Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 47

Văn bản gốc(Tây Tạng)

Trang 13 / 16 (50.000 ký tự/trang)
ར་བྱའོ། །ཡང་རང་གི་སྙིང་གར་པདྨ་དམར་པོ་དང་། ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿབསྒོམས་ཏེ། དེ་ལས་སྔགས་ཀྱི་ཕྲེང་བ་དཀར་པོ་ཞལ་ནས་འཐོན་པ་དེའི་འོད་ཟེར་གྱིས། འཇིག་རྟེན་དང་འཇིག་
རྟེན་ལས་འདས་པའི་ཤེས་རབ་དང་ཡེ་ཤེས་དང་ཡོན་ཏན་གྱི་ཚོགས་དང་། སྔགས་དང་སྨན་དང་ནོར་བུ་དང་བསྟན་བཅོས་དང་སྒྱུ་རྩལ་ལ་སོགས་པའི་ནུས་པ་དང་སྟོབས་རྣམས་བླངས་ཏེ་སྙིང་ག་ནས་འཇུག་ཅིང་། བདག་དང་གཞན་གྱི་མི་ཤེས་པའི་མུན་པ་དང་། རྨོངས་པའི་མུན་པ་ཐམས་ཅད་བསྲེག་

པའི་བདག་ཉིད་དུ་བསྒོམ་པར་བྱ་སྟེ། དེ་ལྟར་ཇི་སྲིད་འདོད་ཀྱི་བར་དུ་བསྒོམས་ཏེ། སྤྲོ་བ་དང་བསྡུ་བའི་རྣལ་འབྱོར་གྱིས་མྱུར་བ་ལ་སོགས་པའི་སྐྱོན་རྣམས་དང་བྲལ་བས་སྔགས་བཟླས་པར་བྱས་ཏེ། སྔགས་ནི་འདིའོ། །ལྡང་བར་འདོད་ན་སྔགས་ཀྱི་ཕྲེང་བ་ཧྲཱིཿཡིག་ལ་
བསྟིམས་ལ་མཆོད་པ་དང་། གསོལ་བ་གདབ་སྟེ་ཡི་གེ་བརྒྱ་པ་བརྗོད་ཅིང་། བསོད་ནམས་ཡོངས་སུ་བསྔོས་ཏེ། ལྷ་མོའི་ང་རྒྱལ་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །ཐུན་གཞན་ལ་ཡང་ཐམས་ཅད་དེ་བཞིན་དུ་བྱའོ། །མཚན་ཕྱེད་ཀྱི་ཐུན་ལ་ཡང་ཐམས་ཅད་དེ་བཞིན་དུ་བྱས་ནས། སེང་
གེའི་ཉལ་སྟབས་ཀྱིས་ལྷ་དང་བླ་མ་ཡིད་ལ་བྱེད་ཅིང་ཉལ་བར་བྱའོ། །བློ་བརྟན་པོས་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་ཐེ་ཚོམ་མེད་དོ། །བསྟན་བཅོས་ཐམས་ཅད་ཤེས་པར་འགྱུར་རོ། །སྒྱུ་རྩལ་ཐམས་ཅད་ལ་མཁས་པར་འགྱུར་རོ། །སྨྲ་མཁས་པར་འགྱུར་བ་དང་། འཁོར་གྱིས་ཀྱང་
ཟིལ་གྱིས་མི་ནོན་པ་དང་། འཇིགས་པ་མེད་པ་དང་། ཡིད་གཞུངས་པར་འགྱུར་རོ། །བློ་གྲོས་ཕྲ་བ་དང་། བློ་གྲོས་ཞིབ་པར་འགྱུར་རོ། །སྔགས་གྲུབ་པ་ལས་ཐོད་ལེ་སྐོར་ལ་སྔགས་བཏབ་སྟེ། གང་ལ་བྱིན་པ་དེ་བློ་དང་ལྡན་པར་འགྱུར་རོ། །ཡང་དག་པའི་ལྟ་བ་རྟོགས་པར་འགྱུར་རོ། །
ཐབས་ཤེས་རབ་ཟུང་འཇུག་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་རོ། །དུག་གི་གནོད་པ་ཞི་བར་འགྱུར་རོ། །ཟས་བདུད་རྩིར་འགྱུར་རོ། །མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་དབང་དུ་འགྱུར་རོ། །དུག་སྦྲུལ་ལ་སོགས་པས་ཉེ་བར་མི་ནུས་སོ། །འདིས་ཉེ་བར་གཙེས་པ་གཞན་
རྣམས་ལ་ཡང་ཕན་པར་འགྱུར་རོ། །དཔལ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྒྱལ་བའི་སྲས་དཔལ་བི་བྷཱུ་ཏི་ཙནྡྲ་དང་། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་
གྱིས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་སྐུ་མཁར་ཉི་གཟུངས་སུ་བསྒྱུར་ཏེ་གཏན་ལ་ཕབ་པའོ།། རྡོ་རྗེ་དཀར་མོའི་སྒྲུབ་ཐབས། ༄༅༅། །རྒྱ་གར་སྐད་དུ། བཛྲ་གཽ་རཱི་ཨ་ནུ་གྲ་ཧ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་དཀར་མོའི་རྗེས་སུ་འཛིན་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་གཤིན་རྗེ་

གཤེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཀར་མོ་སྒྲུབ་པར་འདོད་པའི་སྔགས་པས། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོས་ཕྱག་འཚལ་བ་ལ་སོགས་པ་ནས། བཏང་སྙོམས་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་སྔོན་དུ་
བྱས་པའི་རྗེས་ལ། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། རུའི་ཡི་གེ་སེར་པོ་དང་རལ་གྲི་ལས་སྐུ་མདོག་གསེར་དང་མཚུངས་སོ། །ཞལ་གསུམ་ཕྱག་དྲུག་མ་རྩ་བ་དང་གཡས་དང་གཡོན་གྱི་ཞལ། སེར་པོ་དང་དམར་པོ་དང་དཀར་པོའོ། །གཡས་པ་ན་རལ་གྲི་དང་། རྡོ་རྗེ་དང་། གྲི་གུག་
གོ། །གཡོན་པ་ན་འཁོར་ལོ་དང་། པདྨ་དང་། ཐོད་པ་བསྣམས་པའོ། །སྤྱན་གསུམ་མ། མགོ་བོའི་ཕྲེང་བའི་ཅོད་པན་དང་། མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ། སྒེག་པ་ལ་སོགས་པའི་རོ་དང་ལྡན་པ། གཡོན་བརྐྱང་དང་། ཟླ་བ་ལ་རུ་ཡིག་སེར་པོའོ། །
རྩ་སྔགས་ནི། ཨོཾ་གཾ་བྷི་ར་བཛྲ་ཀརྟི་ཏ་གྷ་གྷ་ཧཱུཾ། རཀྟ་ཤོ་ཎི་ཏ་པྲྀ་ཡེ། གཽ་རི་ཡེ་བིགྷ་ན་ཛ་ཧྲཱིཿཞེས་འབུམ་ཕྲག་གཅིག་རྩེ་གཅིག་པས་བཟླས་སོ། །དེ་ནས་ལས་ཉེ་བར་བསྒྲུབ་པའི་ཕྱིར་སྔོན་དུ་བསྙེན་པ་མཚན་མ་ཐོབ་ཀྱི་བར་དུ་བྱའོ། །དེས་གྲུབ་ལ་སྔགས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་བླ་
གབ་མེད་པའི་གནས་སུ་དཀྱིལ་འཁོར་བཞེངས་པར་བྱ་སྟེ། པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་བཅས་པའི་གཞལ་མེད་ཁང་པའོ། །འདབ་མ་བརྒྱད་པ་ལ་ཀླུ་ཆེན་པོ་བརྒྱད་ཀྱི་མཇུག་མས་མནན་པའི་རྩང་ཀེ་ཏུའི་གཟུགས་ར་ཡིག་ལས་སྐྱེས་པ་བྲི་བར་བྱའོ། །དེའི་ཕྱག་གཡས་ན་ཀླུའི་
ཞགས་པ། གཡོན་ན་ཤཀྟི་བསྣམས་པའོ། །དེའི་སྟེང་དུ་དཔལ་རྡོ་རྗེ་གཽ་རཱི་མ་སྔ་མ་ལྟ་བུས་མནན་པའོ། །དེར་མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས་ཏེ། སློབ་དཔོན་བདག་ཉིད་གྲོགས་དང་བཅས་པས་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་བསྒོམས་
པ་ལ་བརྟེན་པས། མ་རུངས་པའི་སེམས་ཀྱིས་སྔགས་བཟླས་པར་བྱའོ། །ཨོཾ་བྷི་ཤི་མུ་ཏ་ཙེ་དུ་མ་མ་ཤ་ལཱ་ཀ་ལ་ཛ་ལ་ཏི་ཨ་ཛི་ཏེ་སྭཱ་ཧཱ། ཏདྱ་ཐཱ། ཙ་ཏ་ཙ་ཏ། ཙི་ཙཎྜ། ཙི་ཙཎྜ། བཛྲ་ཥེ་ལ་ཥ་ལ་ཏེ་སྭཱ་ཧཱ། ཨོཾ་ལི་དུ་ལ་ཛམ་ཀ་སྭཱ་ཧཱ། སྔགས་གསུམ་པོ་དེ་སྟོང་ཕྲག་བཞི་བཟླས་པས་སོ། །

ཨོཾ་པ་ཤ་མི་གི་ཊུ་མ་ཤ་ཛ་ཏི་ཨ་ཛི་ཏེ་སྭཱ་ཧཱ། བརྒྱད་ཀྱིས་ལྷག་པའི་བརྒྱ་ཕྲག་གཅིག་བཟླས་པར་བྱའོ། །ཡང་སྔགས་དེ་གཉིས་ཀྱི་རིམ་པ་ཡིན་པས་བཟླས་པར་བྱའོ། །དེ་ལྟར་གཉིས་ཀྱིས་མཚན་མ་ཐོབ་ཀྱི་བར་དུ་བྱེད་པ་སྟེ་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །འཁོར་
ལོ་ལ་མངོན་དུ་ཕྱོགས་པས། རྐང་པ་ཆུའི་ནང་དུ་བཅུག་སྟེ། རྩ་བའི་སྔགས་དང་སྙིང་པོ་དང་། ལས་ཀྱི་སྔགས་རྣམས་གཅིག་པར་བཟླས་པར་བྱའོ། །ཡུངས་ཀར་གྱིས་བགེགས་བསྐྲད་པར་བྱའོ། །ཡུལ་བརྟ་བར་བྱ་བའི་ཕྱིར་ཞིང་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེར་བྱའོ། །གལ་ཏེ་
ཞག་གསུམ་གྱི་བར་དུ་ཆར་མི་ཕེབས་ན་དེའི་ཚེ་ཁམ་ཕོར་དུ་ཀླུའི་གཟུགས་བརྙན་སྔགས་སྙིང་གར་བཞག་པ་གཞུག་སྟེ། དེ་ལ་མཆོད་ནས་ཁ་སྦྱར་ལ་བྱང་ནུབ་ཀྱི་ཕྱོགས་སུ་དྲག་པོའི་ཐབ་ཁུང་དུ་བཅུག་སྟེ། འོག་གི་རླུང་གི་དཀྱིལ་འཁོར་དུ་བཏང་བས་རླུང་ཆེར་གཡོས་ནས་མེ་འབར་ནས་ཆུ་བསྲོས་
ཏེ། ཀླུ་ཆེན་པོ་རྣམས་ཀྱི་དུག་རླངས་པ་དང་། རྒྱ་མཚོའི་རླངས་པ་བྱུང་བས་བར་སྣང་དུ་སྤྲིན་ཆར་དུ་ལྟེ་བར་བབས་པར་བསམ་མོ། །གལ་ཏེ་དེ་ལྟར་བྱས་ཀྱང་ཞག་ལྔའི་བར་དུ་ཆར་མི་ཕེབས་ན། དེའི་ཚེ་ཀེ་ཏུ་ལ་དྲག་པོར་བསྡིགས་པར་བྱའོ། །རྡོ་རྗེ་དང་དོན་གྲུབ་ཀྱིས་བསྣུན་པ་དང་བཅས་པས། ཨོཾ་
ཧ་ན་ཧ་ན་བཛྲ་ས་མ་ཡ་ཧཱུཾ་ཞེས་དམ་ཚིག་བརྗོད་ནས། ཨོཾ་པ་ཤ་མི་ཀེ་ཏུ་རུ་མི་ཤི་ཀ་ཛ་ལ་ཏི་ཨོཾ་བཛྲ་ལ་ཏེ་སྭཱ་ཧཱ། ཨོཾ་བྷིན་དྷ་ར་ར་ཧཱུཾ་མ་ཧཱ་ཀྲོ་དྷ་པཱ་ད་ཥཱ་ལ་ཥཱ་ལ་ཏེ་སྭཱ་ཧཱ། ཨོཾ་ཀེ་ཏུ་ཡཀྵ་ཛ་ལ་རེ་ཀཱི་ལི་ཀཱི་ལ་ཡ་སརྦ་སྭཱ་ཧཱ། ཁྲི་བཟླས་པར་བྱའོ། །དེ་ནས་དམ་བཅས་པ་རྗེས་སུ་དྲན་ནས་ཆར་ངེས་པར་འབེབས་
པར་འགྱུར་རོ། །དཔལ་རྡོ་རྗེ་དཀར་མོའི་སྒྲུབ་ཐབས། གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་རྒྱལ་སྲས་དཔལ་བི་བྷཱུ་ཏི་ཙནྡྲ་དང་། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོའི་ཁབ་སྐུ་མཁར་ཉི་
གཟུངས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པའོ།། །།ལས་ཀྱི་གཤིན་རྗེའི་མཆོད་པའི་ཆོ་ག་བཞུགས་སོ།། ༄༅༅། །བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རང་གཞན་བར་ཆད་ཞི་བ་དང་། །དངོས་གྲུབ་མཐར་ཕྱིན་བྱ་བའི་ཕྱིར། །ལས་ཀྱི་གཤིན་རྗེ་

འཁོར་བཅས་ཀྱི། །མཆོད་པའི་ཆོ་ག་འདི་ལྟར་བྱ། །རྣལ་འབྱོར་ལྡན་པས་མདུན་བསྐྱེད་མཆོད། །རི་རབ་བང་རིམ་བཞི་པ་ཡི། །རྩེ་ལ་ཆོས་ཀྱི་རྒྱལ་པོ་ནི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །པདྨ་ཉིན་བྱེད་མ་ཧེའི་སྟེང་། །གཡས་བསྐུམ་གཡོན་བརྐྱང་རོལ་པས་བཞུགས། །རྡོ་རྗེ་
ཐོད་དབྱུག་སྦྲུལ་ཞགས་འཛིན། །དར་དང་སྟག་ལྤགས་ན་བཟའ་གསོལ། །སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན། །ཞལ་གདངས་མཆེ་གཙིགས་ཁྲོ་གཉེར་བསྡུས། །སྤྱན་གསུམ་དྲག་པོའི་མེ་སྟག་འཕྲོ། །སྐྲ་སེར་སྨ་ར་གྱེན་དུ་འཛིངས། །རྔམ་གཙིགས་གཏུམ་པོ་མི་སྡུག་པ། །
མཆན་ཁུང་གཡོན་ན་ཙ་མུཎྜ། །རྣམ་དག་རྩེ་གསུམ་འཛིན་པ་བསྐྱེད། །དེ་ཡི་ཕྱི་རིམ་སྟེག་བུ་ལ། །ཡ་མ་རཱ་ཛ་སྐྱོད་བྱེད་འབར། །མ་རུ་ཙེ་དང་རལ་དགུ་ལྡན། །དེད་དཔོན་མངགས་པ་ཕོ་ཉའི་ཚུལ། །འཁོར་དབྱུག་པདྨ་རལ་གྲི་རྣམས། །ཐམས་ཅད་རྡོ་རྗེས་མཚན་པ་འཛིན། །གཡས་
སུ་ཡ་མ་དྷུ་ཏི་དང་། །ཀཱ་ལ་པ་ཤ་དཎྜི་ནག །ཡ་མ་དཾཥྚྲི་ལྕགས་ཀྱུ་དང་། །ཞགས་པ་བེ་ཅོན་མཆེ་བ་རྣམས། །འཁོར་ལོས་མཚན་པ་ཕྱག་ན་བསྣམས། །གཡོན་དུ་ཀཱ་ལ་ར་ཏྲི་དང་། །གསོད་མ་ནག་མོ་ཆེན་མོ་དང་། །ནམ་གྲུ་ཤ་ཀ་ལི་ལ་སོགས། །མེ་ལོང་ནད་རྐྱལ་དྲུ་བུ་དང་། །ཁྲམ་
ཤིང་པདྨས་མཚན་པ་འཛིན། །གཡོན་ན་ཤོ་རྡེ་དཀར་ནག་གོ། །སྔོ་དཀར་དམར་བའི་ཁ་དོག་ཅན། །ཆ་ལུགས་གཙོ་བོ་བཞིན་དུ་བསྐྱེད། །དེ་ཡི་ཕྱི་རོལ་སྟེགས་བུ་ལ། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །གཡས་གཡོན་གཟའ་བརྒྱད་ཀླུ་ཆེན་བརྒྱད། །དེ་ཡི་ཕྱི་རིམ་སྟེགས་བུ་ལ། །
ཕྱོགས་སྐྱོང་བཅུ་དང་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས། །རང་རང་གཟུགས་སམ་གཙོ་བོ་བཞིན། །འབྱུང་པོ་ཀུན་གྱིས་བསྐོར་བ་བསྐྱེད། །གནས་གསུམ་བྱིན་བརླབས་དབྱིངས་ནས་དགུག །དབང་བསྐུར་རྡོ་རྗེ་སེམས་དཔའི་རྒྱ། །ཚོགས་དང་གཏོར་མའི་མཆོད་པ་དང་། །གུར་
ཕོད་དང་ངར་གླུད་དང་། །ནམ་མཁའ་བ་དན་མདའ་དང་འཕང་། །སྲོག་ཆགས་སྣ་ཚོགས་ངུར་བ་དང་། །རིན་ཆེན་ལྔ་དང་འབྲས་བུ་དང་། །གླིང་དང་གླིང་ཕྲན་ལ་སོགས་པས། །མཆོད་དང་བསྟོད་པ་ལས་བཅོལ་བྱ། །འཇིག་རྟེན་རང་གི་འདོད་པ་དང་། །མཐུན་པའི་ལས་ཀུན་

བཀའ་བཞིན་བསྒྲུབ། །གངས་རིའི་ཁྲོད་ན་རྒྱལ་པོའི་བུ། །སྦྱིན་བདག་ཆེན་པོའི་བཞེད་པ་བཞིན། །བོད་ཀྱི་ལུགས་དང་མཐུན་པ་འདི། །འགྲོ་ལ་ཕན་པའི་ཆེད་དུ་བསྒྲུབས། །བླ་མའི་ལུང་དང་མི་འགལ་ཞིང་། །གདུལ་བྱའི་བློ་དང་མཐུན་པ་ཡི། །མན་ངག་
ལྷ་ཡི་རྗེས་གནང་ནས། །བྷངྒ་ལ་ལས་བརྗོད་པ་ཡིན། །རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དརྤན་ཨཱ་ཙརྱས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་ཞེ་སྡང་རྡོ་རྗེས་དག་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་སཱ་དྷ་ནཾ་ནཱ་མ།
བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་མ་ཧེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་སྐུ་མཆོག་འཇིག་དུས་མེ་ལྟར་འབར། །རྡོ་རྗེ་འཇིགས་པར་བྱེད་ལ་ཕྱག་འཚལ་ཏེ། །དེ་ཡིས་ལས་རྣམས་རབ་ཏུ་སྒྲུབ་
པའི་ཕྱིར། །མ་ཧེའི་གདོང་གི་སྙིང་པོའི་སྒྲུབ་ཐབས་བྲི། །ཡིད་དང་མཐུན་ཞིང་དབེན་པའི་གནས་དག་ཏུ། །དང་པོར་བདེ་བའི་སྟན་ལ་འདུག་ནས་ནི། །མ་ཧེའི་གདོང་ཅན་སྐད་ཅིག་རྣལ་འབྱོར་པས། །ལྷ་དང་བླ་མ་མཉེས་བྱས་དེ་རྗེས་ལ། །སྟོང་པ་མ་ཡིན་མི་སྟོང་མ་ཡིན་པ། །སེམས་ཉིད་
སྤྲོས་དང་བྲལ་བ་རྣམ་པར་བསྒོམ། །ཡཾ་ལས་རླུང་སྟེ་རཾ་ལས་བསྐལ་མེ་འབར། །དེ་ནས་ཧཱུཾ་སྤྲོས་རྡོ་རྗེའི་རང་བཞིན་ནམ། །ཨ་ལས་ཟླ་བ་རྒྱས་པའི་སྟེང་ཉིད་དུ། །དྷཱིཿལས་འཇམ་དཔལ་གཞོན་ནུ་བསྐྱེད་པར་བྱ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་རྣམས་བསམས་ལ། །དེ་སྟེངས་ཧཱུཾ་
ཡིག་ནག་པོ་འབར་བ་བལྟ། །དེ་ཉིད་ཡོངས་སུ་གྱུར་པ་རྡོ་རྗེ་གདེངས། །ཐམས་ཅད་ཡོངས་གྱུར་བཅོམ་ལྡན་མ་ཧེའི་ཞལ། །སྐུ་མདོག་སྔོ་ནག་ཆར་སྤྲིན་ལྟ་བུར་འཇིགས། །སྐུ་ལས་མེ་འབར་ཁམས་གསུམ་སྲེག་པར་བྱེད། །ཁྲོ་བོ་དུར་ཁྲོད་ཐོད་པའི་དོ་ཤལ་བྱས། །ཞལ་གཅིག་མ་ཧེ་ནག་
པོ་རྒོད་པའི་ཞལ། །རྭ་གཉིས་བར་དུ་གཞོན་ནུའི་ཞལ་གྱིས་བརྒྱན། །ཕྱག་གཡས་རྡོ་རྗེ་གདེངས་པའི་གྲི་གུག་འཛིན། །གཡོན་པ་ཐོད་པ་ཁྲག་གིས་བཀང་བ་བསྣམས། །ཞབས་གཉིས་གྱད་ཀྱི་དོར་སྟབས་རོ་ཡི་གདན། །མ་ཧེའི་ནག་པོའི་སྟེང་དུ་རྣམ་པར་བསམ། །མངོན་སུམ་བཞིན་དུ་

གསལ་བར་གྱུར་པ་དང་། །སྙིང་གར་ཉི་ལ་ཧཱུཾ་ཡིག་འབར་བར་བསམ། །དེ་ལ་དགུག་དང་བཅིང་བ་ལ་སོགས་བྱ། །དེ་ནས་དེ་ཉིད་སྐར་མའི་ཚོགས་འདྲས་བསྐོར། །གཡེང་བ་མེད་པར་རྟག་ཏུ་བཟླས་པ་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་
མི་འགྱུར་རོ། །འབུམ་ཕྲག་གསུམ་དུ་བཟླས་པ་བྱ། །དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། །གལ་ཏེ་ལྡང་བར་འདོད་པ་ན། །ཡེ་ཤེས་མ་ཧེའི་ཞལ་ལ་ནི། །མཆོད་ཅིང་བསྟོད་ལ་ལྡང་བར་བྱ། །མ་ཧེའི་སྦྱོར་བ་རྣམ་པར་རྒྱུ། །ཤིན་ཏུ་རྟོགས་དཀའི་རྒྱུད་ལས་ནི། །ལས་རྣམས་ཐམས་ཅད་
སྦྱོར་བའི་ལྷ། །ཞལ་གཅིག་ཕྱག་གཉིས་གདམས་པ་འདི། །བློ་དམན་རྣམས་ལ་ཕན་ཕྱིར་བཀོད། །དགེ་བ་ཅུང་ཟད་ཐོབ་པ་དེས། །བདག་དང་འདི་ལ་མོས་པ་རྣམས། །ནད་དང་འཇིགས་སོགས་རབ་བཅོམ་ནས། །མྱུར་དུ་འཇིགས་བྱེད་ཆེན་པོར་ཤོག །དཔལ་རྡོ་རྗེ་འཇིགས་བྱེད་མ་
ཧེའི་གདོང་ཅན་དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་མཉྫུ་བཛྲས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་བྷ་རོ་ཕྱག་རྡུམ་དང་། བོད་ཀྱི་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བྷཻ་ར་བ་ག་ཎ་
ཙཀྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་དང་དངོས་མེད་བདག་ཉིད་གཙོ། །དང་པོར་རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །འདོད་པ་ཐམས་ཅད་རབ་སྩོལ་བ། །ཚོགས་ཀྱི་འཁོར་ལོ་
བདག་གིས་བཤད། །སྔགས་པ་མཆོག་ཏུ་རྟོག་མེད་པས། །དུས་ཀུན་དུ་ནི་མཉམ་པར་གཞག །རྒྱུད་ཀུན་གྱི་ནི་རྗེས་འབྲང་ཤེས། །དེ་ཉིད་བཅུ་ནི་མཆོག་ཏུ་རིག །ཟབ་ཅིང་རྒྱ་ཆེ་ཆོས་རྣམས་ལ། །ཡིད་ནི་དལ་བར་གྱུར་པ་དང་། །ང་རྒྱལ་མེད་པའི་སློབ་མ་རྣམས། །ལེགས་པར་
ཐོས་འདོད་དང་རྣམས་ལ། །ཚོགས་ཀྱི་ལྷ་ནི་ཡོངས་རྫོགས་པས། །འདོད་ཡོན་ལྔ་ཡི་འབྲས་བུ་སྟེར། །དབེན་ཞིང་ཉམས་དགའི་ཁང་པ་རུ། །དེར་ནི་རང་གིས་མཆོད་པ་བརྩམ། །རྣལ་འབྱོར་རྒན་པའི་རིམ་པ་ཡིས། །ཕྱག་དང་མཆོད་པ་བྱ་བར་གྲགས། །ཡང་ན་ཡོན་ཏན་ཆེ་

བའམ། །མགྲོན་པོ་ཡིན་ཕྱིར་གུས་པ་དང་། །ཁྲུས་དང་དྲི་ཞིམ་གོས་དང་ནི། །མེ་ཏོག་ཕྲེང་བས་བརྒྱན་པ་དང་། །མཆོད་ཡོན་བདུག་པ་ཅི་ནུས་པས། །ཚོགས་ཀྱི་འཁོར་ལོ་བརྩམ་པར་བྱ། །ལས་ཀྱི་རྡོ་རྗེ་མཉམ་བཞག་པས། །འདི་དག་ལ་ནི་བསང་གཏོར་བྱ། །མཛོད་
སྤུ་སྤྱི་བོར་ཐལ་སྦྱར་ནས། །ཡན་ལག་བརྒྱད་ཀྱིས་ཕྱག་བྱའོ། །རིན་ཆེན་སྣོད་སོགས་གཏོར་མ་གཞག །རྒྱལ་བ་འཇིག་རྟེན་འདས་ལ་དབུལ། །འཇིག་རྟེན་པ་དང་སྔགས་ལྷ་ལ། །དེ་ཉིད་རིག་པས་མཆོད་པ་བརྩམ། །རྒྱུད་ཀྱི་དགོངས་པའི་སྦྱོར་བ་ཡིས། །པདྨའི་སྣོད་དུ་བདུད་རྩི་ཆེ། །
ལྕགས་ཀྱུ་བཅུ་ནི་ཡང་དག་བཟླས། །དེ་དག་ཐམས་ཅད་ཚིམ་པར་བྱ། །ཐུན་མོང་ཀུན་གྱི་མཆོད་པ་དང་། །ཀུན་ལ་གསང་བ་མཆོག་གི་མཆོད། །བདེ་བ་ཆེན་པོའི་གོ་འཕང་གནས། །ཚོགས་ཀྱི་གཙོ་བོ་འཇུག་པར་བྱ། །བུ་མོ་དལ་བ་ཚང་ཞིང་ཞལ་གྱི་པདྨའི་མགོ་བོ་སྨད། །ཡོན་ཏན་ཆེན་པོ་
ཤིན་ཏུ་རྒྱས་ཤིང་དེ་ཉིད་ཡང་དག་རིག་པར་རུང་བ་ཉིད། །སེམས་ཀྱི་རྣམ་རྟོག་བྲལ་ཞིང་རྒྱན་རྣམས་ཀུན་དང་ལྡན། །ནུ་མ་གཉིས་ནི་མཆོག་ཏུ་རྒྱས་པས་བདུད་རྩིའི་སྣོད་ནི་དེ་ཡིས་འབུལ། །རང་བྱུང་ཡེ་ཤེས་མེ་འབར་བས། །འོད་འཕྲོ་གདན་གྱི་ལུས་འབུད་ཅིང་། །ཁར་ནི་དེ་ཉིད་སྦྱིན་སྲེག་
ཕྱིར། །རོ་ལ་སོགས་པ་དབབ་པར་བྱ། །དེ་ནས་སྙིང་གའི་ཟླ་དཀྱིལ་སར། །ཐིག་ལེའི་ལྷ་ནི་མངའ་བདག་ཆེ། །ཡང་ན་རང་གི་འདོད་སོགས་ལྷ། །འཁོར་ལོ་རྒྱན་གྱིས་བརྒྱན་པའོ། །མིང་མེད་ཐིག་ལེས་ཐིག་ལེ་སྟེ། །དེ་ཉིད་བསྲུང་བསྲུབས་འོད་ཟེར་ཅན། །ལྕེ་ཡི་རྩེ་ལ་ཉུང་ཟད་དགོད། །
བདུད་རྩིའི་རྒྱུན་གྱིས་ཚིམ་བྱའོ། །ལྟེ་བའི་འཁོར་ལོ་ནཱ་ད་ལས། །བྱུང་བས་དེ་ཡི་རོ་བཀུག་ནས། །ལན་གསུམ་དུ་ནི་འཐུངས་ནས་སུ། །རྣལ་འབྱོར་པ་དེ་བདེ་བར་གནས། །བི་མུ་མ་ར་ཤུ་ད་ཧ་ན་གོ་ཀུ་པཉྩ་ཀཾ། །རྒྱུད་དང་རྒྱུད་གཞན་བརྗོད་པ་ཡི། །གཞན་ཡང་བདུད་རྩི་ཆེན་པོ་རྣམས། །
བར་སྣང་དུ་ནི་གནས་པ་ལ། །ཀུན་ལ་མཛུབ་གཏོར་བྱིན་པར་བྱ། །དཔའ་བོས་དཔའ་བོའི་ལྷ་དང་ནི། །ལྷ་མོ་ཀུན་གྱི་ཚོགས་ལ་གསལ། །ལྕགས་ཀྱུ་བཅུ་ཡི་དེ་ཉིད་ནི། །ཐོགས་ནས་སྦྱིན་བདག་སེམས་དག་ཕྱིར། །ཇི་ལྟར་རིགས་པར་རྟོགས་ནས་ནི། །ཕྱི་རོལ་ལྷ་ལ་དབུལ་

བར་བྱ། །སེམས་ཅན་རྣམས་ལ་སངས་རྒྱས་ཉིད། །ཀུན་གྱི་སྙིང་རྗེའི་སྟོབས་ཀྱིས་བསྒྲུབ། །རྡོ་རྗེ་དྲིལ་བུ་ལྡན་པས་བསྟོད། །འཁོར་ལོས་སྒྱུར་ལ་བསྟོད་པར་བྱ། །སྒེག་པའི་ཚུལ་གྱིས་སྟེར་བ་དང་། །མཆོད་རྫས་ཀྱི་ནི་སྣོད་དག་རྣམས། །སོ་སོའམ་ཀུན་ལ་གཅིག་ཏུའོ། །དག་དང་
མ་དག་སྤྱད་མི་བྱ། །ཇི་ལྟར་འདོད་པའི་བཟའ་དང་བཏུང་བ་རྣམས། །མཆོད་པ་སྣ་ཚོགས་མང་པོ་ཡིས། །རྡོ་རྗེ་ཅན་གྱིས་མཆོད་པ་ཡིན། །ཅི་བདེ་ཇི་ལྟར་འདོད་པར་གསོལ། །དེ་ལྟར་སེང་གེ་བཞིན་དུ་དོགས་མེད་རྟོགས་བྲལ་བས། །སྲིད་ཞིའི་གོ་འཕང་དེ་ཉིད་གནས་པས་བདེ་བར་ལྡན། །རང་
གི་ཡིད་འོང་ཀེ་ཤི་ཀ་ལ་སོགས་པའི་གླུ། །རྒྱལ་བ་མ་ལུས་ཚོགས་ལ་གར་གྱིས་ཀྱང་ནི་མཆོད་པར་བྱ། །སྣོད་ནི་གང་གིས་ལག་པར་གཞག །གར་གྱི་ལག་པས་གཟུང་བར་བྱ། །མི་ཤེས་པའམ་རྨོངས་པ་ཡིས། །སྨོད་པར་གྱུར་ན་ཆད་པ་ཐོབ། །ལུས་ངག་ཡིད་ཀྱི་ལས་ཀྱིས་ནི། །
ལ་ལ་དུལ་བར་མ་གྱུར་ན། །ཆད་པས་དེ་ནི་ཞི་བའི་ཕྱིར། །དེ་ཡིས་ཇི་ལྟར་རིགས་པར་བརྟག །ལག་པ་གཉིས་ཀྱི་ཕྱག་རྒྱ་ཡིས། །དེ་ཉིད་གཙོ་བོའི་ཆོ་ག་བཞིན། །ཕན་ཚུན་དུ་ནི་ཚིམ་པར་བྱ། །སྒེག་དང་རྩེ་བའི་རོ་ཡིས་བདེ། །ཟབ་དང་རྒྱ་ཆེའི་གཏམ་བརྗོད་ཅིང་། །དེ་ཉིད་བརྩོན་པས་
མཆོད་པར་བྱ། །གླུ་དང་རྔ་སོགས་གར་གྱིས་ནི། །ཐབས་དང་ཤེས་རབ་བདེ་བའི་མཆོག །ཕན་ཚུན་དུ་ནི་མཉམ་པར་གུས། །དམ་ཚིག་ཉན་པར་ཤིན་ཏུ་འདོད། །ཕ་རོལ་ཕྱིན་བཅུ་སྦྱོར་བ་ཡིས། །བརྟུལ་ཞུགས་ཅན་གྱིས་མཆོད་སྦྱིན་བྱ། །འགྲོ་བར་འདོད་པས་ཐལ་སྦྱར་ནས། །
སྔོན་དུ་བཟོད་གསོལ་འགྲོ་བར་བྱ། །བྱ་བ་བྱས་ནས་བློ་ལྡན་གྱིས། །དེ་ནས་ཕྱག་བྱས་འཇུག་པར་བྱ། །རྟག་ཏུ་རྣལ་འབྱོར་བདག་ཉིད་དང་། །རྟག་ཏུ་དེ་ཉིད་ལམ་ལ་ཞུགས། །རྟག་ཏུ་འདུལ་བར་ལྡན་པ་ཡིན། །ཚོགས་ཀྱི་འཁོར་ལོ་རྟག་ཏུ་བྱ། །སྦྱིན་པའི་ཟས་སྦྱིན་པ་རྣམས་ལ། །ཕྱག་
རྒྱ་ཐུན་མོང་དུ་ནི་བརྗོད། །དེ་ཕྱིར་གྲོལ་བར་འདོད་པ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་རང་གི་བདེ་འདོད་པས། །འདི་ཉིད་རོལ་དང་སྒེག་པ་ཡིས། །དེ་སྲིད་ཕྱག་རྒྱ་ལྷན་ཅིག་ཏུ། །གཉུག་མ་འདི་ཡིས་མཆོད་པར་བྱ། །མིག་ལ་སོགས་པའི་ཐབས་ཆེན་གྱིས། །

གཟུགས་སོགས་རྡོ་རྗེ་མ་ཡི་ཚོགས། །རྣམ་ཤེས་རྣམས་ཀྱི་བདེ་ཆེན་པོ། །ཕྱི་རོལ་གྱི་ནི་རྟག་ཏུ་འཇུག །རྡོ་རྗེ་པདྨའི་འོད་ཟེར་གྱིས། །ཟླ་བའི་འོད་ཟེར་དཀར་པོ་འདྲ། །རྒྱལ་བའི་ཚོགས་ཀྱི་འོད་ཟེར་འབྱུང་བས་རང་བཞིན་མེད་པར་རང་བཞིན་ཅན། །ཤིན་ཏུ་
བདེ་བ་མཆོག་ཏུ་འཕགས་པས་ཡིད་དུ་འོང་བའི་ཤེས་རབ་བཀའ་ཉན་ལས། །དག་པའི་ལྕེ་ཡིས་ལེན་བྱེད་སེམས་ཅན་དེ་ནི་རྡོ་རྗེ་སེམས། །དེ་ནས་གཤེགས་གསོལ་ཐོབ་པ་ན། །བཀྲ་ཤིས་ཀླུ་དང་ལྷ་ཀུན་ལ། །ཚོགས་ཀྱི་འཁོར་ལོ་མངོན་བྱས་ནས། །ཡོན་བདག་མགོ་ལ་མེ་
ཏོག་གཞག །བཀྲ་ཤིས་བརྗོད་ལ་སྡོམ་པ་སྦྱར། །འབྱུང་པོ་ཐམས་ཅད་སངས་རྒྱས་སུ། །བླ་ན་མེད་པར་སྨོན་ལམ་གདབ། །ལྷག་མའི་གཏོར་མས་ཚིམ་པར་བྱ། །གཏོར་མ་ཆེན་པོ་ཡང་དག་བསྡུས། །ཆོས་བདག་ཡེ་ཤེས་གྱུར་ནས་ནི། །བློ་དང་ལྡན་པས་དགེ་ལ་སྦྱར། །མཐོ་
གང་ཙམ་གྱི་མཐོ་བ་རུ། །རྒྱལ་བ་ཆོས་ཀྱི་གཞི་བསམ་བྱ། །དེ་ལས་བདུད་རྩི་རྒྱུན་འཛག་པ། །རང་ཉིད་ལ་ནི་བསམ་པར་བྱ། །ཡུངས་ཀར་ཙམ་གྱི་ཕྲ་བ་ནི། །རྡོ་རྗེ་ཅན་གྱི་མཚན་མ་སྟེ། །རྡོ་རྗེ་རྩེའམ་སྣ་རྩེར་བསམ། །བརྟན་པར་གྱུར་ནས་སྤྲོ་བར་བྱ། །སྙིང་གའི་དཀྱིལ་ནི་ནམ་
མཁའ་ལ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་སྟེ། །དེར་ནི་ཆོས་ཀྱི་འབྱུང་གནས་གནས། །ཕྲ་མོའི་རྡོ་རྗེ་རྟག་ཏུ་དྲན། །རྡོ་རྗེ་ལ་སོགས་རོ་དང་ལྡན། །ཡིད་ཀྱི་རང་བཞིན་རྣམ་ཐར་གསུམ། །རྣམ་པ་ཀུན་གྱི་དོན་དག་ལ། །འགྱུར་བ་མེད་པའི་བདེ་བ་ཆེ། །ཐབས་དང་ཤེས་རབ་
རྣལ་འབྱོར་དག །ལས་ཀུན་ལ་ནི་ཐམས་ཅད་དུ། །ཡང་དག་བྱང་ཆུབ་ལེགས་སེམས་གཟུགས། །དེ་ཉིད་བརྩོན་པས་བསམ་པར་བྱ། །སྔགས་ནི་སྲོག་གི་ཡི་གེ་བཟླས། །ཐིག་ལེའི་རང་བཞིན་འོད་གསལ་བ། །ཆོས་དང་ཆོས་མིན་ལས་གྲོལ་བ། །རྟག་ཏུ་ཡོངས་སུ་བསྒོམ་
པར་བྱ། །དེ་ཡིས་དུས་སམ་ཐམས་ཅད་དུ། །གྲོལ་བའི་ལམ་ལ་བརྩོན་པ་ཡིས། །རྟག་པའི་དུས་སུ་བསྒོམ་བྱས་ན། །དེ་ཡིས་གྲོལ་ཐོབ་ཕུན་སུམ་ཚོགས། །འགྲོ་བ་རྣམས་ཀྱི་བསམ་པ་སྦྱིན་པ་ལ་སོགས་ཀུན་གྱིས་མྱུར་དུ་ཡོངས་རྫོགས་ནས། །བདག་མེད་རྡོ་རྗེ་ལ་སོགས་

ཀྱིས་ནི་རྣམ་རྟོག་རྨོངས་པའི་གྲོང་ཁྱེར་ཐམས་ཅད་བརྟག་བྱས་ནས། །རྒྱལ་བའི་འཁོར་ལོ་གང་ཞིག་བསྐོར་བས་བླ་མའི་ཡེ་ཤེས་འཆར་ཞིང་ཐར་པ་སྟེར་བྱེད་པ། །འཕགས་པ་དེ་ཡི་ཐུགས་རྗེ་ཆེན་པོས་ནད་རྣམས་རྟག་པར་ཤིན་ཏུ་གྲོལ་བར་བྱེད། །ཟབ་པའི་ཚོགས་ཀྱིས་ཡོན་ཏན་གཏེར་ལྡན་
པས། །རྣམ་པར་རྟོག་པའི་རྟོག་པ་ལས་རྒྱལ་ཉོན་མོངས་སྤངས་པ་ཡི། །བག་ཆགས་བཅས་པའི་གནས་ལས་གྲོལ་ཞིང་རྣམ་གྲོལ་བའི། །དངོས་དང་དངོས་མེད་རྣམ་གྲོལ་རྣལ་འབྱོར་པ་ལ་ཕྱག་འཚལ་ལོ། །ཡན་ལག་རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན་པ་ཡི། །ནམ་མཁའ་
ཟླ་བའི་འོད་ཟེར་ཆ་ནི་རྣམ་པ་སྣ་ཚོགས་བྱེད་པ་གང་། །ཤེས་རབ་ཚོགས་ཀྱི་བདག་ཉིད་ལ་ནི་ཕྱག་འཚལ་འདུད། །འཇིག་རྟེན་འཇིག་རྟེན་འདས་བཅས་བླ་མའི་འཁོར་ལོ་ཅན། །བསྒོམ་བྱ་རྣམ་པར་བསྒོམས་པས་འགྲོ་བ་གྲོལ་བའི་ཕྱིར། །གང་ཞིག་ཕན་པའི་བསམ་པས་འདིར་ནི་
དཀྱིལ་འཁོར་བྱེད་པ་ཡི། །ཚོགས་ཀྱི་འཁོར་ལོ་བྱེད་པ་དེ་ལ་ཕྱག་འཚལ་འདུད། །སེམས་ཅན་ཐམས་ཅད་ལ་གནས་དྲི་མེད་དངོས་པོ་ཡི། །བསྒོམས་པས་གསལ་བར་གྱུར་པའི་བདེ་ཆེན་བསྡུས་པ་ལ། །ཕྱག་རྒྱ་དང་བཅས་བྱེད་པ་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་
འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ། སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང་། ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཙྪུ་ཙྪུནྡ་ར་ཀལྤ། བོད་སྐད་དུ།
ཙྪུ་ཙྪུནྡ་རའི་རྟོག་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་ནས་ཙྪུ་ཙྪུནྡ་རའི་ཆོ་ག་ཞིབ་མོ་བཤད་པར་བྱ་སྟེ། ཨོཾ་རུ་དྲོ་ཡ་མ་ཧེ་ཤྭ་ར་ཡོ་ག་པྲ་ཤཱ་ལ་ཡ། ཡོ་ག་སིདྡྷི་མ། ད་དཱ་ཧི་མེ་སྭཱ་ཧཱ། ཧཱུཾ་ཧཱུཾ་ཧཿད་ཧ་ད་ཧ། པ་ཙ་པ་ཙ། ཨུརྡེ་ཡ་ཧཱུཾ་ཕཊ། རིག་སྔགས་འདིའི་
བྱ་བའི་ཆོ་ག་ནི། ཉིན་མཚན་དུ་ནི་མི་ཉལ་བར་དྲི་དང་མེ་ཏོག་དང་བདུག་སྤོས་ཕུལ་ནས་གཏོར་མ་བཏང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །དེ་ནས་ལས་རྣམས་སུ་གྱུར་པ་ནི་ཙྪུ་ཙྪུནྡ་ར་ཤི་བ་བླངས་ལ། པགས་པ་དང་རུས་པ་དང་ཤ་དང་སྤུ་རྣམས་ཕྱེ་མར་བཏགས་ཏེ། སྟོང་

ཕྲག་གཉིས་བཟླས་ནས་ཕྱེ་མ་དེས་དཔྲལ་བ་ལ་བསྐུས་ན་བདག་ཉིད་དགྲ་ཡིས་མི་མཐོང་ངོ་། །ཨོཾ་མ་མ་ཧུ་ཡ་ཏི། ཕྱེ་མ་དེས་ལག་པ་ལ་བསྐུས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །ཕྱེ་མ་དེ་ཉིད་རྐང་པ་ལ་བསྐུས་ན་དཔག་ཚད་བརྒྱ་སྟོང་དུ་ཕྱིན་ནས་ལྡོག་གོ། །ཕྱེ་མ་དེ་
ཉིད་ཀྱིས་དགྲའི་སྒོ་ལོགས་ལ་བསྐུས་ནས་ཁྱིམ་གྱི་སྒོར་སྟོང་ཕྲག་བརྒྱད་བཟླས་ན་སྐྲོད་པར་བྱེད་དོ། །ཕྱེ་མ་དེ་དང་དུར་ཁྲོད་ཀྱིས་དགྲ་བོའི་སྒོ་རྩར་བཅད་ཅིང་སྦས་ན་དགྲ་བོའི་རིགས་རྣམས་འཇོམས་པར་འགྱུར་རོ། །ཡང་ན་དགྲ་བོའི་རིགས་སྐྲོད་པར་འདོད་ན། ཙྪུ་ཙྪུནྡ་རའི་པགས་པ་བླངས་ལ་སྟོང་
ཕྲག་བརྒྱད་ཡོངས་སུ་བཟླས་ནས་གཅིན་ཤུལ་གྱི་སས་བཀང་ནས་སྐུད་པ་སྔོན་པོས་བཅིངས་ཏེ་ནམ་མཁར་བཏགས་ན་གཅིན་འགགས་པར་འགྱུར་རོ། །བཀྲོལ་ན་ཐར་རོ། །ཙྪུ་ཙྪུནྡ་རའི་པགས་པ་ཕྱེ་མར་བཏགས་ནས་ལྷ་ཆེན་པོའི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ལ། ཡང་དྲི་དང་མེ་ཏོག་
དང་བདུག་སྤོས་དང་། གཏོར་མ་བཏང་སྟེ། སླར་ཡང་སྟོང་ཕྲག་བརྒྱད་བཟླས་ན་དེ་ནས་འགྲུབ་པར་འགྱུར་རོ། །ཕྱེ་མ་དེ་སྣའི་རྩེ་མོར་བསྐུས་ན་སྐྱེ་འགྲོ་ཐམས་ཅད་སྡུད་པར་འགྱུར་རོ། །མགོ་བོར་བཞག་ན་དགྲ་ཐམས་ཅད་དང་འགྱེད་པའི་ལེན་ཐེབས་པར་འགྱུར་རོ། །ཕྱེ་མ་དེ་ཉིད་རང་
གི་སྙིང་གར་བསྐུས་ནས་གལ་ཏེ་དགྲ་ལ་བསྟན་ན་སྙིང་ངན་པར་འགྱུར་རོ། །སཱ་ལུའི་ཕྱེ་མ་ལས་གཟུགས་བྱས་ནས་ཕྱེ་མ་དེས་བསྐུས་ན་དགྲ་བོ་དེ་རེངས་པར་འགྱུར་རོ། །སཱ་ལུའི་ཕྱེ་མ་ལས་གཟུགས་བྱས་ཏེ་ཕྱེ་མ་དེས་བསྐུས་ན་མཛེས་ཐེབས་པར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་དང་
བཅས་པས་དགྲའི་ཚོགས་ལ་གཏོར་ན་གང་གིས་མནན་པ་དང་མཐོང་བ་དེ་དག་ནད་ཀྱིས་ཐེབས་པར་འགྱུར་རོ། །ཕྱེ་མ་དེ་ལ་ལན་སྟོང་བཟླས་ན་གང་གང་གི་མགོ་བོར་བླུགས་པ་དེ་དབང་དུ་འགྱུར་རོ། །ཕྱེ་མ་དེ་ཐོད་པ་དང་ལྷན་ཅིག་ཏུ་སྒོ་གླེགས་སུ་བཞག་ན་དགྲ་བོ་དབྱེ་བར་འགྱུར་རོ། །
ཕྱེ་མ་དེས་བུད་མེད་ཀྱི་ལག་པ་ལ་བསྐུས་ན་བུད་མེད་དེ་འཆི་བར་འགྱུར་རོ། །ཕྱེ་མ་དེ་གང་གི་སྒོར་སྦས་ན་སྐྲོད་པར་འགྱུར་རོ། །ཕྱེ་མ་དེ་དང་ཤ་ཆེན་པོ་བསྲེས་ནས་གང་གི་བཏུང་བར་བྱིན་ན། ཉི་མ་བདུན་ན་འཆིའོ། །ཕྱེ་མ་དེ་དག་བཤང་བ་དང་བསྲེས་ནས་དགྲ་ལ་བྱིན་ན། དགྲ་བོ་བཀྲེས་པ་

དང་། གཞང་འབྲུམ་དང་ཚད་པས་ཐེབས་ནས་ཕྱི་ནས་ནི་རང་ཉིད་དགའ་བར་འགྱུར་རོ། །ཙྪུ་ཙྪུནྡ་རའི་རུས་པ་བླངས་ནས་གང་གི་ཁྱིམ་དུ་སྦས་ན་འཆིའོ། །ཙྪུ་ཙྪུནྡ་རའི་ཤ་དང་ཉའི་ཞག་དང་བཅས་པས་ལྷ་ལ་མཆོད་པ་བྱས་ནས། དུར་ཁྲོད་དུ་ཐོད་པའི་སྟེང་དུ་འདུག་ལ་ཐོད་པ་བཟུང་ལ་བཟླས་པ་བྱ་སྟེ།
ཡང་དུར་ཁྲོད་ཀྱི་ཐལ་བ་ལ་ལན་སྟོང་དུ་བླུགས་ཤིང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་ཏེ། ཕྱེ་མ་དེ་ཚ་བ་གསུམ་དང་བསྲེས་པས་ལས་སུ་འགྱུར་བ་ནི། གང་གི་ཁྱིམ་དུ་བཞག་ན་དེ་ལ་མེའི་ཚ་བ་འབྱུང་བར་འགྱུར་རོ། །ཕྱེ་མ་དེ་སྐེ་ཚེ་དང་བསྲེས་པས་ཀྱང་ལས་དེ་ཉིད་དུ་འགྲུབ་པར་འགྱུར་རོ། །
ཕྱེ་མ་དེ་དུར་ཁྲོད་ཀྱི་ས་ལས་གཟུགས་བྱས་ཏེ་སྒོ་རྩར་སྦས་ན་འཕྲལ་ནས་འཕྲལ་དུ་ན་ཚ་དང་གསོད་པར་འགྱུར་རོ། །ཕྱེ་མ་དེ་དང་ལན་ཚྭར་བསྲེས་ནས་གང་ལ་བརྡེགས་པ་དེ་དབང་དུ་འགྱུར་རོ། །ཕྱེ་མ་དེ་ཡུངས་ཀར་དང་བསྲེས་ནས་རྒྱལ་པོའི་སྒོ་ལ་གཏོར་ན། རྒྱལ་པོ་དེ་དབང་དུ་འགྱུར་རོ། །
གང་གིས་མནན་པ་དེ་དག་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །ཁམ་ཕོར་སོ་མ་བཏང་བ་ལ་ཕ་ཝང་བྲུན་གྱིས་བྱུགས་ལ། དགྲའི་དྲི་ཆེན་དྲི་ཆུ་དྲོད་མ་ཡལ་བ་ལ་བཀབ་ན། དྲི་ཆེན་དྲི་ཆུ་འགག་གོ། །ཕྱུང་ན་སླར་འཚོའོ། །ཙྪུ་ཙྪུནྡ་རའི་རྟོག་པ་རྫོགས་སོ།། །།བྷ་རོ་ཕྱག་རྡུམ་
གྱི་ཕྱག་དཔེ་ལས། རྭ་རྡོ་རྗེ་གྲགས་ཀྱིས་ཕྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བཛྲ་བྷཻ་ར་བ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །བགེགས་རྣམས་
མ་ལུས་འཇོམས་མཛད་པའི། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །དེ་ཡི་སྦྱིན་སྲེག་ཆོ་ག་བཤད། །གང་ཡང་རྒྱུད་རྣམས་ཐམས་ཅད་དུ། །སྦྱིན་སྲེག་ཆོ་ག་མེད་པ་ལ། །དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། །དེ་བས་སྦྱིན་སྲེག་ལ་འཇུག་
བྱ། །དེ་ལ་སྦྱིན་སྲེག་གི་རིམ་པ་ནི་སློབ་དཔོན་དབང་བསྐུར་བ་དང་ལྡན་པ། །སྙིང་རྗེ་ཆེ་བ། བརྩོན་འགྲུས་དང་ལྡན་པ། བླ་མ་ལ་གུས་པ་དེས་དུར་ཁྲོད་ལ་སོགས་པ་རྒྱུད་ལས་གསུངས་པའི་གནས་ཡིད་དུ་འོང་བར་ལྷའི་ང་རྒྱལ་གྱིས་གནས་ལ་སྔགས་ཀྱི་བཟླས་པ་བྱ་སྟེ། སྔོན་དུ་བསྟེན་

པ་བྱའོ། །ཐབ་ཀྱི་ཚུལ་ནི་གཉིས་ཏེ། རོ་བསྲེགས་པའི་སའམ། ཡང་ན་ཁྱིམ་གྱི་ཕྱོགས་གཅིག་ཏུ་ཐབ་བྱའོ། །ཁྱིམ་དུ་ཐབ་བྱ་བ་ནི་གྲུ་གསུམ་པ་རྒྱར་ཁྲུ་གང་དཔངས་སུ་དེའི་ཕྱེད་ལ་ཁ་ཁྱེར་སོར་གསུམ་པས་ཀུན་ནས་བསྐོར་བ། རོ་བསྲེགས་པའི་ཐལ་བ་དང་།
སོལ་བས་ཁ་དོག་ནག་པོར་བྱས་ལ། ཁྲོ་བོའི་རྡོ་རྗེས་མཚན་པ། དྲི་ཆེན་དང་བོང་བུ་དང་། རྔ་མོའི་རྟུག་པས་བྱུགས་པས་བསད་པ་ལ་སོགས་པའི་ལས་བསྒྲུབ་པར་བྱའོ། །ཐབ་ཀྱི་དབང་དུ་བྱས་པའོ། །རོ་བསྲེགས་པའི་སའམ། ཐབ་ཁང་དུ་རྫས་གཞག་པ་ནི་མཆོད་པའི་རྫས་མེ་ཏོག་
ནག་པོ་དྲི་མི་ཞིམ་པ་དང་། ཤའམ། ཁྲག་གི་དྲི་སྤོས་དང་། མེ་མར་ཆེན་པོའི་མར་མེ་དང་། དྲི་ཆུའི་དྲི་ཆབ་དང་། མི་ལ་སོགས་པའི་ཤའི་ལྷ་བཤོས་དང་། ཁྲག་དང་། ཞག་དང་། ཚིལ་དང་བཅས་པའི་མཆོད་ཡོན་ལ་སོགས་པའི་ཆུ་སྣོད་རྣམས་ནི་རང་གི་གཡོན་དུ་གཞག་པར་བྱའོ། །
མིའི་རུས་པ་དང་། དྲི་ཆེན་དང་། བོང་བུ་དང་། རྔ་མོའི་རྟུག་པ་དང་ཤིང་ཚེར་མ་ཅན་དང་། དུར་ཁྲོད་ཀྱི་ཡམ་ཤིང་དང་། ཚ་བའི་མར་ནག་དང་། སྐྲ་དང་སེན་མོ་ལ་སོགས་པའི་སྲེག་རྫས་རྣམས་ནི་གཡས་ཕྱོགས་སུ་གཞག་པར་བྱའོ། །རྫས་དགྲམ་པའི་རིམ་པའོ། །དེ་ནས་སྒྲུབ་ཐབས་ལས་
གསུངས་པའི་རིམ་པས་རང་ལྷའི་རྣལ་འབྱོར་བྱས་ལ་མཆོད་རྫས་དང་། སྲེག་རྫས་ཐམས་ཅད་བྱིན་གྱིས་བརླབ་པར་བྱ་སྟེ། །ཨོཾ་ཧྲཱིཿཥྚྲྀཿཨ་ཞེས་པས་མཆོད་ཡོན་ལན་གསུམ་མམ་བདུན་གྱི་བར་དུ་མངོན་པར་བཟླས་ལ་གཞུག་པར་བྱའོ། །དེ་བཞིན་དུ་ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས་བསང་གཏོར་བྱ་བ་
དང་། ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛ་ཛ་ཞེས་བྱ་བས་མེ་ཏོག་དང་། ཨོཾ་ཧྲཱིཿཧ་ཧ་ཧེ་ཕཊ་ཕཊ། ཅེས་བྱ་བས་བདུག་སྤོས་དང་། ཨོཾ་དཱིཔྟ་ལོ་ཙ་ནི་ཝི་ཀྲྀ་ཏཱ་ན་ན་མ་ཧཱ་ཨཊྚ་ཧ་ས་ནི་དཱིཔྟ་དཱིཔྟཱ་ཡ་སྭཱ་ཧཱ། ཞེས་བྱ་བས་མར་མེ་དང་། ཨོཾ་ཝི་ཀྲྀ་ཏཱ་ན་ན་དུཥྚ་སཏྭ་དཱ་མ་ཀ་གཿགཿདྲིའོ། །ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་
བ་ཏི་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་བྱ་བས་ལྷ་བཤོས་ཀྱི་སྟེ། དེ་ཁོ་ན་ཉིད་ཀྱིས་གཏོར་མ་ལ་ཡང་མངོན་པར་བསྔགས་ལ། གོང་དུ་གསུངས་པའི་བསང་གཏོར་གྱིས་རྫས་ཐམས་ཅད་དང་། ཐབ་ཁུང་ལ་སོགས་པ་ལ་བསང་གཏོར་བྱའོ། །རྫས་བྱིན་གྱིས་བརླབ་པའི་རིམ་པའོ། །

དེ་ནས་བུད་ཤིང་དང་མེ་བླང་བར་བྱ་སྟེ། བུད་ཤིང་ནི་རོ་བསྲེགས་པའི་མགལ་དུམ་མམ། ཤིང་ཚེར་མ་ཅན་གྱི་རྩ་བའི་ཆ་ལས་བྱུང་བའོ། །ཤིང་ཚེར་མ་ཅན་ནི། ནིམ་པ་དང་། སེང་ལྡེང་དང་། ཀོ་བི་ད་ར་དང་། བ་ལ་ད་ཀ་ལ་སོགས་པའོ། །དེ་ལ་མེ་ཡང་རོ་བསྲེགས་པའི་སའམ།
གདོལ་པའམ། སྨེ་ཤ་ཅན་ནམ། རྡོ་ལས་བྱུང་བ་ཡང་རུང་སྟེ། རབ་ཏུ་སྦར་བར་བྱའོ། །བུད་ཤིང་དང་མེ་གཉེར་བའི་དབང་དུ་བྱས་པའོ། །དེ་ནས་ཇི་ལྟ་བ་བཞིན་དུ་བསང་གཏོར་བྱས་ནས་མེ་སྦར་བར་བྱ་སྟེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པས་མངོན་པར་བསྔགས་ལ། འོག་ཏུ་ཡང་ཡི་གེ་
ཡཾ་ཡོངས་སུ་གྱུར་པ་ལས་གཞུ་ལྟ་བུས་སྤོར་བར་བྱེད་པར་བསམ་མོ། །མེ་སྦར་བའོ། །དེ་ནས་ཧཱུཾ་གིས་ཐབ་ཁུང་བསྐྱེད་ལ། དམ་ཚིག་གི་མེ་ལྷ་འདི་ལྟར་བསྐྱེད་པར་བྱ་སྟེ། ཛ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། ཨོཾ་ཨཱཿཧཱུཾ་
གིས་འཁོར་ལོ་དང་། པདྨ་དང་། རྡོ་རྗེས་མཚན་པའོ། །དེ་ཡོངས་སུ་གྱུར་པ་ལས། ཁྲོ་བོའི་མེ་ལྷ་ཤིན་ཏུ་དྲག་ཅིང་ཁྲོ་བར་བྱེད་པ། འཇིགས་པ་དག་ཀྱང་ཤིན་ཏུ་འཇིགས་པར་བྱེད་པའོ། །སྐྲ་ཁམ་པ་གྱེན་དུ་འབར་བ་འོད་ཟེར་བརྒྱ་སྟོང་དུ་མས་བརྒྱན་པ་ཞལ་གསུམ་པ། ཕྱག་དྲུག་དང་
ལྡན་པ། རྩ་བའི་ཞལ་ནག་པོ། གཡས་པ་དཀར་བ། གཡོན་པ་དམར་བ། ཕྱག་གཡས་ན་རྡོ་རྗེ་དང་། སྤྱི་བླུགས་དང་། སྐྱབས་སྦྱིན་ནོ། །ཕྱག་གཡོན་པ་རྣམས་ལ་དྲིལ་བུ་དང་། དབྱུག་པ་དང་། བགྲང་ཕྲེང་རྣམས་འཛིན་པར་བསྒོམ་པར་བྱའོ། །སྔགས་འདིས་གཉུག་མར་
གནས་པའི་མེ་ལྷ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་སཏྭ་མ་ཨ་ཧུ་ཏི་རསྨིན་སནྣི་ཧི་ཏོ་བྷ་ཝ་ཀྲོ་དྷ་ཨགྣེ་མ་མ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཕཊ་ཅེས་པས་ཐབ་ཀྱི་གཡས་ཕྱོགས་སུ་བཞག་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ཁྲུས་ཀྱི་ཆོ་གས་ཁྲུས་
བྱས་ཏེ། ཐབ་ཀྱི་དབུས་སུ་བསམ་པར་བྱའོ། །མེ་ལྷའི་དབང་དུ་བྱས་པའོ། །དེ་ནས་མཆོད་ཡོན་ལ་སོགས་པའི་མཆོད་པ་རྣམས་དབུལ་བར་བྱ་སྟེ། གོང་ནས་གསུངས་པའི་རིམ་པས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། དགང་བླུགས་གསུམ་མམ་བདུན་ཡུངས་

མར་དང་བཅས་པས་ཞལ་ཤིན་ཏུ་གདངས་པར་དབུལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚ་མ་ན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བས་དབུལ་བར་བྱའོ། །དེ་ནས་སྲེག་བླུགས་དབུལ་བར་བྱ་སྟེ། ཤིང་ཚེར་མ་ཅན་
གྱི་ཡམ་ཤིང་སོར་དྲུག་པ་ཁ་དོག་ནག་པོ་དང་ཡུངས་མར་ལ་སོགས་པའི་རྫས་རྣམས་ལ་སྔགས་འདི་བཟླས་ཏེ་གསད་པའི་ལས་བྱའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་མ་མ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་གསད་པར་བྱའོ། །བྷི་དེ་ཤ་ཡ་ཞེས་པ་ནི་དགར་བའོ། །ཨུཙྪ་ཊ་ཡ་ཞེས་པ་ནི་བསྐྲད་པའོ། །མོ་
ཧ་ན་ཞེས་པ་ནི་རྨོངས་པའོ། །སྟཾ་བྷ་ཡ་ཞེས་པ་ནི་རེངས་པའོ། །ཨུནྨ་ན་ད་ཞེས་པ་ནི་སྨྱོ་བའོ། །ཨཱ་ཀཪྵ་ཡ་ཛཿཞེས་པ་ནི་དགུག་པའོ། །རཥྚ་བ་ད་ཤ་ཡ་ཞེས་པ་ནི་གྲོང་ཁྱེར་དཀྲུག་པའོ། །ཝ་ཤིཾ་ཀུ་རུ་ཞེས་པ་ནི་དབང་དུ་བྱ་བའོ། །དེ་དག་རྩ་བའི་སྔགས་སམ། སྙིང་པོའམ། ཉེ་བའི་
སྙིང་པོའམ། གང་ཡང་རུང་བར་བསྔགས་ལ་མིང་སྤེལ་ལ། ལས་ཐམས་ཅད་བསྒྲུབ་པར་བྱ་ཞིང་ཐ་མ་ཡང་དགང་བླུགས་གསུམ་མམ། ཡང་ན་བདུན་ཕུལ་ལ་མཆོད་པ་ནི་མེ་ལྷ་མཆོད་པའི་ཆོ་ག་སྟེ། འཇིག་རྟེན་པའི་མེ་ལྷ་མཆོད་པའི་རིམ་པའོ། །དེ་ནས་མེ་ལྷ་དེའི་སྙིང་གར་ཡང་
རུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་ཕྱག་མཚན་དུ་ལྡན་པ་བསྒོམ་པ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཞལ་དགུ་པ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པའོ། །རྩ་བའི་ཞལ་མ་ཧེའི་
གདོང་ཅན་ནོ། །རྭ་གཡས་པའི་ཕྱོགས་ཀྱི་ཞལ་གསུམ་ནི་སྔོན་པོ་དང་། དམར་པོ་དང་སེར་པོ་ཤིན་ཏུ་ཁྲོས་པར་བྱའོ། །རྭ་གཡོན་པའི་ཕྱོགས་ཀྱི་ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། དུད་ཀའོ། །རྭ་གཉིས་ཀྱི་བར་གྱི་ཞལ་ནི་དམར་པོ། དེའི་སྟེང་གི་ཞལ་ནི་སེར་བ་ཅུང་ཟད་
ཙམ་ཁྲོ་བ་དང་བཅས་པར་བསམ་པར་བྱའོ། །ཕྱག་གཡས་པ་རྣམས་ལ་གྲི་གུག་དང་། ཐག་མདུང་དང་། གཏུན་ཤིང་དང་། གཏུབ་མཚོན་དང་། རྡོ་རྗེ་རྩེ་གཅིག་པ་དང་། སྟ་རེ་དང་། མདའ་དང་། ལྕགས་ཀྱུ་དང་། དབྱུག་ཏོ་དང་། ཁ་ཊྭཱཾ་ག་དང་། འཁོར་ལོ་དང་། རྡོ་རྗེ་ཐོ་བ་དང་།

རལ་གྲི་དང་། ཅང་ཏེའུ་བསྣམས་པའོ། །ཕྱག་གཡོན་པ་རྣམས་ལ་ནི་ཐོད་པ་དང་། ཨ་ཀོ་ཙེ་དང་། ཕུབ་དང་། རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུར་ཁྲོད་ཀྱི་རས་དང་། གསལ་ཤིང་དང་། མེ་ཐབ་དང་། ཐོད་ཚལ་དང་། སྡིགས་མཛུབ་
དང་། འཕན་རྩེ་གསུམ་དང་། རླུང་གི་རས་རྣམས་སོ། །ཕྱག་དང་པོ་གཉིས་ཀྱིས་ནི་གླང་པོ་ཆེའི་པགས་པ་འཛིན་པ་བསམ་པར་བྱའོ། །ཞབས་གཡས་པ་རྣམས་ཀྱིས་ནི་མི་དང་། མ་ཧེ་དང་། བོང་བུ་དང་། རྔ་མོ་དང་། གླང་དང་། ཁྱི་དང་། ལུག་དང་། ཝ་རྣམས་མནན་པའོ། །ཞབས་གཡོན་
པ་རྣམས་ཀྱིས་ནི་བྱ་རྒོད་དང་། འུག་པ་དང་། བྱ་རོག་དང་། སེང་གེ་དང་། ཁྲ་དང་། བྱ་ཆེན་དང་། སྲིན་བྱ་དང་། ཁྲུང་ཁྲུང་རྣམས་མནན་པར་བསྒོམ་པར་བྱའོ། །དེ་ནས་སྔགས་འདིས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཧྲཱིཿབྷོ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡཱ་སྨད་པཱུ་ཛ་པྲ་ཏི་
གྲྀཧྞ་པྲ་སཱ་དྷ་མེ་དྷི་མན་ཀུ་རུ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་བསང་གཏོར་བྱས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། གཉིས་སུ་མེད་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་མེ་ལྷ་བསྐྱེད་པའི་ཆོ་གའོ། །དེ་ནས་གོང་མ་བཞིན་དུ་མཆོད་ཡོན་ལ་སོགས་པའི་མཆོད་པ་བྱ་སྟེ། དགང་བླུགས་
དབུལ་བར་བྱའོ། །དེ་ནས་ཡམ་ཤིང་ལ་སོགས་པ་འབར་བའི་རྫས་རྣམས་ནི་བསྒྲུབ་བྱའི་རུས་པ་ཡིན་པར་བསམས་ཏེ། འོད་འབར་བ་ལ་བསྲེག་པར་བསམ་པར་བྱའོ། །མར་ལ་སོགས་པ་ཞུ་བའི་རྫས་ནི་བསྒྲུབ་བྱའི་ཁྲག་ཡིན་པར་བསམས་ཏེ་ཞལ་དུ་དབུལ་བར་བྱའོ། །དྲི་ཆེན་ལ་སོགས་པའི་
རྫས་ནི་ཤ་ཆེན་ཡིན་པར་བསམས་ཏེ་ཕྱག་ཏུ་དབུལ་བར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཐོག་མར་དུག་དང་། ཁྲག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ནིམ་པ་དང་། ད་དུ་ར་དང་བཅས་པའི་ཡུངས་མར་གྱི་དགང་བླུགས་སོ། །དེ་ནས་སྲེག་བླུགས་ཀྱི་རིམ་པ་ནི་ཡམ་ཤིང་དང་། མར་ནག་དང་།
ཁྲག་དང་། དྲི་ཆེན་དང་། དྲི་ཆུ་དང་། མི་རུས་ཀྱི་ཕྱེ་མ་དང་། དུག་དང་། སྐེ་ཚེ་དང་། ལན་ཚྭ་དང་། བོང་བུ་དང་། རྔ་མོའི་སྦངས་ལ་སོགས་པ་རྣམས་ལས་ལིངྒ་བྱས་ལ། དེ་ལ་བསྒྲུབ་བྱ་བསྟིམས་ལ་གྲི་གུག་གིས་གཏུབ་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ལ་དབུལ་བར་བྱའོ། །དེ་ནས་དགང་བླུགས་

གསུམ་མམ་བདུན་ཕུལ་ལ་མཆོད་པ་ལྔས་ཡང་དག་པར་མཆོད་དེ། དགང་བླུགས་ཀྱི་དུས་སུ་ནི་གང་འདོད་པའི་དངོས་གྲུབ་བླང་ཞིང་མེ་ཏོག་ནག་པོ་ལས་བསྒྲུབ་པར་བྱའོ། །འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །དེ་ནས་དེ་ཁོ་ན་ཉིད་ལས་བསྒྲུབ་པར་བྱ་སྟེ།
བསད་པ་ལ་ནི་དུག་དང་། ཁྲག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ནིམ་པ་དང་། ད་དུ་ར་རྣམས་བསྲེས་ལ་སྔགས་དང་སྤེལ་ནས་བསྲེག་པའོ། །དཔྲལ་བ་ནི་བྱ་རོག་དང་། འུག་པ་དང་། ཡང་སྦྲུལ་དང་། སྲེ་མོང་གི་ཤའམ། པགས་པས་སོ། །བསྐྲད་པ་ལ་ནི་བྱ་རོག་གི་ཤའམ། རྔ་
མོའི་སྦངས་དང་། ཆང་རྣམས་ལྷན་ཅིག་བསྲེས་པའོ། །རྨོངས་པ་ནི་ལྡོངས་རོས་དང་། ཡུང་བ་དང་། ལྡོང་རོས་དམར་པོ་དང་། གོ་རོ་ཙ་ན་རྣམས་སྦྱར་བར་བྱའོ། །རེངས་པ་ལ་བ་བླ་དང་། ཡུང་བ་དང་། ལྡོང་རོས་དང་། གི་ཝང་དང་བཅས་པས་བྱའོ། །སྨྱོ་བར་བྱ་བ་ལ་ནི་སྲིན་བྱའི་
ཚང་དང་། ཤ་ཆེན་དང་གཉིས་ཀྱིས་བྱའོ། །གྲོང་ཁྱེར་དཀྲུག་པ་ལ་ནི་ཁྱི་དང་། སྦལ་པ་དང་། རུས་སྦལ་གྱི་ཤ་དང་། རྔ་མོ་མོ་གཤམ་གྱི་སྦངས་དང་། བྱི་ལའི་ཁྲག་རྣམས་ཆ་བསྙམས་ཏེ་སྦྱར་བའི་རི་ལུ་བྱས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པས་སོ། །རྒྱལ་པོ་དབང་དུ་བྱ་བ་
ལ་ནི་རྟའི་ཤ་དྲི་ཆེན་དང་གཉིས་མཉམ་པོར་སྦྱར་བས་སོ། །ཐ་མལ་པ་དབང་དུ་བྱ་བ་ལ་ནི་གླང་པོ་ཆེའི་ཤ་བྱང་ཆུབ་ཀྱི་སེམས་དང་བཅས་པས་སོ། །བུད་མེད་དབང་དུ་བྱ་བ་ལ་ནི་ཉའི་ཤ་དང་ཆང་རྣམས་བསྲེས་པས་སོ། །དགུག་པ་ལ་ནི་བདུད་རྩི་རྣམ་པ་ལྔས་སོ། །ལས་རྣམས་སོ་སོར་
བསྒྲུབ་པའོ། །དེ་ལྟར་ལས་རྣམས་བསྒྲུབས་ཟིན་ནས་ནི་དགང་བླུགས་ཕུལ་ལ་མཆོད་པ་རྣམས་ཀྱིས་མཆོད་དེ་སྔགས་འདིས་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ། ནཾ་ཀྲྀ་ཏ་ཏེ་ཏ་ཐཱ་ག་ཏ་ན་མཿ། སརྦ་བྷཱུ་ཏ་བི་སརྫ་ཡ་མ་མ་ཀརྱཾ་ཀུ་རུ་
སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་བའོ། །དེ་ནས་རྫས་ལྷག་མ་རྣམས་མེ་ལྷ་ལ་ཕུལ་ལ་གཉུག་མར་གནས་པའི་མེ་ལྷ་འདིར་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཁྱོད་ཀྱིས་འགྲོ་བའི་དོན་ཀུན་མཛད། །དངོས་གྲུབ་ཇི་བཞིན་

སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་བརྗོད་པར་བྱའོ། །འཇིག་རྟེན་པའི་མེ་ལྷ་གཤེགས་སུ་གསོལ་བའོ། །དམ་ཚིག་བསྡུས་ཏེ་དེ་ནས་ཉ་དང་ཤ་རྣམ་པ་སྣ་ཚོགས་དང་བཅས་པའི་གཏོར་མ་དཔལ་
གཤིན་རྗེ་གཤེད་འཁོར་དང་བཅས་པ་ལ་བྱིན་ནས་གཡོན་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ་གནས་པར་བྱའོ། །དེ་ལྟར་དེ་རྣམས་བྱས་ལས་བྱུང་བ་ཡི། །དགེ་བ་གང་དེས་འགྲོ་བ་ཐམས་ཅད་ཀུན། །སྡིག་དང་བྲལ་ཞིང་དགེ་བ་རབ་འཕེལ་ནས། །དཔལ་ལྡན་འཇིགས་
བྱེད་དེ་དང་འདྲ་བར་ཤོག །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ཨ་མོ་གྷ་བཛྲས་མཛད་པ་རྫོགས་སོ།། །།རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་སཱ་དྷ་ནཾ་ནོ་པི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་
འཇིགས་བྱེད་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །གཟུགས་མཆོག་རབ་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ཕྱག་འཚལ་ནས། །སྒྲུབ་པའི་ཐབས་ནི་ཡང་དག་པར། །
བདག་གིས་ངེས་པར་བརྗོད་པར་བྱ། །རྟོགས་དགའི་རྒྱུད་རྟོག་ལ་བཏུད་ནས། །རིམ་པ་འདི་ལ་འཇུག་པར་བྱ། །ཕུན་སུམ་ཚོགས་སོགས་མཚན་ཉིད་ཅན། །བླ་མ་དང་པོ་མཉེས་པར་བྱ། །རྡོ་རྗེ་འཇིགས་བྱེད་མཆོག་གི་དོན། །ཐམས་ཅད་སློབ་མར་དེ་བཞིན་ཏེ། །དུས་ཀུན་དུ་ནི་
སྙིང་རྗེ་བ། །ལུས་ཅན་ཀུན་ལ་བསྒོམ་པར་བྱ། །སྔགས་པས་ཐོག་མར་ལངས་ནས་ནི། །ཅི་བདེ་བར་ནི་བསྒོམ་པར་བྱ། །དང་པོ་དུར་ཁྲོད་ཆུ་འགྲམ་མམ། །ཤིང་གཅིག་གམ་ནི་མཚན་གཅིག་གནས། །བཞི་མདོའམ་ནི་རི་བོ་ཡི། །རྩེ་མོ་དང་ནི་ཁང་སྟོང་གནས། །མ་མོའི་ཁྱིམ་
མམ་ཡང་ཐོག་མཛེས། །ལྷ་ཡི་ཁང་པ་དག་ཏུ་དང་། །འཐབ་མོའི་ས་དང་གྲོང་ཁྱེར་སྟོང་། །ཡིད་དུ་འོང་བའི་གྲོང་དག་ཏུ། །འབོལ་བའི་སྟེང་སོགས་ལ་འདུག་ནས། །ཐང་ཀ་ལ་སོགས་གཟུགས་གཞན་བསྒོམ། །མཆོད་དང་བདུད་རྩི་ལ་སོགས་ཀྱིས། །ཞི་བ་ལ་སོགས་

ཁྱད་པར་རྣམས། །ཤ་རྣམས་ཀུན་གྱི་གཏོར་མ་ནི། །འབྱུང་པོ་ལ་སོགས་འཇིགས་ལ་སྦྱིན། །དང་པོར་ལྷ་ལ་བཟོད་པར་གསོལ། །ཞིང་སྐྱོང་ལ་སོགས་ཐམས་ཅད་གཤེགས། །སྙིང་གར་ཟླ་བ་ཉི་དཀྱིལ་གནས། །ཡི་གེ་ཧཱུཾ་ནི་འབར་བའི་མཆོག །དེ་ལ་
འོད་ཀྱི་ཕྲེང་འཕྲོ་བས། །འཇིགས་བྱེད་ལ་སོགས་བཀུག་ནས་ནི། །ལྷ་རྣམས་ལག་ན་ཐོགས་པ་ཡི། །མཆོད་པ་རྣམས་ཀྱིས་ལེགས་པར་མཆོད། །དེ་ཡིས་བཅོམ་ལྡན་འདས་རྣམས་དགྱེས། །འཁོར་རྣམས་ལ་ཡང་ལྷན་ཅིག་དབུལ། །སྡིག་པ་རྣམས་ནི་བཤགས་པར་བྱ། །
སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ནི་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང་། །བདག་གིས་བདེ་འགྲོ་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །
བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཚད་མེད་བཞི་ཡི་ཁང་བཟང་ལམ། །མཆོད་པ་བདུན་ནི་རབ་ཏུ་བྱ། །གཙོ་བོ་མཁའ་ལ་བཞུགས་སུ་གསོལ། །ལྷ་དང་ཆོས་རྣམས་ཐམས་ཅད་ཀུན། །བདག་མེད་པར་ནི་བསམ་པར་བྱ། །དང་པོར་སྔགས་འདི་བརྗོད་པ་ཡིས། །དེ་བཞིན་
བདག་མེད་དྲན་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདི་ཡིས་ཆོས་རྣམས་ཐམས་ཅད་དང་། །བདག་ཉིད་སྟོང་པར་རྣམ་པར་བསམ། །སེམས་ཅན་བླ་མེད་བྱ་བའི་ཕྱིར། །སྔོན་གྱི་སྨོན་ལམ་དྲན་པར་བྱ། །སྟོང་
ལས་ཡི་གེ་ཡཾ་དུ་གྱུར། །རླུང་གི་དཀྱིལ་འཁོར་རྣམ་པར་བསམ། །དུ་བའི་མདོག་ཅན་རྡོ་རྗེའི་གདན། །དེ་དབུས་ཡི་གེ་ཨ་ལས་ཟླ། །དེ་ཡི་སྟེང་དུ་ཡི་གེ་དྷཱིཿ། །འཇམ་དཔལ་གཞོན་ནུ་ཡི་ནི་གཟུགས། །དེ་ཡི་སྙིང་གར་རྣམ་བསམ་པ། །ཡི་གེ་ཨཿལས་ཉི་དཀྱིལ་འཁོར། །
བདག་དང་ཉི་མ་གཅིག་ཏུ་གྱུར། །དེ་ལས་འོད་ཟེར་རྣམ་པར་འཕྲོ། །དེ་རྩེར་འོད་ཟེར་རྣམ་འཕྲོ་བ། །འཇམ་དཔལ་གཟུགས་ནི་བསམ་མི་ཁྱབ། །རྡོ་རྗེ་རལ་གྲི་གཡས་ན་འཛིན། །གཡོན་པ་ན་ནི་སྡིགས་མཛུབ་ཀྱང་། །བགེགས་དང་བར་ཆོད་ཡང་དག་གསོད། །སླར་

འདུས་དེ་ཡི་དཀྱིལ་དུ་ཐིམ། །སླར་ཡང་འོད་ཟེར་སྤྲོས་པ་ཡིས། །ཕྱོགས་བཅུ་པོར་ནི་ཡོངས་སུ་གནས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས། །རིག་པ་འཛིན་དང་ལྷ་ཡི་ཚོགས། །ཁྲོ་བོ་ལ་སོགས་དེ་དག་ཀུན། །སླར་འདུས་ཉི་མར་རྣམ་པར་ཐིམ། །དེ་བཞིན་
གཤེགས་དང་འཇམ་པའི་དཔལ། །རིག་པ་འཛིན་དང་ལྷ་ཡི་ཚོགས། །ཉི་མར་གཅིག་ཏུ་གྱུར་པར་བསམ། །གདུག་པ་ཆེན་པོའི་འོད་འབར་བས། །དཔག་ཚད་དག་ནི་སྟོང་ཕྲག་བརྒྱར། །ཐམས་ཅད་ཁྱབ་པར་རབ་ཏུ་གནས། །དེ་ཡི་དབུས་སུ་གཞལ་ཡས་བསམ། །ཟུར་
བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པ་དང་། །བ་དན་དྲིལ་བུ་ལ་སོགས་དང་། །ཕྲེང་བ་ལ་སོགས་རྣམས་ཀྱིས་སྤྲས། །སྒོ་ཁྱུད་ཀྱི་ནི་ཕུག་དག་ཏུ། །རྡོ་རྗེ་རིན་ཆེན་སོགས་ཀྱིས་སྤྲས། །འཁོར་ལོ་ཉིས་བརྩེགས་ཡང་དག་བསམ། །ལྔ་བཅུར་གཅིག་གིས་མ་ཚང་དག །
པདྨ་ཟླ་བ་ཡང་དག་གནས། །དེ་དག་སྟེང་ན་ཉི་དཀྱིལ་འཁོར། །ཐམས་ཅད་མཆོག་ཏུ་བསྲེག་པ་ཡི། །མེ་ལྕེ་འབར་བའི་འོད་ཟེར་ཅན། །དེ་ལ་རིམ་པ་བཞིན་དུ་ཡང་། །ལྔ་བཅུར་གཅིག་གིས་མ་ཚང་བའི། །ལྷ་རྣམས་དེ་དཀྱིལ་རོ་སྟེང་བསམ། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་
དང་དབུས་སུ་གོ་རིམས་བཞིན། །མགོ་དང་ལག་པ་རྒྱུ་མ་རྐང་། །མེ་སོགས་གྲྭ་བཞི་དག་ཏུ་ཡང་། །དེ་བཞིན་ཐོད་པ་ཐོད་ཚལ་པ། །དུར་ཁྲོད་ཀྱི་ནི་རས་ཀྱང་གཞག །སྐྱེས་བུ་གསལ་ཤིང་བཙུགས་པ་གཞག །དེ་བཞིན་དུ་ཡང་ཕྱག་རྒྱའི་མིང་། །ཤར་ལ་སོགས་པའི་སྣམ་བུ་བཞིར། །
གྲི་དང་མཚོན་ནི་རྩེ་གཅིག་དང་། །གཏུན་ཤིང་དང་ནི་ཆུ་གྲི་དང་། །རྩེ་གཅིག་ལྕགས་ཀྱུ་མ་ཧེ་དང་། །བ་ལང་ལྷན་ཅིག་ཤར་དུ་བརྒྱད། །སྟ་རེ་མདའ་དང་དབྱུག་ཏོ་དང་། །ཁ་ཊྭཱཾ་འཁོར་ལོ་དེ་བཞིན་ཞགས། །ཕག་དང་བོང་བུ་ལྷོ་ཕྱོགས་ཀྱི། །སྣམ་བུ་ལ་ནི་རིམ་པ་བཞིན། །རྡོ་རྗེ་རྔེ་ཆུང་དང་ནི་
ཕུབ། །གཞུ་དང་དྲིལ་བུ་རླུང་གི་རས། །རྔ་མོ་ཁྱི་ནི་ནུབ་ཕྱོགས་ཀྱི། །སྣམ་བུ་ལ་ནི་དེ་བཞིན་བྲི། །སྡིགས་མཛུབ་དང་ནི་འཕན་རྩེ་གསུམ། །གླང་ཆེན་ལྤགས་དང་ཐོ་བ་དང་། །མདུང་དང་མེ་ཡི་ཐབ་དང་ནི། །ལུག་དང་སྤྱང་ཀི་ལྷན་ཅིག་བརྒྱད། །བྱང་དུ་རྟག་ཏུ་བསམ་པར་བྱ། །སྒོ་ཡི་

ཕྱོགས་སུ་གཞག་པ་ནི། །ཤར་གྱི་སྒོ་རུ་བྱ་རྒོད་གཞག །ལྷོ་ཡི་སྒོ་རུ་འུག་པ་གཞག །ནུབ་ཏུ་བྱ་རོག་སེང་གེ་ཡང་། །བྱང་དུ་རྣམ་པར་བསམ་པར་བྱ། །མེ་གྲྭ་ཁྱུང་ནི་ལེགས་པར་གཞག །བདེན་བྲལ་དུ་ནི་ཁྲ་གཞག་གོ། །རླུང་གི་གནས་སུ་རི་སྐེགས་ཏེ། །དབང་
ལྡན་དུ་ནི་དེ་བཞིན་བཞད། །ཐམས་ཅད་དེ་བཞིན་རྣམ་པར་དགོད། །ཟླ་བའི་གཟུགས་སུ་བསམ་པར་བྱ། །དབུས་ཀྱི་ཟླ་བར་ཡི་གེ་དྷཱིཿ། །སྔོན་གྱི་འཇམ་པའི་གཟུགས་འདྲ་བར། །གཏི་མུག་བརྫུན་དང་ཆགས་ཕྲག་དོག །ཤར་སོགས་ལེའུ་ཚེ་བཞི་ལའོ། །མེ་ཡི་གྲྭ་སོགས་རྣམ་
བསམ་པ། །སེམས་མ་རྡོ་རྗེ་དེ་བཞིན་དུ། །རིན་ཆེན་རྡོར་མ་བསྒོམ་པར་བྱ། །ཆོས་ཀྱི་རྡོར་མ་དེ་བཞིན་ཏེ། །ལས་ཀྱི་རྡོར་མ་རྣམ་བསམ་བྱ། །རྡོ་རྗེ་རྣོན་པོ་རྡོ་རལ་གྲི། །བྱམས་པ་དང་ནི་འཇམ་དཔལ་གཞག །ཡེ་ཤེས་སྐུ་དང་ངག་དབང་ཕྱུག །ཟླ་བའི་འོད་དང་ཡེ་ཤེས་མཚོ། །ཤར་
དུ་བརྒྱད་པོ་དེ་དག་གཞག །ལྷོ་ཕྱོགས་སུ་ནི་གཞག་བྱ་བ། །རྡོ་རྗེ་སྣ་ཚོགས་རྡོར་གནོན་སྦྱིན། །རྡོ་རྗེ་ཁུ་ཚུར་རྡོ་རྗེ་ཆོས། །རྡོ་རྗེ་སྲུང་བ་རྣོན་རྡོ་རྗེ། །རྡོ་རྗེ་རྒྱུ་དང་དྲ་བའི་འོད། །ནུབ་ཕྱོགས་དེ་བཞིན་བརྒྱད་གཞག་པ། །རྡོ་རྗེ་སྨྲ་བ་རྡོ་རྗེ་སེམས། །རྡོ་རྗེ་རྒྱལ་པོ་རྡོ་རྗེ་ཆགས། །རྡོ་རྗེ་ལེགས་
དང་རྡོར་རིན་ཆེན། །ཉི་མའི་འོད་དང་རྡོར་ཉི་མ། །བྱང་དུ་ཡང་ནི་བརྗོད་བྱ་བ། །རྡོ་རྗེ་དཔལ་དང་རྡོ་རྗེ་བཞད། །སྤོས་ཀྱི་གླང་པོ་ཡེ་ཤེས་རྟོག །ཐམས་ཅད་ཐབས་ཀྱིས་འགྲོ་མིང་དང་། །རྒྱ་མཚོའི་བློ་གྲོས་ལེགས་པར་གཞག །བློ་གྲོས་མི་ཟད་བསྒོམ་པར་བྱ། །བདུད་རྩི་འོད་དང་
བརྒྱད་གཞག་གོ། །ཤར་ལ་སོགས་པའི་སྒོ་བཞི་རུ། །རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་སྒྲོག་རྡོ་རྗེ་དྲིལ། །རིམ་པ་བཞིན་དུ་བསྒོམ་པར་བྱ། །མེ་ལ་སོགས་པའི་གྲྭ་རུ་ཡང་། །རྡོ་རྗེ་གནོད་མཛེས་གཙུག་ཏོར་དང་། །རྡོ་རྗེ་ཧཱུཾ་མཛད་དེ་བཞིན་དུ། །རྡོ་རྗེ་གཞན་གྱིས་མི་ཐུབ་
པའོ། །ཤར་གྱི་ཕྱོགས་པ་ཐམས་ཅད་གནག །དེ་བཞིན་ལྷོ་པ་ཐམས་ཅད་སེར། །མུན་པ་ཐམས་ཅད་དམར་པོ་ཡིན། །བྱང་ནི་ཐམས་ཅད་ལྗང་གུ་ཡིན། །འདི་དག་ས་བོན་ཡི་གེ་ནི། །ཨོཾ་ཨཱཾ་ཛྲཱྀཾ་ཁཾ། སཾ་རཾ་དྷཾ་ཀཾ །བཾ་ཁཾ་མཻཾ་མཾ། ཛྙཱཾ་བཾ་ཙཾ་ཛྙཱཾ། བིཾ་ཡཾ་མཱུཾ་དྷཾ། རཾ་ཏཾ་ཧཾ་ཛཱཾ། བྷཾ་བཾ་རཱཾ་རཾ། སཱཾ་

རཾ་སཱུཾ་བཾ། ཀཾ་ཧཾ་གཾ་ཛྙཱཾ། སཾ་སཱཾ་ཨཾ་ཨཾ་ཨཾ་པྲཾ་སྤོཾ་གྷཾ། སུཾ་ཨུཾ་ཧཱུཾ་ཨ་ཞེས་པའོ། །དེ་ནས་ཡི་གེ་ཨ་སོགས་ནི། །ཡི་གེ་ཧ་ཡི་མཐར་ཐུག་པ། །འདི་དག་ཐམས་ཅད་ཡོངས་གྱུར་ལས། །གོང་གི་ལྷ་རུ་རྣམ་བསམ་བྱ། །ཡང་ནི་དེ་བཞིན་ཀུན་ལ་ཡང་། །ཡི་གེ་ཨ་ལས་ཉི་དཀྱིལ་འཁོར། །
དེ་བཞིན་ཉི་མའི་དཀྱིལ་འཁོར་ལས། །འོད་ཟེར་དག་ནི་རྣམ་འཕྲོས་པས། །ཕྱོགས་བཅུ་ཀུན་དུ་བཞུགས་པ་ཡི། །དེ་བཞིན་གཤེགས་དག་ཡང་དག་བསྐུལ། །ཐམས་ཅད་དགྱེས་བྱས་སླར་ཡང་ནི། །བསྡུས་ནས་ཉི་མ་དག་ལ་ཐིམ། །དེ་ལ་ཞུགས་པ་བརྟན་པར་བསྒོམ། །རྣམ་པར་རྟོག་
པ་ཐམས་ཅད་བསལ། །དེ་ཡིས་རང་བཞིན་དག་པའི་མིང་། །འོད་གསལ་བ་ཡི་ཏིང་ངེ་འཛིན། །དེ་ལ་ཡང་ནི་འཇམ་དཔལ་སོགས། །དེ་བཞིན་གཤེགས་པ་ལ་སོགས་ཀུན། །གཙོ་ལ་བསྐོར་ནས་ལྷན་ཅིག་ཏུ། །དེ་བཞིན་དུ་ནི་ཐིམ་ནས་ཀྱང་། །ཉི་མའི་དཀྱིལ་འཁོར་དུ་བསམ་བྱ། །འོད་
ཟེར་འབར་བའི་གཟུགས་ཅན་ནོ། །དེ་ཡི་དཀྱིལ་དུ་གཙོ་སོགས་ཀྱི། །ས་བོན་ཡི་གེ་རྣམ་བསམ་བྱ། །ཡི་གེ་ཧཱུཾ་ནི་གཙོ་བོ་སྦྱིན། །སྙིང་པོ་ཐམས་ཅད་ཉི་མ་ལ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན། གཏི་མུག་སོགས་ཀྱི་དཀྱིལ་འཁོར་ལོ། །ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཤར་དུ་ཡང་དག་བསམ་པར་བྱ། །
ཡ་མ་རཱ་ཛ་ས་དོ་མེ་ཡ། དེ་བཞིན་ལྷོ་ཡི་ཕྱོགས་སུ་གནས། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ནུབ་ཕྱོགས་སྣམ་བུ་ལ་ནི་སྦྱིན། །ཡ་ད་ཡོ་ནི་ར་ཡཀྵེ་ཡ། བྱང་དུ་ལྷ་དེ་གཞག་པར་བྱ། །ཡ་མཱནྟ་ཀ་སྒོ་བཞི་རུ། །ཤར་ལ་སོགས་པ་རྣམ་བསམ་བྱ། །ཨོཾ་ཨོཾ་ཨོཾ་ཨོཾ་མེ་ལ་སོགས་པའི་གྲྭ་བཞི་རུ། །
ཐམས་ཅད་འོད་ཟེར་ལྔ་རང་བཞིན། །དབུས་སོགས་ཤར་ཕྱོགས་དཀར་པོ་ཡིན། །སེར་པོ་དམར་པོ་ལྗང་གུའི་མདོག །ལྷོ་དང་ནུབ་དང་བྱང་ཡིན་ནོ། །དེ་བཞིན་ཐམས་ཅད་འོད་ཟེར་ནི། །རྣམ་པར་འཕྲོ་བར་བསམ་པར་བྱ། །སྔོན་བརྗོད་དེ་བཞིན་གཤེགས་ལ་སོགས། །སླར་
ཡང་བསྡུས་ནས་གཞུག་པར་བྱ། །དབུས་ཀྱི་ཡི་གེ་ལས་ཁྲོ་བོའི། །རྡོ་རྗེ་ཆེན་པོ་ཁ་དོག་གནག །འོད་ཟེར་འགྱེད་པར་རྣམ་བསམ་བྱ། །དེ་བཞིན་རྡོ་རྗེ་ཕྲ་མོའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་ཁྲོ་བོ། །རིག་པའི་ལྷ་མོ་ནམ་མཁའི་སྟེང་། །ཏིལ་གྱི་གང་བུ་བཞིན་གང་བར། །

གནས་པར་བསམ་པར་བྱ་བ་ཡིན། །དེ་བཞིན་སངས་རྒྱས་ལ་སོགས་པས། །སེམས་ཅན་ཡོངས་སུ་སྨིན་པར་ཡང་། །བཏུལ་ནས་བྱང་ཆུབ་ལ་གཞག་སྟེ། །ཡང་བསྡུས་འོངས་ཏེ་རྡོ་རྗེ་ལ། །ཐིམ་པར་རྣམ་པར་བསམ་པར་བྱའོ། །འཁོར་བ་གནས་པ་བྱས་
པ་ནི། །སྔོན་དུ་བརྗོད་པའི་མགོ་སོགས་བརྒྱ། །འོད་ལྟར་ཁ་དོག་ཁྱད་པར་སྦྱར། །འོད་ཟེར་རང་བཞིན་རྣམ་བསམ་བྱ། །སོ་སོ་རིགས་ཀྱི་ལྷ་བཞིན་དུ། །ནམ་མཁའི་སྟེང་དུ་གནས་པ་ནི། །ཏིལ་གྱི་གང་བུ་བཞིན་ཉི་མའི། །གདན་ལ་མངོན་པར་གནས་པར་བསྒོམ། །དེ་ཡིས་འགྲོ་དོན་བྱས་
ན་ཡང་། །འོངས་ནས་རང་ལ་གཞུག་པར་བྱ། །སླར་ཡང་ཉི་མའི་དཀྱིལ་འཁོར་ལ། །ཐམས་ཅད་འོག་ཏུ་རང་གནས་སུ། །རང་མཚན་ལྷན་ཅིག་ཡོངས་སུ་གྱུར། །གཙོ་བོ་ལ་ནི་བསྐོར་ནས་གནས། །མྱུར་བ་ཉིད་དུ་སྐུ་རུ་རྫོགས། །ཧྲཱིཿཥྚྲྀཿབརྗོད་པའི་རང་བཞིན་ཅན། །གཙོ་བོ་བསྟན་པ་
དེ་བཞིན་འདིར། །སྒྲུབ་པ་པོས་ནི་དེ་བཞིན་བསྒོམ། །དེ་ནི་རྡོ་རྗེ་ཡི་ནི་གཟུགས། །ཞལ་དགུ་པ་ནི་རྟག་ཏུ་དྲག །མ་ཧེ་ཡི་ནི་གཟུགས་ཅན་ཏེ། །འཇིག་པའི་མེ་དང་མཉམ་པའི་འོད། །ཐམས་ཅད་དྲག་པོའི་བདག་ཉིད་གཟུགས། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་དོ། །ཁམས་གསུམ་
པོ་ནི་ཟ་བར་ནུས། །རྣམ་པར་གཙིགས་པའི་ཞལ་བགྲད་པ། །ལྗགས་འདྲིལ་བ་ནི་གཟི་བརྗིད་ཆེ། །རྡོ་རྗེ་མེ་དང་མཉམ་པར་འཕྲོ། །རྣམ་པར་གཙིགས་པ་དྲག་པོར་གཙིགས། །ཁྲོ་གཉེར་ཞལ་བགྲད་སྨིན་བགྲེང་སྤྱན། །འཇིག་པ་ཆེན་པོའི་དུས་དང་མཉམ། །འབྲུག་གི་སྒྲ་དང་རྟག་ཏུ་
མཚུངས། །མི་ཡི་ཁྲག་དང་རྐང་དང་ཞག །ཚིལ་བུ་ཀླད་པ་ཟ་རང་བཞིན། །འཇིག་རྟེན་འཇིག་རྟེན་འདས་སོགས་པའི། །ལྷ་ལ་བསྡིགས་པར་བྱེད་པའི་གཙོ། །བརྒྱ་བྱིན་ཚངས་དབང་བིཥྞུ་དང་། །གཞོན་ནུ་བི་ནཱ་ཡ་ཀ་སོགས། །ཐམས་ཅད་ཡང་ནི་གསོལ་བར་བྱེད། །ཐོད་པ་ཡིས་ནི་
ཐོད་དུ་བྱས། །ལྷ་ལ་འཇིགས་པ་ཆེན་པོར་བྱེད། །ཕེཾ་གྱི་སྒྲ་ནི་སྒྲོགས་པ་ཡིན། །ཤིན་ཏུ་ཁྲོས་པ་ཡི་ནི་གཟུགས། །ཐོད་པའི་འཕྱང་འཕྲུལ་དག་གིས་བརྒྱན། །ཁམ་པ་ཤིན་ཏུ་ཡང་དག་བརྫེས། །གཅེར་བུ་ཞབས་ནི་བཅུ་དྲུག་སྟེ། །གཡོན་པའི་ཞབས་ཀུན་བརྐྱང་བ་ཡིན། །འདར་ཞིང་

གཡོ་བར་ཡང་དག་སྦྱོར། །འཇིགས་པ་ཆེན་པོ་ཡི་ནི་སྐུ། །ཐམས་ཅད་འབར་བ་གྱེན་དུ་བརྫེས། །ཕྱག་ནི་སུམ་ཅུ་རྩ་བཞི་སྟེ། །གཉིས་ཀྱིས་གླང་པོའི་པགས་རློན་འཛིན། །གཡས་ཀྱི་དང་པོ་གྲི་གུག་འཆང་། །གཉིས་པ་རྡོ་རྗེ་རྩེ་གཅིག་པ། །གསུམ་པ་གཏུན་ཤིང་དེ་བཞིན་ནོ། །བཞི་
པ་ལྔ་པ་དྲུག་པ་ནི། །ཆུ་གྲི་རྩེ་གཅིག་སྟ་རེའོ། །བདུན་པ་མདུང་རྩེ་བརྒྱད་པ་ན། །མདའ་སྟེ་དགུ་པ་ལྕགས་ཀྱུའོ། །དེ་བཞིན་བཅུ་པ་དབྱུག་ཏོའོ། །བཅུ་གཅིག་པ་ན་ཁ་ཊྭཱཾ་ག །དེ་བཞིན་བཅུ་གཉིས་འཁོར་ལོའོ། །བཅུ་གསུམ་པ་ནི་རྡོ་རྗེ་སྟེ། །བཅུ་བཞི་པ་ན་ཐོ་བའོ། །བཅོ་ལྔ་པ་ན་རལ་
གྲི་སྟེ། །བཅུ་དྲུག་པ་ན་རྔེའུ་ཆུང་ངོ་། །གཡོན་པའི་དང་པོ་ཐོད་པ་སྟེ། །གཉིས་པ་ན་ནི་མགོ་བོའོ། །གསུམ་པ་ཕུབ་སྟེ་བཞི་པ་རྐང་། །ལྔ་པ་དེ་བཞིན་ཞགས་པའོ། །དྲུག་པ་གཞུ་སྟེ་བདུན་རྒྱུ་མ། །བརྒྱད་པ་དྲིལ་བུ་དགུ་ནི་ལག །བཅུ་པ་ན་ནི་དུར་ཁྲོད་རས། །བཅུ་གཅིག་སྐྱེས་བུ་
གསལ་ཤིང་བཙུགས། །བཅུ་གཉིས་པ་ན་མེ་ཐབ་བོ། །བཅུ་གསུམ་པ་ན་ཐོད་ཚལ་ཏེ། །བཅུ་བཞི་པ་ན་སྡིགས་མཛུབ་བོ། །བཅོ་ལྔ་པ་ན་འཕན་རྩེ་གསུམ། །བཅུ་དྲུག་པ་ན་རླུང་གི་རས། །རིམ་བཞིན་བསྒོམ་སྟེ་གཞན་ཡང་ནི། །གཡས་ཀྱི་རྐང་པ་དང་པོས་མི། །གཉིས་པ་ཡི་ནི་
མ་ཧེའོ། །གསུམ་པ་ཡིས་ནི་བ་ལང་སྟེ། །བཞི་པས་དེ་བཞིན་བོང་བུའོ། །ལྔ་པས་རྔ་མོ་དྲུག་པས་ཁྱི། །བདུན་པས་ལུག་སྟེ་བརྒྱད་སྤྱང་ཀི །གཡས་ཀྱི་རྐང་པས་དེ་དག་ཞོན། །གཡོན་གྱི་རྐང་པ་དང་པོ་ཡིས། །བྱ་རྒོད་གཉིས་པས་འུག་པའོ། །གསུམ་པས་བྱ་རོག་བཞི་པས་སེང་། །
ལྔ་པས་ཁྱུང་སྟེ་དྲུག་པས་ཁྲ། །དེ་བཞིན་བདུན་པས་རི་སྐེགས་ཏེ། །བརྒྱད་པ་ཡིས་ནི་བཞད་ཡིན་ནོ། །རིམ་པ་བཞིན་དུ་ཞོན་པའོ། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཞལ། །དང་པོ་མ་ཧེའི་གདོང་པ་སྟེ། །ནག་པོ་ཁྲོ་བ་གཡས་པ་ཡི། །རྭ་རྩ་ན་ནི་ཞལ་གསུམ་སྟེ། །གཡས་ཀྱི་དང་
པོའི་ཞལ་ནི་སྔོ། །དེ་ཡི་གཡས་དམར་སེར་པོ་དང་། །གཡོན་པའི་རྭ་རྩའི་ཞལ་གསུམ་ནི། །དཀར་དང་དུད་ཀ་ནག་པོའོ། །ཐམས་ཅད་ཤིན་ཏུ་ཁྲོས་པ་སྟེ། །ཞལ་གཙིགས་པར་ནི་རྣམ་པར་བསམ། །རྭ་གཉིས་ཀྱི་ནི་དབུས་མའི་ཞལ། །བརྒྱད་པ་ཡིན་ཏེ་དམར་པོའོ། །ཞལ་

ནས་ཁྲག་རྣམས་འཛག་པ་ནི། །ཤིན་ཏུ་དེ་བཞིན་བསྒོམ་པར་བྱ། །དེ་ཡི་སྟེང་དུ་ཀུན་བཟང་གི། །ཞལ་ནི་ཅུང་ཟད་སེར་བའོ། །ཅུང་ཟད་ཙམ་ནི་ཁྲོ་བའི་གཟུགས། །གཞོན་ནུའི་རྒྱན་གྱིས་བརྒྱན་པའོ། །གཙུག་ཕུད་ལྔ་ཡི་རྩེ་མོ་ཅན། །དགུ་པ་ཡིན་ཏེ་དུས་ཀུན་དུའོ། །
ཞལ་རྣམས་ཐམས་ཅད་སྤྱན་གསུམ་པར། །བདག་ཉིད་དེ་བཞིན་བསྒོམ་པར་བྱ། །འཁོར་གྱི་ཚུལ་རྣམས་ཐམས་ཅད་ཀྱི། །མིང་དང་གཟུགས་ལ་སོགས་པ་བརྗོད། །ཤར་གྱི་མིང་ནི་རྡོ་རྗེ་མགོ། །ལྷོ་ཡི་རྡོ་རྗེ་ལག་པའོ། །ནུབ་ཀྱི་རྡོ་རྗེ་རྒྱུ་མ་སྟེ། །བྱང་ནི་རྡོ་རྗེ་རྐང་པའོ། །མེ་གྲྭའི་རྡོ་རྗེ་ཐོད་པ་མོ། །
བདེན་བྲལ་རྡོ་རྗེ་ཐོད་ཚལ་མ། །རླུང་དུ་དུར་ཁྲོད་རས་མའོ། །དབང་ལྡན་མདུང་རྩེར་བསྐྱོན་པའོ། །ཕྱི་རིམ་ཤར་ཕྱོགས་སྣམ་བུ་ལ། །དེ་བཞིན་རིམ་པར་བསྒོམ་བྱ་བ། །རྡོ་རྗེ་གྲི་དང་རྡོ་རྩེ་གཅིག །དེ་བཞིན་རྡོ་རྗེ་གཏུན་ཤིང་དང་། །རྡོ་རྗེ་ཆུ་གྲི་མཚོན་རྩེ་གཅིག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཞན། །
རྡོ་རྗེ་མ་ཧེ་རྡོ་རྗེ་བ། །ཤར་ན་གནས་པ་བརྒྱད་ཀྱིའོ། །སྣམ་བུ་དང་པོར་ཤེས་པར་བྱ། །ལྷོ་ཡི་རྡོ་རྗེ་སྟ་རེ་དང་། །རྡོ་རྗེ་མདའ་དང་རྡོ་རྗེ་དབྱུག །རྡོ་རྗེ་ཁ་ཊྭཱཾ་དེ་བཞིན་ཏེ། །རྡོ་རྗེ་འཁོར་ལོ་རྡོ་རྗེ་ཞགས། །དེ་བཞིན་རྡོ་རྗེ་ཕག་པ་ཡང་། །རྡོ་རྗེ་བོང་བུ་བརྒྱད་པའོ། །ནུབ་ཏུ་རྡོ་རྗེ་རྡོ་རྔེའུ། །རྡོ་རྗེ་ཕུབ་དང་
རྡོ་རྗེ་གཞུ། །རྡོ་རྗེ་དྲིལ་བུ་དེ་ནས་ཡང་། །རྡོ་རྗེ་རླུང་གི་རས་ཡིན་ནོ། །དེ་བཞིན་རྡོ་རྗེ་རྔ་མོར་ཤེས། །རྡོ་རྗེ་ཁྱི་ནི་བརྒྱད་པའོ། །བྱང་གི་རྡོ་རྗེ་སྡིགས་མཛུབ་དང་། །རྡོ་རྗེ་འཕན་རྩེ་གསུམ་པ་དང་། །རྡོ་རྗེ་གླང་པགས་རྡོ་ཐོ་བ། །རྡོ་རྗེ་མདུང་དང་རྡོར་མེ་ཐབ། །རྡོ་རྗེ་ལུག་ནི་དེ་བཞིན་ཏེ། །རྡོ་རྗེ་སྤྱང་
ཀི་བརྒྱད་པའོ། །གནས་བཞི་རུ་ནི་བསྒོམ་པར་བྱ། །ཤར་སྒོ་སྐྱོང་བ་བྱ་རྒོད་དོ། །ལྷོ་ཡི་སྐྱོང་བ་འུག་པ་སྟེ། །ནུབ་ཀྱི་སྐྱོང་བ་བྱ་རོག་གོ། །བྱང་གི་སྐྱོང་བ་སེང་ཡིན་ནོ། །མེ་གྲྭར་ཁྱུང་ནི་ལེགས་པར་གཞག །བདེན་བྲལ་གྱི་ནི་ཁྲ་ཡིན་ནོ། །དེ་བཞིན་རླུང་གི་རི་སྐེགས་བསྲུང་། །དབང་
ལྡན་བསྲུང་བ་བཞད་ཡིན་ནོ། །མིང་གི་ཐོག་མ་ཀུན་རྡོ་རྗེ། །དང་པོ་གཟུགས་མདོག་ནག་པོར་བརྗོད། །དེ་རྣམས་ཁ་དོག་གཅིག་ཡིན་ཏེ། །ཕྱག་གཉིས་པ་ལ་ཞལ་གཅིག་པའོ། །རང་གི་མིང་བཞིན་ཕྱག་མཚན་འཛིན། །གཡས་བསྐུམ་ཞབས་ཀྱིས་བརྟན་པར་བཞུགས། །

ཐམས་ཅད་རོ་ཡི་གདན་ལ་བཞུགས། །སྤྱན་གསུམ་པ་ནི་ཆེར་དྲག་པ། །དབུ་སྐྲ་ཁམ་པ་འབར་བའོ། །ཐམས་ཅད་ཐོད་པས་བརྒྱན་པ་སྟེ། །བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ། །ཆེར་འཁྲུགས་པ་ནི་བཞད་པའི་ཞལ། །ཞལ་ནས་ཕེཾ་གྱི་སྒྲ་སྒྲོགས་འཕྲོ། །བཅོམ་ལྡན་དེ་བཞིན་
ཐམས་ཅད་ཀྱང་། །དེ་བཞིན་གཅེར་བུ་མཚན་གྱེན་འགྲེང་། །ལྷ་རྣམས་ཐམས་ཅད་ལ་མཚུངས་པར། །རང་གི་ས་བོན་སྙིང་གར་དགོད། །དེ་ལས་སྤྲུལ་པའི་འོད་འཕྲོ་བས། །ཡེ་ཤེས་འཁོར་ལོ་སྤྱན་དྲང་ངོ་། །ཛཿཧཱུཾ་བཾ་ཧོཿའི་ཡི་གེས་དགུག །གཞུག་དང་བཅིང་དང་མཉེས་
པར་བྱ། །སྔགས་པ་ཡང་ནི་གཅིག་པུ་ནི། །དབང་བསྐུར་བ་ཡང་བསྒོམ་པར་བྱ། །མཆོད་པ་སྣ་ཚོགས་མཆོད་པར་བྱ། །བདག་གིས་ཐམས་ཅད་བསྟོད་པར་བྱ། །མི་ཡི་ཤ་ལ་སོགས་པ་དང་། །ཁྲག་གིས་ཀྱང་ནི་མཆོད་པར་བྱ། །འདི་ཡི་དཀྱིལ་འཁོར་རྫོགས་པ་ནི། །སྙིང་རྗེས་
འཁྲུགས་པའི་ཏིང་འཛིན་གྱིས། །དྲག་པོའི་ལས་ཀྱི་དོན་དུ་ནི། །སྔགས་བཟླས་དེ་བཞིན་དྲན་པར་བྱ། །བརྙས་པའི་སེམས་ཅན་གདུལ་བར་བྱ། །ཐམས་ཅད་རྗེས་སུ་མཐུན་པར་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པ་ཉེ་བའི་སྙིང་པོའི་སྔགས། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་
པ་ཡང་ནི་སྙིང་པོའི་སྔགས། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། །ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དག་ནི་རྩ་སྔགས་སོ། །འདི་རྣམས་དེ་ནི་གང་འདོན་པར། །སྔགས་བཟླས་པར་ནི་དེ་བཞིན་བྱ། །ཡི་གེ་འབར་བར་བསྒོམས་པ་
ཡིས། །དངོས་གྲུབ་དག་ནི་མྱུར་བ་ཡིན། །ཐམས་ཅད་ལ་ནི་དབང་བསྒྱུར་བར། །སྙིང་གར་ཉི་མ་རྣམ་བསམ་བྱ། །ཐམས་ཅད་ཀྱིས་ནི་འཁོར་བར་ཡང་། །མ་ཧེའི་གདོང་གི་སྙིང་གར་དགོད། །སྙིང་པོའི་སྔགས་སོགས་དང་པོར་ནི། །སྔགས་གསུམ་བཟླས་པ་ཡང་དག་སྦྱར། །དེ་
བཞིན་སྔགས་ནི་སོ་སོར་བཟླས། །སྒྲུབ་པ་པོས་ནི་གང་འདོད་བྱ། །སྙིང་པོ་ལ་སོགས་བརྟན་གནས་པ། །ལྷ་རྣམས་ལ་ཡང་དེ་བཞིན་དགོད། །ཤ་རྣམས་ཐམས་ཅད་ཟ་བ་ན། །དང་པོར་མ་ཧེའི་གདོང་ལ་དབུལ། །གཏོར་མ་འབྱུང་པོ་ཐམས་ཅད་ལ། །སྔགས་བཟླས་པས་ནི་སྦྱིན་པར་བྱ། །

ཨོཾ་བྷཱུ་ཙ་ར་ཎཾ། ཡ་པཱ་ཏཱ་ལ་ཙ་རཱ་ཡ། མཾ་ཁེ་ཙ་རཱ་ཡ། ཏ་པཱུརྦ་ནི་གཱ་ནཾ། ཀ་དཀྵི་ཎ་དཱི་གཱ་ཡཱ། ཧཱུཾ་པཤྩི་མཱཾ་མཱཾ། ཕཊ་ཨུཏྟ་ར་དཱི་གཱ་ཡ། ཨོཾ་ཧྲཱིཿཡཥྚྲྀཿབཱ་ཝི་ཀྵི་ཀྲྀ་ཀོ། །ཏཱ་ན་ན་དེ། ཧཱུཾ་བྷྱོ་ཕཊ་སརྦ་བྷཱུ་ཏེ་བྷྱཿརྩ་བའི་སྔགས་ཀྱིས་བྱིན་བརླབ་བྱ། །བརྟན་པ་རུ་ནི་བསྒོམ་པ་ཡིས། །འདི་ཡིས་
ཐམས་ཅད་རྫོགས་པར་བྱ། །ཏིང་ངེ་འཛིན་ནི་བསྒྲུབ་པའི་མིང་། །སྒྲིབ་པ་ཐམས་ཅད་སེལ་བའོ། །དུས་གསུམ་དུ་ནི་དེ་ལྟར་བསྒྲུབ། །རྒྱུན་དུ་བརྟན་པར་བསྒྲུབ་པར་བྱ། །ཐམས་ཅད་ལས་ནི་གང་བྱེད་པ། །བདག་ཉིད་མ་ཧེའི་ཞལ་གྱིས་སོ། །ཏིང་འཛིན་གསུམ་ནི་སེམས་ཀྱིས་བྱ། །འཁྲུགས་
པའི་འབར་བའི་སེམས་ཀྱིས་སྦྱོར། །སེམས་ཅན་མཐུན་དང་མི་མཐུན་དག །ཡིད་ཀྱིས་བྱ་བ་རབ་ཏུ་བྱ། །བདག་གིས་བྱང་ཆུབ་ཏུ་རབ་གདུལ། །སེམས་ཅན་མཉམ་པར་ཡང་དག་བྱུང་། །དམ་པའི་དོན་དུ་རྣམ་དག་པ། །དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞལ་བརྒྱད་ཐུན་ཚོད་བརྒྱད་
ཡིན་ནོ། །ཞལ་དགུ་ཐུན་ཚོད་སྤྱི་ཡིན་ནོ། །ཕྱག་དང་ཞབས་གཉིས་ཟླ་བ་དང་། །ཟླ་བ་ཕྱེད་དང་ཡང་དག་སྦྱོར། །བཞོན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། །ཞལ་ནི་གཟའ་དགུ་དག་ཏུ་ཤེས། །ཕྱག་ནི་རྒྱུ་སྐར་དག་དང་སྦྱར། །ཞབས་ནི་འཕོ་བ་བཅུ་གཉིས་དང་། །དུས་བཞི་
ཡང་ནི་དེ་བཞིན་ནོ། །མཚོན་ཆ་རྣམས་ནི་སྟོང་པ་དང་། །སྙིང་རྗེ་དག་ནི་བཅུ་དྲུག་གཉིས། །གླང་ཆེན་པགས་པ་བགེགས་ཆེན་ཏེ། །དྲག་པོའི་གཟུགས་ནི་སྡུག་བསྔལ་ཆེ། །སེལ་བར་བྱེད་པའི་གཙོ་བོའོ། །ཁ་དོག་ནག་པོ་བྱམས་པ་ཆེ། །ཐོད་པའི་རྒྱན་ནི་མི་འགྱུར་བའོ། །དཀྱིལ་འཁོར་ལྷ་
ནི་ཐམས་ཅད་དག །རང་བཞིན་འབྱུང་བའི་དུས་དག་གོ། །སྔགས་གསུམ་དག་པ་སྐུ་གསུམ་མོ། །ལྷ་རྣམས་ཉིད་ནི་རང་མིང་ནི། །དང་པོར་ཨོཾ་དང་ཧཱུཾ་ཕཊ་མཐའ། །ཐོད་པར་བཏུང་བའི་དུས་དག་གོ། །དཀྱིལ་འཁོར་བྱང་ཆུབ་ཕྱོགས་ཡིན་ནོ། །ཞོན་པ་ས་རི་སནྟི་ཀ །མདོག་སོགས་དེ་
བཞིན་གཤེགས་པ་སྟེ། །དག་པ་ཐམས་ཅད་ཤེས་པའོ། །འདི་ནི་དག་པ་ཅུང་ཟད་ཙམ། །འཇམ་དཔལ་རྒྱུད་ན་རྒྱས་པ་ཡིན། །བདག་གིས་སྒྲུབ་ཐབས་འདི་བྱས་པས། །བསོད་ནམས་དེ་ནི་གང་རྙེད་པ། །དེ་ཡིས་འཇིག་རྟེན་བསོད་ནམས་ཤོག །བདག་གི་སྡུག་བསྔལ་བྲལ་གྱུར་

ཅིག །དཔལ་གྱི་སྒྲུབ་ཐབས་འདི་བསྡུས་པ། །རྡོ་རྗེ་འཇིགས་བྱེད་རྟོག་པ་ནི། །སུམ་བརྒྱ་པ་སྟེ་འཇམ་དཔལ་གྱི། །རྒྱུད་ལས་ཅུང་ཟད་ཙམ་ཞིག་ཕྱུང་། །མ་ཚང་ལྷག་པ་གང་ཡིན་པ། །བདག་ལ་ལེགས་པར་བཟོད་པར་མཛོད། །སྔོན་དུ་བདག་གིས་གང་ལས་མཐོང་། །དེ་ནི་མཉེས་
པར་བྱ་བ་ཙམ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་ལ་ལི་ཏ་བཛྲའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་ཅོག་གྲུ་བནྡེ་ཤེས་རབ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་ཝ་སཱ་དྷ་ན། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རྣམ་རྟོག་དྲ་བ་རབ་བསལ་ཞིང་། །ཡེ་ཤེས་རྒྱ་མཚོ་བློ་མངའ་བའི། །འཇམ་པའི་དབྱངས་ལ་རབ་བཏུད་དེ། །རྡོ་རྗེ་
འཇིགས་བྱེད་སྒྲུབ་ཐབས་བཤད། །དང་པོར་རེ་ཞིག་སྔགས་པ་ཡིས། །དུར་ཁྲོད་དང་ནི་ཆུ་ཡི་འགྲམ། །ཤིང་གཅིག་དང་ནི་མཚན་མ་གཅིག །ལམ་གྱི་བཞི་མདོ་རི་བོའི་རྩེ། །ཁང་སྟོང་དང་ནི་མ་མོའི་གནས། །ལྷ་རྣམས་ཡང་དག་རྩོད་པའི་ས། །གྲོང་ཁྱེར་གྲོང་གི་མཐའ་རྣམས་དང་། །
རང་ཉིད་རྗེས་དགའི་གནས་འདུག་ནས། །འཇམ་དབྱངས་ཁྲོ་བོ་བསྒྲུབ་པར་བྱ། །རང་གི་སྙིང་གར་པདྨ་ལ། །ཉི་མ་ལ་གནས་ཡི་གེ་མཆོག །ཐུགས་ཀྱི་བདག་ཉིད་རྣམ་བསྒོམས་ཏེ། །བླ་མ་དང་བཅས་ལྷ་དམིགས་བྱ། །ཡེ་ཤེས་ལས་གཞན་ཚོགས་ཀྱི་ཕྱིར། །ཕྱག་འཚལ་མཆོད་ཅིང་བསྔོ་
མཐར་ཐུག །རྣམ་བདུན་བསགས་ནས་དེ་རྗེས་སུ། །ཚངས་པའི་གནས་ནི་བསྒོམ་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་རྣམ་བསྒོམས་ནས། །ཡཾ་རཾ་ཝཾ་ལཾ་ཡི་གེ་ལས། །རླུང་དང་མེ་དང་ཆུ་དང་ནི། །དབང་
ཆེན་དཀྱིལ་འཁོར་བསམ་པར་བྱ། །དེར་ནི་ཧཱུཾ་གི་རྣམ་པ་ལས། །རྡོ་རྗེའི་ས་གཞི་ར་བ་དང་། །དེ་བཞིན་རྡོ་རྗེའི་གུར་དང་ནི། །བླ་རེ་ཡང་ནི་བསམ་པར་བྱ། །དེ་དབུས་གནོད་མཛེས་རྒྱལ་པོ་ནི། །བཀའ་ཡི་འཁོར་ལོ་བསྒོམ་པར་བྱ། །རྩིབས་བཅུ་རབ་འབར་ཅུང་ཟད་སེར། །ཁྲོ་བོ་བཅུ་དང་

བཅས་པ་བསམ། །གནོད་མཛེས་ལ་སོགས་ཁྲོ་བོའི་ཚོགས། །སྣ་ཚོགས་པདྨ་ཉི་ཟླ་ལ། །གཡོན་བརྐྱང་ཞབས་ཀྱིས་ཡང་དག་གནས། །ཞལ་གསུམ་ཕྱག་དྲུག་དང་པོ་ཡི། །ཕྱག་གཉིས་རང་གི་ཤེས་རབ་འཁྱུད། །འདི་ལྟ་བུ་ཡི་འཁོར་ལོ་འདི། །རྡོ་རྗེ་འབར་བའི་སྤྲིན་ལྟ་བུས། །
བགེགས་ཀྱི་ཚོགས་རྣམས་རབ་ཏུ་འཇོམས། །གནོད་མཛེས་དང་ནི་གཤིན་རྗེ་གཤེད། །གཞན་གྱིས་མི་ཐུབ་རྟ་མགྲིན་དང་། །བདུད་རྩི་འཁྱིལ་རྣམས་དབུས་དང་ནི། །ཤར་ལ་སོགས་པའི་ཕྱོགས་སུ་བསམ། །འདོད་པ་དབྱུག་པ་སྟོབས་མི་གཡོ། །བྱིན་ཟ་ལ་སོགས་མཚམས་སུའོ། །གཙུག་
ཏོར་རྡོ་རྗེ་ས་འོག་ནི། །དེ་བཞིན་སྟེང་དང་འོག་ཏུ་བསམ། །དབུས་དང་ཤར་དང་ལྷོ་དང་ནུབ། །དེ་བཞིན་སྟེང་གི་ཁྲོ་བོ་རྣམས། །མཐིང་དང་དཀར་པོ་དམར་པོ་དང་། །དེ་ལྟར་སྔོན་པོ་དཀར་དང་དམར། །དཀར་པོ་མཐིང་ག་དམར་པོ་དང་། །དེ་བཞིན་དམར་དང་མཐིང་ག་དཀར། །སེར་ལྗང་མཐིང་
ག་དཀར་པོ་ནི། །གནོད་སྦྱིན་བདེན་བྲལ་རླུང་གི་ཕྱོགས། །མདོག་རྣམས་དབང་པོའི་ཕྱོགས་ལྟར་ཏེ། །དེ་བཞིན་བྱིན་ཟ་དབང་ལྡན་དང་། །འོག་རྣམས་དབུས་མ་ཇི་ལྟ་བུའི། །རྡོ་རྗེ་ཐོ་བ་བེ་ཅོན་དང་། །དེ་བཞིན་པདྨ་རྡོ་རྗེ་དང་། །ལྕགས་ཀྱུ་དབྱུག་པ་དཔལ་རྩེ་དང་། །རལ་གྲི་འཁོར་ལོ་རྡོ་རྗེ་རྣམས། །གཡས་
ཀྱི་དང་པོའི་རིམ་བཞིན་དུའོ། །དེ་བཞིན་གཡོན་པ་རལ་གྲི་སྟེ། །མི་གཡོ་བ་ལ་རྡོ་རྗེའོ། །གཡས་གཡོན་བར་མ་ཐམས་ཅད་ལ། །རིན་པོ་ཆེ་དང་པདྨས་སྦྲེལ། །བདག་པོའི་གཡས་གཡོན་ཐ་མར་ནི། །ལྕགས་ཀྱུ་དང་ནི་ཞགས་པའོ། །དེ་བཞིན་དུ་ནི་རྟ་མགྲིན་ལ། །པདྨའི་གནས་སུ་འཁོར་ལོའོ། །
གནོད་མཛེས་ལ་སོགས་ཐམས་ཅད་ལ། །ཐུགས་ཀྱི་བདག་པོས་རྒྱས་བཏབ་སྟེ། །གཤིན་རྗེ་གཤེད་དང་རྟ་མགྲིན་ལ། །དེ་བཞིན་སྐུ་དང་གསུང་གིས་སོ། །དེ་ནས་བདག་པོ་ཡོངས་གྱུར་ནས། །རྡོ་རྗེ་སེམས་དཔའ་བསམ་བྱས་ཏེ། །དཀར་དང་མཐིང་ག་དམར་པོའི་ཞལ། །ཕྱག་དྲུག་དང་པོས་རིག་མ་
འཁྱུད། །ལྷག་མ་རྡོ་རྗེ་རལ་གྲི་དང་། །རིན་ཆེན་པདྨ་འཛིན་པའོ། །དེ་ནས་ཆོས་ཀྱི་འབྱུང་གནས་ནི། །མདོག་དཀར་གྱེན་བསྒྲེང་གཟུགས་ཅན་ལ། །ཆུ་སྐྱེས་སྣ་ཚོགས་རྡོ་རྗེ་ཡིས། །རྣམ་པར་རྒྱལ་བ་མཁས་པས་བསྒོམ། །དེར་ནི་བྷྲཱུཾ་དང་འཁོར་ལོའོ། །རྡོ་རྗེ་འཆང་དང་འདྲ་བ་ཡི། །རྟག་པའི་རྒྱལ་

པོ་བསམ་པ་ནི། །རྡོ་རྗེ་ལ་གནས་འཁོར་ལོའོ། །དེ་ལས་བྱུང་བའི་གཞལ་ཡས་ཁང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་མཛེས། །དྲིལ་བུ་འཕན་བཅིང་ལ་སོགས་དང་། །མེ་ཏོག་ཕྲེང་བས་རབ་ཏུ་བརྒྱན། །གྲྭ་རྣམས་དང་ནི་ཐམས་ཅད་དང་། །སྒོ་ཁྱུད་དག་གི་གནས་སུ་ཡང་། །
རྡོ་རྗེ་རིན་པོ་ཆེ་ཡིས་བརྒྱན། །དེ་བཞིན་ཟླ་བ་ཕྱེད་པས་སོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རེའུ་མིག་དགུ་པ་ཟླུམ་པོ་སྟེ། །སྒོ་གཅིག་དག་ནི་བཞག་ནས་ནི། །ལྷག་མའི་སྒོ་ནི་གཅད་པར་བྱ། །སྒོ་བཞི་དང་ནི་མཚམས་རྣམས་སུ། །ཡི་དགས་ཆེན་པོ་དགོད་པར་བྱ། །དེ་དབུས་དབྱངས་ཡིག་དང་པོ་
ལས། །བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམ། །དེར་ནི་དྷཱིཿལས་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་བསམ་པ་ནི། །གཞོན་ནུའི་རྒྱན་གྱིས་རྣམ་པར་བརྒྱན། །ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །ཅུང་ཟད་སེར་པོ་ཕྱག་གཡས་ན། །རལ་གྲི་གཡོན་ན་གླེགས་བམ་བསྣམས། །དེ་ཡི་
ཐུགས་ཀར་དབྱངས་ཡིག་ནི། །བཅུ་དྲུག་པ་ལས་བྱུང་བ་ཡི། །ཉི་མའི་དཀྱིལ་འཁོར་རྣམ་བསམས་ནས། །དེ་ཡི་འོད་ཀྱིས་ཕྱོགས་བཅུ་ན། །བཞུགས་པའི་བདེ་གཤེགས་སྲས་བཅས་དང་། །རིག་པའི་ལྷ་མོ་ཁྲོ་བོའི་ཚོགས། །སྤྱན་དྲངས་འཇམ་དཔལ་དང་བཅས་པ། །སངས་རྒྱས་ཚོགས་ཀུན་
རབ་བཞུགས་པས། །འོད་ཟེར་དྲུག་པོས་ཁྱབ་པ་ཡི། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་ཁ་དོག་དཀར་པོ་ཧཱུཾ། །འོད་ཟེར་ལྔ་དང་ལྡན་པ་བསམ། །དེ་ཡི་འོད་ཀྱིས་སངས་རྒྱས་ཚོགས། །སྔོན་བཞིན་སྤྱན་དྲངས་རབ་བཅུག་ནས། །རྡོ་རྗེ་ཆེན་པོ་རྣམ་པར་བསྒོམ། །དེ་ཡི་འོད་ཟེར་
ལས་བྱུང་བའི། །སངས་རྒྱས་སྲས་བཅས་ཁྲོ་བོ་དང་། །རིག་པའི་ལྷ་མོ་ལ་སོགས་པས། །ནམ་མཁའི་ཁམས་ཀུན་ཁྱབ་པར་བསམ། །འགྲོ་ཀུན་བྱང་ཆུབ་ལ་བཀོད་དེ། །དེ་རྣམས་དང་བཅས་རྡོ་རྗེ་ལ། །བཅུག་པས་བདག་ཉིད་བཅོམ་ལྡན་འདས། །འཇིགས་བྱེད་སྐུ་མདོག་ནག་པོར་
བསམ། །ཞལ་དགུ་ཕྱག་ནི་སུམ་ཅུ་བཞི། །བཅུ་དྲུག་ཞབས་ལ་གཡོན་བརྐྱང་བ། །གཅེར་བུ་མཚན་མ་གྱེན་དུ་འགྲེང་། །ལྗགས་བརྐྱང་གད་མོ་རྣམ་པར་སྒྲོག །སྤྱན་གསུམ་དཔྲལ་བའི་ཁྲོ་གཉེར་ཅན། །བསྐལ་པའི་མེ་ལྟར་འོད་འབར་ཞིང་། །ཐོད་པས་བརྒྱན་ཞིང་ཕེཾ་གྱི་སྒྲ། །སྒྲོགས་

ཤིང་འཇིགས་པ་བསྡིགས་པར་མཛད། །གསུས་པ་ཆེ་ཞིང་སྐྲ་བརྫེས་པ། །དང་པོའི་ཞལ་ནི་མ་ཧེའི་སྟེ། །ཁ་དོག་ནག་པོ་ཅུང་ཟད་ཁྲོ། །གཡས་ཀྱི་རྭ་ཡི་ཞལ་གསུམ་ནི། །དང་པོ་མཐིང་ག་གཡས་དམར་པོ། །གཡོན་སེར་ཤིན་ཏུ་ཁྲོ་བའོ། །དེ་བཞིན་གཡོན་གྱི་རྩ་
བའི་ཞལ། །དཀར་པོ་དུད་ཀ་དེ་བཞིན་དུ། །ནག་པོ་ཤིན་ཏུ་ཁྲོས་པ་ཡིས། །རྭ་གཉིས་དབུས་སུ་ཞལ་དམར་པོ། །འཇིགས་བྱེད་ཞལ་ནས་ཁྲག་འཛག་བསམ། །དེ་སྟེང་འཇམ་དཔལ་གཞོན་ནུའི་ཞལ། །སེར་བ་ཅུང་ཟད་ཁྲོ་བ་སྟེ། །ཟུར་ཕུད་ལྔ་པ་གཞོན་ནུ་ཡི། །རྒྱན་གྱིས་ལེགས་པར་
རྣམ་པར་བརྒྱན། །ཞལ་རྣམས་ཀུན་ཀྱང་སྤྱན་གསུམ་པོ། །གཡས་གཡོན་དང་པོའི་ཕྱག་གཉིས་ཀྱིས། །གླང་ཆེན་པགས་པ་རློན་པ་བསྣམས། །གྲི་གུག་བྷིནྡི་པཱ་ལ་དང་། །གཏུན་ཤིང་ཆུ་གྲི་དེ་བཞིན་དུ། །ཀརྞ་ཡ་དང་སྟ་རེ་དང་། །མདུང་དང་མདའ་དང་ལྕགས་ཀྱུ་དང་། །དབྱུག་པ་ཁ་
ཊྭཱཾ་འཁོར་ལོ་དང་། །རྡོ་རྗེ་རྡོ་རྗེ་ཐོ་བ་དང་། །རལ་གྲི་རྔེའུ་ཆུང་གཡས་པ་ཡི། །ཕྱག་མཚན་རྣམས་ནི་རིམ་བཞིན་བསམ། །དེ་བཞིན་གཡོན་གྱི་ཕྱག་རྣམས་ནི། །ཐོད་པ་དང་ནི་མགོ་བོ་དང་། །དེ་བཞིན་དུ་ནི་རྐང་པ་དང་། །ཕུབ་དང་དེ་བཞིན་ཞགས་པ་གཞུ། །རྒྱུ་མ་དྲིལ་བུ་མིའི་ལག་པ། །དེ་བཞིན་
དུར་ཁྲོད་རས་དང་ནི། །རྩེ་གསུམ་མཚོན་བཙུགས་སྐྱེས་བུ་དང་། །མེ་སྣོད་ཐོད་པའི་དུམ་བུ་དང་། །སྡིགས་མཛུབ་རྩེ་གསུམ་བ་དན་དང་། །རླུང་གི་རས་རྣམས་རིམ་བཞིན་བསྣམས། །མི་དང་མ་ཧེ་གླང་དང་ནི། །བོང་བུ་རྔ་མོ་དེ་བཞིན་ཁྱི། །ཐུག་རེ་ཅེ་སྤྱང་གཡས་པ་ཡི། །ཞབས་རྣམས་ཀྱིས་ནི་རིམ་པས་
མནན། །དེ་བཞིན་གཡོན་པའི་ཞབས་རྣམས་ཀྱིས། །བྱ་རྒོད་འུག་པ་བྱ་རོག་དང་། །ནེ་ཙོ་ཁྲ་དང་ནམ་མཁའ་ལྡིང་། །ཁྱིམ་བྱ་བཞད་རྣམས་རིམ་བཞིན་མནན། །དེ་ནས་དབང་བསྐུར་སྐྱེ་མཆེད་དག །བྱིན་གྱིས་བརླབ་ཅིང་ལུས་ལ་སོགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །དེ་བཞིན་ཡེ་ཤེས་སེམས་
དཔར་བསམ། །དེ་ནས་བློ་དང་ལྡན་པ་ཡིས། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ནི། །སྤྱན་དྲངས་ཡོན་ཆབ་ལ་སོགས་པས། །རིམ་བཞིན་མཆོད་པས་མཉེས་པར་བྱ། །ཨོཾ་ཧྲཱིཿཧ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ། ཨསྨ་ཏ་པཱུ་ཛ་པྲ་ཏི་གྲྀཧྞ་ཏུ་པྲ་སཱ་དྷ། མེ་དྷི་མཾ་ཀུ་རུ་སྭཱ་ཧཱ། སྤྱན་དྲང་བའི་སྔགས་སོ། །ཨོཾ་ཧྲཱིཿཥྚྲྀཿཨ།

མཆ