Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 47
Văn bản gốc(Tây Tạng)
Trang 10 / 16 (50.000 ký tự/trang)
་ལས་བསྒྲལ་བར་འདོད་པའི་བདེ་བར་འདོད་པ་དང་། མི་འབྲལ་བར་འདོད་པ་དགའ་བའི་མཚན་ཉིད་དོ། །ཉེ་རིང་གིས་མི་འབྱེད་ཅིང་ཆོས་བརྒྱད་སྤངས་པ་བཏང་སྙོམས་སུ་ཤེས་པའོ། །དེའི་རྗེས་སུ་ཆོས་གཅིག་དང་དུ་མས་སྟོང་པ་མུ་བཞི་དང་བྲལ་བ་རྟེན་ཅིང་འབྲེལ་བར་ འབྱུང་བའི་རང་བཞིན་མ་གྲུབ་པར་རྟོགས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ལ། སྔགས་དེའི་དོན་སྟོང་པ་ཉིད་ཀྱི་ཡེ་ཤེས་མི་འགྱུར་བའི་རང་བཞིན་དུ་ནམ་མཁས་ཁྱབ་པ་རང་གི་བློ་མི་དམིགས་པར་གཞག་གོ། །ནམ་མཁའི་དཀྱིལ་དུ་ཡཾ་ཡིག་ལས། །ཞེས་པ་ནི་ཆོས་ཉིད་ ལས་སྔོན་དུ་ཚོགས་དང་སྨོན་ལམ་སོང་བའི་མཐུས། ཡཾ་རཾ་བཾ་ལཾ་སུཾ་གྱི་རིམ་པ་ལས་སྔོ་བ་དང་དམར་པོ་དང་དཀར་པོ་དང་སེར་པོའི་ཁ་དོག་ཅན་གྱི་འབྱུང་བ་བཞིའི་དཀྱིལ་འཁོར་གླིང་བཞིར་ཆགས་པའི་དཀྱིལ་དུ་སུཾ་རི་རབ་རིའི་རྒྱལ་པོར་གྱུར་པ་ལྕོག་བཞི་དང་བཅས་པའི་སྟེང་དུ། མ་ལས་ཉི་ མའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེར་གྱུར་ནས་རྡོ་རྗེའི་ས་གཞི་དང་། ར་བ་དང་། གུར་དང་། བླ་རེ་དག་བསྒོམ་མོ། །དེའི་ནང་དུ་གཞལ་ཡས་ཁང་འཇམ་དཔལ་ཡེ་ཤེས་སེམས་དཔར་གྱུར་པ་ལས། །གྲུ་བཞི་སྒོ་བཞི་དུར་ཁྲོད་དང་བཅས་པ་སྔོན་བཞིན་ བསྐྱེད་ལ། དེའི་ནང་དུ་དྷཱིཿཡིག་ལས་ཞེས་པ་ནི་དང་པོའི་སངས་རྒྱས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་བསྒོམ་པའོ། །ལས་སྦྱོར་གྱི་དུས་སུ་དཔའ་བོ་གཅིག་པ་ནི་དཀྱུས་ཀྱི་གསལ་བ་དེ་ཉིད་དོ། །ཁྱད་པར་ནི་དྷཱིཿདང་རལ་གྲི་ལྷ་ རྣམས་སེར་བའོ། །གཡོན་པོ་ཏི་བསྣམས་པ་ཉིད་བསྒོམ་པའོ། །པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །རྡོ་རྗེ་དེ་ཉིད་ཞལ་དགུ་པ་ཞེས་པ་ནི་འབྲས་བུ་རྡོ་རྗེ་འཆང་རྡོ་རྗེ་འཇིགས་བྱེད་དུ་གྲུབ་པའི་དུས་དེར། །སྲིད་པ་དང་ཞི་བ་དབྱེར་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ བྱིན་གྱིས་བརླབ་ཅིང་ང་རྒྱལ་དུ་བྱ་བ། ཨོཾ་བཛྲ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་རྫོགས་པའོ། །དེར་ཡང་ཡེ་ཤེས་སེམས་དཔའ་གཞུག་པ་དང་། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་སྒྲུབ་པ་དང་། དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་དང་བདུད་རྩི་ མྱང་བ་ལ་སོགས་པ་ཡང་མན་ངག་ལས་བྱའོ། །ཞལ་དགུ་ཞེས་པ་ནི་མཐར་གྱིས་སྙོམས་པར་འཇུག་པ་དགུ་སྟེ་སེམས་ཅན་སྨིན་པར་བྱེད་པའོ། །མ་ཧེ་ནི་ལྷ་དྲག་པོ་མ་ཧེའི་གདོང་འདུལ་བའི་ཕྱིར་རོ། །མེ་ལྟར་འབར་བ་ནི་ཐུགས་རྗེས་ཐུགས་བསྐྱེད་པའི་འབྲས་བུ་བདུད་འདུལ་བའོ། ། ཁམས་གསུམ་ཟ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །ཞལ་བརྩེགས་པ་ནི་བདུད་བཞི་སྤ་བཀོང་བའོ། །ཧ་ཧ་ནི་སེམས་རྟས་པར་བྱེད་དེ་དབུགས་འབྱིན་པའོ། །ལྗགས་འདྲིལ་བ་ནི་དབང་དུ་བྱེད་པའོ། །མི་ཤ་ཞེས་པ་བདེ་བ་ཆེན་པོར་འགྲུབ་པའོ། །སྡིགས་མཛུབ་ཅེས་པ་ ནི་མི་ཡངས་པར་འགྲོ་དོན་མཛད་པའོ། །བརྒྱ་བྱིན་ཞེས་པ་བཀའ་ཉན་བྱེད་པའི་རྟགས་སུ་བསྟན་པའོ། །མགོ་བོའི་ཕྲེང་བའི་ཐོད་དེ་ནི་རིགས་ལྔའི་བདག་པོའོ། །ཕཊ་ཀྱི་སྒྲ་ནི་ཐམས་ཅད་བསྡིགས་པའོ། །ཐོད་པའི་ཕྲེང་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དག་པའོ། །སྦྲུལ་ནི་ ཀླུ་ཆེན་པོ་རྣམས་འདུལ་བའོ། །ཞབས་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་གོ། །གཡོན་བརྐྱང་བ་ནི་འགྲོ་དོན་མཛད་པའོ། །གཅེར་བུ་ནི་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའོ། །མཚན་མ་གྱེན་དུ་འགྲེང་བ་ནི་བདེ་བ་ཆེན་པོའི་སྐུའོ། །སྐྲ་གྱེན་དུ་བརྫེས་པ་ནི་ནང་ན་ཡེ་ཤེས་འབར་ཞིང་ཕྱི་རོལ་ དུ་བདུད་བསྡིགས་པར་མཛད་པའོ། །ཕྱག་སུམ་ཅུ་རྩ་བཞི་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་གཉིས་སོ། །གཉིས་གླང་པོ་ཆེའི་པགས་པ་བཟུང་བ་ནི་གཏི་མུག་དག་ནས་ཆོས་ཀྱི་དབྱིངས་དང་མི་འབྲལ་བ་དང་། ཐབས་དང་ཤེས་རབ་ཀྱིས་གཞན་ཡང་ཆོས་ཀྱི་དབྱིངས་ལ་སྦྱོར་བའོ། ། དེ་ཉིད་ཀྱི་རྣལ་འབྱོར་ལ་མཉམ་པར་གཞག་ཅེས་པ་ནི་རྣལ་འབྱོར་ཆེན་པོའི་རིམ་པའོ། །རྡོ་རྗེ་ནི་ཡེ་ཤེས་ལྔའི་ངོ་བོས་ཕས་ཀྱི་དུག་ལྔ་སྦྱོང་བའོ། །རྩེ་གསུམ་ནི་ལུས་ངག་ཡིད་གསུམ་གྱི་ཉེས་པ་འབིགས་པའོ། །གཏུན་ཤིང་ནི་བརྗེད་ངས་པ་འཇོམས་པའོ། །ཆུ་གྲི་ ནི་སྲེད་པ་གཅོད་པའོ། །རྩེ་གཅིག་པ་ནི་ཕུང་པོ་གསུམ་འབིགས་པའོ། །སྟ་རེས་འཁོར་བའི་སྐྱེ་རྒ་གཅོད་པའོ། །མདུང་ནི་ཟབ་པའི་དོན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །མདའ་ནི་མ་རིག་པ་འབིགས་པའོ། །ལྕགས་ཀྱུ་ནི་འགྲོ་བ་འདྲེན་པར་བྱེད་པའོ། །ཌ་མ་རུ་ནི་ཆོས་ ཀྱི་སྒྲ་སྒྲོགས་པར་བྱེད་པའོ། །ཁ་ཊྭཱཾ་ག་ནི་ལྷ་རྣམས་གསལ་བའོ། །འཁོར་ལོ་ནི་བར་ཆད་ཀྱི་བདུད་བཞི་སེལ་བའོ། །གྲི་གུག་ནི་སྐྱོན་དྲུག་ང་རྒྱལ་ལ་སོགས་པ་གཅོད་པའོ། །ཐོ་བ་ནི་སྟོབས་དང་མི་འཇིགས་པ་དང་ལྡན་པའོ། །རལ་གྲི་ནི་རལ་གྲིའི་དངོས་གྲུབ་དང་ལྡན་པའོ། །དབྱུག་ པ་ནི་ལྷ་མ་ཡིན་ཕམ་པར་བྱེད་པའོ། །ཐོད་པ་ཁྲག་གིས་བཀང་བ་ནི་བདེ་བ་ཆེན་པོར་རོལ་པའོ། །བྲམ་ཟེའི་མགོ་བོ་ནི་རྟག་ལྟ་སེལ་བའོ། །ཕུབ་ནི་འགྲོ་བ་རྣམས་སྐྱོབ་པའོ། །རྐང་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའོ། །ཞགས་པ་ནི་ཐུགས་རྗེ་ཆེན་པོས་ངན་འགྲོ་རྣམས་འདྲེན་ པའོ། །གཞུ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་སྟོང་པ་ཉིད་ཀྱི་ཤེས་རབ་མངའ་བའོ། །རྒྱུ་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དྲིལ་བུ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ལག་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དུར་ཁྲོད་རས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གསལ་ཤིང་གིས་ ཕུག་པའི་རོ་ནི་ཆོས་ཐམས་ཅད་ངོ་བོ་གཅིག་པའོ། །མེ་ཐབ་ནི་སྣང་བ་གསུམ་གྱིས་འགྲོ་བ་ལ་སྐྱོབ་ཅིང་བདུད་སྲེག་པར་བྱེད་པའོ། །ཐོད་ཚལ་ནི་ཆོས་ཉིད་ཀྱི་སྙིང་རྗེ་མངའ་བས་སོ། །སྡིགས་མཛུབ་ནི་བདུད་ལ་བསྡིགས་པའོ། །འཕན་རྩེ་གསུམ་ནི་སྐུ་གསུམ་ངོ་བོ་གཅིག་པའོ། །རླུང་ རས་ནི་རྟག་ཆད་ལས་གྲོལ་བའོ། །ཞབས་གཡས་ཀྱི་གདན་རྣམས་ནི་དངོས་གྲུབ་བརྒྱད་བསྒྲུབ་པའོ། །གཡོན་པའི་བྱ་རྒོད་ལ་སོགས་པས་ནི་མཁའ་སྤྱོད་ཀྱི་འགྲོ་བ་སྐྱོབ་པའོ། །རྭ་གཉིས་ནི་བདེན་པ་གཉིས་སོ། །ཞལ་གྱི་མདོག་ནི་རིགས་དྲུག་གི་ངོ་བོའོ། །དམར་བ་ནི་འགྲོ་བ་ལ་ ཤིན་ཏུ་ཆགས་པའོ། །ཁྲོས་པ་ནི་སྐྱོབ་པའོ། །འཇམ་དཔལ་གྱི་ཞལ་ནི་ངོ་བོ་མི་འགྱུར་བའོ། །གཞོན་པ་ནི་བྱང་ཆུབ་སེམས་དཔའི་སྐུར་བཞུགས་པའོ། །རལ་པ་ལྔ་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །སྤྱན་གསུམ་ནི་སྙིང་རྗེ་གསུམ་གྱིས་གཟིགས་པའོ། །དེ་ལྟར་ཤེས་པར་བྱས་ནས་མ་ ཡེངས་པའི་སེམས་ཀྱིས་ལྷ་ལ་དམིགས་ལ་སྔགས་བཟླས་པ་ནི། གང་ཡང་རུང་བ་སྙིང་གར་པདྨ་དང་ཉི་མ་ལ་ས་བོན་གྱི་ཡི་གེ་ལ་གཡས་སྐོར་དུ་བཀོད་པ་ལ། སྣ་བུག་གི་རླུང་འབྱུང་བ་ལས་སྤྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ སྦྱངས་ལ་འཇུག་པའི་རླུང་གིས་ཚུར་བསྡུས་ལ་སྔགས་ལ་བསྟིམ་མོ། །མི་སྐྱོའི་བར་དུ་བཟླས་ཤིང་རང་གང་འདོད་བསྒྲུབ་པའོ། །མཚན་མོ་རྒྱུ་ཞེས་པ་ནི་མིས་མ་ཚོར་བར་གསུང་བའི་དོན་ཏོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བཞི་པའི་བཤད་པའོ།། །།ལྷའི་དམིགས་པ་ གསལ་བར་བྱ་བ་ལ་རྟེན་བསྒོམ་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་བཤད་དེ་གཞན་གསལ་བ་ཉིད་དོ། །རི་མོ་མཁན་བཟང་ཞེས་པ་ནི་དབང་ཐོབ་པའོ། །རྟོག་པ་མེད་པ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པའོ། །མི་ཁྲོ་ཞེས་པ་ནི་སྙིང་རྗེ་དང་ལྡན་པའོ། ། གཙང་ཞེས་པ་ནི་དམ་ཚིག་དང་ལྡན་པའོ། །བརྩེ་བ་དང་ལྡན་ཞེས་པ་ནི་རྒྱུ་མེད་སྒྲུབ་པ་པོ་དེ་ལ་ཕན་གདགས་སྙམ་པའོ། །དཔའ་བོའི་ཆོ་གས་བྲི་ཞེས་པ་ནི་གནས་དབེན་པར་མཆོད་པ་དང་གཏོར་མ་དུས་གསུམ་དུ་དབུལ་ཞིང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པས་རས་ལ་དཀྱིལ་ འཁོར་དུ་བྱིན་གྱིས་བརླབ་པ་དང་། སྔགས་རྣམས་སྙིང་པོ་ཐུགས་ཀར་བྲི་བ་དང་། སྔགས་ཞལ་དུ་བྲི་བ་དང་། རྩ་སྔགས་ལྟེ་བར་དགོད་པ་དང་། མིག་ལ་སོགས་པའི་སྐྱེ་མཆེད་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཙཀྵུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་སོགས་པ་དགོད་པ་དང་། སྐུ་གསུམ་གྱི་ སྙིང་པོའང་གནས་གསུམ་དུ་དགོད་དོ། །དབང་བསྐུར་བའི་སྙིང་པོ་སྤྱི་བོར་དགོད་པར་བྱའོ། །ཤིན་ཏུ་མཉམ་པར་ཞེས་པ་ནི་དུས་གསུམ་དུ་ཚོགས་སྔོན་དུ་སོང་བ་ཅན་གྱིས་སྦྱོར་བ་བཞི་རྫོགས་པར་བྱས་ཤིང་། དུང་ཆེན་པོའི་ཕྲེང་བས་ལས་སྔགས་ལ་མ་ཡེངས་པར་བཟླ་བའོ། ། ཕྲེང་བ་ཧཱུཾ་གི་གོང་དུ་ཁྲོ་བོ་སྤྲོ་བའི་དམིགས་པས་ཚིག་དང་མ་འདྲེས་པར་བགྲངས་པའོ། །དེའི་ཕྱི་རོལ་དུར་ཁྲོད་ཅེས་པ་ནི་དུར་ཁྲོད་བརྒྱད་བྲི་བ་སྟེ། ཕྱོགས་སྐྱོང་བརྒྱད་དང་། ལྷ་བརྒྱད་དང་། ཀླུ་བརྒྱད་དང་། ཤིང་དང་། མཆོད་རྟེན་དང་། སྒྲུབ་པ་པོ་དང་། ཡི་དགས་དང་། བྱ་དང་གཅན་གཟན་དང་། སྦྲུལ་དང་། རོ་སྣ་ཚོགས་ཤིན་ཏུ་འཇིགས་པས་བསྐོར་བ་བྲིའོ། །གཅེར་བུ་ཞེས་པ་ནི་སྒྲུབ་པ་པོ་རང་ཉིད་བྲི་བའོ། །གནས་གཅིག་ཏུ་ཞེས་པ་བྲི་བ་དང་བསྙེན་སྒྲུབ་ཀྱི་གནས་སྤོར་མི་རུང་བའོ། །བཟའ་བཏུང་ཐམས་ཅད་མཚན་མོ་དང་ཕྱི་དྲོ་ལོངས་སྤྱོད་ཅིང་མང་ བར་སྤྱོད་པའོ། །མཆོག་འདོད་ན་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རིམ་གྱིས་བྲིས་སྐུ་ལ་མཆོད་ཅིང་བསྒོམ་པར་བྱའོ། །དེ་དང་པོའི་ལེའུ་དང་ཐ་མའི་ལེའུ་འབྲེལ་པར་བྱས་ལ་བསྒོམ་པའོ། །ལ་ལ་བླ་མའི་ངག་ལ་ཡང་ངོ་། །རྟོག་པ་ལྔ་པའི་རྣམ་པར་བཤད་པའོ།། །།ལས་ ཀྱི་ཚོགས་དེ་དག་སྦྱིན་སྲེག་གིས་བསྒྲུབ་ཅིང་གཞུང་བསྡུ་བའི་ཕྱིར། དེ་ཡང་སེམས་ཅན་རྣམས་ལ་ཆོ་གའི་མཆོག །སྦྱིན་སྲེག་བྱེད་པར་འདོད་རྣམས་ལ། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བསྟན། །གང་འདོད་ལས་རྣམས་འགྲུབ་པའོ། །ཞེས་བྱ་བས་སྦྱིན་སྲེག་གི་ཆོ་ག་བྱ་བ་སྟེ། ཇི་ ལྟར་སྔོན་གྱི་རིམ་པ་ཞེས་པ་ནི་དྲག་ལས་སྔོན་དུ་བསྟན་པའི་བསད་པ་ལ་སོགས་པའི་རིམ་པ་ཉིད་དོ། །བསད་པར་འདོད་པ་ཞེས་པ་ནི་ཞི་བས་མི་འདུལ་བའི་མི་དང་མི་མ་ཡིན་པ་དེ་ལ་སྙིང་རྗེ་ཆེན་པོས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་ནས་སྦྱིན་སྲེག་ལ་སོགས་པའི་ རིམ་པས་ཚེ་འདིར་འཕོར་བཅུག་ལ། མ་འོངས་པའི་ལུས་མི་བསྐྱོད་པའི་ཞིང་ཁམས་དག་དེར་སྒྲུབ་སྙམ་པ་དང་། སྔོན་ལྟར་ཏིང་ངེ་འཛིན་སྦྱང་བར་བྱའོ། །དེ་ཡང་དུར་ཁྲོད་དུ་སོང་སྟེ་ཐབ་ཁུང་གྲུ་གསུམ་ནག་པོ་རྒྱར་སོར་ཉི་ཤུ་སོར་བཅུ་བརྐོས་པར་རྡོ་རྗེ་གདེངས་པའི་ཕྲེང་བས་བསྐོར་ ཞིང་། རཾ་དང་རླུང་གིས་ཀྱང་བསྐོར་ཏེ། དུར་ཁྲོད་ཀྱི་མེའམ་ལྕགས་ལས་བྱུང་བའམ་ཙཎྜ་ལཱིའི་མེ་ལ་དུར་ཁྲོད་ཤིང་གིས་མེ་སྦར་ལ་མེའི་གཟི་བྱིན་མར་མེ་ཆེན་པོས་བསྐྱེད་ཅིང་མེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རཾ་ལས་ཉི་མའི་གདན་ལ་རཾ་ལས་བྱུང་ བའི་མེའི་ལྷ་སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ། དབུ་སྐྲ་དང་སྤྱན་དང་ཞལ་ལ་སོགས་པ་ཁྲོས་པ་རུས་པའི་རྒྱན་ཅན། གཡས་རྣམས་སུ་གྲི་གུག་དང་བགྲང་ཕྲེང་དང་མི་འཇིགས་པ་རྣམས་སོ། །གཡོན་རྣམས་སུ་ཐོད་པ་དང་དབྱུ་གུ་རྩེ་གསུམ་དང་རིལ་བ་སྤྱི་བླུགས་སོ། ། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ་བསྐྱེད་ལ། ཐུགས་ཀའི་ས་བོན་ལས་མེ་ལྷ་བཀུག་ལ་ཞབས་དང་ཕྱག་དང་ཞལ་བསིལ་བ་དང་མཆོད་པ་རྣམས་བྱས་ལ་དམ་ཚིག་ལ་བཅུག །ལྷ་དེའི་ཁར་རཾ་དམིགས་ལ་ཧ་ཧ་ཨོཾ་ཨགྣ་ཡེ་ཞེས་བྱ་བས་རྫས་དང་བསྒྲུབ་བྱའི་མིང་ཅི་རིགས་ པར་བསྲེག་གོ། །དེ་ནས་དེའི་སྙིང་གར་གོང་གི་དཔལ་རྡོ་རྗེ་འཇིགས་བྱེད་བསྐྱེད་ལ། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནས་ཡེ་ཤེས་ནས་དབང་གི་བར་བྱ་བ་བསྒྲུབས་ལ། མཆོད་པ་རྣམས་རིམ་པས་མཆོད་ཅིང་བསྟོད་པ་ལ་སོགས་པ་ཅི་རིགས་པ་ཡང་བྱའོ། །དེའི་ལྟོ་བར་མེའི་དུར་ཁྲོད་ ཆེན་པོ་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒྲུབ་པ་དང་། ཞལ་དུ་རཾ་དང་མེ་གྲུ་གསུམ་བརྩེགས་མ་རྐན་གཉིས་ལ་བསྒོམས་ལ། རྫས་དང་བསྒྲུབ་བྱའི་མིང་དང་བཅས་པ་བསྲེགས་པས་གསུངས་པ་ལྟར་འགྱུར་རོ། །ཡང་ན་ཕྱོགས་གཅིག་ཅེས་པ་ནི་རང་གི་ཁྱིམ་གྱི་ལྷོར་ཕྱོགས་ པར་བསྟན་པ་ལྟར་བསྲེགས་ནས་ཡང་གསུངས་པ་ལྟར་འགྱུར་རོ། །ཡང་ན་ཁྱིམ་གྱི་ཕྱོགས་ནི་མར་ཚེས་ཟླ་བ་བྲི་བའི་བཅུ་བཞི་ནས་ལས་དེ་འགྲུབ་པའོ། །དེ་ནས་དབྱེ་བར་འདོད་ན་ཞེས་པ་ནི་ཐབ་དང་ལྷ་དང་མེ་ལྷ་རྣམས་བསད་པ་ལྟར་རོ། །དེ་ནས་ཡང་བསྐྲད་པར་འདོད་ན་ཞེས་པ་ནི་ཐབ་ ཁུང་ཁྲུ་གང་རྒྱ་དང་དཔངས་སུ་བྱ་ཞིང་ཁ་དོག་སྔོན་པོ་གཞུའི་དབྱིབས་ཅན་དུ་ཐོ་བ་དང་རྡོ་རྗེ་དབྱུག་པའི་ཕྲེང་བས་བསྐོར་བའོ། །མཆོད་པ་དང་རྫས་བསྲེགས་པ་ཡང་བསྐྲད་པའི་སེམས་གཙོར་བྱ་བའོ། །སྐྲོད་པའི་སྦྱིན་སྲེག་དག་དུས་གཅིག་ཡིན་ནོ། །མེ་སྦར་ཞིང་མེ་ལྷ་ལ་སོགས་པ་སེར་ པོ་སྔོན་ལྟར་བྱའོ། །ཞལ་དུ་རཾ་བཀོད་ལ་བསྲེགས་པས་གཞན་དུ་མི་འགྱུར་བའོ། །ཞི་བར་འདོད་ན་ཞེས་པ་ནི་ཐབ་ཁུང་ཟླུམ་པོ་ཚད་ལ་སོགས་པ་གཞན་ལྟར་རོ། །དགེ་འདུན་གྱི་མེ་ལ་སོགས་པ་དཀར་པོའོ། །མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་ཕྲེང་བ་དང་རིལ་བ་འཛིན་པའོ། །རྒྱས་ པར་འདོད་ན་ཞེས་པ་རྣལ་འབྱོར་ཉིད་ཚེ་དང་བསོད་ནམས་བུ་དང་འཁོར་མང་བར་འདོད་ན་བྱ་བ་སྟེ། ཐབ་ཁུང་ཁྲུ་དོ་ཁྲུ་གང་གཞན་ལྟར་རོ། །ཁྱིམ་བདག་གི་མེ་དང་ལྷ་སེར་པོ་ལ་སོགས་པའོ། །ཁ་ལྟ་ཕྱོགས་དང་འདུག་སྟངས་དང་ཏིང་ངེ་འཛིན་ལ་སོགས་པ་ མ་ཚང་བ་གཞན་ལྟར་ཤེས་པར་བྱའོ། །ཞི་བ་བརྒྱད་དང་བཅུ་བཞི། རྒྱས་པ་བཅོ་ལྔ། དབང་དང་དགུག་པ་ཉི་ཤུ་གཉིས། རེངས་པར་བྱ་བ་སྟོང་། དྲག་པོ་ཉི་ཤུ་དགུ་ཁོ་ན་ལ་བྱ་བ་མན་ངག་གོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་དྲུག་པའི་བཤད་པའོ།། །།བྱ་བ་དེ་དག་གིས་དུབ་པ་ དང་། བྱ་བ་དེ་དག་དོན་ཡོད་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་ལ་རག་ལས་པས་ཏིང་ངེ་འཛིན་བསྟན་པའོ། །བསམ་པའི་ཏིང་ངེ་འཛིན་བརྟན་ན་ལས་གོང་འོག་ཐམས་ཅད་འགྲུབ་པའོ། །བསྙེན་པ་སོང་བ་ཞེས་པ་ནི་བསྙེན་སྒྲུབ་སྔོན་དུ་མ་སོང་ བར་མི་འགྲུབ་པས་བསྙེན་སྒྲུབ་སྔོན་དུ་སོང་བ་ལས་སྦྱོར་དུ་བསྟན་པའོ། །རེ་ཕ་ཡོངས་སུ་གྱུར་པ་ཞེས་པ་ནི་སྔོན་དུ་བཤད་པའི་བསྒྲུབ་བྱའི་གཟུགས་དེ་གྲུ་གསུམ་བརྩེགས་མ་མེའི་གཟུགས་ནང་ན་ཡོད་པ་དེ་ནི་ལས་དབྱིབས་དང་མདོག་དང་མིང་དུ་བཅས་པ་བསྐྱེད་ལ། དེའི་སྙིང་ རིག་པའི་གནས་དེ་མ་རིག་པའི་མུན་པས་བསྒྲིབས་ཤིང་སྡིག་པ་སྣ་ཚོགས་བསྐྱེད་པ་དཀར་ནག་མཚམས་ན་གནས་པ་དང་། སྦུ་གུས་ལུས་རྣམས་གང་བ་ཅིག་མེའི་དཀྱིལ་ཆེ་བ་དྲག་པར་བསྐྱེད་ལ། དེ་ནས་རང་གི་གཟུགས་ལས་ཞེས་པ་ནི་སྙིང་གའི་ས་བོན་ལས་ཕྱོགས་བཅུར་འོད་ ལྔ་འཕྲོས་ལ་སངས་རྒྱས་ཐམས་ཅད་བསྐུལ་ཞིང་། ཐུགས་རྗེ་ལ་གནད་བོར་བར་བྱའོ། །སངས་རྒྱས་ཐམས་ཅད་ཀྱང་ཡི་རང་སྟེ་གནང་བ་བྱིན་པའི་ཐུགས་ཀ་ནས་ས་བོན་རྣམས་སྤྲོས་རང་ལ་བཅུག་ལ། ཁྲོ་བོའི་ཚོགས་ནམ་མཁའ་གང་བ་བ་སྤུའི་བུ་ག་ནས་སྤྲོས་ལ། བསྒྲུབ་བྱ་དེ་བཀུག་མདུན་ གྱི་དེ་ལ་བཅུག་སྟེ། སྡིག་ཅན་དེ་ལ་བ་སྤུ་ལྡང་བའི་སྙིང་རྗེ་བསྐྱེད་ལ་ཁྱོད་ལ་ངས་ཟང་ཟིང་དང་སྐྱབས་དང་བྱམས་པ་བསྒོམས་པས། མ་ཉན་པའི་ལས་ཀྱི་རྣམ་སྨིན་འདི་འདྲ་བ་མཐོང་ངམ་ཞེས་བསྒོ་ཞིང་སྨྲས་ལ། དེའི་སྐྱོབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡི་དམ་ལྷ་རྣམས་གཤེགས་ སུ་གསོལ་ལ། བསྲུང་བའི་འཁོར་ལོ་རང་ལ་གཞུག །འཇིག་རྟེན་པ་དེ་རྣམས་བསྐྲད་ལ་སོང་བར་བསམ་ཞིང་། གཤིན་རྗེའི་ཚོགས་དང་དམྱལ་བའི་སྒྲས་འདར་ཞེས་བྱ་བ་དང་བྲེད་དོ། །ལས་སུ་ཤེས་པར་བྱ་ཞིང་གོང་གི་འཁོར་ལོའི་བྱ་བ་དུར་ཁྲོད་དུ་བྱས་པས་ངེས་པར་འགྲུབ་པའོ། །འདི་དག་ ནི་དཀོན་མཆོག་གསུམ་ལ་གནོད་ཅེས་གཞན་ཡུལ་མ་ཡིན་པ་དང་། སྙིང་རྗེ་ཆེན་པོ་མེད་ན་མི་འགྲུབ་ཅིང་རང་ངན་འགྲོར་འཕེན་པས་བྱ་བ་མ་ཡིན་ནོ། །དཔག་ཚད་བརྒྱ་ནས་ཞེས་པ། དབྱིབས་མདོག་མིང་ལོ་ཡོད་ན་སྔོན་ལྟར་བྱས་པས་འགྲུབ་བོ། །དེ་ནས་དབྲལ་བར་འདོད་ན་ཞེས་བྱ་བ་ལ་སོགས་ པའི་ལས་ཐམས་ཅད་ཏིང་ངེ་འཛིན་ལ་རག་ལས་ཏེ། ཡུལ་རུང་བ་དང་སྙིང་རྗེས་ཟིན་པ་དང་ཐབས་ལ་མཁས་པའི་རྫས་དང་འཁོར་ལོ་དང་སྔགས་དང་སྔོན་དུ་བྱས་པ་ལ་ཏིང་ངེ་འཛིན་གྱིས་རྫས་ཀྱི་རྟེན་ལ་བསྐྱེད་པ་དང་། བསྒྲུབ་བྱ་དེ་ཉིད་བཅུག་ལ་བྱ་བའི་ཁྲོ་བོ་དང་གཤིན་རྗེ་ལ་སོགས་པ་ལས་དང་ སྦྱར་ལ་བྱ་བས་ལས་སྦྱོར་དུ་བསྟན་པར་ཤེས་པར་བྱའོ། །གཞན་གོ་སླའོ། །རང་གི་སྙིང་ག་ཞེས་པ་རྡོ་རྗེ་འཇིགས་བྱེད་ཀྱི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་ཁར་ཀླུ་བསྐྱེད་ལ། པདྨའི་འདབ་མ་བརྒྱད་ལ་ཨ་བརྒྱད། ཀླུའི་མགོ་བོ་ལ་ཨི། དེའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་བདུད་ རྩི་བླངས་ལ་སྙིང་གར་དབབ། ཀླུ་ལ་ཐིམ་ནས་ཡང་བསྒྲུབ་བྱའི་ལུས་ལ་དབབ་ཅིང་ནད་ཞི་བར་བསམ་མོ། །དེ་ནས་བཞུ་བ་ཞེས་པ་དབང་དུ་གྱུར་པའི་བསྒྲུབ་བྱ་ལ་བསྒོམ་པ་གོ་སླའོ། །རྣལ་འབྱོར་པས་ལུས་དུབ་གསོ་བའི་ཆོ་ག་ནི་འཁོར་ལོའི་ལྷ་ཐམས་ཅད་བསྡུས་ལ་རིམ་པས་འདུས་ནས་ སྤྱི་བོར་འཇམ་པའི་རྡོ་རྗེའི་ཞལ་དང་ལུས་སུ་བསྡུས་ལ། གནས་རྣམས་སུ་ཡི་གེའི་བཤད་པ་ལྟར་བསྒོམ་སྟེ། ལྟེ་བར་ནི་བཾ་ལས་དཀྱིལ་འཁོར་སྤྱི་བོར་ཧཾ་ལས་ཐུར་དུ་འདུས་པ་ཅན་བསྒོམས་ལ། རླུང་གིས་མེ་སྦར། མེས་ཆུ་བསྐོལ་ཆུས་ས་དྲོས་པའི་རླངས་ཀྱིས་ཧཾ་ལས་བདུད་རྩི་བབས་པས་ ལུས་རྒྱས་པར་གྱུར་ནས་ལོ་སྟོང་འཚོ་བར་འགྱུར་རོ། །དེ་ཡང་ས་བོན་དྷཱིཿས་ཡེ་ཤེས་ཀྱི་བདུད་རྩི་དགུག་པ་མན་ངག་ཏུ་ཤེས་པར་བྱའོ། །གཞན་རྣམས་ནི་ཤེས་པར་སླ་བ་ཉིད་དོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པའི་བཤད་པའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་ པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ནག་པོ་པ་ཉིད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ཉིད་ལས་བླངས་ནས་མཛད་པ་རྫོགས་སོ།། །།མཁའ་འགྲོ་མ་ལས་གནང་བ་ཐོབ། །འཇིགས་བྱེད་རྒྱུད་ཀྱི་འགྲེལ་པ་བྱས། །བསོད་ནམས་ཡིད་བཞིན་ནོར་འདྲ་སྟེ། །འགྲོ་ཀུན་ རྡོ་རྗེ་འཇིགས་འགྲུབ་ཤོག །རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་དཔལ་བཻ་རོ་ཙ་ན་རཀྵི་ཏ་དང་། བོད་ཀྱི་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧིཪྵཱ་ནན་ཡ་སཱ་དྷ་ནཾ། བོད་སྐད་དུ། མ་ཧེའི་ཞལ་གྱི་སྒྲུབ་པའི་ཐབས། བཅོམ་ལྡན་ འདས་མ་ཧིཪྵཱའི་ཞལ་ཅན་ལ་ཕྱག་འཚལ་ལོ། །གུས་པས་བླ་མ་དང་ནི་དེ་རྗེས་གཤིན་རྗེ་གཤེད་པོ་འཇམ་པའི་མཆོག །སྒྱུ་མའི་བདག་ཉིད་ཡན་ལག་བདེ་བས་རྒྱས་པ་གཞན་གྱི་དོན་འཇུག་པ། །གྲི་གུག་ལ་སོགས་མཚན་མ་བསྣམས་ཤིང་ཁྲོ་བ་དང་བཅས་མཚུངས་པ་མེད། །ཞལ་དགུ་ཡིས་ནི་ འཇིགས་པ་སེལ་བྱེད་དེ་ལ་སྤྱི་བོས་ཕྱག་འཚལ་འདུད། །གཤིན་རྗེ་འཇོམས་པའི་སྒྲུབ་ཐབས་ཀྱིས། །བློ་ལྡན་དེ་ཉིད་འདོད་པ་གང་། །དབང་བསྐུར་ལ་སོགས་ཐོབ་པ་དག །དེ་ཡི་སྒྲུབ་ཐབས་རིམ་པ་འདི། །བྱིས་པ་རྣམས་ཀྱིས་རྟོགས་ཕྱིར་དང་། །མཉམ་ པས་དྲན་པའི་ཕྱིར་དང་ནི། །མཆོག་རྣམས་བྱིས་པའི་ངག་ལ་ཡང་། །མགུ་བ་བསྐྱེད་ཕྱིར་བྲི་བར་བྱ། །དེ་ནས་ཡང་དག་རབ་བཤད་བྱ། །རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཐབས། །ལྷ་ཉིད་དག་ནི་ཐམས་ཅད་ཀུན། །ཤིན་ཏུ་འཇིགས་པར་བྱེད་པའོ། །དེ་ལ་དུར་ཁྲོད་ལ་སོགས་ པ་ཡིད་དང་མཐུན་པའི་གནས་ཤིག་ཏུ་གནས་ནས། སྒྲུབ་པའི་ཐབས་བརྩམ་པར་བྱའོ། །དེ་ནས་གནས་ནི་བརྗོད་པར་བྱ་སྟེ། དུར་ཁྲོད་དང་ཆུ་བོའི་ངོགས་དང་། ཤིང་གཅིག་དང་། རྟགས་གཅིག་པ་དང་། ལམ་གྱི་གཞི་མདོ་དང་། རི་བོའི་རྩེ་དང་། གནས་ཁང་སྟོང་པ་དང་། མ་མོའི་ ཁང་པ་དང་། ལྷའི་གནས་སམ། གཡུལ་འགྱེད་པའི་སའམ། གྲོང་ཁྱེར་རམ། དགོན་པའམ། གྲོང་ལ་སོགས་པའི་གནས་ནས། འདིར་རྡོ་རྗེ་འཇིགས་བྱེད་ཆེན་པོར་དབང་བསྐུར་བའི་རྣལ་འབྱོར་པ། སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པ། སེམས་ཅན་གྱི་དོན་ ལ་བརྩོན་པ་བྱམས་པ་ལ་སོགས་པ་དང་ལྡན་པ། དད་པ་དང་ཐོས་པས་རྣམ་པར་བརྒྱན་པ། ཁ་ལ་སོགས་པ་དག་པར་བྱེད་པའི་སྙིང་རྗེ་ཅན་དེ་བདེ་བར་འཇམ་པ་རོ་ལ་སོགས་པའི་སྟེང་དུ་འདུག་སྟེ། རང་གི་སྙིང་གར་པདྨ་ལས་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་ འཁོར་བསམ་མོ། །དེའི་སྟེང་དུ་ཡི་གེ་དྷཱིཿའི་རྣམ་པ་བལྟའོ། །དེ་ནས་དེའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་མཐར་ཐུག་པར་གནས་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་ལ་སོགས་པ་རྣམས་བསྐུལ་ཏེ། བཀུག་ནས་མདུན་དུ་ཡང་དག་པར་བཞུགས་པར་བྱས་ལ། བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་དུ། མཆོད་པ་དང་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་བསྟེན་པ་དང་། བྱམས་པ་ལ་སོགས་པ་བསྒོམ་པ་ཡང་བྱས་ལ། དེ་ནས་སྟོང་པ་ཉིད་དུ་བལྟ་བར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་ དོ། །ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་བྱས་པའི་དབུས་སུ། ཡི་གེ་ཡཾ་ལས་རྫོགས་པའི་རླུང་གི་དཀྱིལ་འཁོར་དུ་བའི་རྣམ་པ་ཅན་བསམ་མོ། །དེའི་སྟེང་དུ་དབྱངས་ཡིག་དང་པོ་ལས་རྫོགས་པའི་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་སྟེང་དུ་ཡི་གེ་དྷཱིཿལས་འཇམ་དཔལ་ འོག་ནས་བཤད་པའི་གཞོན་ནུའི་གཟུགས་ཅན་སྐད་ཅིག་གིས་བསྐྱེད་ལ། དེའི་ཐུགས་ཀར་ཨ་ལས་རྫོགས་པའི་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེ་ནས་ཉི་མའི་དཀྱིལ་འཁོར་ལས་འོད་ཟེར་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐར་ཐུག་པ་ན་གནས་པའི་དེ་བཞིན་ གཤེགས་པ་ལ་སོགས་པའི་འོད་ཟེར་གྱིས་བསྐུལ་ནས་བཀུག་སྟེ་ཉི་མའི་དཀྱིལ་འཁོར་དེ་ཉིད་ལ་ཞུགས་པར་བསམ་པར་བྱའོ། །འཇམ་དཔལ་དེ་ཉིད་དང་། དེ་བཞིན་གཤེགས་པ་ལ་སོགས་པ་དེ་ཉིད་རོ་གཅིག་པར་གྱུར་ཏེ། ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ། །འོད་འབར་ བ་དཔག་ཚད་བརྒྱ་སྟོང་ཁྱབ་པའི་རྣམ་པར་བསྒོམ་པར་བྱ་སྟེ། དེའི་སྟེང་དུ་ཧཱུཾ་ནག་པོ་ཁ་དོག་རྣམ་པ་ལྔའི་འོད་ཟེར་དང་ལྡན་པ་བལྟས་ལ། དེ་ནས་དེའི་འོད་ཟེར་རྣམས་ཀྱིས་ཁམས་གསལ་བར་བྱས་ནས་ཡང་ཧཱུཾ་དེ་ཉིད་ལ་བསམ་པར་བྱའོ། །དེ་ཉིད་གྱུར་པ་ལས་ཁ་གྱེན་དུ་ ཕྱོགས་པའི་རྡོ་རྗེ་ཆེན་པོ་མདོག་ནག་པོ་འོད་ཟེར་འཕྲོ་བ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ཕྲ་མོའི་རྣམ་པ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་རིག་པའི་ལྷ་མོ་དང་བཅས་པ། ནམ་མཁའི་ཁམས་ན་ཏིལ་གྱི་གང་བུ་བཞིན་ཉི་མ་ལ་གནས་པ་བསམ་པར་བྱའོ། །དེ་ལ་ གནས་པ་སངས་རྒྱས་ལ་སོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱས་ཤིང་གདུལ་བྱ་སོ་སོར་བྱང་ཆུབ་ལ་བཀོད་དེ། ཡང་དེ་དག་ཉིད་དང་ལྷན་ཅིག་ཏུ། སླར་འོངས་ནས། རྡོ་རྗེའི་གཟུགས་ལ་ཞུགས་པའི་རྣམ་པ་ཅན་དུ་བསམ་པར་བྱའོ། །རྡོ་རྗེའི་གཟུགས་དེ་ཉིད་ཞལ་དགུ་པ་ མ་ཧེའི་གཟུགས་འཇིག་པའི་དུས་ཀྱི་བསྐལ་པའི་མེ་ལྟ་བུའི་འོད་ཅན་རྡོ་རྗེ་འཇིགས་བྱེད་ཆེན་པོ། ཁམས་གསུམ་ཟ་བར་ནུས་པ། གཙིགས་པའི་ཞལ་ཅན། ཧ་ཧ་ཟེར་ཞིང་ལྕེ་འདྲིལ་བ་རྣམ་པར་བསྒྱུར་བའི་མཐར་འཇིགས་པའི་ཁྲོ་གཉེར་བྱེད་པ། འཇིགས་པའི་སྨིན་མ་དང་སྤྱན་ ཅན། འབྲུག་གི་སྒྲ་སྒྲོགས་པ་མིའི་ཁྲག་དང་། ཞག་དང་། ཤ་དང་། ཚིལ་བུ་དང་རྐང་རྣམས་གསོལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། བརྒྱ་བྱིན་དང་ཚངས་པ་དང་། ཟླ་བ་དང་ཉི་མ་དང་། གཞོན་ནུ་ནག་པོ་ལ་སོགས་པ་ཁ་ ཐུར་དུ་བལྟས་ལ་ཞབས་ཀྱི་འོག་ཏུ་མནན་པ། ཐོད་པ་ལས་བྱས་པའི་ཐོད་ཅན། སྦྲུལ་མཆོད་ཕྱིར་ཐོགས་པ། ཐོད་པའི་ཕྲེང་བའི་རྒྱན་གྱིས་བརྒྱན་པ། ཞབས་བཅུ་དྲུག་པ། གཅེར་བུའི་གཟུགས་ཅན་མཚན་མ་གྱེན་དུ་བསྒྲེང་བ། གཡོན་བརྐྱང་བ་གསུས་པ་འཕྱང་བ། སྐྲ་གྱེན་ དུ་བརྫེས་པ། འཇིགས་པར་བྱེད་པ་ཆེན་པོ་ཕེཾ་ཀ་རའི་སྒྲ་འབྱིན་པ། ཕྱག་སུམ་ཅུ་རྩ་བཞི་པ། གླང་པོའི་པགས་པ་རློན་པ་བསྣམས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་ཞལ་ཅན། དེ་ལ་ཕྱག་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་མཚོན་རྩེ་གཅིག་པ། གསུམ་ པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་མདུང་ཐུང་། དྲུག་པ་ན་དགྲ་སྟ། མདུན་པ་ན་མདུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་པ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེའི་ཐོ་བ། བཅོ་ ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཌ་མ་རུའོ། །དེ་བཞིན་དུ་གཡོན་པའི་ཕྱག་དང་པོ་ན་ཐོད་པ། གཉིས་པ་ན་མགོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་མདུང་གིས་ཕུག་པའི་སྐྱེས་བུ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་རོའི་སྣོད། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་བ་དན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་གི་རས་སོ། །ཕྱག་གཉིས་དག་གིས་གླང་པོ་ཆེའི་པགས་པ་བསྣམས་པའོ། །དེ་བཞིན་ དུ་གཡས་ཀྱི་ཞབས་དང་པོ་ལ་མི། གཉིས་པ་ན་མ་ཧེ། གསུམ་པ་ན་གླང་། བཞི་པ་ན་བོང་བུ། ལྔ་པ་ན་རྔ་མོ། དྲུག་པ་ན་ཁྱི། བདུན་པ་ན་ལུག །བརྒྱད་པ་ན་ཅེ་སྤྱང་ངོ་། །གཡོན་གྱི་ཞབས་དང་པོ་ན་བྱ་རྒོད། གཉིས་པ་ན་འུག་པ། གསུམ་པ་ན་བྱ་རོག །བཞི་པ་ན་ནེ་ཙོ། ལྔ་པ་ན་ཁྲ། དྲུག་པ་ན་བྱ་རྒོད་ཆེན་པོ། བདུན་པ་ན་ཁྱིམ་བྱ། བརྒྱད་པ་ན་བཞད་དོ། །དེ་ལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། ཞལ་དང་པོ་ནི་མ་ཧེའི་གདོང་ཤིན་ཏུ་གནག་པ། ཤིན་ཏུ་ཁྲོས་པའོ། །རྭའི་གཡས་གསུམ་ནི་ནག་པོ་དང་དམར་པོ་དང་སེར་པོ་སྟེ། ཤིན་ཏུ་ཁྲོས་པ། རྭའི་གཡོན་གྱི་ཞལ་གསུམ་ ནི། དཀར་པོ་དང་དུ་བའི་མདོག་དང་ནག་པོ་སྟེ། ཤིན་ཏུ་ཁྲོས་ཤིང་གཙིགས་པའི་ཞལ་རྣམ་པར་བསམ་མོ། །རྭའི་ལོགས་ཀྱི་དབུས་ཀྱི་ཞལ་དམར་པོ་ཤིན་ཏུ་ཁྲོས་པ་ཁྲག་འཛག་པ་བསྒོམ་པར་བྱའོ། །དེའི་སྟེང་གི་ཞལ་ཅུང་ཟད་སེར་བ། ཅུང་ཟད་ཁྲོས་པ་གཞོན་ནུའི་རྒྱན་ གྱིས་བརྒྱན་པ། ཟུར་ཕུད་ལྔའི་ཐོད་ཅན། ཞལ་ཐམས་ཅད་ནི་སྤྱན་གསུམ་པར་བསམས་ཏེ། བརྟན་པར་བྱས་ལ། ཤིན་ཏུ་མཉམ་པར་བཞག་པའི་སྔགས་པས། རྟག་ཏུ་དེ་ཉིད་ལ་སྦྱོར་བས་བདག་ཉིད་དཔལ་ཆེན་པོ་མ་ཧིཪྵའི་ཞལ་གྱི་བདག་ཉིད་དོ་ཞེས་བསྒོམ་པར་བྱའོ། ། བཟླས་པའི་དུས་སུ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་རྣམས་བསམས་ཏེ། རང་གི་སྔགས་ཀྱི་ཡི་གེ་འབར་བ་རྣམ་པར་དགོད་དོ། །དེའི་རྗེས་སུ་ཡིད་ནང་དུ་ཆུད་པས་བཟླས་པར་བྱའོ། །དེ་ལ་བཟླས་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། སྙིང་ པོའོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ། ནི་རཱ་མ་ཡ་ཕཊ། ཕྲེང་བའི་སྔགས་སོ། །སྔགས་འདིས་རྣལ་འབྱོར་པའི་ལས་ཐམས་ཅད་ཐོགས་པ་མེད་པར་བྱེད་དོ། །དུར་ཁྲོད་ ལ་སོགས་པར་གནས་ཏེ་རྟག་ཏུ་བསྒོམ་པར་བྱའོ། །བདུད་རྩི་རྣམ་པ་ལྔ་བཟའ་བར་བྱ་སྟེ། དེ་ཡིས་བསྒྲུབས་ན་འགྲུབ་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །གཞན་ཡང་སྒྲོན་མ་ཆེན་པོ་ལ་སོགས་པ་བཟའ་ཞིང་ནུབ་མོ་རྒྱུ་ཞིང་འགྲོ་བའི་རྣལ་འབྱོར་པས་རྩ་བའི་སྔགས་འབུམ་ བཟླས་པ་བྱའོ། །བཟླས་པ་བྱས་པའི་སྔགས་པས་ལས་ཐམས་ཅད་བྱེད་ཅིང་འགྲུབ་པར་འགྱུར་རོ། །བསམ་གཏན་ལ་བརྟན་པའི་སྔགས་པས་ཤིན་ཏུ་མཉམ་པར་གཞག་པར་བྱའོ། །མ་དད་པ་དང་མི་མོས་པ་དང་། དཀྱིལ་འཁོར་དུ་མ་ཞུགས་པ་ལ་མི་གཏད་ཅིང་རེས་འགའ་ ཡང་རྒྱུད་སྦྱིན་པར་མི་བྱའོ། །སྔགས་ཀྱང་རེས་འགའ་སྦྱིན་པར་མི་བྱའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་དང་བསམ་གཏན་ནི་བརྗོད་པར་མི་བྱའོ། །སྔགས་ཆུང་མ་དང་གཡོག་པོས་མ་ཚོར་བར་རོ། །འདི་ཕྱེད་པར་མི་བྱའོ། །བྲིས་སྐུ་མདུན་དུ་ཡང་མི་བསྟན། བྲིས་ སྐུ་གསང་ལ་གཟུང་ངོ་། །རྒྱུད་འདིའི་སྦྱོར་བ་གང་སུའི་དྲུང་དུ་ཡང་མི་བརྗོད་དོ། །གལ་ཏེ་སྨྲས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཟ་སྟེ་དམ་ཚིག་ཉམས་པའི་ཕྱིར་རོ། །དེའི་ཕྱིར་སྔགས་པས་སུ་ལ་ཡང་སྦྱིན་པར་མི་བྱའོ། །ཡང་ན་དམ་ཚིག་མི་ཕྱེད་ པ་རྟོག་པ་དང་བྲལ་བ་ལ་བསྟན་པའི་བརྟུལ་ཞུགས་དཔའ་བོ་དང་། བླ་མ་ལ་གུས་པ་དུལ་བ་དེ་བཞིན་གཤེགས་པའི་བསྟན་པ་ལ་གཅིག་ཏུ་གནས་པ། སྔགས་སྦེད་པ་དང་ཁྲོ་བ་མེད་པ། སྟེར་བ་ལ་དཔའ་བ། བཟླས་པ་དང་། བསྒོམ་པ་ལ་དགའ་བ། དཀྱིལ་འཁོར་མཐོང་ བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་གུས་པ། སྙིང་རྗེ་ཆེན་པོ་ལ་སོགས་པས་ཡིད་རྟོག་པ་དང་བྲལ་བ། ལེགས་པར་བརྟག་པ་ལ་ལེགས་པར་སེམས་པ། དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་སྦྱིན་པར་གཞན་ཏུ་གལ་ཏེ་སྔགས་པས་སྟེར་ན། སློབ་ མ་དང་བཅས་ནས་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། །འཇིག་རྟེན་འདིར་ཡང་འཇིགས་པ་ཆེན་པོ་མྱོང་བར་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ཡང་དམྱལ་བར་འགྲོ་སྟེ། དམ་ཚིག་ཉམས་པའི་ཕྱིར་རོ། །འདོད་ཆགས་ཞེ་སྡང་ལ་སོགས་ཆུ་སྲིན་འཁྲུས་ཤིང་རྨུགས་དང་གཉིད་ སོགས་དབུ་བ་ཅན། །འཁོར་བའི་རྒྱ་མཚོ་སྐྱེ་དང་འཆི་བའི་དབའ་ཀློང་ཟབ་མོ་འཇིགས་པ་ལས་སྒྲོལ་བ། །དཔལ་ལྡན་གཤིན་རྗེ་བདེ་བའི་རང་བཞིན་སྒྲུབ་ཐབས་བྱས་པས་སྐྱེ་འགྲོ་ཀུན། །བདག་འབད་པ་ཡི་བསོད་ནམས་རྙེད་པ་དེས་འདིར་འཇིག་རྟེན་དེ་ཡི་གོ་འཕང་གྲུབ་པར་ ཤོག། །།དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཀྱི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྣམ་པར་སྣང་མཛད་སྲུང་བའི་ཞབས་དང་། ལོ་ཙཱ་བ་ཁམས་པ་དགེ་སློང་བ་རི་དྷརྨཱ་ཀཱིརྟིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བྷཻ་ར་ཝ་ཨེ་ཀཱ་ན་ན་དྭི་བྷུ་ཛ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སྨ་ར་ སྨིན་མ་བ་སྤུ་གཟི་མ་དུས་མཐའི་མེ་ལྟར་འབར་ཞིང་ལྗགས་འདྲིལ་བ། །སྤྱན་གསུམ་རྭ་རྣོན་རྣམ་པར་འགྱུར་བའི་འཇིགས་གཟུགས་ཀླུ་བདག་རྒྱན་ཅན་མ་ཧེའི་ཞལ། །གཡོན་བརྐྱང་རབ་ཏུ་ཁྲོས་པ་སྣ་ཚོགས་པདྨ་ཉི་མའི་སྟེང་ན་ཡོངས་གནས་པ། །ཤིན་ཏུ་རྣོ་བའི་གྲི་ གུག་ཐོད་པ་འཛིན་པ་མཉམ་མེད་བདེ་བ་སྟེར་ལ་འདུད། །ཕྱག་དང་ཞལ་ནི་སྣ་ཚོགས་པ། །བསྒོམ་པ་རུ་ནི་མི་ནུས་པ། །བསྡུས་པའི་རྡོ་རྗེ་འཇིགས་བྱེད་པ། །སྐྱེ་བོ་ནུས་པ་མི་ལྡན་ཞིང་། །བློ་དམན་པ་ཡི་ངོ་རུ་ནི། །མདོར་བསྡུས་པ་ཡི་སྒྲུབ་པའི་ཐབས། །ཇི་ལྟར་དེ་ཉིད་ མོས་པ་ལའང་། །སྦྱོར་དོན་སྐྱེས་པ་བསྐྱེད་པའི་ཕྱིར། །སངས་རྒྱས་རྒྱུད་དུ་གསུངས་པ་ཡི། །རང་གིས་ཤེས་ན་རབ་ཏུ་འཇུག །གཙོ་བོ་དམ་ཚིག་རབ་ཏུ་བསྟན། །དེའི་ཕྱིར་ན་རྒྱས་པར་བཤད། །སྔགས་པས་རེ་ཞིག་ཐོག་མར་དུར་ཁྲོད་དམ་གཡུལ་ལ་ སོགས་པའི་སའམ། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་གནས་ནས། ཞལ་བཞིའི་སྔགས་ཀྱིས་ཕྱོགས་བཞིར་བསྔགས་ཤིང་བྱིན་གྱིས་བརླབ་པ་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་ ཝཱན་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས་སོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་བླ་མ་དང་སངས་རྒྱས་ལ་སོགས་པ་ནམ་མཁའི་ཕྱོགས་སུ་སྤྱན་དྲངས་ལ། ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པའི་ཆོ་ག་བྱས་ནས། དེ་ནས་སེམས་ཅན་ཚད་མེད་ པའི་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་ཡུལ་ལ་བལྟས་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། དེ་ལ་ཕན་པ་དང་བདེ་བ་ཉེ་བར་འདོད་པ་ནི་བྱམས་པའོ། །སྡུག་བསྔལ་གྱི་རྒྱུ་ལས་ཐོན་པར་འདོད་པ་ནི་སྙིང་རྗེའོ། །སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞིང་བདེ་བ་ལ་ སེམས་རངས་པ་ནི་དགའ་བའོ། །དེ་ཁོ་ན་ཉིད་དུ་རོ་གཅིག་པས་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ་ནི་བཏང་སྙོམས་སོ། །བསྒོམ་པ་ནི་དེའི་གཟུང་བ་དང་འཛིན་པའི་རྣམ་པར་བྱང་བའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེའི་རྗེས་ལ་ཆོས་ཐམས་ཅད་རང་བཞིན་མེད་པའི་ངེས་པར་རྣམ་པར་བསྒོམ་པར་བྱ་བ་ནི། སེམས་ཙམ་ཉིད་ཀྱིས་རྣམ་པར་རྟོག་པ་ཙམ་དུ་རྟོགས་ནས་སྔགས་ཀྱི་དོན་མངོན་དུ་བྱ་ཞིང་། སྟོང་པ་ཉིད་ཀྱི་སྔགས་བརྗོད་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ཐང་ཅིག་ཙམ་དུ་སྟོང་པ་ཉིད་ལྷག་པར་མོས་ནས་དེའི་རྗེས་ལ་སྟོང་པ་ཉིད་ལས། ཡཾ་ཡིག་དུ་བ་ལས་བྱུང་བ། །རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན། །དེ་སྟེང་ཟླ་བའི་དཀྱིལ་འཁོར་ནི། །ཨ་ཡིག་ས་བོན་ལས་བྱུང་བ། །དེ་ལ་དྷཱིཿཡིག་འོད་འབར་བ། །བསྒོམས་ ནས་དེ་ཡི་འོད་ཟེར་གྱིས། །བདེ་གཤེགས་རྒྱལ་བ་ཡང་དག་བསྐུལ། །དེ་རྣམས་ཐམས་ཅད་ཡང་དག་འདུས། །འཇམ་དཔལ་དབྱངས་སུ་ཡང་དག་བསྒོམ། །རལ་གྲི་པོ་ཏིས་ཕྱག་བྲེལ་བ། །གངྒཱའི་གསེར་གྱི་འོད་དང་ལྡན། །དེ་ཡི་སྙིང་གར་བསྒོམ་པ་ནི། །ཨ་ལས་ཉི་མའི་ དཀྱིལ་འཁོར་རོ། །དེ་ལས་འོད་ཟེར་ཡང་དག་འབྱུང་། །ཕྱོགས་ནས་རྫོགས་སངས་རྒྱས་བཞུགས་དང་། །ཁྲོ་བོ་བྱང་ཆུབ་སེམས་དཔར་བཅས། །དེ་བཞིན་རིག་པའི་ལྷ་མོ་ཚོགས། །ཡང་ན་ཉི་མ་དེ་ཉིད་ལ། །བསྐུལ་ནས་ཡང་དག་བཞུགས་པར་འགྱུར། །དེ་ཡང་དུས་ གཅིག་འཇམ་པ་ཡི། །ཉི་མའི་དཀྱིལ་འཁོར་དུ་ནི་གྱུར། །རོ་གཅིག་ཏུ་ནི་ཡང་དག་འབྱུང་། །མཆོག་ཏུ་ཤིན་ཏུ་འོད་གསལ་བའོ། །དཔག་ཚད་བརྒྱ་རུ་རྣམ་རྒྱས་པས། །འཇིག་རྟེན་གསུམ་ཁོངས་གསལ་བ་དང་། །བདུད་ཀྱི་ཚོགས་ནི་འཇོམས་པར་བྱེད། །ཡིད་ཀྱིས་ བརྟན་པར་བསྒོམ་པར་བྱ། །དེ་ཡི་སྟེང་དུ་ནག་པོ་ཆེ། །ཧཱུཾ་ཡིག་འོད་ཟེར་ལྔ་ལྡན་པ། །དེ་ལས་འོད་ཟེར་ངེས་པར་འབྱུང་། །དེ་ཉིད་དུ་ནི་ཡང་དག་འདུས། །ཡང་ནི་འོད་ཟེར་ཕྲེང་བ་ཡིས། །འགྲོ་བ་མ་ལུས་སངས་རྒྱས་བྱས། །སངས་རྒྱས་ལྔ་ནི་རབ་འབྱོར་པ། །ཧཱུཾ་གིས་ དེ་ཉིད་ལས་སྦྱོར་བྱས། །རྡོ་རྗེ་ཆེན་པོ་རྣམ་བརྩིགས་པ། །རྩེ་དགུའི་འོད་ཟེར་ཤིན་ཏུ་རྣོ། །བསྒོམས་ནས་དེ་ཡི་འོད་ཟེར་གྱིས། །ཕྲ་མོའི་གཟུགས་ཀྱིས་རྒྱལ་བ་སོགས། །ཉི་མ་ཡི་ནི་འོག་ཉིད་དུ། །གཟུགས་བརྙན་འདྲ་བར་ཡང་དག་བལྟ། །དེ་ཡིས་སེམས་ཅན་ ཡོངས་སུ་སྨིན། །དེ་ཡིས་ངེས་པར་ཡང་དག་བསྡུ། །རྡོ་རྗེ་གཟུགས་བརྙན་གཟུགས་གཅིག་ཏུ། །བློ་ལྡན་གྱིས་ནི་བཞུགས་པར་བསམ། །དེ་འོག་ཐམས་ཅད་ཡོངས་གྱུར་པ། །བསྐལ་པའི་མེ་ལྟར་བཟོད་དཀའ་བ། །སྐུ་མདོག་ནག་པོ་དྲག་ཆེན་པོ། །འཇིགས་ མཛད་ལྗགས་ནི་འདྲིལ་བ་ཡི། །མ་ཧེའི་ཞལ་ནི་སྐུ་ཆེན་པོ། །འཇིག་རྟེན་གསུམ་པོ་ཟ་བར་ནུས། །དཀོན་མཆོག་གསུམ་སོགས་གནོད་པ་ལ། །སྡིགས་མཛུབ་ཀྱིས་ནི་མཆོག་ཏུ་རྒྱལ། །གཞོན་ནུ་གདོང་དྲུག་ལ་སོགས་གསོད། །ལྷ་དང་ལྷ་མིན་བསྡིགས་པར་མཛད། ། དབང་པོ་ཉེ་དབང་དྲག་དང་ཚངས། །ཧ་ཧའི་སྒྲ་ཡིས་སྐྲག་པར་བྱེད། །བདུད་ཀྱི་དཀྱིལ་འཁོར་རབ་འཇོམས་པ། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་གསོད། །ས་འོག་ཏུ་ནི་རབ་ཏུ་གཡོ། །མགོ་བོའི་ཕྲེང་བས་འཕྲོག་ཆེན་པོ། །ཐོད་པའི་ཅོད་པན་གྱིས་ནི་ མཛེས། །ཞལ་གྱི་མཆེ་བ་གཙིགས་པ་དང་། །སྤྱན་གསུམ་དམར་ཞིང་ཟླུམ་པ་ཡིན། །རྭ་རྣོ་སྐྲ་ནི་འབར་བ་བཞིན། །སྨ་ར་སྨིན་མ་རབ་མགྱོགས་འཇིགས། །སྣ་ཚོགས་ཆུ་སྐྱེས་ཉི་མར་གནས། །དབང་པོ་ཡི་ནི་གདེངས་ཀས་བརྒྱན། །ཐུང་ཞིང་ལྟོ་འཕྱང་བརྗིད་པ་ཡི། །མཚན་ མ་གྱེན་འགྲེང་དྲག་དང་བཅས། །གཡས་དང་གཡོན་གྱི་ཕྱག་བསྣམས་པ། །ཐོད་པ་དང་ནི་གྲི་གུག་འཛིན། །སྔགས་པ་ཡིས་ནི་རྟག་ཏུ་བསྒོམ། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ནི། །ཡང་ན་ཞལ་གསུམ་ཕྱག་དྲུག་བསྒོམས། །ལྷག་མ་མདའ་གཞུ་ཁ་ཊྭཱཾ་ག །ཕྱག་གཉིས་ བགེགས་ཀྱི་པགས་པ་འཛིན། །ཞལ་གསུམ་དཀར་དང་དམར་བའོ། །གཡས་དང་གཡོན་གྱི་བསམ་གཏན་ནི། །དྲག་དང་བཞད་དང་འཇིགས་པའོ། །ལྷག་མ་ཀུན་ནི་སྔར་བཞིན་ནོ། །གཤིན་རྗེ་གདུག་པ་མ་ཧེའི་སྟེང་། །དེའི་མདུན་དུ་མགོན་པོ་ནི། །ཅིག་ཅར་ དུ་ནི་ཡང་དག་བསྐྱེད། །རྡོ་རྗེ་འཇིགས་བྱེད་དཔའ་བོ་ཡི། །ཕྱག་དང་ཁ་དོག་མཆོག་ཏུ་འདྲ། །སྤྱན་གསུམ་མཆེ་བ་གཙིགས་པ་ཡིས། །རོ་ཡི་སྟེང་ན་ཡང་དག་གནས། །གདུག་པ་ཅན་རྣམས་བསད་པའི་ཕྱིར། །སྙིང་རྗེའི་བདག་ཉིད་ཀྱིས་ནི་བསྒོམ། །དེ་རྗེས་ཡེ་ཤེས་ སེམས་དཔའ་དགུག །ཇི་ལྟ་བ་ཡི་ཆོ་གས་གཞུག །མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །དམ་ཚིག་ལ་ནི་ཡང་དག་གཞུག །དེ་ནས་དབང་བསྐུར་ཡང་དག་སྦྱིན། །རིགས་ཀྱི་བདག་པོས་སྤྱི་བོར་བརྒྱན། །མཉམ་པར་བཞག་པས་སྔགས་བཟླས་པས། །མྱུར་ དུ་འགྲོ་བའི་དོན་ནི་བྱས། །སྔགས་པ་སྐྱོ་བར་གྱུར་ན་ནི། །ལངས་ནས་བྱ་བ་གཞན་དག་བྱ། །སྨོན་ལམ་དེ་བཞིན་བྱས་ནས་ནི། །རྣལ་འབྱོར་བློ་ལྡན་དེ་ནས་ལངས། །སྔོན་དུ་བསྙེན་པའི་ཆོ་ག་ནི། །སྙིང་རྗེའི་བདག་ཉིད་སྔགས་བཟླས་པས། །མྱུར་དུ་འགྲོ་བའི་དོན་ནི་ བྱ། །འབུམ་ཕྲག་གསུམ་གྱི་གྲངས་ངེས་པས། །འགྲུབ་པར་འདིར་ནི་ཐེ་ཚོམ་མེད། །དེ་ལ་སྔགས་ནི་ཡི་གེ་བཅུ་པ་རྒྱུན་མི་འཆད་པར་ཀུན་དུ་དེ་དྲན་བཟླས་པ་ནི། །རིང་དང་ཐུང་དང་བུལ་བར་མ་ཡིན་བློ་ལྡན་མི་སྨྲར་གྱུར་པས་ཐམས་ཅད་དུ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ སྔགས་པས་མི་སྤོང་དངོས་གྲུབ་ཀྱི་ནི་གཞི། །ངེས་པར་སེམས་ནི་བརྟན་བྱས་མངོན་པར་འདོད་པ་ཇི་སྲིད་མཚན་མ་མ་བྱུང་བར་དུའོ། །དེ་ནས་རྣལ་འབྱོར་པ་ནི་སྙིང་རྗེའི་མཆོག །ཁྲོ་བོའི་ང་རྒྱལ་ཡིད་ཀྱིས་ནི། །བྱས་ནས་རྡོ་རྗེ་ཅན་གྱིས་བསད། །འཇིགས་བྱེད་བསད་པའི་ལས་ ནི་གཙོ། །གཤིན་རྗེའི་གཟུགས་ནི་བྱ་བ་ལ། །གྲོག་མཁར་བདུན་ལས་ཡང་དག་འབྱུང་། །འཇིགས་བྱེད་རྣལ་འབྱོར་ལྡན་པ་ཡིས། །དུས་སོགས་ཤེས་པས་འདུས་བྱས་པས། །གཅེར་བུ་རལ་གྲི་མི་མགོ་གཟུང་། །གསུས་པ་ཆེ་ལ་ཞལ་གཅིག་པ། །སྐྲ་སེར་གྱེན་བརྫེས་ མིག་དམར་བ། །གདུག་སེམས་ཅན་ནི་འཇིགས་པ་ཡིས། །དེ་ནི་གྲུ་གང་ཙམ་གྱི་ཚད། །མི་ཐོད་ལ་བྲིས་སྙིང་གར་གཞུག །བླ་མའི་མན་ངག་རྟོགས་པ་ཡིས། །དེ་ཡི་སྒྲུབ་ཐབས་ངེས་པར་སྦྱར། །ཁ་སྦྱར་དབྱེ་བར་བྱས་ནས་ནི། །སྲུང་བ་དགུག་པའི་སྦྱོར་བ་དང་། ། ལུས་ནི་སྟོང་པར་གྱུར་པ་ལ། །བསད་ན་དངོས་གྲུབ་མྱུར་དུ་ཐོབ། །གཤིན་རྗེའི་ལུས་ནི་རྫོགས་པ་དང་། །བསྒྲུབ་བྱ་མདུན་དུ་བྱས་ནས་ནི། །ཉི་མ་བདུན་གྱི་གྲངས་ཀྱིས་ནི། །ཇི་ལྟར་ཆོ་ག་ཐུན་གསུམ་དུ། །བཟླས་དང་སྦྱིན་སྲེག་སོགས་རྫོགས་པས། །མངོན་སུམ་ དུ་ནི་མཚན་མ་ཐོབ། །མཚན་ཕྱེད་ཀྱི་ནི་དུས་སུ་བྱ། །མི་མགོ་གསུམ་གྱི་སྟེང་དུ་བསྡུ། །ཁྲོ་བོའི་ང་རྒྱལ་སེམས་ཀྱིས་ནི། །འདི་ལྟར་བརྟན་བྱས་རྣལ་འབྱོར་བ། །གང་བསྟན་དེ་ནི་བྱས་པ་ན། །ཐམས་ཅད་བོར་བར་ངེས་པར་འགྲོ། །གང་ཡང་འདིར་ནི་དམྱལ་བ་ ཡང་། །སྤངས་ནས་བདེ་བ་ཅན་དུ་འགྲོ། །སྔགས་དང་རྒྱུད་ཀྱི་མཐུ་དང་ནི། །བསམ་གཏན་བསམ་བྱ་རྣལ་འབྱོར་པས། །སྡིག་པ་ཆེན་པོ་བྱས་པ་ཡང་། །དེ་ནི་ཐབས་ཀྱིས་སྦྱིན་པ་ཡིན། །ཉེ་བར་བྱས་པའི་ཐབས་ཡིན་ནོ། །གཞན་དུ་ན་ནི་སྐྱོན་དུ་འགྱུར། །རྡོ་རྗེ་འཇིགས་ བྱེད་ལས་བསྒྱུར་བས། །གསོལ་བཏབ་པ་ལ་ཐུགས་བརྩེ་ནས། །རིན་ཆེན་རྡོ་རྗེ་ཟླ་བ་ལྟར། །འདི་ཉིད་ལ་གུས་བདག་གིས་བྱས། །ཇི་ལྟར་ཐོབ་པའི་དགེ་བ་དེས། །བདེ་བ་བསྒྲུབ་པའི་སྒྲུབ་ཐབས་ནི། །ཆུ་རྒྱུན་འདོད་པའི་སེམས་ཅན་ནི། །དེ་ནི་རྡོ་རྗེ་ འཇིགས་བྱེད་ཤོག །འཇམ་པའི་དབྱངས་ཀྱིས་རབ་མཛད་པ། །ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཨ་ནནྟ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་སཱ་དྷ་ན་ནོ་པི་ཀ་སཾ་ཀྵིཔྟ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་མདོར་བསྡུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་ཞིག་སྔོན་བསྒོམས་པས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །རྡོ་རྗེ་ ཅན་ལ་གུས་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཆོ་ག་བཤད། །དེ་ལ་རེ་ཞིག་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་ཇི་སྐད་གསུངས་པའི་དབང་བསྐུར་བ་ཕུན་སུམ་ཚོགས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་སྔགས་པས། དུར་ཁྲོད་ལ་སོགས་པའི་གནས་ཡིད་དུ་འོང་བ་ རྣམས་སུ་གནས་ལ། སྟན་བདེ་བ་ལ་འདུག་སྟེ། ཐེ་ཚོམ་ལ་སོགས་པའི་དོགས་པ་བསལ་ནས་འབད་པས་བསྒྲུབ་པར་བྱའོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། དང་པོ་ཁོ་ནར་བདག་མེད་པ་བསྒོམས་པས་ནང་གི་བདག་ཉིད་ཅན་གྱི་ཁྲུས་བྱས་ལ། རང་གི་སྙིང་གར་ཡི་གེ་རཾ་ཡོངས་ སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ། ཧཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ། དེའི་དབུས་སུ་ཡང་ཧཱུཾ་ཁ་དོག་ནག་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམས་ལ། དེའི་སྣང་བས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། མཆོད་ པ་སྣ་ཚོགས་ཀྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་གནས་པ་དང་། བདག་ཉིད་དབུལ་བ་དང་། ཡོངས་སུ་བསྔོ་ བ་རྣམས་བྱས་ལ། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་བསྒོམ་ཞིང་དེ་བརྟན་པའི་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ལྟར་སྟོང་པ་ཉིད་བསྒོམས་ ནས་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ཁ་དོག་ནག་པོ་བ་དན་གྱིས་མཚན་པ་བསམས་ལ། དེའི་སྟེང་དུ་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ། དེ་ལས་རྡོ་རྗེའི་ས་གཞི་དང་། ར་བ་དང་བླ་རེ་ དང་། གུར་ལ་སོགས་པ་བསྒོམས་ཏེ། ཐམས་ཅད་རྡོ་རྗེའི་རང་བཞིན་གྱི་དབུས་སུ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཡི་གེ་དྷཱིཿཡོངས་སུ་གྱུར་པ་ལས་རལ་གྲི། རལ་གྲིའི་དབུས་སུ་ཡི་གེ་དྷཱིཿདེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་ བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་དང་ལྡན་པ། ཕྱག་གཡས་པས་ཤེས་རབ་ཀྱི་རལ་གྲི་དཔུང་པའི་ཐད་ཀར་འཛིན་པ། གཡོན་པས་གླེགས་བམ་ཐུགས་ཀར་བསྣམས་པ། གཞོན་ནུ་རྒྱན་ཐམས་ ཅད་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རལ་པ་དང་ཐོར་ཚུགས་ཅན་ནོ། །དེའི་སྙིང་གར་ཡི་གེ་མཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་གསུམ་གྱི་ དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་ལ་སོགས་པ་ཐམས་ཅད་བཀུག་ལ། གཞུག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་དང་། རང་འཇམ་དཔལ་གྱི་གཟུགས་སུ་སྣང་བ་དང་བཅས་ པ་ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་ཐིམ་པར་གྱུར་ཏེ། སླར་འོད་ཟེར་ཆེར་འཕྲོས་པ་ལས་དཔག་ཚད་བྱེ་བ་བརྒྱ་སྟོང་དུ་ཁྱབ་པས་འགྲོ་བའི་དོན་བྱས་ནས། དེ་བཞིན་གཤེགས་པ་ལ་སོགས་པ་བཀུག་སྟེ། གཅིག་ཏུ་བསྡུས་པ་ལས། ཡི་གེ་ཧཱུཾ་ཁ་དོག་ནག་པོ་འོད་ ཟེར་སྣ་ཚོགས་དང་ལྡན་པ་བསམས་ཏེ། དེ་ལས་ཀྱང་འོད་ཟེར་བྱུང་བས་སྔ་མ་བཞིན་དུ་བྱས་ཏེ། སླར་ཞུགས་པས་ཁྲོ་བོའི་རྡོ་རྗེ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་ཁྲོ་བོ་ལ་སོགས་ པ་སྤྲོས་ཏེ། ནམ་མཁའི་ཁམས་གང་བར་བྱས་ནས་སེམས་ཅན་གྱི་དོན་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཉིད་ཐོབ་པར་བྱས་ནས་སླར་བསྡུས་ཏེ། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་ འཁོར་འཁོར་ལོ་དང་བཅས་པ། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམས་པ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །དྲིལ་བུ་དར་གྱི་འཕན་ལ་སོགས། །མེ་ཏོག་ཕྲེང་དང་ཡང་དག་ལྡན། །སྒོ་རྣམས་ཀྱི་ནི་ཐམས་ཅད་ཀྱི། །སྒོ་ཁྱུད་ཀྱི་ནི་ གནས་སུ་ཡང་། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་ནོ། །དེའི་དབུས་ཀྱི་དཀྱིལ་འཁོར་ནི། །རེའུ་མིག་བརྒྱད་པ་འདྲ་བ་ལ། །ཞེས་གསུངས་པའི་རིམ་པས་གཞལ་ཡས་ཁང་དེ་ལྟ་བུའི་རྣམ་པ་ཅན་བསམས་ཏེ། དེའི་དབུས་ཀྱི་ལྟེ་བ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་དགུ་པ། ཕྱག་སུམ་ ཅུ་རྩ་བཞི་པ། ཞབས་བཅུ་དྲུག་དང་ལྡན་པ། འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པ། ཧ་ཧ་ཞེས་བཞད་ཅིང་ལྕེ་འདྲིལ་བ། སྤྱན་བགྲད་པ། འཇིགས་པའི་མེ་ལྟར་འོད་འཕྲོ་བ། མིའི་ཤ་དང་ཞག་དང་ཁྲག་ལ་དགྱེས་པ། ཐོད་པའི་ཕྲེང་བས་ བརྒྱན་པ། མིའི་རུས་པའི་ཕྲེང་བ་ཅན། ཕཊ་ཅེས་བྱ་བའི་སྒྲས་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། ཕྱག་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་གོས་སུ་བསྣམས་པ། ལྷག་མ་རྣམས་ལ་གོ་རིམས་བཞིན་དུ་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། ཐག་ མདུང་དང་། གཏུན་ཤིང་དང་། ཆུ་གྲི་དང་། ཤག་གླང་དང་། སྟ་རེ་དང་། མདའ་དང་། ལྕགས་ཀྱུ་དང་། དབྱུག་ཏོ་དང་། ཁ་ཊྭཱཾ་ག་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྡོ་རྗེ་ཐོ་བ་དང་། རལ་གྲི་དང་། ཅང་ཏེའུའོ། །གཡོན་པ་རྣམས་ནི་ཀ་པཱ་ལ་དང་། མགོ་བོ་དང་། ཕུབ་ཆུང་དང་། རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུར་ཁྲོད་ཀྱི་རས་དང་། གསལ་ཤིང་དང་། མེ་ཐབ་དང་། ཐོད་ཚལ་དང་། སྡིགས་མཛུབ་དང་། འཕན་དང་། རླུང་གི་རས་རྣམས་སོ། །ཞབས་གཡས་པ་རྣམས་ ཀྱིས་ནི། མི་དང་། མ་ཧེ་དང་། གླང་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ལུག་དང་། ཝ་རྣམས་སོ། །གཡོན་པའི་ཞབས་རྣམས་ཀྱིས་ནི། །བྱ་རྒོད་དང་། བྱ་རོག་དང་། ནེ་ཙོ་དང་། སེང་གེ་དང་། ཁྲ་དང་། བྱ་ཆེན་པོ་དང་། སྲིན་བྱ་དང་། ཁྲུང་ཁྲུང་རྣམས་མནན་པར་ བསམ་པར་བྱའོ། །ཞལ་དང་པོ་མ་ཧེའི་གདོང་ཅན་ནག་པོ། རྭ་གཡས་ཕྱོགས་ཀྱི་ཞལ་གསུམ་ལ། དང་པོ་སྔོན་པོ་གཉིས་པ་དམར་པོ། གསུམ་པ་སེར་པོའོ། །རྭ་གཡོན་ཕྱོགས་ཀྱི་ཞལ་གསུམ་ལ་དང་པོ་དཀར་པོ། གཉིས་པ་དུད་ཀ །གསུམ་པ་ནག་པོའོ། ། རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་ཁྲོ་བ་དང་བཅས་པའོ། །སྟེང་གི་ཞལ་ཁ་དོག་སེར་པོ་ཅུང་ཟད་ཁྲོ་བ། གཞོན་པའི་ཆ་ལུགས་ཅན། ཟུར་ཕུད་ལྔ་དང་ལྡན་པ་སྟེ། ཞལ་རེ་རེ་ཞིང་ཡང་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱི་རོལ་དུ་ནི་དུར་ཁྲོད་བརྒྱད་དང་ལྡན་པ་ལ། ཤར་ཕྱོགས་སུ་ནི་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་ལ་ནཱ་ག་གེ་སར་གྱི་ཤིང་ལ་གནས་པའི་ལྷའི་ཚོགས་ལ་སོགས་པ་དགོད་པར་བྱའོ། །ལྷོ་ཕྱོགས་སུ་ནི་ཤིན་ཏུ་དགོད་པ་ཞེས་བྱ་བའི་དུར་ཁྲོད་ལ་པླཀྵའི་ཤིང་ལ་གནས་པའི་གཤིན་རྗེའི་སྡེ་དཔོན་ཆེན་པོ་དགོད་དོ། །ནུབ་ཕྱོགས་ སུ་ནི་གོ་ར་ཨནྟ་ཀ་ར་ཞེས་བྱ་བའི་དུར་ཁྲོད་ལ་ཨ་ཤྭདྠ་ལ་གནས་པའི་སྤྲིན་གྱི་རྒྱལ་པོ་རྣམས་ཡོངས་སུ་དགོད་དོ། །བྱང་ཕྱོགས་སུ་ནི་ཀི་ལི་ཀི་ལ་ཞེས་བྱ་བའི་དུར་ཁྲོད་ལ་ཤིང་པ་ཏ་ལ་ལ་གནས་པའི་གནོད་སྦྱིན་གྱི་གཟུགས་ཅན་བསམ་པར་བྱའོ། །མེའི་ཕྱོགས་སུ་ནི་ བི་བི་ཤ་ན་ཞེས་བྱ་བའི་དུར་ཁྲོད་ལ་ཤིང་ཨ་ཁརྫུ་ན་ལ་གནས་པའི་དྲང་སྲོང་གི་ཚོགས་བསྒོམ་པར་བྱའོ། །བདེན་བྲལ་གྱི་མཚམས་སུ་ནི་འབར་བའི་རིགས་ཞེས་བྱ་བའི་དུར་ཁྲོད་ལ་ཤིང་པ་ཏ་ལ་ལ་གནས་པའི་སྲིན་པོ་ལ་སོགས་པ་དགོད་པར་བྱའོ། །རླུང་གི་མཚམས་ སུ་ནི་དམྱལ་བ་ལ་སོགས་པ་ཞེས་བྱ་བའི་དུར་ཁྲོད་ལ་ཤིང་ཨུ་དུམྺཱ་ར་ལ་གནས་པའི་རླུང་གི་བདག་པོ་དང་བཅས་པ་རྣམས་དགོད་པར་བྱའོ། །དབང་ལྡན་གྱི་མཚམས་སུ་ནི་དབྱིབས་ཅན་ཞེས་བྱ་བའི་དུར་ཁྲོད་ལ་ཤིང་ཨ་མྲ་ལ་གནས་པའི་ཡི་དགས་ཀྱི་ ཚོགས་བསྒོམ་པར་བྱའོ། །གཞན་ཡང་དུར་ཁྲོད་བརྒྱད་ན་བྱ་ཤ་ཟ་བ་སྣ་ཚོགས་དང་། གཅན་གཟན་སྣ་ཚོགས་པ་དང་། མིའི་རོ་སྣ་ཚོགས་པ་དང་། རོ་ལངས་དང་སྲིན་པོ་དང་འདྲེ་ལ་སོགས་པ་སྣ་ཚོགས་བསྒོམ་པར་བྱའོ། །དེ་ལྟར་དུར་ཁྲོད་ཀྱི་དབུས་སུ་ཆུད་པའི་ གཞལ་ཡས་ཁང་རྡོ་རྗེ་འཇིགས་བྱེད་དང་བཅས་པ་སྐད་ཅིག་གིས་བསྒོམས་ལ། རང་གི་སྙིང་གར་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་དཀྱིལ་འཁོར་ན་གནས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བསྐུལ་ཏེ། རིན་པོ་ཆེ་ལ་སོགས་པའི་བུམ་པ་ཕྱག་ གིས་བསྣམས་པས་དབང་བསྐུར་བས། མི་བསྐྱོད་པ་ཅོད་པན་དུ་བསམས་ཏེ། དེ་ཉིད་སླར་རང་གི་ལུས་ལ་ཞུགས་པས་སྙིང་གར་ཡེ་ཤེས་སེམས་དཔའ་བསམས་ལ། དེའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པར་བྱའོ། །དེ་ལྟར་རང་ཉིད་རྡོ་རྗེ་འཇིགས་བྱེད་ དུ་བསྒོམས་ལ། སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ་ཕཊ། རྩ་བའི་སྔགས་སོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ལས་ཀྱི་སྔགས་སོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ ཕཊ། སྙིང་པོའོ། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ་སྔགས་ཀྱི་ཡི་གེ་དེ་རྣམས་ལས་གང་ཡང་རུང་བ་བསམས་ཏེ། སྤྲོ་བ་དང་བསྡུ་བ་བྱའོ། །སྔགས་ཀྱི་ཡི་གེའི་འོད་ཟེར་ལས་ཁྲོ་བོ་སྣ་ཚོགས་པ་དང་། བྱ་སྣ་ཚོགས་པ་དང་། འདྲེ་དང་སྲིན་པོ་ལ་སོགས་པ་དང་། ཤིན་ཏུ་འཇིགས་སུ་རུང་བ་རྣམས་སྤྲོས་ཏེ། བསྒྲུབ་པར་བྱ་བའི་ཤ་དང་། རུས་པ་དང་། ཁྲག་དང་ཆུ་སེར་རྣམས་ཟ་ཞིང་འཐུང་བ་དང་། འཇིབ་པར་བསམ་པར་བྱའོ། །དེ་ལྟར་བསྒོམ་པ་དང་བཟླས་པ་ལས་ལྡང་བར་འདོད་ན་གཏོར་མ་གཏང་བར་བྱ་སྟེ། དྲུག་ཅུ་ པའི་འབྲས་ཆན་དང་། ཤ་དང་ཉ་དང་ཁྲག་དང་སྒོག་པ་དང་། ཆང་དང་བཅས་པའི་གཏོར་མ་བདུད་རྩི་ལྔ་དང་བཅས་པའམ། །ཡང་རྒྱུད་ལས་གསུངས་པའི་ཤ་སྣ་ཚོགས་པས་བདུད་རྩིར་བྱིན་གྱིས་བརླབས་ཏེ། སྔགས་འདིས་དབུལ་བར་བྱའོ། །ཨོཾ་ཀཱ་ལ་རཱུ་པ་སརྦ་ དུཥྚ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་ཨ་དྷི་པ་ཏི་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་ཡ་མ་མ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ནི་གཏོར་མའི་སྔགས་སོ། །དེ་ནས་ལངས་པའི་དུས་སུ་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ལྟར་རྣམ་པར་བསྡུས་པ་ལས་བྱུང་བའི། །དགེ་ བ་དེས་ནི་སེམས་ཅན་མ་ལུས་ཀུན། །འཕགས་པ་འཇམ་དཔལ་ཁྲོས་པ་ལས་བྱུང་བའི། །རྡོ་རྗེ་འཇིགས་བྱེད་དེ་དང་འདྲ་བར་ཤོག །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་མདོར་བསྡུས་པ། སློབ་དཔོན་ཆེན་པོ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །། ༄༅༅། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་བསྙེན་སྒྲུབ་ལས་རྣམས་སྦྱོར་འདོད་པས། །དེ་རྣམས་དགོས་པར་བཅས་པ་ཤེས་དོན་དུ། །དེ་ཡི་མཚན་ཉིད་བདེ་བར་འདིར་ནི་བསྟན་པར་བྱ། ཇི་སྲིད་ཏིང་འཛིན་སྔགས་ དང་མཆོད་པར་ལྡན་པ་ཡིས། །ལྷ་ཉེ་རྩེ་གཅིག་མཚན་མ་ཐོབ་པ་བསྙེན་པར་གསུངས། །རྟགས་ཐོབ་གྱུར་ནས་དབེན་པར་སོང་སྟེ་གླལ་དང་སྦྲིད་པ་དང་། །གཉིད་སྤངས་བརྟུལ་ཞུགས་བཅས་པས་ལེགས་བསྒྲུབ་པའོ། །བསྒྲུབས་པས་གདུལ་བྱའི་རང་ བཞིན་སྣ་ཚོགས་བཟླས་པ་ལ། །ཞི་བ་ལ་སོགས་ཐབས་ཀྱི་འབྱོར་པ་ལས་སུ་གསུངས། །དེ་ལ་ལས་གྲུབ་པ་ཡི་རྒྱུ་གསུམ་སྟེ། རྩེ་གཅིག་པ་ཐོབ་པས་ཆོས་ལ་དབང་སྒྱུར་བ་དང་། སྔགས་གྲུབ་པས་ངག་དབེན་པ་ཐོབ་པ་དང་། དམ་ལ་གནས་པས་ དམ་ཚིག་ཅན་སྟོང་གྲོགས་བྱེད་པའོ། །དངོས་གྲུབ་འགྲུབ་པའི་རྒྱུ་ནི། དད་པ་མི་ལྡོག་པ་དང་། ཤེས་རབ་ཀྱིས་ཐེ་ཚོམ་མི་ཟ་བ་དང་། སེམས་རྩེ་གཅིག་པ་དང་ཤིན་ཏུ་གསལ་བ་རྣམས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་བསྒྲུབ་ཀྱང་ཐ་མལ་ པའི་ཆགས་སྡང་ནི་བར་ཆོད་ཀྱི་སྒྲིབ་པ་ཆེན་པོ་ཡིན་ནོ། །དབང་དང་དམ་ཚིག་མེད་ན་འདི་དང་ཕ་རོལ་ཏུ་སྡུག་བསྔལ་འབྱུང་ངོ་། །ཇི་སྐད་བཤད་པའི་ཡོན་ཏན་བླངས་ལ་སྐྱོན་སྤངས་ཏེ། ལྷ་ཡི་བསྙེན་པ་ནི་དང་པོར་ཁྲུས་བྱས་ལ་སྟན་བདེ་བ་ལ་ འདུག་སྟེ། མཎྜལ་བྱི་དོར་བྱས་ལ་མེ་ཏོག་གི་གཅལ་བཀྲམ། སྐུ་གཟུགས་མདུན་དུ་བཞག་ལ། བསོད་ནམས་ཀྱི་ཚོགས་ཡན་ལག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། སྙིང་གའི་པདྨར་ཉི་མ་ལ་གནས་པའི་སེམས་དཔའི་འོད་ཟེར་གྱིས་དཔལ་འཇམ་པའི་ རྡོ་རྗེ་འོག་ནས་འབྱུང་བ་ལྟ་བུ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ་འདི་ལྟར་ཡན་ལག་བདུན་གྱི་སྨོན་ལམ་བྱའོ། །མཆོད་པ་བླ་ན་མེད་པ་ཀུན་དུ་བཟང་པོའི་མཆོད་སྤྲིན་འདོད་ཡོན་གྱི་ཆར་དག་པའི་སེམས་ཀྱིས་སྤྲུལ་ནས་འབུལ་ན། ཐུགས་རྗེ་ཆེན་པོའི་ དབང་གིས་བཞེས་སུ་གསོལ། ན་མོ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐུགས་ཀྱི་གཟུགས་བརྙན་སྐུ་ཡི་སྤྲུལ་པ་གསུང་གི་དབང་ཕྱུག །དཔལ་འཇམ་པའི་རྡོ་རྗེ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་སོ་འཚལ་ལ། བདག་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་ཞིང་ སྐྱབས་སུ་མཆིའོ། །གཞན་ཡང་བདག་གིས་ཐོག་མ་མེད་པའི་དུས་ནས་དུག་གསུམ་གྱི་དབང་གིས་སྡིག་པ་མི་དགེ་བ་ཅི་བགྱིས་པ་རྣམས་སོ་སོར་བཤགས་ཤིང་སླན་ཆད་སྡོམ་པར་བགྱིད་དོ། །ཕྱོགས་བཅུའི་འཕགས་པ་རྣམས་དང་འགྲོ་བ་དག་གི་བསོད་ ནམས་ཀྱི་ཚོགས་བསྐྱེད་དོ་འཚལ་ལ་རྗེས་སུ་ཡི་རང་བར་བགྱིད་དོ། །སྟོན་པ་འཇིག་རྟེན་གྱི་སྒྲོན་མ་བསྐུལ་བའི་ས་ལས་བཞེས་པ་གང་དག་བཞུགས་སོ་འཚལ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །བདེ་བར་གཤེགས་པ་གང་དག་འདུལ་བའི་དུས་ལ་མ་ བབ་པ་ལོག་པར་ལྟ་བ་རྣམས་སུན་དབྱུང་བའི་ཕྱིར། ཐབས་ཀྱིས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་འཁོར་བ་ཇི་སྲིད་པར་དོན་མཛད་པར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་དེ་དག་དང་གཞན་ཡང་བདག་དང་འགྲོ་བ་ཀུན་གྱིས་བགྱིས་སོ་འཚལ་ གྱི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །ཇི་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་བྱང་ཆུབ་མཆོག་ཏུ་བསྐྱེད་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ་གཟུང་བ་དང་འཛིན་པའི་རྣམ་པ་སྤངས་པ། ཆོས་བདག་མེད་པ་མཉམ་ པ་ཉིད་རང་གི་སེམས་གདོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐུགས་བསྐྱེད་པ་དེ་ལྟར་བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །བདག་གིས་འཕགས་པ་རྣམས་ལ་ལུས་ཕུལ་ཏེ་སེམས་ཅན་འཁོར་བའི་རྒྱ་མཚོ་ན་གནས་པ་རྣམས་བསྒྲལ་བའི་ཆེད་དུ་བཅོམ་ ལྡན་འདས་འཇམ་པའི་རྡོ་རྗེ་བསྒྲུབས་ཏེ། སེམས་ཅན་རྣམས་མྱ་ངན་ལས་འདའ་བར་བགྱིའོ། །དེ་ནས་ཚད་མེད་པ་བཞིས་སེམས་དག་པར་བྱའོ། །ད་ནི་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། སྣང་བའི་ཆོས་ཐམས་ཅད་ནི་སེམས་ཉིད་འཁྲུལ་པ་ཙམ་ སྟེ་གུད་ན་མེད་དོ། །སེམས་ནི་སྒྱུ་མ་ལྟ་བུར་རང་བཞིན་མེད་པ་སྟེ། དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པའོ་ཞེས་ཤེས་པར་བྱས་ལ་གསང་སྔགས་འདིས་སྟོང་པ་ཉིད་ཀྱི་ང་རྒྱལ་བྱའོ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་པས་ཐམས་ཅད་དག་ པའོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ། ཨ་དང་པོ་ལས་ཟླ་བར་གྱུར་པ། དེའི་སྟེང་དུ་དྷཱིཿའོད་དུ་ཞུ་བ་ལས་རལ་གྲི། རལ་གྲིའི་ལྟེ་བ་ལ་ཡི་གེ་དྷཱིཿགསེར་བཙོ་མའི་ཁ་དོག་ལྟ་བུ་ལས་ཡོངས་སུ་གྱུར་པའི་འཇམ་པའི་རྡོ་རྗེ་མདོག་སེར་པོ་ཨུཏྤལ་བསྣམས་ ཤིང་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། གཞོན་ནུ་ཟུར་ཕུད་ཅན་མཛེས་པའི་རྒྱན་གྱིས་བརྒྱན་པར་བསྒོམ། དེའི་ཐུགས་ཀར་ཨ་གཉིས་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བ་ཅན་དུ་བསམས་ཏེ། དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྣམས་ བསྐུལ་ནས། སླར་ཞུགས་པས་འཇམ་པའི་རྡོ་རྗེ་ཉིད་དང་སངས་རྒྱས་རྣམས་སུ་བཅས་ཏེ་ཉི་མའི་དཀྱིལ་འཁོར་ལ་ཐིམ་པས་ཤིན་ཏུ་གཟི་བྱིན་དང་ལྡན་པར་གྱུར་ཏེ། འོད་ཟེར་འབར་བས་ཀུན་དུ་ཁྱབ་ཅིང་འཕྲོ་བར་བསྒོམ་མོ། །དེའི་སྟེང་དུ་ཧཱུཾ་ནག་པོའོ། །འོད་ཟེར་ལྔ་འཕྲོ་བས་དོན་ བྱས་ཏེ་སླར་བསྡུས་པའི་སྦྱོར་བས་ཁྲོ་བོའི་རྡོ་རྗེ་རབ་ཏུ་འཕྲོ་བ་ཅན་དུ་གྱུར་ཏེ། དོན་གྱི་བྱ་བ་བྱས་ནས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ནས་རྡོ་རྗེ་དེ་ཉིད་ལ་བཞུགས་པས་སྐུ་གསུང་ཐུགས་རྡོ་རྗེ་དབྱིངས་ཉིད་དང་ལྡན་པར་གྱུར་ཏེ། དེ་ཉིད་བཅོམ་ལྡན་འདས་དཔལ་རྡོ་ རྗེ་འཇིགས་བྱེད་ཆེན་པོའི་གཟུགས་སུ་གྱུར་པར་བྱའོ། །འདི་ལྟ་སྟེ་སྐུ་བསྐལ་པ་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་ཤིང་། ཞལ་ཁྲོ་གཉེར་སྨིན་མ་འགྱུར་བ། མེ་འབར་བ་རྡོ་རྗེ་རྟ་གད་ཆེན་པོ་འབྱིན་ཅིང་ལྕེ་འཇིབ་པ། ཕེ་སྐད་ཆེན་པོ་གནམ་དུ་འདོན་ཅིང་འཇིག་རྟེན་གསུམ་གྱི་ བདག་པོའི་ཁྲག་གསོལ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་བསྡིགས་པ། སྐུ་གཅེར་བུ་ཐོད་པས་བརྒྱན་པ། མཚན་མ་འགྲེང་བ། གསུས་ཁྱིམ་ཆེ་བ། མ་ཧེའི་གདོང་ཆེན་པོ་སྟེ། འདི་དབུ་དགུ་པ་ཕྱག་སུམ་ཅུ་རྩ་བཞི་པ། ཞབས་བཅུ་དྲུག་པ་ གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཞལ་གཡས་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་སེར་པོ་སྟེ། དེ་གསུམ་ནི་གཡས་པའོ། །གཡོན་པའི་ཞལ་གསུམ་ནི་དཀར་པོ་དང་། དུད་ཀ་དང་། ནག་པོ་ཁྲོས་པ་སྟེ། དེ་གསུམ་ནི་ལྗགས་འདྲིལ་བའོ། །རྩ་བའི་ ཞལ་མ་ཧེ་ནག་པོ་ཁ་གདངས་པ་སྟེ་ལྕེ་འདྲིལ་བའོ། །རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་འཇིགས་པ་སྟེ་ཞལ་ནས་ཁྲག་འཛག་པའོ། །སྟེང་གི་ཞལ་སེར་པོ་ཅུང་ཟད་ཁྲོ་བ་གཞོན་ནུའི་ཚུལ་ཅན་གཙུག་ཕུད་ལྔ་པ་སྟེ། ཐམས་ཅད་ཀྱང་སྤྱན་གསུམ་པའོ། །ཕྱག་གཡས་གཡོན་གྱི་ དང་པོས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པའོ། །གཡས་པ་གཞན་ནི་རིམ་པ་བཞིན་དུ་གྲི་དང་། བི་ཏི་པ་ལ་དང་། གཏུན་ཤིང་དང་། ཆུ་གྲི་དང་། ཆུ་གྲི་བཟང་པོ་དང་། སྟ་རེ་དང་། མདུང་དང་། མདའ་དང་། ལྕགས་ཀྱུ་དང་། དབྱུག་ཏོ་དང་། ཁ་ཊྭཱཾ་ག་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྡོ་རྗེ་ཐོ་བ་དང་། རལ་གྲི་དང་། རྔེ་ཆུང་དང་དེ་རྣམས་བསྣམས་པའོ། །ཕྱག་གཡོན་ན་ཐོད་པ་དང་། ཚངས་པའི་མགོ་བོ་དང་། ཕུབ་ཆུང་དང་། མིའི་རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུར་ཁྲོད་ཀྱི་ རས་དང་། རྩང་ཆེན་གྱིས་ཕུག་པའི་རོ་དང་། མེ་ཐབ་དང་། ཐོད་ཚལ་དང་། སྡིགས་མཛུབ་དང་། འཕན་རྩེ་གསུམ་པ་དང་། རླུང་གིས་ཕྱར་བའི་རས་དང་དེ་རྣམས་བསྣམས་པའོ། །ཞབས་གཡས་པ་བརྒྱད་ཀྱིས་མི་དང་མ་ཧེ་དང་། གླང་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ལུག་ དང་། ཝ་དང་དེ་རྣམས་བརྫིས་པའོ། །གཡོན་པས་བྱ་རྒོད་དང་། འུག་པ་དང་། བྱ་རོག་དང་། སེང་གེ་དང་། བྱ་རྒོད་ཆེན་པོ་དང་། ཁྲ་དང་། ནེ་ཙོ་དང་། རི་སྐེགས་དང་དེ་རྣམས་བརྫིས་པའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔས་མཚོན་པ། སྐུ་གསུང་ཐུགས་བྱིན་གྱིས་ བརླབས་པ། མི་འཁྲུགས་པས་དབང་བསྐུར་བའོ། །དེ་ནས་ཨེ་ཡཾ་རཾ་ཁཾ་ལཾ་སུཾ་བྷྲཱུཾ། ཞེས་བརྗོད་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་སྟེང་ན་གཞལ་ཡས་ཁང་གྲུ་བཞི་སྒོ་ཁྱུད་དང་ལྡན་པ། དུར་ཁྲོད་འབར་བའི་ཀློང་ན་གནས་པ་ཅིག་བསྒོམ་མོ། །དཀྱིལ་འཁོར་གྱི་དབུས་ན་ རོ་ཆེན་པོའི་སྟེང་དུ་ཇི་སྐད་སྨོས་པའི་སེམས་ཅན་རྣམས་ཀྱི་གདན་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་བདག་དང་མཐུན་པར་བསྐྱེད་དོ། །གྲྭ་བཞི་རུ་མཆོད་པའི་ལྷ་མོ་བཞི་དང་། སྒོ་བཞིར་སྒོ་མ་བཞི་ཁྲོ་བོའི་ཆ་བྱད་ཅན་ཡི་གེ་ཡ་ལས་བསྐྱེད་དོ། །དེའི་ཕྱི་རོལ་དུ་ ལས་ཀྱི་གཤིན་རྗེ་ཕོ་མོ་མཁའ་འགྲོ་མ་དང་འབྱུང་པོའི་ཚོགས་བསྐྱེད་པར་བསྒོམ་སྟེ། དེའི་ལྷོ་ཕྱོགས་ཀྱི་སྒོར་བཅོམ་ལྡན་འདས་ཀྱི་མདུན་དུ་བདག་དམ་ཚིག་སེམས་དཔར་གནས་པར་བསྒོམ་མོ། །དེ་ལྟར་གསལ་བ་དང་ལྕགས་ཀྱུའི་ཕྱག་རྒྱ་བཅས་པའི་ཏིང་ངེ་འཛིན་དང་ལྡན་པས་ སྤྱན་དྲངས་ཏེ། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །དུས་ཀྱི་ཁམས་བཞིན་ཐུགས་རྗེས་འགྲོ་འོང་བྲལ། །སྤྲུལ་པའི་འགྲོ་དང་བྲལ་བ་གཟུགས་བརྙན་བཞིན། །འགྲོ་དང་འོང་བའི་མཚན་ཉིད་མི་མངའ་ཡང་། ། ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བའོ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །སངས་རྒྱས་ཀུན་གྱི་རང་བཞིན་འཇམ་པའི་དབྱངས། །གདུག་པ་འདུལ་བྱེད་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་ཐུགས་ལས་སྤྲུལ་པའི་ལྷ་མོས་བསྐོར། །ལས་བྱེད་ སྤྲུལ་པ་གཤིན་རྗེ་འཁོར་དང་བཅས། །འདིར་གཤེགས་བརྟན་པར་བདག་ལ་དགོངས་སུ་གསོལ། །ཨོཾ་ཧྲཱིཿབྷོ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨ་ཏ་པཱུ་ཛ་པྲ་ཏི་གྲྀཧྞ་པྲ་སཱ་དྷཾ་མེ་དྷཱིཿམཾ་ཀུ་རུ་སྭཱ་ཧཱ། ཞེས་པས་གཉིས་སུ་མེད་པར་བྱའོ། །གཉིས་མེད་ཐུན་མོང་མ་ ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་། །སྲིད་གསུམ་ གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ཆོས་རྣམས་ཀུན་དང་རང་བཞིན་དབྱེར་མེད་དེ། །སྒྲུབ་མཆོག་བདག་གིས་སེམས་ཀྱང་དེ་ ལགས་པས། །དེ་མཚོན་དོན་ཕྱིར་རྟགས་ཀྱི་སྐུར་བསྟན་པ། །ཐུགས་ལ་གནས་པའི་ཡེ་ཤེས་འཕྲོ་བའི་རྒྱ། །ཡེ་ཤེས་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྣམས་ཀྱི་ཡོན་ཏན་རྨད་པོ་ཆེ། །བསམ་འདས་བརྗོད་བྲལ་དཔག་གིས་མི་ལང་ཡང་། །མི་ཕྱེད་རྡོ་རྗེ་ གསུམ་དུ་འདུས་བསྟན་པ། །སྐུ་གསུང་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཐམས་ཅད་མཉམ་ཉིད་ཆོས་ཀྱི་སྐུ། །རང་བཞིན་རྣམ་དག་རིགས་རྒྱུད་མི་མངའ་ཡང་། །རྣལ་འབྱོར་གྲུབ་པ་མཚོན་ཕྱིར་རྒྱས་བཏབ་པ། །དབུ་རྒྱན་རྡོ་རྗེ་མཚོན་ལ་ཕྱག་འཚལ་ལོ། །ཡེ་ ཤེས་སྣང་མེད་ཆགས་པའི་རྡུལ་བྲལ་ཞིང་། །འདོད་པ་ཁམས་ཀྱི་སེམས་ཅན་འདུལ་སླད་དུ། །ཐབས་ལ་མཁས་པའི་འདོད་ཡོན་གཟུགས་སུ་སྤྲུལ། །མཆོད་པའི་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྤྲོས་བྲལ་དབྱིངས་ཀྱི་ཕོ་བྲང་དུ། །གཟུང་འཛིན་བྲལ་ བའི་ཡེ་ཤེས་ཟློས་འཇུག་ཕྱིར། །འཁྲུལ་པའི་བགེགས་ཚོགས་གདུལ་བའི་སྐུར་བསྟན་པ། །གཞལ་ཡས་སྒོ་སྐྱོང་བཞི་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྡོ་རྗེ་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་འཆེས་པ། །ལས་ཀྱི་གཤིན་ རྗེ་མང་པོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །འདི་ནི་ཕྱག་འཚལ་བའོ། །རྒྱལ་བ་རྣམས་ནི་གཙང་གྱུར་ཅིང་། །སྨེ་བའི་རྟོག་པ་མི་མངའ་ཡང་། །སྲི་ ཞུ་ཚུལ་གྱིས་ཡོན་ཆབ་འདི། །བདེ་གཤེགས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་ཧྲཱིཿཥྚྲྀཿཧ་ཨརྒྷའིའོ། །ཨོཾ་ཧཱུཾ་ཕཊ་ཕཊ་བསང་གཏོར་གྱིའོ། །རྒྱལ་བ་རྣམས་ནི་ཡོན་ཏན་མཆོག་གི་སྐུ། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་ངད་ལྡན། །བྱང་ཆུབ་ཡན་ལག་བརྒྱད་པ་མེ་ཏོག་ མཛེས། །མ་རིག་མུན་པ་བྲལ་བ་ཡེ་ཤེས་གསལ། །ནོར་བདུན་ཡོན་ཏན་ཆོག་ཤེས་བདུད་རྩི་ཟས། །ཡེ་ཤེས་ཕོ་བྲང་མཚན་གྱི་མེ་ཏོག་སྤོས། །སྒྱུ་མའི་ཆོས་ལ་ཡེ་ཤེས་དབང་སྒྱུར་ཞིང་། །རང་བཞིན་རྣམ་དག་རིགས་རྒྱུད་མི་མངའ་ཡང་། །བདག་ཅག་སྲི་ཞུ་གུས་པའི་ཚུལ་ གྱིས་སུ། །དྲི་དང་བདུག་པ་མེ་ཏོག་མར་མེ་བཤོས། །དག་ཅིང་གཙང་མར་བཤམས་ཏེ་ཕུལ་བ་འདིས། །བསོད་ནམས་ཡན་ལག་ཡོངས་སུ་རྫོགས་གྱུར་ཅིག །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་དུཥྚ་སཏྭ་ད་མ་ཀ་གཿདྲིའིའོ། །ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛྫཿཧཱུཾ་ཕཊ་མེ་ཏོག་གིའོ། །ཨོཾ་ཧྲཱིཿཧཿཧཿ ཧེ་ཧེ་ཕཊ་བདུག་པའིའོ། །ཨོཾ་དཱིཔྟ་ལོ་ཙ་ན་བི་ཀྲྀ་ཏ་ཨཱ་ན་ན་མ་ཧཱ་ཨཊྚཱཊྚ་ཧ་ས་ན་དི་ནེ་དཱིཔྟ་དཱིཔྟཱ་ཡ་སྭཱ་ཧཱ། མར་མེའིའོ། །ཨོཾ་ཀཱ་ལ་རཱུ་པ་སཏྭ་ད་མ་ཀ་ནཻ་བིདྱེ་པཱུ་ཛ་ཡ་སྭཱ་ཧཱ། བཤོས་གཙང་གིའོ། །འདི་ནི་མཆོད་པ་དབུལ་བའོ། །ཧཱུཾ། འཇམ་དཔལ་མཁའ་ལ་འབྱུང་བའི་གསེར་ མདོག་ཅན། །འཇམ་དཔལ་ཐུགས་ལས་ཆོས་ཀུན་རང་བཞིན་གསལ། །འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེས་གདུག་པ་མ་ ལུས་འདུལ་བའི་ཕྱིར། །གཤིན་རྗེ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །མི་བཟད་དུས་མཐའི་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་སྟོང་འགྱུ། །སྤྱན་བགྲད་མཆེ་བ་གཙིགས་པ་རབ་ཏུ་འབར། །རྡོ་རྗེ་རྟ་གད་དྲག་པོ་ཧ་ཧར་བཞད། །མཁའ་ འགྲོ་གདུག་པའི་ཕེཾ་སྐད་གནམ་དུ་སྒྲོགས། །ཁྲོས་པའི་སྟབས་ཆེན་བརྡབས་པས་ཁམས་གསུམ་གནོན། །སྡིགས་མཛུབ་གནམ་དུ་བསྒྲེང་ཞིང་ལྷ་ཆེན་འདུལ། །ལྗགས་འདྲིལ་ཚེམས་ཆེན་གཙིགས་ཤིང་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་ རྟེན་ཞལ་དུ་གསོལ། །གླང་ཆེན་ཀོ་རློན་ཐོད་པའི་ཕྲེང་བ་ཞགས། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། །འཇིགས་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང་། །ཞལ་དགུ་འབར་བར་སྲིད་པ་ཟ་ཞིང་རྔུབ། །འགྲོ་བ་སྣ་ཚོགས་འདུལ་བའི་ཕྱག་རྒྱ་འབར། །བདུད་ རིས་གནོན་པའི་ཞབས་ནི་བརྐྱང་བསྐུམ་མཛད། །འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ་གསུམ་བགྲད་པ་ནི། །མཐིང་ག་དམར་དང་སེར་བའི་ཞལ། །གཡོན་པའི་ཞལ་གསུམ་གདངས་པ་ནི། །དཀར་ དང་དུད་ཀ་ནག་པོའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། །ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་ལས། །གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །རྡེག་ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོ་སྟོབས་པ་ཡི་ མཚན་མས་མཛེས། །བརྗིད་གནོན་ཞབས་ཀྱི་ཕྱག་རྒྱ་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམ་པ་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་གནོན། །གཡོན་གྱི་ཞབས་བརྒྱད་བརྐྱང་བ་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། ། རྟག་ཏུ་ལིངྒ་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །གདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དབང་སྡུད་ཁྱོད་ལ་ཕྱག་འཚལ་ལོ། ། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དད་པས་འདུས་པ་དང་། །ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ནས། །རྣམ་དག་དབྱིངས་ལས་མ་ གཡོས་ཏེ། མཉམ་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཆབ་དང་རོལ་མོའི་རྫས་ཀྱིས་ཀྱང་མཉེས་པར་བྱ་སྟེ། འདི་ནི་བསྟོད་པའོ། །དེ་ནས་ཁ་ཟས་ཅི་འབྱོར་པའི་གཏོར་མ་རཾ་གྱིས་སྦྱངས་ཏེ། ཨ་ལས་བདུད་རྩི་ཆེན་པོར་གྱུར་པའི་འོད་ཟེར་ལས་འདོད་ཡོན་ཇི་ལྟ་བར་མོས་པ་བཞིན་ དུ་འབྱུང་བར་བསམས་ཏེ་སྔགས་འདིས་འགྲོ་བ་ཀུན་དང་འཁོར་དུ་བསྡུས་པ་རྣམས་ལ་སྦྱིན། ཨོཾ་ཀཱ་ལ་རཱུ་པ་སརྦ་དུཥྚ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་ཨ་དྷི་པ་ཏི་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་ལན་གསུམ་དུ་བརྗོད་དེ་དབུལ་ལོ། །དེ་ནས་བདག་ཉིད་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར་ ལ་བཟླས་པའི་ཡི་གེ་བསམས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡང་དེ་བཞིན་དུ་དམིགས་ལ་བདག་ལས་ཡི་གེ་འཕྲོས་པས་ལྷའི་ཐུགས་དམ་བསྐུལ། བདག་ལ་ཐིམ་པས་དངོས་གྲུབ་ཀྱི་དབྱིག་དམ་པ་ཐོབ་པར་འགྱུར་ཏེ། མགལ་མེའི་འཁོར་ལོ་ལྟར་རྒྱུན་མ་ཆད་པར་བྱའོ། ། གཏོང་བར་འདོད་པ་དང་མཆོད་པར་བྱ་སྟེ། མཐོལ་བཤགས་བྱས་ཏེ་བཟོད་པར་གསོལ་ནས་ཡེ་ཤེས་ཀྱི་ལྷ་སླར་གཤེགས་སུ་གསོལ། སྤྲོས་མེད་མཁའ་ལྟར་ཁྱབ་པའི་སྐུ་མཆོག་ནི། །མི་གནས་ཕྱིར་ན་གཤེགས་པ་མི་མངའ་ཡང་། །སྲི་ཞུའི་ཚུལ་གྱིས་གཤེགས་སུ་ གསོལ་བ་འདིས། །བདག་དང་གཞན་བཅས་སྒྲིབ་པ་བྱང་གྱུར་ཅིག །ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་བྷཱ་ཝ་ནཾ་ཀྲྀ་ཏཾ་ཏེ་ན་ཏ་ཐཱ་ག་ཏཾཤྩ། སརྦ་བུདྡྷཾཤྩ། བི་སརྫ་ཡ་མ་མ་ཀརྱཾ་ཀུ་རུ་སྭཱ་ཧཱ། དེ་ནས་དམ་ཚིག་གི་ལྷ་བདག་ལ་བསྡུ་ལུས་བསྲུང་བ་ཡང་བྱའོ། །དཔལ་ རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པའི་ཆོ་གའོ། །རྫོགས་སོ།། །།༄༅༅། །ཡི་དམ་བཅས་པ་རྫོགས་པ་དང་། །ཏིང་འཛིན་རྩེ་གཅིག་གྱུར་པའམ། །མཚན་མ་བརྟན་པོ་ཐོབ་པ་ན། །དབེན་པའི་གནས་སུ་སོང་ནས་ནི། །སྔགས་ཀྱི་བརྟུལ་ཞུགས་སྤྱད་པར་བྱ། །སྐུ་གཟུགས་སམ་ནི་ མཚན་མ་ལ། །ཏིང་འཛིན་སྤྲོ་བསྡུ་གསལ་བར་བྱ། །སྒྲུབ་རྫས་ལ་ཡང་དེ་བཞིན་ཏེ། །བརྐྱང་བསྐུམ་ཙམ་ཡང་སྤངས་ནས་ནི། །སེམས་ནི་ཅུང་ཟད་ཉམས་མི་བྱ། །ནམ་ཞིག་མཚན་མ་བྱུང་བ་ན། །ཐེ་ཚོམ་མེད་པས་དངོས་གྲུབ་བླང་། །འདི་ལྟ་སྟེ་བསྙེན་པས་རྟགས་བྱུང་ བ་དང་སྒྲུབ་པ་བརྩམ་པར་བྱ་སྟེ། ཤིན་ཏུ་དབེན་པའི་གནས་སུ་མཎྜལ་བྱ་སྟེ། དེར་ལྷའི་རྟེན་བཞུགས་སུ་གསོལ་ཏེ། མཆོད་པའི་རྫས་དང་དངོས་གྲུབ་ཀྱི་རྫས་ཀྱང་གཞག་གོ། །ཡང་མཆོད་པ་གཞན་ཡང་བཤམས་ལ། དང་པོ་བསྙེན་པའི་དུས་ཇི་ལྟ་བ་ བཞིན་མཆོད་ནས། དེ་ནས་བདག་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀ་ནས་ཡི་གེའི་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་སྐུའམ་མཚན་མ་ལ་བསྟིམ་སྟེ། ནམ་སྐུ་འཛུམ་པའམ་མེ་ཏོག་འབར་བའམ། བདུག་པ་དྲི་དང་ལྡན་པའམ་ རྫས་ཁོལ་བ་དང་། དྲོ་བ་དང་དུད་པ་འཐུལ་བ་ན་བརྟན་པའི་སེམས་ཀྱིས་ཐེ་ཚོམ་མེད་པར་མཆོད་པའི་ས་ལྷ་ལ་ཕུལ་ཏེ། ལག་པ་གཡས་ཀྱིས་བླངས་ལ་ཐུགས་ཀར་བསྟིམ། དངོས་གྲུབ་ཀྱི་རྫས་ལག་པ་གཡོན་གྱིས་བླངས་ལ་གཏད་དོ། ཐེ་ཚོམ་སྐྱེས་ན་བར་ཆད་དུ་འགྱུར་རོ། ། འདི་ནི་སྒྲུབ་པ་སྟེ་དངོས་གྲུབ་བླང་བའི་ཐབས་སོ། །དེ་ཕན་ཆད་བརྫུན་དང་། མ་ཐོས་པའི་ཆོས་མངོན་དུ་འགྱུར་ཏེ། རིག་པ་འཛིན་པའི་ས་ལ་གནས་ནས། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་ལས་རྣམ་པ་བཞི་ཐོགས་པ་མེད་དོ། །མཚན་མ་ཇི་ལྟ་བ་བཞིན་མ་བྱུང་ན་ཡང་། འཇིག་རྟེན་ ན་ཚེ་རིང་། ལོབས་སྐྱེན། ལས་རྣམ་པ་བཞི་འགྲུབ་བོ། །གཞན་དུ་སྐལ་པ་བཟང་པོར་སྦྱོར་རོ། །དེ་ལ་གནས་གསུངས་པ་ནི། རྣམ་པ་སྣ་ཚོགས་རི་དགོན་དང་། །ཆུ་ཀླུང་འབབ་ཆུ་རྣམས་དང་ནི། །དུར་ཁྲོད་དབེན་ཞིང་ཉམས་དགའ་བར། །སྒྲུབ་པ་དག་ནི་བརྩམ་ པར་བྱ། །དེ་ལ་བརྟུལ་ཞུགས་ནི། སྐྱེ་བོ་མེད་པའི་ནགས་ཚལ་དུ། །སྔགས་པས་ལྷ་ཡི་བརྟུལ་ཞུགས་སྤྱད