དྲན་གསལ་བརྩོན་འགྲུས་དང་ལྡན་ཞིང་། །ཐིག་ལེ་ཆེ་ལ་རྟག་ཏུ་དགའ། །བློ་སྦྱངས་རིག་པ་ལྔ་འཛིན་ཅིང་། །སྔགས་བཤད་སྦྱོར་བ་གནས་མཁས་དང་། །དེ་ཉིད་ལུང་ཐོབ་རིམ་བརྒྱུད་ལྡན། །འགྲོ་བའི་ཐར་པ་ལ་སེམས་ཤིང་། །ཀུན་དུ་དགེ་ལ་འགོད་པ་པོ། །ཚོང་སོགས་བྱ་བ་རྣམས་དོར་
ནས། །སྡོམ་གསུམ་དགེ་ལ་འཇུག་པ་དང་། །དེ་ཉིད་སྒོམ་ལ་ཚངས་སྤྱོད་སྒྲུབ། །སྐལ་དང་སྐལ་མིན་སེམས་ཅན་ལ། །ཚུལ་དང་ཚུལ་མིན་ཆོ་ག་ཤེས། །སེར་སྣ་རྣམ་སྤངས་དམན་མི་མོས། །རྙེད་སོགས་ཆོས་ལ་མི་བལྟ་ཞིང་། །བླ་མ་ལྷ་ལ་རབ་དད་མཆོད། །དམན་སོགས་
སེམས་ཅན་སུན་མི་འབྱིན། །ཞུམ་མེད་ཁེངས་སེམས་རྣམ་སྤངས་པ། །སློབ་དཔོན་མཆོག་ཏུ་ཤེས་པར་བྱ། །རྩོད་པའི་དུ་ནི་འདི་ཉིད་ན། །རྣམ་རྒྱས་ཉོན་མོངས་དབང་གིས་ནི། །སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །དགེ་ལ་རྣམ་བརྟེན་ཡོན་ཏན་དག །ཤས་ཆེར་གྱུར་པ་རྣམ་
པར་གཟུང་། །འགྲོ་མགོན་བླ་མ་བསྟེན་པར་བྱ། །བླ་མ་གནས་པའི་མདུན་དག་ཏུ། །གཅེར་བུ་དང་ནི་དབུགས་སྒྲོགས་དང་། །ཆགས་པའི་ལས་དང་ཙུག་ཙུག་དང་། །སྣབས་དང་ལུད་པ་མདུན་འདོར་དང་། །གཡན་པ་འཕྲུག་དང་གཡལ་ཆེན་དང་། །དྲག་ཏུ་ལངས་འདུག་རྡུལ་
སྤྲུག་དང་། །ཚིག་ཉེད་པ་དང་རྐང་རྐྱོང་དང་། །གདིང་བ་དྲག་འདིང་གཞན་རྡེག་དང་། །འགྲེང་དང་དོན་མེད་འཆག་ལ་སོགས། །བག་མེད་ལུས་ནི་མ་བསྡམས་པ། །རྣམ་པ་ཀུན་དུ་མི་བྱའོ། །འཕྱ་དང་ལྟ་བ་གད་བྱེད་པ་དང་། །མ་འབྲེལ་སྨྲ་དང་འགྲམ་ཆལ་དང་། །བརྫུན་དང་།

བརྙས་ཏེ་ཟློས་པ་དང་། །ཕྲ་མ་དང་ནི་རས་ཆོད་དང་། །མི་གཞན་ཞེར་འདེབས་ལ་སོགས་པ། །བྱེད་པ་ངག་གི་མ་བསྡམས་པའི། །སྒྲ་ཡི་སྐྱོན་རྣམས་སྤང་བར་བྱ། །སྲོག་དང་ལུས་དང་ལོངས་སྤྱོད་དང་། །དེ་ཡི་དོན་དང་གྲགས་པ་ལ། །ལྟོས་མེད་ངན་དུ་སེམས་པ་དང་། །མི་སྡུག་པར་
བལྟ་བརྙས་པ་དང་། །དེ་ཡི་སྐྱོན་རྟོག་གུས་མི་བྱེད། །རྟག་ཏུ་བྲལ་བར་སེམས་པ་དང་། །དེ་ཡི་ཚིག་ལ་བདུད་སྐྱེད་བྱེད། །རྟག་ཏུ་བསླུ་བའི་སེམས་ལྡན་ཞིང་། །གཡོ་སྒྱུ་ཀུན་དུ་སྤྱོད་པ་དང་། །ཁོང་ཁྲོ་སྐད་ཅིག་གིས་ཆགས་བྱེད། །ཚུལ་མིན་ལས་ཀྱི་བསམ་པ་ཀུན། །བག་མེད་སེམས་
ནི་མ་བསྡམས་པ། །གཡེང་བ་ཆེན་པོར་གྱུར་པ་སྟེ། །ནམ་དུ་ཡང་ནི་མི་བྱའོ། །བླ་མ་ལས་ནི་བཀའ་བླང་ཞིང་། །གུས་པས་འདུད་པའི་སེམས་བྱ་སྟེ། །མཉན་ན་བདེ་བའི་ངག་དག་གིས། །བརྟུལ་ཞུགས་ཅན་གྱིས་དོན་རྣམས་གསོལ། །སྟོན་པ་མཆོད་དང་རང་རྣལ་འབྱོར། །བཟའ་
བཏུང་བཤང་གཅི་འདོར་བ་དང་། །མཚམས་ནང་འགྲོ་དང་གཉུག་མའི་ལས། །བྱ་བ་མ་གཏོགས་གཞན་རྣམས་དྲི། །སློབ་མ་རྒྱལ་མཚན་དང་ལྡན་པས། །བླ་མ་ཁྱིམ་པའི་རྟགས་འཛིན་ན། །ཁྲུས་དང་སྨད་པའི་ཉེས་པ་དང་། །ཆོས་ལས་མ་གཏོགས་ཕྱག་མི་བྱ། །དམན་པའི་ལས་དང་
ཕྱག་བྱས་ན། །འཇིག་རྟེན་སྨད་པས་ཉམས་བྱས་ཤིང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྨད་པའི་ལས་ནི་བྱས་པར་འགྱུར། །དེ་ཉིད་བཅུ་ནི་ཤེས་གྱུར་པའི། །བརྟུལ་ཞུགས་འཛིན་པ་ཡོན་གནས་སུ། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །ཚོགས་ཀྱི་འཁོར་ལོ་
སོགས་དཔོན་དུ། །གོས་དཀར་ཅན་ནི་མི་དགའོ། །བརྟུལ་ཞུགས་འཛིན་པ་རྨོངས་གྱུར་ན། །ཡོན་ཏན་དུས་ལས་མ་གཏོགས་པར། །ལས་ཀྱི་རྡོ་རྗེའམ་འཁོར་དུ་མིན། །དེ་ལྟར་དེ་དག་མ་བྱས་ཀྱང་། །བླ་མ་ལ་བརྙས་མི་འགྱུར་ཏེ། །རྫས་དང་བཀུར་འོས་ཀུན་གྱིས་མཆོད། །དེ་ཡི་
གྲགས་པ་བསྒྲག་བྱ་ཞིང་། །ལུས་སྲོག་ལོངས་སྤྱོད་ཀུན་བསྲུང་ཞིང་། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་བསྟེན། །མངོན་སུམ་དུའམ་ལྐོག་ཏུ་ཡང་། །དགེ་བ་བསྒོ་བའི་བཀའ་ལས་ནི། །ནམ་དུ་ཡང་ནི་འདའ་མི་བྱ། །དེ་ལ་སེམས་ཀྱིས་མངོན་ཕྱོགས་ཤིང་། །ཀུན་དུ་དེ་ཡི་སེམས་

བསྲུང་ངོ་། །ལོངས་སྤྱོད་རྣམས་ལས་དང་པོར་ཏེ། །ཉིན་རེའམ་ཟླ་བ་ལོ་ལ་སོགས། །དུས་འདས་བླ་མ་མ་བསྟེན་པར། །གྲུབ་པར་འདོད་པའི་སྒྲུབ་པ་ནི། །སྨིག་རྒྱུའི་ཆུ་ལ་འཐུང་འདོད་ཅིང་། །ཕུབ་མ་བརྡུངས་ལས་འབྲས་འདོད་དང་། །རྒྱ་མཚོའི་ཆུ་ལས་མར་བཞིན་
ནོ། །བྱས་པར་ངེས་པར་བསྟེན་དགོས་ན། །རྒྱལ་མཚན་དགེ་འདུན་ལ་ཕུལ་ཏེ། །ཁྱིམ་པའི་ཆ་ལུགས་གནས་བྱས་ནས། །འབད་དེ་བླ་མ་མཉེས་པར་བྱ། །དེ་ཡི་མཚན་ནས་མི་བརྗོད་ཅིང་། །གྲིབ་མའང་འགོམ་པར་མི་བྱ་ལ། །ཕྱག་རྒྱ་མཐོང་བར་གྱུར་པ་ན། །ཁེངས་པའི་ལྟ་བས་བལྟ་མི་བྱ། །བརྣབ་སེམས་ཀུན་དུ་
སྤང་བ་དང་། །ཐལ་སྦྱར་ཞེ་ས་དང་བཅས་པས། །ཚིག་བརྗོད་ཀུན་དུ་འདའ་བར་བྱ། །དོན་རྣམས་ཐམས་ཅད་སྒྲུབ་པ་དང་། །འཇིག་རྟེན་སྤྱོད་དང་མི་མཐུན་པའི། །ལས་ལ་སློབ་དཔོན་གནས་ན་ཡང་། །བདག་ཉིད་འཁྲུལ་ཞེས་བསམ་པའམ། །བསམ་མི་ཁྱབ་དྲན་གུས་ལྡན་པས། །རྟག་
ཏུ་དེ་དང་འབྲལ་མི་བྱ། །ན་བ་ལ་སོགས་སྒྲུབ་དཀའ་དང་། །མི་དགེ་ལ་སྦྱོར་ཚིག་དག་ལ། །བདས་པར་གསོལ་ཏེ་བཏང་སྙོམས་བཞག །དེ་ལྟར་བྱ་དང་བྱ་མིན་པ། །ཐམས་ཅད་དུ་ནི་བརྟགས་བྱས་ནས། །ཉེས་པ་ཀུན་དང་བྲལ་བར་སྤྱད། །རྩ་བའི་ཆོ་གའི་རྣམ་པར་ཕྱེ་བ་སྟེ་དང་
པོའོ།། །།དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ལྔ་བཅུ་རྩ་གཉིས་སྦྱོར་བ་ལས། །སྒྲུབ་པ་པོས་ནི་གཟུང་བར་བྱ། །དེ་ལ་རྡོ་རྗེ་སློབ་དཔོན་སོགས། །དོར་བའི་ཁ་ན་མ་ཐོ་བ། །ལྕི་དང་ཡང་དང་དག་པ་དང་། །ཆ་འདྲ་བ་ནི་ཤེས་པར་བྱ། །ཡུལ་བསམ་སྦྱོར་བའི་
བྱེ་བྲག་དང་། །དུས་དང་ཉེས་པ་ལན་གྲངས་དང་། །ཟླ་བ་དང་ནི་བཀྲ་ཤིས་ཉིད། །དེ་ནི་རིམ་པར་རྣམ་ཕྱེ་བ། །དབང་སོགས་སློབ་དཔོན་རིམ་པར་གནས། །བླ་མེད་རྒྱུད་སོགས་དེ་བཞིན་ཏེ། །དབང་སོགས་སྤུན་ནི་ངེས་པར་གཟུང་། །སྦྱོར་དང་སྡང་བས་དོར་བ་ཡིས། །ཡོན་ཏན་
སྡུག་བསྔལ་ཞིང་ཁྱད་དང་། །མནར་སེམས་ཚུལ་མིན་དོར་བ་ལས། །སྡོམ་གསུམ་མི་ཡི་འགྲོ་བ་དང་། །གཅིག་གཉིས་གསུམ་གྱི་མཐར་ཐུག་པར། །དོན་དམ་ལྷག་བསམ་ཐིག་ལེའི་གཟུགས། །རྣལ་འབྱོར་ཆེན་པོ་སོགས་རིམ་ལྟར། །ཐམས་ཅད་ཉམས་ཀྱང་མ་རྫོགས་པར། །དབང་

བཞི་པོ་ནི་འཛིན་པ་ཡི། །སྣོད་ནི་རབ་ཏུ་བརྟག་པར་བྱ། །གང་ཟག་ཆོས་ལ་བདག་མེད་དང་། །རྣམ་རིག་ཤེས་པའི་རང་བཞིན་ལས། །རིམ་པར་གྱུར་ཏེ་རང་བཞིན་དང་། །རྐྱེན་དང་དྲེགས་པའི་བདག་ཉིད་དང་། །རྟག་ལ་སོགས་པའི་རང་བཞིན་རིམ། །དད་སོགས་ཆེན་པོ་ཆུང་ངུའི་
མཐའ། །བསྲུང་དང་བསྟེན་པ་བཟའ་བ་ཤེས། །གཉིས་གསུམ་རིག་པའི་བརྟུལ་ཞུགས་ལྡན། །ཡུལ་གྱི་སྦྱོར་བ་ལ་བརྟེན་ནས། །མནར་སེམས་ཆགས་རྨོངས་ཆེ་སོགས་རིམ། །མནར་སེམས་འཁྲུགས་དང་མདུད་པར་འཛིན། །བརྐམ་དང་ཆགས་དང་འདོད་པར་དགའ། །
སྐུར་འདེབས་ལོག་རྟོག་རྨོངས་པ་རྣམས། །གསུམ་གཉིས་གཅིག་གི་ལུས་ངག་ཡིད། །སྦྱོར་བའི་ཉེས་པ་རབ་རྫོགས་བྱེད། །གཅིག་གཉིས་གསུམ་གྱི་ལོར་གནས་ལས། །དུས་ཀྱི་ཆེ་སོགས་རྣམ་པར་གཞག །རྣམ་དག་ཐོས་བསམ་བསྒོམ་པའི་དུས། །སྲོག་དང་ལུས་དང་
ལོངས་སྤྱོད་དང་། །ལྟུང་དང་སྦོམ་ལྕི་ཉེས་བྱས་རིམ། །སྲོག་སོགས་ཉེས་པའི་ཁྱད་པར་ཤེས། །བྱང་ཆུབ་སྲོག་དང་ལུས་ཀྱི་རིམ། །ཡུལ་གསུམ་བྲལ་དང་བླ་མེད་སོགས། །དོར་དང་སྐྱུགས་དང་ངན་དུ་བརྗོད། །ཟབ་དང་དབང་སོགས་ཆོ་གའི་མཐའི། །གསང་དང་མ་རུངས་ངན་དུ་
སེམས། །ཕལ་ཆེར་མི་བདེན་སྙམ་དང་བདེན། །འཕེལ་དང་དགའ་དང་བཏང་སྙོམས་དང་། །ཡུལ་ལས་རིམ་པར་བཟློག་པ་དང་། །ལྡོག་དང་མི་འཇུག་མ་དད་དང་། །ཡུལ་དང་བྲལ་དང་སྲོག་སོགས་རིམ། །གཅིག་གཉིས་གསུམ་ལས་ངེས་པར་སྐྱེས། །དེ་ལྟར་ལག་པ་མདའ་དང་མིག །
ངེས་པར་སྦྱོར་བ་སོགས་འབྱུང་ཤེས། །ལྷ་ཡི་ཚུལ་སོགས་ཐམས་ཅད་ལའང་། །སྦྱོར་བ་རྣམས་ནི་བརྟག་པར་བྱ། །ན་དང་དབང་ཉམས་བྱ་བ་དང་། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བརྟན་པ་དགོས་ལྡན་དང་། །ནུས་པ་རྙེད་དང་གནས་པ་དང་། །བཀའ་བསྒོ་བ་དང་བར་ཆད་དང་། །
ཉེས་པ་མེད་པར་ཤེས་པར་བྱ། །ཇི་སྲིད་ལྟུང་བ་མ་སྤྱད་ཅིང་། །གོང་མའི་ཡོན་ཏན་མངོན་མ་གྱུར། །བསླབ་དང་འགལ་བའི་ལས་མི་སྤྱད། །དམ་ཚིག་རྟོག་ལས་མ་གྲོལ་བ། །དེ་སྲིད་སྦྱོར་བ་ངེས་པར་གནས། །སྒྲ་སོགས་ཉན་དང་འཆད་པ་དང་། །ཉན་ཐོས་སོགས་དཀའ་རང་རྒྱལ་

སོགས། །དྲི་ཆེན་སོགས་ཏེ་ཉན་ཐོས་སོགས། །མ་གུས་བྱོལ་སོང་གཞན་གྱི་ལུས། །ཐབས་ཀྱི་ལམ་དང་དྲེགས་པར་ལྡན། །ཀུན་རྫོབ་བརྗོད་བཅས་དད་བརྟན་དང་། །བགྲང་ཕྲེང་སོགས་དང་བུད་མེད་རྣམས། །ཡུལ་གྱི་འདྲ་བར་ཤེས་པར་བྱ། །སློབ་དཔོན་
དང་ནི་སློབ་མ་དག །འཁོན་འཛིན་གུས་པ་རྣམ་པར་བྲལ། །སྡོམ་གསུམ་འཛིན་པའི་བློ་མེད་ཅིང་། །དགོངས་པའི་དོན་ཤེས་མི་བྱེད་ཅིང་། །ཤར་གཉེར་དོན་ལ་སྐྱོ་སེམས་དང་། །ཆགས་དང་འདོད་པས་བསྟོད་ལས་བཟློག །འདོད་དོན་གཉེར་དང་མཆོད་ཡུལ་དུ། །དད་པས་འདུ་
ཤེས་མི་འཇུག་ཅིང་། །བདག་མེད་གུས་པ་རྣམ་སྤངས་དང་། །མེལ་ཚེ་འདུལ་བར་མི་སེམས་ཏེ། །དམན་ལ་གུས་པའི་བློ་བསྐྱེད་ཅིང་། །འདོད་ཕྱིར་གཞན་སེམས་བསྲུང་བློ་མེད། །མ་དད་བསྲུང་བའི་བློ་བསྐྱེད་དང་། །ཕྱག་རྒྱ་མི་མཐུན་ལོག་བློར་བྱེད། །བསམས་པས་ཐམས་ཅད་
འདྲར་ཤེས་བྱ། །སྲོག་སོགས་འཚེ་ལས་མ་བཟློག་དང་། །བསམས་བཞིན་དུ་ནི་མ་བཤགས་དང་། །སྦྱོར་བ་ལོག་པར་བྱེད་པ་དང་། །མཐོ་བཙམས་པ་དང་ཆགས་སྦྱོར་དང་། །ཅུང་ཟད་པ་ཡང་ཚུལ་མིན་ཞེས། །ལམ་དང་རྒྱན་པོ་འགྱེད་སོགས་སར། །ཆད་དང་ཅུང་ཟད་ངལ་
ལ་སོགས། །ཐེ་ཚོམ་ཟ་ཞེས་མངོན་བརྗོད་དང་། །ངན་དུ་སྨྲ་ལས་ཟློག་མི་བྱེད། །དངོས་པོ་བདེན་ཞེས་མངོན་བརྗོད་བྱ། །གྲོགས་དང་ཁ་ཟས་བག་ཡངས་དང་། །དྲག་པོའི་སྦྱོར་བ་མ་སྦས་པ། །མཚན་མ་འགོམ་དང་མིང་བརྗོད་དང་། །བུད་མེད་ཕན་ཚུན་མི་སྨྲ་བ། །རིག་མ་ལ་
ཁེངས་སེམས་དམན་པས། །གཏམ་གྱི་སྦྱོར་བ་མ་བྱས་པ། །ཉེས་པ་དག་ནི་འདྲ་བར་འགྱུར། །ཆུང་ངུའི་ཉེས་པ་ཡུན་རིང་པོ། །ཆེ་དང་ཀུན་ལ་འདྲ་བ་ཡིན། །དེ་ལྟར་ཉེས་པའི་རྣམ་པ་ཀུན། །འཕེལ་དང་ལྟུང་སོགས་རབ་རྫོགས་པས། །ལོ་གཅིག་དང་ནི་ཐུན་མཚམས་ལས། །འགྱུར་
བར་རྣལ་འབྱོར་པས་ཤེས་བྱ། །ཉིན་མཚན་ཀུན་དུ་རབ་བསྒྲིམས་ནས། །ཉེས་པའི་གནས་ནི་ཤེས་པར་བྱ། །གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱས་ནི་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར་གནས་བྱ། །འགྱོད་བཅས་

ཉེས་པ་འཕེལ་མིར་འགྱུར། །གཉེན་པོའི་དགེ་ལས་མ་གཡོས་ན། །སྨན་པའི་གནས་ནི་བསྒྲུབས་པ་མིན། །མཆོག་གི་སེམས་ནི་སྔོན་འགྲོ་བས། །རང་གི་ལམ་ནི་ངེས་པར་གཟུང་། །ལམ་བྲལ་མནར་མེད་སོགས་འགྲོ་བས། །སྔགས་པ་རྟག་ཏུ་བག་མེད་པར། །ཉེས་
པ་བཏང་སྙོམས་མི་བཞག་ཅིང་། །བག་ཡོད་པས་ནི་ཀུན་དུ་བསྒྲུབ། །བླ་མ་དང་ནི་གྲོགས་པོ་དང་། །ཚངས་པ་མཚུངས་པར་སྤྱོད་རྣམས་དང་། །ཀུན་དུ་ལྟ་བས་དམ་ཚིག་གཟུང་། །སློབ་དཔོན་ལ་སོགས་དམ་ཚིག་ལ། །འཚོ་བ་ཕྲོགས་ལ་སོགས་པ་ཡིས། །ཡན་ལག་གཙོ་བོ་
བྱུང་གྱུར་ན། །ལྷག་པར་ཉེས་པ་འཕེལ་འགྱུར་བས། །དངོས་དེ་བྱིན་གྱིས་བརླབས་ནས་ནི། །འབད་པས་མྱུར་དུ་སྦྱང་བར་བྱ། །སྦོམ་སོགས་ཕྲ་བའི་ཕྲ་བ་མཐར། །ཉེས་པ་རྟག་ཏུ་བསམ་པར་བྱ། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །སྔགས་པ་མནར་མེད་སོགས་འགྲོ་བས། །
ང་ནི་སྔགས་པ་ཞེས་སྒྲོགས་ཤིང་། །གསང་བའི་ལམ་ལ་བརྟེན་ནས་ཀྱང་། །ཚུལ་ཁྲིམས་ཡལ་བར་དོར་མི་བྱ། །དཀར་པོའི་གོས་ལ་རབ་གནས་ཏེ། །ངོ་ཚ་རྣམ་པར་དོར་ནས་སུ། །ལོག་པར་གཡེམ་ལ་མངོན་པར་ཞེན། །ངུ་འབོད་སེམས་ཅན་དམྱལ་བར་ལྟུང་། །ཡུལ་མིན་པ་ལ་
དྲག་ཤུལ་དང་། །འདོད་པ་ཡིས་ནི་མ་བྱིན་ལེན། །གཞན་དང་བྱང་ཆུབ་དོན་མེད་པར། །བརྫུན་དང་ཕྲ་མ་ཚིག་རྩུབ་པར། །སྨྱོ་སོགས་གླུ་དང་བྲེ་མོའི་གཏམ། །སེམས་ཅན་རྣམས་ལ་རབ་སྡང་དང་། །གཞན་གྱི་རྫས་ལ་བདག་གིར་སེམས། །སྐུར་འདེབས་ལམ་ལ་ལོག་འཛིན་པ། །
མནར་མེད་སོགས་པར་ལྟུང་བའི་རྒྱུ། །སྔགས་པས་རྟག་ཏུ་སྤང་བར་བྱ། །ནུས་པ་བརྟན་པ་མ་ཐོབ་ཅིང་། །འདུ་བའི་རྫས་ལས་མ་གཏོགས་པ། །ཆང་གིས་བག་མེད་བྱེད་པ་དང་། །རང་ཉིད་ཤི་དང་སྨད་པ་དང་། །བདག་ལ་མ་བྱིན་མ་བླངས་པར། །སྣོད་དུ་ལྟུང་ལས་མ་གཏོགས་པར། །
ཤ་ཟ་ཁ་ན་མ་ཐོར་འགྱུར། །བསྟན་པའི་དོན་ལས་མ་གཏོགས་པར། །རིགས་རྒྱུད་རབ་ཏུ་འཕེལ་འདོད་དང་། །ན་ཆུང་བདེ་ལ་བརྐམ་པ་ཡིས། །སྔགས་པ་རྟག་ཏུ་ཉམས་པར་འགྱུར། །སེམས་བརྟན་ཚུལ་ལ་བཤད་མཐོང་ནས། །ང་ནི་སྔགས་པ་མཆོག་ཅེས་ཏེ། །དགེ་སློང་ལ་

སོགས་ཕྱག་མ་བྱེད། །བརྟུལ་ཞུགས་འཛིན་པའི་ཕྱག་ལ་སོགས། །རྨོངས་པ་གང་ཞིག་དང་དུ་ལེན། །ངུར་སྨྲིག་གོས་ལ་སོགས་པ་རྣམས། །མལ་སྟན་ལ་སོགས་ལོངས་སྤྱོད་དུ། །བྱས་ན་སྔགས་སོགས་འགྲུབ་མི་འགྱུར། །དགེ་སློང་གསང་བ་འཛིན་
འགྱུར་ཞིང་། །ཁ་ན་མ་ཐོ་རྣམ་སྤངས་པ། །འཇིག་རྟེན་གསུམ་གྱིས་ཕྱག་བྱའི་འོས། །ཐེག་གསུམ་ཐོས་པ་འཛིན་པ་དང་། །སྡོམ་པ་གསུམ་ལ་རབ་གནས་ཤིང་། །རྣམ་ཀུན་ཉེས་པ་ལས་བཟློག་དང་། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་ལྡན། །ཐུབ་པས་རྒན་པོ་ཉིད་གསུངས་
པ། །ཀུན་གྱི་ནང་ན་དགེ་སློང་མཆོག །གང་གིས་ཆོས་གོས་མཐོང་བ་ན། །བདུད་ལ་སོགས་པ་རྣམ་སྐྲག་པས། །དེ་ནི་སྟོན་པའི་བདག་ཉིད་འགྱུར། །ང་ནི་དགེ་སློང་ཞེས་བརྗོད་ཅིང་། །ཐེག་པ་གསུམ་པོ་མ་ཐོས་དང་། །ལུས་ངག་སྤྱོད་པ་མ་བསྡམས་པར། །རྒྱན་པོ་པ་བཞིན་གནས་
བྱེད་ཅིང་། །བུད་མེད་བསྟེན་པའི་ལམ་དགའ་བས། །སྔགས་པ་ཞེས་ནི་རློམ་བྱེད་པའི། །བརྟུལ་ཞུགས་འཛིན་པའི་འཇིག་རྟེན་ན། །ངན་སྐྱུགས་ཀ་ཤི་པས་གཡོགས་འདྲ། །རང་གིས་བསླབ་པ་མི་འཛིན་པར། །གསང་བ་ཐོས་ལ་སྔོན་བརྟེན་ནས། །ལུང་བོང་བཞིན་དུ་མངོན་
སྤྱོད་པ། །དགེ་སློང་རྣམས་དང་གནས་གཅིག་ཏུ། །ལོངས་སྤྱོད་དམ་པ་རྣམས་དང་ནི། །བྱ་བ་གཅིག་ལ་དབང་བ་མིན། །གལ་ཏེ་དེ་དང་ལྷན་ཅིག་ན། །དཔའ་བོ་སྒྲུབ་ལས་ཉམས་པར་བྱེད། །མགོན་པོའི་མཚན་མ་རྣམ་སྤངས་ཏེ། །གལ་ཏེ་ཁྱིམ་པའི་རྟགས་འཛིན་ན། །དེས་ནི་དེ་
ལྟའི་ཉེས་མི་སྐྱེད། །ལན་མང་ཉེས་པར་གྱུར་ན་ཡང་། །གཉེན་པོའི་སྟོབས་ནི་དོར་མི་བྱ། །རྣམ་པ་ཀུན་དུ་རབ་བསྡམས་ཏེ། །རྣལ་འབྱོར་ལ་ནི་བརྩོན་པར་བྱ། །སེམས་ཅན་ཀུན་ལ་ཕན་བསམས་ཤིང་། །རང་གི་དམ་ཚིག་གཟུང་བ་དང་། །མཆོད་པའི་ལས་ལ་མངོན་བརྩོན་བྱ། །
མ་དད་པ་ནི་སྤང་བྱ་ཞིང་། །དམ་ཚིག་བཞི་ལ་རིམ་གྱིས་འཇུག །ཟས་ལ་སོགས་ལ་ལྟོས་མེད་པར། །ཆོས་ཀྱི་སྦྱིན་སོགས་ངེས་པར་བྱ། །སེམས་ཅན་གནོད་པ་ལ་སོགས་པ། །སྡོམ་གསུམ་འཛིན་པས་རབ་ཏུ་སྤང་། །དངོས་སམ་ཡང་ན་བརྒྱུད་ནས་ཀྱང་། །འགྲོ་ལ་གནོད་པ་

ཡོངས་སྤངས་ཏེ། །རིགས་རྒྱུད་དམ་བཅའ་བརྟན་འཛིན་པ། །སོ་སོར་ཐར་པ་ཡིན་ཞེས་བྱ། །སེམས་ཅན་དོན་དུ་དགེ་སོགས་དང་། །སངས་རྒྱས་འབྲས་ལ་ཉེར་སེམས་ཤིང་། །རྗེས་གཟུང་བྱ་བ་གང་བྱེད་པ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཤེས། །སྐུ་དང་གསུང་ཐུགས་ཕྲིན་
ལས་ཀྱིས། །འགྲོ་བ་ཚར་བཅད་རྗེས་འཛིན་པར། །མཁས་པས་དམ་བཅའ་བརྟན་བླངས་ཏེ། །བདུད་འཇོམས་རིག་འཛིན་སྡོམ་པར་འདོད། །སྡོམ་གསུམ་དགེ་ལ་རྣམ་བརྟེན་ནས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །འཚོ་བ་སྒྲུབ་པའི་ལས་མི་སྤྱད། །རྟག་ཏུ་གློ་བུར་མགོན་མཆོད་
དེ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །གསང་སྔགས་རིག་པའི་ཚོགས་རྣམས་ལ། །རྟག་ཏུ་མཆོད་པའི་ལས་བྱ་ཞིང་། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་པ་ཆེན་པོ་བཀླག་པ་དང་། །དེ་དོན་བསམ་པར་བྱ་བ་སྟེ། །དམ་ཚིག་ཅན་དང་བླ་མ་དང་། །ལྷ་རྣམས་མཆོད་ཅིང་
སྡང་མི་བྱ། །ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཀློག་དང་ཉན་དང་འཆད་ལ་སོགས། །དགེ་བའི་ལས་ལ་མངོན་བརྩོན་པས། །ཉི་མ་དོན་མེད་མི་བྱ་ཞིང་། །གླེགས་བམ་ལ་སོགས་གསང་བའི་ཚོགས། །དམ་ཚིག་མེད་ལ་མི་སྦྱིན་ཏེ། །སྔགས་རྒྱུད་གུས་པས་རབ་ཏུ་གསང་། །མཚོན་
ཆ་ཏིལ་དང་ཚོང་ལ་སོགས། །མཁས་པས་རྟག་ཏུ་སྤང་བར་བྱ། །རྒྱན་པོ་འགྱེད་དང་ལྟ་བ་དང་། །སྨད་འཚོང་མ་དང་ཆང་ལ་གདུངས། །འཇིག་རྟེན་སྨད་པའི་ལས་དང་ནི། །གཞན་སེམས་མི་བདེར་འགྱུར་བ་ཡི། །ལུས་དང་ངག་གི་སྤྱོད་པ་ཀུན། །རབ་ཏུ་བསྒྲིམས་ཏེ་སྤང་བར་བྱ། །
འདུ་འཛིའི་ནང་དུ་གསང་བ་ཡི། །ཆོས་དང་མ་རྫོགས་སེམས་ཅན་དང་། །རྡོ་རྗེའི་ཚིག་ལ་རྩོད་པ་དག །སྔགས་པ་དམ་ཚིག་ཉམས་བྱེད་པས། །འབད་དེ་ཀུན་དུ་མི་བྱའོ། །བཞད་གད་གཏམ་གྱི་སྦྱོར་བ་ལས། །རང་གི་དཔལ་ཉམས་བྱེད་པ་ཡི། །ཚིག་དག་སྔགས་པས་བརྗོད་མི་བྱ། །
དཔལ་ཉམས་བརྙས་པས་ངན་སོང་ལྟུང་། །མི་སྣང་མཁའ་ལ་འགྲོ་སོགས་ཀྱི། །དངོས་གྲུབ་དོན་དུ་མི་སེམས་ཤིང་། །དབང་པོའི་སྒོ་ནི་རབ་བསྡམས་ཏེ། །དེ་བཞིན་ཁ་ཟས་ཚོད་ཤེས་པས། །ཤེས་བཞིན་དུ་ནི་གནས་བྱ་སྟེ། །མཚན་མོ་མི་ཉལ་མངོན་བརྩོན་པས། །རྣལ་

འབྱོར་གསུམ་ལ་གནས་པར་བྱ། །དུས་ཀྱི་མཆོད་པ་དང་ལྡན་ཞིང་། །ཚོགས་ཀྱི་མཆོད་ལ་རྟག་འཇུག་བྱ། །རྟག་ཏུ་བླ་མ་བསྟེན་བྱ་ཞིང་། །ལོ་ཡི་མཚོན་མཚམས་ཐམས་ཅད་དུ། །དབང་བསྐུར་བ་ནི་ཡང་དག་བླང་། །མཎྜལ་མཆོད་རྟེན་བསྐོར་བའི་ལས། །སྦྱིན་
སྲེག་དང་ནི་རབ་གནས་དང་། །འབྱུང་པོ་ཆེ་དང་དམན་པ་ཡི། །གཏོར་མའི་ལས་ལ་བརྩོན་བྱས་ན། །ཚེ་དང་བསོད་ནམས་འཕེལ་འགྱུར་བས། །བྱང་ཆུབ་ཀྱི་ནི་རྒྱུ་ཉིད་ཕྱིར། །འབད་དེ་དེ་ཡི་ལས་བྱའོ། །བསོད་ནམས་ཚོགས་ཀྱི་རྒྱུ་ཡིན་ཏེ། །དུས་བཞིར་དགེ་སློང་ཆོས་སྟོན་གསོལ། །
བྱིས་པ་རྣམས་ལ་ཁ་ཟས་དང་། །དམན་པ་སློང་ལ་ཁྲོ་མེད་ཅིང་། །སྙིང་རྗེས་ནོན་པའི་སེམས་ཀྱིས་ནི། །ཟས་ལ་སོགས་པ་ཆ་བགོས་ཏེ། །ཀུན་ལ་སྙོམས་པར་སྦྱིན་པར་བྱ། །སོ་སོར་ཐར་སོགས་སྡོམ་བཅས་པའི། །ཉེས་པ་ཤིན་ཏུ་ཕྲ་མོ་ལ། །དཔའ་བོས་ཁྱད་དུ་བསད་མིན་ཏེ། །གྲུ་
དང་སྐས་ལ་འཛེག་བཞིན་གནས། །ཆོས་ལ་སེར་སྣ་མི་སྤྱོད་ཅིང་། །ཆོས་མིན་པས་ནི་བྲིད་མི་བྱ། །སྔགས་པས་ང་རྒྱལ་ཆེར་བསྐྱེད་དེ། །ཁེངས་པ་མེད་པའི་སེམས་ཀྱིས་སུ། །ཀུན་ལ་བྲན་བཞིན་གནས་བྱས་ནས། །འཚེ་བ་མེད་པར་བསྒྲུབ་པར་བྱ། །རི་ལུ་ལ་སོགས་དམ་ཚིག་དང་། །
རྡོ་རྗེ་ཕྲེང་སོགས་ཡོ་བྱད་རྣམས། །གསང་བའི་རྫས་སུ་རྣམ་བརྟགས་ཏེ། །ནམ་དུ་ཡང་ནི་འབྲལ་མི་བྱ། །ཚུལ་ལྡན་ཐར་པའི་བདག་ཉིད་སེམས། །འཇིག་རྟེན་ན་ནི་རྙེད་དཀའ་བས། །སྔགས་པས་རྟག་ཏུ་གུས་བྱས་ཏེ། །ཕྱག་ལ་སོགས་པས་མངོན་མཆོད་བྱ། །སྡོམ་གསུམ་ཆོ་ག་མི་
ལྡན་པར། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །དང་པོ་སོ་སོར་ཐར་པ་ཡི། །སྡོམ་པ་ལེགས་པར་མ་བཟུང་བར། །གསང་སོགས་ཚུལ་ལ་གནས་བྱེད་པ། །ཐ་བ་ལས་འབྲས་བསྐྱེད་བཞིན་ནོ། །རྩ་བ་རྙེད་པར་མི་འགྱུར་བས། །དང་པོ་སྐྱབས་འགྲོ་ནས་བརྩམས་ཏེ། །སྡོམ་གསུམ་
ཆོ་ག་རབ་ཏུ་བརྟག །དེ་ལྟར་སྔགས་པ་ཚུལ་ལྡན་པས། །དངོས་གྲུབ་ལ་ནི་དོགས་མེད་དེ། །སྟོན་པ་སངས་རྒྱས་སོགས་བསྟོད་ཅིང་། །ལྷ་སོགས་འཇིག་རྟེན་ཀུན་གྱིས་བཀུར། །གཞི་རྣམ་པར་དབྱེ་བ་སྟེ་གཉིས་པའོ།། །།ཉོན་མོངས་པས་ནི་ཟིལ་ནོན་ཞིང་། །གལ་

ཏེ་དམ་ཚིག་ལས་འདས་ན། །སྡུག་བསྔལ་མང་པོ་སྐྱེ་འགྱུར་ཏེ། །དེ་བས་དག་པའི་ལས་རྣམས་སྤྱད། །ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོར་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང་། །གསུམ་བསླང་གསུམ་གྱི་སྦྱོར་བ་ལས། །སྡོམ་གསུམ་
འགལ་བ་བཤགས་པ་དང་། །བདེ་གཤེགས་ཀུན་གྱི་སྙིང་པོས་བྱ། །དཔྲལ་བ་སྙིང་གར་ཕྱག་རྒྱ་སྔགས། །སྡིག་པ་ཐམས་ཅད་རྣམ་དག་བྱེད། །ཕྱི་ནང་ལྷ་དབང་བདུད་རྩིས་བཀྲུ། །ཧཱུཾ་ཡཾ་ཡི་གེ་གསུམ་གྱིས་བསྡུ། །ལྟེ་བར་གྲུ་གསུམ་མེ་ཡིས་བསྲེག །དམིགས་པས་སྟོང་པ་མི་
དམིགས་གསུམ། །རང་གི་ཆོ་ག་བཞི་ཡི་དབང་། །ཚོགས་ནི་འདུ་བའི་དཀྱིལ་འཁོར་ལ། །མཁྱེན་པར་གསོལ་ཏེ་གནང་བར་ནོད། །རྟེན་ལ་སྨྲེ་བཤགས་བཟླས་པར་ལྡན། །ཞིང་ཁམས་ཁ་དོག་ལྔ་ལྡན་པ། །ཆོ་ག་བཞིན་དུ་དབུལ་བར་བྱ། །ཆེ་དང་ཙེ་ཏིའི་སྦྱོར་བ་ཡིས། །སྡིག་པ་
ཀུན་ལས་རྣམ་གྲོལ་ཞིང་། །དུས་མིན་འཆི་བའང་བསླུས་པར་འགྱུར། །དེ་བས་མཆོད་རྟེན་ལས་རྣམས་བྱ། །ཏིལ་ལ་སྡིག་པའི་གཟུགས་དམིགས་ཏེ། །མེ་ཡི་ལས་ཀྱིས་རྣམ་པར་སྦྱང་། །ཉེས་པའི་རིམ་པ་ཤེས་བྱས་ནས། །གཏོར་མས་དག་པ་ཉིད་དུ་བྱ། །ཇི་སྐད་བཤད་
པའི་དམ་ཚིག་རྣམས། །གང་དུ་ཉམས་པར་གྱུར་པ་དེས། །རང་གི་ལྷ་ཡི་སྙིང་པོའི་སྔགས། །འབུམ་ཕྲག་གསུམ་དུ་བཟླས་བརྗོད་བྱ། །ཡང་ན་ཁ་དོག་དབྱིབས་མེད་ཅིང་། །རིགས་དང་མཚན་མ་མི་དམིགས་ཤིང་། །རྣམ་ཐར་ཆགས་སོགས་ལས་གྲོལ་བ། །ཟབ་མོའི་བསམ་
གཏན་ཉིད་དམིགས་བྱ། །ཡང་ན་བཤད་སོགས་རྒྱར་ཚུད་ཅིང་། །རང་གི་ལས་ཀྱིས་འཆི་འགྱུར་དང་། །རྐྱེན་ཟད་པ་ཡི་སེམས་ཅན་རྣམས། །དག་པའི་དོན་ཕྱིར་སྲོག་བསྐྱབ་བྱ། །གཞན་ཡང་མདོ་སོགས་གསང་བའི་བཀའ། །མ་ལུས་པ་ནི་བཀླག་པ་དང་། །མཆོད་ཅིང་རབ་ཏུ་གནས་
བྱས་ན། །སྡིག་པ་ཀུན་དང་བྲལ་བར་འགྱུར། །མེ་དང་ཆུ་དང་སྦྲུལ་གདུག་དང་། །སེང་གེ་སྟག་དང་ཆོམ་རྐུན་དང་། །གླང་ཆེན་སྨྱོ་དང་ཤ་ཟ་དང་། །བཀྲེན་དང་རྒྱལ་པོའི་ཆད་པ་དང་། །ནད་དང་སྤ་བཀོང་ཞུམ་པ་དང་། །འདོད་བྲལ་གྲགས་པ་མ་ཡིན་དང་། །སྐལ་ངན་

རབ་ཏུ་འཇིག་བྱེད་ཅིང་། །བགེགས་མེད་འཚེ་བ་མེད་པ་དང་། །སངས་རྒྱས་ཀུན་གྱི་རབ་དགོངས་ཤིང་། །རྡོ་རྗེ་འཛིན་རྣམས་བསྲུང་བ་དང་། །ཞི་སོགས་མི་སྣང་ལ་སོགས་དང་། །རྡོ་རྗེ་ཡེ་ཤེས་འཐོབ་བྱེད་ཅིང་། །སྐྱེ་བོ་ཀུན་གྱིས་བཀུར་འགྱུར་བ། །དེ་ལྟའི་ཡོན་
ཏན་འཐོབ་བྱེད་པའི། །བླ་མ་ལ་ནི་བཀུར་སྟི་དང་། །རྙེད་པ་དང་ནི་རིམ་གྲོ་དང་། །གུས་པ་ཆེན་པོས་རབ་བསྟེན་ནས། །སྡིག་ཀུན་རྣམ་དག་བདག་ཉིད་འགྱུར། །དཔའ་བོས་དོན་ཡོད་རྡོ་རྗེ་ཅན། །བསྙེན་སོགས་རིམ་པ་སྔོན་འགྲོ་བས། །ཆོ་ག་རབ་ཏུ་རྫོགས་བྱས་ནས། །དཀྱིལ་འཁོར་
བཞེངས་ཏེ་བདག་འཇུག་གོ། །ཡང་ན་ཆུ་ཡི་ནང་ཞུགས་དང་། །ཡང་ན་མིག་བཙུམས་གྱུར་པའམ། །ཡང་ན་སྐུ་གཟུགས་ལ་བལྟས་ཏེ། །རྒྱལ་བའི་ཚོགས་ལ་རྣམ་གཏད་ནས། །སྟོང་ཕྲག་ལྔར་ནི་སངས་རྒྱས་ཀྱི། །སྙིང་པོ་རབ་ཏུ་བཟླས་པར་བྱ། །དཀར་པོའི་བརྒྱད་དང་བཅོ་ལྔ་ལ། །
དག་པའི་བདག་ཉིད་བྱས་ནས་ཀྱང་། །རྒྱ་ཆེན་མཆོད་པ་སྔོན་འགྲོ་བས། །བཟླས་བརྗོད་བརྟན་པ་བྱས་ནས་ནི། །སྡིག་པ་ཐམས་ཅད་རྣམ་དག་པར། །རྒྱལ་བ་དམ་པས་གསུངས་པས་ན། །ཐེ་ཚོམ་དང་ནི་བྲལ་འགྱུར་བས། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །མཚན་མོ་མི་ཉལ་རྣལ་འབྱོར་
གྱིས། །མཁའ་ལ་རྒྱལ་བའི་ཚོགས་དམིགས་ཏེ། །ཕུང་པོ་གསུམ་པའི་མདོ་སྡེ་དག །གལ་ཏེ་ཆོ་ག་བཞིན་སྤྱད་ན། །ཁ་ན་མ་ཐོ་སྦོམ་པོ་ཡང་། །ཟླ་བ་གསུམ་གྱིས་རྣམ་དག་པར། །ཐུབ་པས་གསུངས་པར་ཤེས་བྱས་ཏེ། །དད་པ་ཡིས་ནི་ཀུན་དུ་སྤྱད། །སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །
པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པ། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །
ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དག་པའི་བླ་མ་བརྟེན་བྱས་ཏེ། །སྐུ་དང་གསུང་ཐུགས་རྒྱལ་བ་ཡི། །རྡོ་རྗེ་བཟླས་པ་ཉེར་གནས་ན། །རྣམ་དག་ལམ་གྱི་རང་བཞིན་འགྱུར། །སེམས་

ངལ་སོས་ནས་རང་གི་ལུས། །བདག་པོའི་རང་བཞིན་གནས་བྱས་ཏེ། །འཁོར་ལོ་དྲུག་གམ་བཞི་གཉིས་གཅིག །ཆར་བྱ་རྐྱང་པའི་གནས་ཉིད་ལས། །བདེ་སོགས་རྣམ་པར་ཡང་དག་གནས། །དག་པ་ལ་དམིགས་དག་པར་འགྱུར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །རལ་གྲི་ཕྲ་བའི་བདག་ཉིད་
བསམ། །སེམས་བརྟན་ཚུལ་ལ་གནས་བྱས་ན། །སྡུག་བསྔལ་བསྐྱེད་རྩ་ཀུན་ལས་གྲོལ། །མདོར་ན་ལུས་ངག་སྤྱོད་པ་ཀུན། །རབ་ཏུ་བསྒྲིམ་དང་ལྡན་པ་ཡིས། །གཉེན་པོའི་སྡོམ་པ་ལ་སེམས་ཤིང་། །མཆོད་སོགས་རྣལ་འབྱོར་ཚུལ་ལྡན་ན། །ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །དཔའ་བོས་ལམ་
ནི་རྫོགས་པར་བྱེད། །རྟག་ཏུ་བག་མེད་པར་གནས་ན། །ཉེས་པ་ཆུང་ངུ་ཕྲ་མོ་ཡང་། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །དེ་ཡི་དབང་གིས་སྡུག་བསྔལ་དང་། །འཚེ་བ་དག་ནི་འབྱུང་འགྱུར་ཞིང་། །ལམ་ལས་ཉམས་པ་ཉིད་དུ་འགྱུར། །དེ་བས་ན་རྡོ་རྗེ་སློབ་
དཔོན་ནས་བརྩམས་ཏེ་རིམ་གྱིས་ལྕི་བ་རྣམས་ཤེས་པར་བྱ་ཞིང་དྲི་མ་ལས་ལྡང་བར་བྱའོ། །ལས་ཀྱི་དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ལ་སོགས་པའི་ཉེས་པ་ཕྲ་བའི་ཕྲ་བ་རྣམས་ཀྱང་རྣལ་འབྱོར་པས་ཡལ་བར་དོར་བར་མི་བྱའོ། །གཞན་དུ་དྲང་སྲོང་ཆེན་པོ་བི་ཤྭ་མི་ཏྲ་དང་། རིག་སྔགས་འཆང་གི་སློབ་དཔོན་
གཞོན་ནུའི་སྡེ་དང་། རྒྱལ་བའི་ཞབས་དང་། རིན་ཆེན་ལྡན་དང་། བྲམ་ཟེ་བཟང་པོའི་བཤེས་གཉེན་ལ་སོགས་པ་རྣམས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ལོག་པར་རྟོག་པ་དགག་པ་ལས་བླང་བར་བྱ་བ་མ་ཡིན་ཏེ། སངས་རྒྱས་ནི་བསོད་ནམས་ཀྱིས་ཉེ་བར་བསྒྲུབ་པས་
སོ། །ལམ་བསྐྱེད་པའི་རིམ་པས་ཐ་མལ་པའི་དངོས་པོ་སྤངས་ཏེ། གཟུགས་ཀྱི་སྐུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བས་ལྷའི་རྣམ་པ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པར་བསྒྲུབ་པར་བྱའོ་ཞེས་ཟེར་བ་དང་། གཞན་ཡང་བྲམ་
ཟེ་སྟོང་ཉིད་བློ་དང་། ཁ་ཆེའི་མཁན་པོ་རབ་སྣང་བྱེད་དང་། ཨཱ་ནནྡ་བཛྲ་དང་། དགེ་བསྙེན་སིདྡྷི་ཀ་ར་དང་། མཁས་པ་ཆེན་པོ་དཔལ་གྱི་སེང་གེ་དང་། སྣང་མཛད་རྡོ་རྗེ་དང་། དགེ་སློང་ཐེག་དཔལ་དང་། ལེགས་སྦྱིན་བཟང་པོ་དང་། དཔལ་ཤམ་ཐབས་སྔོན་པོ་ཅན་

དང་། དགེ་སློང་མ་དགའ་མོ་ལ་སོགས་པ་རྣམས་བསྐྱེད་པའི་རིམ་པ་དང་། སྤྱོད་པའི་ཚུལ་གསུངས་པ་ནི་ཆད་པར་སྨྲ་བ་དགག་པ་དང་། རྟེན་འབྲེལ་གྱིས་རྟེན་འབྲེལ་གྱི་འབྲས་བུ་གྲུབ་པ་དང་། ཟབ་མོའི་དོན་གྱིས་འཇིགས་པའི་འཇིག་རྟེན་པ་རྣམས་རེ་ཞིག་གཟུང་
བའི་ཐབས་སུ་གསུངས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ། དེ་ནི་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པས་འདིར་སྟོང་པ་ཉིད་མཚན་མ་མ་མཐོང་བ་བསམ་གྱིས་མི་ཁྱབ་ཅིང་། སྤྲོས་པ་རྣམ་པར་ཆད་པ་ནི་རྣལ་
འབྱོར་པས་མི་བསམ་པའི་ཚུལ་གྱིས་བརྟེན་ན་འབྲས་བུའི་མཆོག་དང་ལྡན་ནོ་ཞེས་ཟེར་བ་ནི་རེ་ཞིག་ཕྱོགས་ཙམ་མཚོན་པས་བཞུགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ངེས་པར་རྙེད་པ་མ་ཡིན་པས་དེའི་ཕྱོགས་སུ་རྣམ་པར་ལྟ་བ་དང་བྲལ་བས་གནས་པར་བྱ་
སྟེ། ལྟ་བའི་ཚུལ་སྤྲོས་པ་དང་བྲལ་བ་རྟོགས་པ་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་རིམ་གྱིས་འཇུག་པ་དང་། དམ་ཚིག་རྣམས་ཉེ་བར་བསྟེན་པ་དང་། རིམ་གྱིས་འཇུག་པས་སྤྱོད་པའི་ཚུལ་ཤེས་པ་རྣམས་ནི་ཐེག་པ་མཆོག་ལ་ངེས་པ་བསྐྱེད་པ་སྟེ། རྡོ་རྗེ་འཛིན་པའི་
ལམ་གྱིས་དེ་ཉིད་མངོན་དུ་རྟོགས་ནས་འདོད་པའི་དོན་དང་ལྡན་པར་འགྱུར་བས། ལམ་གྱི་རིམ་པ་དང་སྦྱར་ཏེ་ཚུལ་གཉིས་དང་ལྡན་པ་འདི་ཉེ་བར་གཟུང་བར་བྱའོ། །རྡོ་རྗེ་ཐེག་པ་ལ་རབ་ཏུ་ཞུགས་ཏེ་དངོས་པོ་ལ་མངོན་པར་ཞེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་ཁྱད་དུ་
བསད་ནས་དགེ་བ་ལ་མི་སྦྱོར་བར་གནས་པ་དང་། དུས་དང་དགོས་པ་ལ་སོགས་པ་ལ་མི་ལྟོས་པར་རང་བཞིན་དང་བཅས་པ་ལས་འདའ་བར་བྱེད་པ་དང་། གཞན་མ་དད་པ་བཟློག་པར་མི་ནུས་པས་ཡུལ་གྱི་སྤྱོད་པ་དང་འགལ་བར་བྱེད་པ་དང་། རང་དབང་མེད་པ་དང་། དོན་ཆེན་
པོ་གཙོ་བོར་བྱས་པ་ལས་མ་གཏོགས་པར་རང་གི་རྣལ་འབྱོར་དང་སྤྱོད་པའི་ཚུལ་འདོར་བ་ནི་ཚུལ་མ་ཡིན་པས་གནས་ཏེ། དེ་དེ་བཞིན་གཤེགས་པའི་བཀའ་ལས་འདས་ཤིང་ལྟུང་བ་དང་ལྷན་ཅིག་པ་ཞེས་བྱ་བར་འགྱུར་བས་འབྲས་བུ་ལས་ཉམས་པའི་བདག་ཉིད་ཡིན་ཏེ། འབད་པའི་

དམ་ཚིག་ལས་མ་ཉམས་པའི་ཚུལ་གསུམ་གྱིས་འགྲོ་བར་བྱའོ། །དག་པའི་ཆོ་ག་རྣམ་པར་ཕྱེ་བ་སྟེ་གསུམ་པའོ།། །།སྡིག་པ་ཐམས་ཅད་རྣམ་དག་ཅིང་། །རྒྱ་ཆེར་འབྲས་ལ་ཉེར་སྦྱོར་བ། །རྣལ་འབྱོར་སྤྱོད་པའི་མཆོག་རིམ་དག །ཉ་སོགས་བརྒྱད་ལ་རབ་ཏུ་སྤྱད། །
གྲགས་སོགས་བསམ་པ་དོར་ནས་སུ། །དབེན་པའམ་སུམ་རིམ་ཁང་པ་རུ། །བགེགས་བསལ་ཤིས་པ་རབ་བརྗོད་ནས། །འབྱོར་པ་ཐམས་ཅད་ཡོངས་སུ་བརྟག །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །བ་ཡི་རྣམ་ལྔས་ལེགས་བྱུགས་ཏེ། །དམ་ཚིག་ཆེ་དང་ལྡན་བྱས་ནས། །ཤིང་
ཤུན་ལ་སོགས་དྲི་བཟང་དང་། །ཙནྡན་སོགས་པས་ཆག་ཆག་གདབ། །ས་ནི་ལེ་ཙེར་བྱས་ནས་ཀྱང་། །ཁ་དོག་སྣ་ཚོགས་པ་ཡི་རས། །པདྨའི་རི་མོ་དང་ལྡན་པ། །ཐམས་ཅད་ཀྱི་ནི་གདན་དུ་སྦྱིན། །དབུས་སུ་དཔལ་ལྡན་ན་ར་ལི། །པགས་པ་མ་ཉམས་པ་ཡི་གདན། །
ཤར་དང་མེ་ལ་ཁྱི་ཡི་སྟེ། །ལྷོ་རུ་རྟ་ཉིད་དཔའ་བོས་གསུངས། །ནུབ་ཏུ་གླང་ཆེན་པགས་པ་སྟེ། །བྱང་དུ་བ་ལང་ཉིད་ཡིན་ནོ། །ཡང་ན་ཐམས་ཅད་མི་ཡི་བསྔགས། །དེ་ལྟ་བུ་ཡི་སྟན་དང་ནི། །ཤིང་དང་ཉ་ཕྱིས་དག་དང་ནི། །ན་རི་ཀེ་ལ་ས་ཡི་སྣོད། །མི་ཡི་ཐོད་པ་དག་བཤམ་མོ། །ཐུན་མོང་སྣོད་ནི་ཐོད་
པ་སྟེ། །ཡང་ན་ཐམས་ཅད་ལ་ཡང་ཤིང་། །རྒྱན་དང་ཆ་ལུགས་འཆང་བ་ཡི། །དབྱུག་སྔོན་པོ་ནི་སྒོ་ལ་དགོད། །ཕྱི་དང་ནང་དང་ཐམས་ཅད་དུ། །ལས་ཀུན་བྱེད་པ་ཐབ་སྦྱོར་ཏེ། །རྣལ་འབྱོར་མ་ཡི་ཆོ་ག་ལ། །སྒྲོན་མ་ལ་སོགས་ཉེ་བར་དགོད། །དྲི་ཡི་ཆུས་ནི་ཁྲུས་བྱ་སྟེ། །ལས་
ཀྱི་རྡོ་རྗེས་ཡོངས་བསྐུལ་ནས། །དབང་གི་ཐུ་བོ་གང་ཡིན་ནས། །རིམ་གྱིས་སྒོ་དྲུང་འོངས་ནས་ཀྱང་། །རྣལ་འབྱོར་མ་དང་བདག་ཐང་སོགས། །དབྱུག་སྔོན་པོ་ལ་གསོལ་བཏབ་ནས། །འདུ་བའི་ཁང་པར་ལེགས་འོངས་ཏེ། །སློབ་དཔོན་ལ་ནི་ཕྱག་བྱས་པ། །བསྒོ་བ་ཐོས་ནས་གྲལ་ལ་
འཁོད། །དཔའ་བོ་དཔའ་མོ་རྣམས་རྫོགས་ནས། །རེ་རེ་ཡི་ཡང་མདུན་ཉིད་དུ། །དཀྱིལ་འཁོར་རྫོགས་པར་དབུལ་བར་བྱ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །རབ་དང་བས་ནི་ཕྱག་བྱས་ནས། །ཀུན་ནས་གསོལ་བ་གདབ་པར་བྱ། །སེམས་ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་

རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན་ཆོ་ག་ལྡན་པ་ཡིས། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། །དེ་རྗེས་རྡོ་རྗེ་སློབ་དཔོན་གྱིས། །ཆགས་དང་དེ་བཞིན་སྡང་བ་དང་། །ཁེངས་པ་མེད་པའི་སེམས་ཀྱིས་སུ། །མགོན་པོ་རྫོགས་སངས་རྒྱས་ཀུན་དང་། །རྣལ་
འབྱོར་མ་རྣམས་རབ་མཉེས་ཀྱིས། །ཀུན་ལ་དགའ་དང་ལྡན་པར་མཛོད། །དེ་ལྟར་རྗེས་སུ་གནང་ཐོབ་ནས། །དམ་ཚིག་ཐམས་ཅད་དྲན་བྱས་ཏེ། །ཡི་གེ་བརྒྱ་པ་མངོན་བརྗོད་ཅིང་། །རྣམ་ཀུན་དག་པའི་བདག་ཉིད་བྱ། །དཔའ་བོས་བསྲུང་བས་བརྟན་བྱས་ཏེ། །རང་གི་ཆོ་ག་ཡོངས་རྫོགས་
པར། །གཡེང་བ་མེད་པའི་སེམས་ཀྱིས་སུ། །དེ་ནས་རབ་ཏུ་བཟླས་བྱས་ཏེ། །ལྷ་རྣམས་ཆོ་ག་བཞིན་དུ་མཆོད། །དེ་ལྟར་བྱ་བ་བརྟན་བྱས་ནས། །ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ནི། །ལས་ཀྱི་རྡོ་རྗེས་འདུས་བྱས་ཏེ། །འབར་འབུད་སོགས་ཀྱིས་བྱིན་གྱིས་བརླབ། །ཕུད་
དུ་འོང་བ་ལེགས་དམིགས་ཏེ། །བླ་མ་མཆོག་རྣམས་རབ་ཏུ་མཆོད། །དེ་ནས་དཀྱིལ་འཁོར་དབང་པོ་སོགས། །རེ་རེ་ནས་ནི་མཆོད་པར་བྱ། །བླ་མེད་རྒྱུད་ཀུན་ལས་བྱུང་བའི། །རིགས་ནི་སུམ་ཅུ་རྩ་དྲུག་ལྷ། །བདག་པོའི་མིང་ནི་མངོན་བྱས་ཏེ། །འཁོར་དང་བཅས་ཞེས་བརྗོད་ནས་
མཆོད། །འཇིག་རྟེན་གསུམ་ན་རབ་གནས་པའི། །སྔོན་དུ་གྲུབ་པ་ཐམས་ཅད་ལ། །མེ་ཏོག་རོ་ཡི་མཐར་ཐུག་པ། །ཤིས་པའི་དོན་དུ་མཆོད་པར་བྱ། །དེ་ནས་ཞིང་སྐྱོང་ལ་སོགས་པའི། །ཆེན་པོ་རབ་ཏུ་མཆོད་བྱས་ལ། །རྣལ་འབྱོར་རྣལ་འབྱོར་མ་རྣམས་ནི། །དང་པོར་མེ་ཏོག་
སྔོན་འགྲོ་བས། །སྔོན་མཆོད་དེ་ནས་གཟུགས་ལ་སོགས། །རང་རང་གི་ནི་སྔགས་བརྗོད་ནས། །གོ་རིམས་བཞིན་དུ་དབུལ་བར་བྱ། །དུར་ཁྲོད་རྒྱན་དང་ལྡན་པ་ཡིས། །བརྡ་སྐད་ཅེས་ནི་མངོན་བརྗོད་དོ། །དཔའ་མོ་རྣམས་ཀྱི་ལོངས་སྤྱོད་ཕྱིར། །སྐྱེས་པའི་ཐོད་པ་ཆ་གཅིག་པར། །
མ་ད་ན་ནི་རབ་ཏུ་བརྟག །དཔའ་བོ་རྣམས་ཀྱི་ལོངས་སྤྱོད་ཕྱིར། །གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ཤ་ཆེན་པོ་ནི་ལེགས་བཟུང་སྟེ། །གཡས་གཡོན་སྟེང་འོག་ཏུ་བྱས་ནས། །ཚིག་འདིས་དམ་ཚིག་རབ་ཏུ་བརྟག །གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །བྲམ་

ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་རྟོགས་ལ་ཟོ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ལས། །སོ་སོ་རུ་ནི་མངོན་བརྗོད་ནས། །ཨ་ལ་ལ་ཧོ་མཐར་སྭཱ་ཧཱ། །དཔའ་བོ་བསམ་གཏན་བརྟན་འཛིན་ཅིང་། །པདྨའི་སྐོར་བ་སྔོན་འགྲོ་བས། །གཡས་གཡོན་སྟེང་འོག་བྱས་ནས་
ནི། །ཚིག་འདི་ཡིས་ནི་བླང་བར་བྱ། །འདོད་ཆགས་དྲི་མ་བྲལ་བ་ཡིས། །རིན་ཐང་མེད་པ་ལེགས་འོངས་ཆོས། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་ཁོ་ན་ལ་ཕྱག་འཚལ་ལོ། །འབྲུ་གསུམ་པོ་ནི་མངོན་བརྗོད་ཅིང་། །གཙོ་བོས་གནང་བ་བྱིན་ནས་ནི། །དཔའ་བོ་རྣལ་འབྱོར་
མ་རྣམས་ཀྱི། །རང་གི་ལོངས་སྤྱོད་གང་ཡིན་པ། །སོ་སོར་རབ་ཏུ་སྤྱད་བྱས་ནས། །དེ་ནས་ཀུན་ལ་ཐུན་མོང་ངོ་། །ཆང་ནི་དཔའ་མོས་མ་སྤྱད་པར། །དཔའ་བོ་ལ་ནི་སྐལ་མེད་དེ། །ཤ་ལ་དེ་བཞིན་དཔའ་བོས་སོ། །གོ་རིམས་བཞིན་དུ་སྤྱད་བྱ་ཞིང་། །རོ་ཡི་ལོངས་སྤྱོད་མཐར་ཕྱིན་
ནས། །ཆགས་བྲལ་འཇིག་རྟེན་ཆོས་དོར་ཏེ། །འདོད་པའི་བསྟན་བཅོས་ལས་བྱུང་ལྟར། །གཉིས་ཀའི་ལོངས་སྤྱོད་ལ་རབ་གནས། །ཕན་ཚུན་དམ་ཚིག་གཏམ་སྨྲ་ཞིང་། །དགའ་བའི་སེམས་ཀྱིས་འོངས་པ་དང་། །དོར་ན་རྩ་བ་ཉམས་འགྱུར་བས། །འབད་པས་དམ་ཚིག་ལེགས་དྲན་
བྱ། །ལོངས་སྤྱོད་གསུམ་པོ་ཉིད་མེད་པར། །ཚོགས་ཀྱི་བྱ་བར་འགྱུར་མ་ཡིན། །བླ་མས་རྗེས་སུ་གནང་མིན་པར། །གླུ་དང་གར་སོགས་མི་བྱའོ། །ཇི་ལྟར་མཆོད་དང་ལོངས་སྤྱོད་དག །ཚིམ་པ་རུ་ནི་མ་བྱས་པར། །བྲེ་མོའི་གཏམ་དང་འདུ་འཛིའི་སེམས། །རྣམ་པ་ཀུན་དུ་མི་བྱ་
སྟེ། །བྱས་ན་དམྱལ་སོགས་འབྲས་ཐོབ་འགྱུར། །འཚོད་ཚེ་བཤུང་དང་ངུ་འབོད་དེ། །སྲེད་པས་ཡི་དྭགས་ངེས་པར་འགྱུར། །རང་གི་བསམ་གཏན་བྲལ་འགྱུར་ན། །དུད་འགྲོའི་གནས་སུ་ལྟུང་ཕྱིར་དང་། །བསམ་པ་རབ་ཏུ་བརྟན་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །ས་
གསུམ་པོ་ནི་རབ་ཏུ་མཆོད། །ཇི་སྲིད་གཏོར་མ་མ་བཏང་བར། །འཁོར་ལོའི་ཕྱི་རོལ་འགྲོ་མི་བྱ། །གང་དུ་དཔའ་བོ་རྣལ་འབྱོར་མ། །ཚིམ་པ་རུ་ནི་མི་ནུས་ན། །དེ་དག་སྙན་གསན་དབབ་མི་བྱ། །གང་དུ་ཚིམ་པར་མ་གྱུར་པ། །དེས་ནི་བསོད་ནམས་རབ་ཟད་བྱེད། །དེ་བས་ཀུན་

དུ་རྣལ་འབྱོར་པ། །ཟས་སོགས་ཀྱིས་ནི་ཚིམ་པར་བྱ། །སེར་སྣ་མེད་ཅིང་དགའ་བ་ཡིས། །གཏོར་མ་རབ་ཏུ་སྦྱིན་བྱས་ལ། །འདོད་པའི་ལས་ནི་རབ་ཏུ་བསྒོ། །ཡི་གེ་བརྒྱ་པས་བརྟན་བྱས་ནས། །རབ་ཏུ་དང་བའི་སེམས་ཀྱིས་ནི། །འདོད་པའི་ཡོན་ཏན་ཐམས་ཅད་ནི། །
ལེགས་པར་གསོལ་བ་གདབ་པར་བྱ། །བཟོད་པར་གསོལ་བ་སྔོན་འགྲོ་བས། །ཐམས་ཅད་ཀྱང་ནི་གཤེགས་སུ་གསོལ། །བསོད་ནམས་ཡོངས་སུ་བསྔོས་བྱས་ཏེ། །དགའ་བས་རབ་ཏུ་གནས་པར་བྱ། །ཚོགས་ཀྱི་ཆོ་གའི་རྣམ་པར་ཕྱེ་བ་སྟེ་བཞི་པའོ།། །།
དཀྱིལ་འཁོར་གྱི་ནི་ལས་རྣམས་ལ། །ས་གཞི་བགེགས་བྲལ་ཡིད་འོང་བར། །ཁྲུ་གང་ཚད་དུ་ས་བཅད་དེ། །འཐས་ཤིང་སྲོག་ཆགས་མེད་པར་བྱ། །དག་བྱེད་ལྔ་ནི་ལེགས་བསྐོལ་བས། །སྙོམས་པར་ཞུགས་ཏེ་རབ་ཏུ་མཉེ། །སོར་ནི་ཉི་ཤུ་བཞི་ལྡན་པར། །དཀར་དང་སེར་དང་དེ་
བཞིན་དམར། །སྔོ་དང་ལྗང་གུ་རྡུལ་མེད་པས། །ཉེར་བྱུགས་དེ་ལ་རིན་ཆེན་ནམ། །འབྲུ་མར་མེ་ཏོག་སྐྱོན་བྲལ་བས། །རི་དང་གླིང་དང་ཉི་ཟླར་བཅས། །ཞིང་ནི་རབ་ཏུ་དག་བྱས་ནས། །འཁོར་ལོ་རིན་ཆེན་རྟ་གླང་པོ། །དམག་མི་ཁྱིམ་གྱི་བདག་པོ་དང་། །བུད་མེད་རིན་ཆེན་རང་གི་
ལུས། །རང་གི་ཡོན་ཏན་ཀུན་ལྡན་པར། །རྣམ་བཀོད་མགོན་པོ་ལ་རབ་དབུལ། །དག་པའི་ས་ལ་བདག་ཉིད་དང་། །རིན་ཆེན་བདུན་ནི་བཀོད་པའམ། །དག་པའི་ཞིང་ནི་བཅོ་ལྔ་དང་། །ལུས་ངག་ཡིད་དང་འདོད་པའི་ཚོགས། །ལྔ་ནི་རབ་ཏུ་དབུལ་བ་དང་། །རྡོ་རྗེ་པདྨ་རཱ་ག་དང་། །མརྒད་
དང་ནི་ཀརྐེ་ཏ། །ཆུ་ཤེལ་སྤུག་དང་བཻཌཱུརྱ། །དབང་སྔོན་པོ་དང་ལྡན་པར་དབུལ། །དུང་དང་དུང་ཆེན་པདྨ་དང་། །པདྨ་ཆེ་དང་བུམ་པ་དང་། །གཏེར་དང་འདོད་པའི་བ་ཉིད་དང་། །དཔག་བསམ་ཤིང་ཆེན་རབ་རྒྱས་པ། །དཔའ་བོས་མགོན་པོ་ལ་རབ་འབུལ། །རི་དང་ཉི་ཟླ་གླིང་བཞི་པོ། །
བཛྲ་རེ་ཁེ་ཧཱུཾ་བརྗོད་ནས། །དག་པའི་སེམས་ཀྱིས་དབུལ་བར་བྱ། །སྨན་དང་རིན་ཆེན་མ་གཏོགས་པར། །ལན་མང་དུ་ནི་དགོད་མི་བྱ། །མུ་ཡི་སྔགས་ནི་སྔོན་བརྗོད་པས། །གཙང་མའི་གནས་སུ་དོར་བར་བྱ། །དཔའ་མོ་མཆོག་གི་སེམས་དམིགས་ནས། །རང་གི་ལྷ་ཡི་བསམ་

གཏན་གྱིས། །ས་ནི་སྐྱོན་དང་བྲལ་གྱུར་པ། །བརྐོས་ཏེ་རབ་ཏུ་སྦྱང་བར་བྱ། །རིན་ཆེན་དྲི་ཡི་ཆུར་བཅས་པས། །གོང་བུ་དག་ནི་སྔོན་བྱས་ནས། །སྔགས་འདིས་བྱིན་གྱིས་བརླབ་པར་བྱ། །ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུ་ཀྵྨེ་སཱུ་ཀྵྨེ་ས་མེ་ས་
མ། ཤཱནྟེ་དཱནྟེ་ཨ་ས་མཱ་རོ་པེ། ཨ་ནཱ་ལམྦེ། ཏ་ར་མྦེ་ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛ་ནི་རཱ་ཀུ་ལེ། ནིརྦ་ཎེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་མངོན་བརྗོད་པས། །སྐུ་ཡི་དེ་ཉིད་རབ་དྲན་བྱ། །དེ་ནས་དུམ་བུ་ཅི་རིགས་པར། །ཆོས་གང་རྒྱུས་འབྱུང་
སོགས་བརྗོད་ནས། །རྒྱས་ནི་རབ་ཏུ་གདབ་པར་བྱ། །དེ་ནས་མགོན་པོ་རྣམ་སྣང་དཔལ། །གངས་ཆེན་མཚོར་ནི་རབ་དམིགས་ནས། །མཆོད་དེ་མེ་ཏོག་རབ་ཏུ་དོར། །འགྲོ་བ་གཟུང་ཕྱིར་གསོལ་བཏབ་ནས། །རྒྱ་ཆེར་ཡོངས་སུ་བསྔོ་བར་བྱ། །ཆོས་གང་རྒྱུས་འབྱུང་ལ་སོགས་
པ། །ཐམས་ཅད་དུ་ནི་བསྔགས་པར་བྱ། །དེས་ནི་འགྲོ་བའི་འཚོ་བྱེད་ཅིང་། །སྡིག་ཀུན་རྣམ་དག་བྱེད་པ་དང་། །ལས་དང་ཡང་དག་གྲུབ་སྟེར་བའི། །ལས་ལ་དགའ་དང་ལྡན་པ་ཡི། །སྔགས་པས་རྟག་ཏུ་འབད་པར་བྱ། །གང་དུ་ཡིད་འཇུག་བགེགས་སྦངས་པ། །དཀར་
ཞིང་སྣུམ་པའི་ས་གཞི་ལ། །བསླང་དང་མཆོད་པ་སོགས་བྱས་ཏེ། །ཟླུམ་པོ་ཁྲུ་གང་ཚད་བྱས་ལ། །སོར་ནི་བཅུ་གཉིས་ཚད་དུ་བརྐོ། །སོར་གཉིས་བསྐྱེད་དེ་བཞི་ཡིས་ཡང་། །ལེགས་བྱས་ཤིན་ཏུ་དཀར་བར་བྱུག །ཕྱི་ནས་པདྨའི་ཕྲེང་བྱས་ཏེ། །དབུས་སུ་པད་དབུས་པད་དཀར་
ཉིད། །སྟེང་དུ་རྡོ་རྗེའམ་པད་དཀར་ཕྲེང་། །ཡིད་དུ་འོང་བ་བྲི་བར་བྱ། །སྒོ་དང་རྟ་བབས་དང་ལྡན་པར། །རེ་གས་ཡོངས་སུ་བསྐོར་བར་བྱ། །ཀུ་ཤས་གཡས་སྐོར་ཉིད་བྱས་ནས། །ཙནྡན་སྒྲོན་ཤིང་ནྱ་གྲོ་དྷ། །ཐང་ཤིང་ལ་སོགས་འོ་མ་ཅན། །ཐབ་ཀྱི་དབྱིབས་བཞིན་ཅུང་ཟད་
དམའ། །ཡམ་ཤིང་སོར་ནི་བཅུ་གཉིས་ལ། །ལོ་མ་མེ་ཏོག་དང་ལྡན་ཞིང་། །ཙནྡན་དཀར་པོ་ཆུས་བཏགས་ཏེ། །དཀར་པོའི་སྣོད་དུ་ལེགས་པར་གཞག །མཆོད་ཡོན་ཞལ་བསིལ་ལ་སོགས་དང་། །ཏིལ་དང་ཡུངས་ཀར་འབྲས་ཆན་ཞོ། །ཟན་དང་འོ་མ་ཀུ་ཤ་དང་། །དཱུར་བ་འབྲས་དང་

ནས་དང་གྲོ། །སོ་བ་དང་ནི་མ་ཤ་སོགས། །དངུལ་སོགས་སྣོད་དུ་ལེགས་པར་གཞག །བྲམ་ཟེའམ་དགེ་འདུན་ཁྱིམ་ལས་སྐྱེས། །མེ་ནི་རླུང་ཡབ་ཀྱིས་སྦར་ཞིང་། །རིག་བྱེད་ཡི་གེ་སྔོན་འགྲོ་བས། །ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བརྗོད། །ཐབ་ནི་ཁང་པ་ཉིད་བྱས་
ནས། །དེ་དབུས་རཾ་ལས་བསྐྱེད་པ་ཡིས། །ལས་ཀྱི་ལྷ་ནི་བསམ་པར་བྱ། །མདོག་དཀར་ཞལ་གཅིག་ཕྱག་བཞི་པ། །པད་དཀར་རབ་ཏུ་རྒྱས་པ་དང་། །ཆུ་ཤེལ་ཕྲེང་བ་ལེགས་འཛིན་ཅིང་། །སྤྱི་བླུགས་དང་ནི་དུང་བསྣམས་ཏེ། །ར་སྐྱ