Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 47

Văn bản gốc(Tây Tạng)

Trang 11 / 16 (50.000 ký tự/trang)
། །ཟས་ལ་གཙང་སྨེ་མི་ལྟ་ཞིང་། །ཡུལ་ལ་བཟང་ངན་བྱེད་མི་བྱ། །ཏིང་ངེ་འཛིན་ལས་མི་ཉམས་ཤིང་། །ཕྱག་རྒྱ་བཅའ་བའམ་བཟུང་བ་ནི། །ལྷར་བཅས་
འཇིག་རྟེན་ཕྱག་མི་བཙལ། །གླང་པོ་ལ་ཡང་ལམ་མི་གཟུར། །རྐང་པ་བྲག་རིར་ཐོགས་མེད་འགྲོ། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །འདི་ནི་སྔགས་ཀྱི་བརྟུལ་ཞུགས་བསྟན། །དེ་ལ་མཚན་མ་བཞག་པ་ནི། །མཎྜལ་བྱི་དོར་བྱས་པ་ལ། །ལུགས་མ་རི་མོ་ལ་སོགས་

དང་། །དེ་བཞིན་བེ་ཅོན་རལ་གྲི་དང་། །ཏྲི་ཤཱུལ་འཁོར་ལོ་ལ་སོགས་པ། །མཚན་མ་ལེགས་བྱས་མདུན་དུ་གཞག །དེ་ལ་མཆོད་རྫས་ནི། མེ་ཏོག་བདུག་པ་མར་མེ་དྲི། །བཤོས་དང་མཆོད་ཡོན་སོགས་པ་དང་། །བཟའ་དང་བཅའ་བར་སྦྱར་བ་ཡི། །གཏོར་མ་སྣ་
ཚོགས་གཞག་པར་བྱ། །དེ་ལ་དངོས་གྲུབ་ཀྱི་རྫས་ནི། བ་སེར་བ་ཡི་མར་གསར་དང་། །སྦྲང་རྩི་ཁ་རར་བཅས་པ་དག །ཟ་མ་ཏོག་གམ་པ་རུར་གཞག །དེ་ལ་དམ་ཚིག་གི་ཏིང་ངེ་འཛིན་ནི། བདག་ཉིད་འཇམ་པའི་རྡོ་རྗེར་གསལ། །ཐུགས་ཀའི་ཉི་མའི་སྙིང་པོ་ལ། །
བཟླས་པའི་ཡིག་འབྲུ་བསམ་པ་ནི། །ཆུ་ཟླ་དག་གམ་གཟུགས་བརྙན་བཞིན། །གཅིག་དང་དུ་མ་བྲལ་བར་བསྒོམ། །དེ་ལ་འཕྲོ་དང་འདུ་བ་ནི། །ཆུ་རླབས་དག་གམ་ཉི་ཟེར་བཞིན། །འོད་ཟེར་འཕྲོས་པའི་སྦྱོར་བ་ལས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འོད་
ཟེར་ཚུལ་དུ་བསྡུས་ནས་ནི། །མཚན་མའམ་དངོས་གྲུབ་རྟེན་ལ་བསྟིམ། །དེ་ལ་དངོས་གྲུབ་ཀྱི་རྟགས་ནི། །སྐུ་གཟུགས་འཛུམ་དང་མཚན་མ་འབར། །མར་ནི་གོལ་བ་མཆོག་ཏུ་བཤད། །དུད་པ་འཐུལ་བ་འབྲིང་ཡིན་ཏེ། །དྲོ་བ་དག་ནི་ཐ་མའོ། །དེ་ལ་དངོས་གྲུབ་བླང་བའི་
ཐབས་ནི། དང་པོར་མཆོད་རྫས་ལྷ་ལ་དབུལ། །དེ་ནས་སྒྲུབ་རྫས་བདག་ཉིད་བཏུང་། །དེ་ལ་དངོས་གྲུབ་ཀྱི་གེགས་ནི། །སེམས་གཡེངས་པའམ་རྨུགས་དང་གཉིད། །དངོས་པོ་བར་ཆད་འགྱུར་བའམ། །ཐེ་ཚོམ་སྐྱེས་ན་དངོས་གྲུབ་མེད། །དེ་ལ་གྲུབ་པའི་དུས་ནི། བསྙེན་
པའི་རྫོགས་གྱུར་ཕྱིན་ཆད་ནི། །ཟླ་བ་དྲུག་གིས་འགྲུབ་པར་བཤད། །གལ་ཏེ་གྲུབ་པར་མ་གྱུར་ན། །དེ་བཞིན་ལན་གསུམ་བརྩམ་པར་བྱ། །དེས་ཀྱང་གྲུབ་པར་མ་གྱུར་ན། །དྲག་ཤུལ་ཚུལ་བཞིན་ཞག་བདུན་བསྒྲུབ། །དེ་ལས་ཕྱིར་འབད་མེད་པར་བཤད། །དེ་ལ་
དྲག་ཤུལ་གྱི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། ཀྱོ་བ་རྡོ་རྗེ་འབར་བ་ནི། །གནམ་ལྕགས་ཞུན་མ་འདྲ་བ་དག །རང་གི་སྙིང་ལས་འོད་འཕྲོས་ཏེ། །ཀྱོ་བ་ཡེ་ཤེས་ཐུགས་ནས་དྲངས། །རྡོ་རྗེ་འབར་བས་དབབ་བྱས་ནས། །ཡང་དང་ཡང་དུ་གཞུག་པར་བྱ། །སྒྲུབ་པའི་ཆོ་ག་སློབ་

དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།༄༅༅། །དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་ལ་སྦྱོར་བར་འདོད་པས། སྒྲུབ་ཆེན་དངོས་གྲུབ་ཐོབ་པའམ། ཏིང་ངེ་འཛིན་ལས་སུ་ཡང་རུང་བའམ། སྔགས་གྲུབ་པས་སྦྱར་རོ་
ཞེས་གསུངས་སོ། །དེ་ལ་གནས་ནི་དུར་ཁྲོད་དང་། ཤིང་གཅིག་གི་དྲུང་དང་། ལམ་བཞི་མདོ་ལ་སོགས་པ་སྟེ། འབྱུང་པོ་གནས་པའི་སར་བྱའོ། །དུས་ནི་ཉི་ཤུ་གཉིས་ནས་གནམ་སྟོང་ལ་བྱའོ། །དེ་ལ་དང་པོ་གཏོར་མ་དང་། གཙང་བའི་མཆོད་པ་དག་གིས་འཕགས་པ་
དང་མཁའ་འགྲོ་མ་དག་ཚིམ་པར་བྱས་ལ། ས་ཕྱོགས་དེའི་གདོན་དེ་མཆོད་སྦྱིན་གྱིས་མགུ་བར་བྱས་ལ། བདེན་པ་བདར་ཞིང་སྟོང་གྲོགས་གྱིས་ཤིག་པར་བསྒོ། ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་འཁོར་ལོ་བྲི་བར་བྱ་སྟེ། རང་གི་ལྷའི་ཏིང་ངེ་འཛིན་དང་ལྡན་པས་གཅེར་བུ་ཁ་
ལྷོ་ཕྱོགས་སུ་བལྟས་ཏེ་བྲི་བར་བྱའོ། །འདི་ལྟར་དུར་ཁྲོད་ཀྱི་རས་ལ་དུག་དང་། ཁྲག་དང་། སྐེ་ཚེ་དང་། ནིམ་པ་དང་། ད་དུ་རའི་ཁུ་བ་དང་། བྱ་རོག་གིས་ཟོས་པའི་ལྷག་མ་དང་། དྲི་ཆེན་དང་། ཐལ་ཆེན་གྱིས་བྱུགས་ཏེ་རས་ལེགས་པར་སྦྱངས་ལ། གོང་གི་རྫས་དང་རོའི་སོལ་
བས་སྣག་ཚ་བྱས་ཏེ། བྱ་རོག་གི་སྒྲོ་རྩས་འཁོར་ལོ་བྲི་བར་བྱའོ། །དེ་ལ་འཁོར་ལོའི་རིམ་པ་གསུམ་ལ་དབུས་སུ་ཡ་བརྒྱད་བྲིས་ལ། དེ་ལ་རིམ་པ་གཉིས་པ་ཡན་ཆད་ཡི་གེ་སུམ་ཅུ་རྩ་གཉིས་པས་བསྐོར་ལ། དབུས་སུ་ཡ་དང་ཡའི་བར་དུ་བསྒྲུབ་བྱའི་མིང་བྲིའོ། །རིམ་པ་ཐ་མ་ལ་
ཡི་གེ་བཅུ་པ་དང་བསྒྲུབ་བྱའི་མིང་སྤེལ་ཏེ་བྲིའོ། །དེའི་ཕྱི་རོལ་དུ་ཡི་གེ་ཕྲེང་བ་བྲིའོ། །ཕྱོགས་མཚམས་སུ་ཧཱུཾ་བརྒྱད་བྲིའོ། །གྲྭ་བཞིར་ཕཊ་བྲིའོ། །དེའི་དུས་སུ་དམ་ཚིག་གི་སྔགས་དང་ཕྱག་རྒྱས་བྲི་སྟེ། ཟིན་པ་དང་ལྷ་ལ་ཕྱག་བྱས་ནས་བཀའ་བདེན་པར་གྱུར་ཅིག་བྱའོ། །དེ་
ནས་གྲོག་མཁར་གྱི་ས་དང་། ཆུ་འགྲམ་གཉིས་ཀྱི་ས་དང་། རྒྱལ་པོའི་དྲི་ཆེན་དང་། དུར་ཁྲོད་ཀྱི་སོལ་བ་ཉིན་མཚན་གྱི་གུང་ལ་དྲི་ཆུས་སྦྲུས་ཏེ། བསྒྲུབ་བྱའི་གཟུགས་སོར་བརྒྱད་པ་ཅིག་བྱས་ལ། དེའི་སྙིང་གར་གོང་གི་འཁོར་ལོ་དྲིལ་ཏེ་གཞུག་གོ། །དེ་ནས་བསྒྲུབ་བྱ་

དགུག་པའི་སྦྱོར་བས་བཀུག་སྟེ། བསྒྲུབ་བྱའི་གཟུགས་ལ་ཕབ་ལ། གནས་ལྔར་མི་རུས་ཀྱི་ཕུར་པ་བརྡེག་ཅིང་ཚིགས་ཐམས་ཅད་ཚེར་མ་རྣོན་པོས་དགང་ངོ་། །དེ་ལ་དགུག་པ་ནི། ལྷའི་ཏིང་ངེ་འཛིན་ལ་གནས་པས་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་གྱུར་པའི་སྟེང་ན་ཟླ་བའི་
གདན་སྟེང་ན་གནས་པའི་གཤིན་རྗེ་ལག་ན་ལྕགས་ཀྱུ་དང་། ཞགས་པ་ཐོགས་པ་ཞིག་བསམས་ཏེ། དེ་ལ་ཆེ་གེ་མོ་ཁུག་ལ་ཤོག་ཅེས་བསྐུལ་ཏེ། སྔགས་ཀྱི་མཇུག་ལ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ་ཅེས་བཟླས་ཏེ་གཟུགས་ལ་བསྟིམས་ཏེ། དེ་ནས་ཕུར་བུ་འདེབས་པའི་དུས་སུ།
གཤིན་རྗེ་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། བརྡེག་ཅིང་ཟ་བ་དང་། གཅན་གཟན་གྱི་ཚོགས་ཀྱིས་ཟ་ཞིང་འཐོབ་པར་བསམས་ཏེ། སྔགས་ཀྱི་མཇུག་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བཟླས་སོ། །དེ་ནས་ལིངྒ་དེ་ཐོད་པ་ཁ་སྦྱར་གྱི་ནང་དུ་གཞུག་པར་བྱ་སྟེ། འདི་ལྟར་ཐོད་
པ་འོག་མའི་རྒྱབ་ཏུ་རླུང་གི་མཎྜལ་བྲིའོ། །ནང་དུ་པདྨ་འདབ་བརྒྱད་ལ་དབབ་པའི་སྙིང་པོ་བྲིའོ། །ཐོད་པ་གོང་མའི་ནང་དུ་མེའི་མཎྜལ་བྲིའོ། །རྒྱབ་ཏུ་དབང་ཆེན་རི་རབ་དང་བཅས་པ་བྲིའོ། །དེའི་ནང་དུ་ལིངྒ་བཅུག་ལ་སྐུད་པ་ནག་པོས་དཀྲིས་ནས་མཎྜལ་གྲུ་གསུམ་ནག་པོའི་
སྟེང་དུ། དུག་ཤིང་གི་འདབ་མ་ལ་དྲོ་བར་གྱུར་པ་ཙམ་དུ་བསྲོ་ཞིང་སྔགས་ལ་སྦྱར་བར་བྱའོ། །དེ་ལ་ཉི་མ་དང་པོ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཆེ་གེ་མོ་བྷྲ་མ་ཡ་ཀུ་རུ་ཧཱུཾ་ཕཊ་ཅེས་ཁྲི་ཕྲག་གཅིག་བཟླས་ཏེ། དེ་བཞིན་དུ་ཉི་མ་བཞིའི་བར་དུ་སྔགས་དང་བསྐུལ་བར་བྱས་ཏེ། ཇི་ལྟ་
བ་བཞིན་དུ་བཟླས་པ་བྱའོ། །དམིགས་པ་ནི་ཕོ་ཉའི་ཚོགས་ཀྱིས་བསྒྲུབ་བྱ་བཀུག་སྟེ། གའུའི་ནང་དུ་ཆུད་པར་བྱས་ནས། དེར་སྔགས་ཀྱི་དབལ་གྱིས་བསྲེགས་ཏེ། ཤ་ཁྲག་བསྐམས། རྣམ་ཤེས་བྲལ་ཏེ། རུས་པ་ཐལ་བ་བརྡུང་བར་འདུག་པར་བསམ་མོ། །དེའི་དུས་
སུ་ལས་མཁན་དག་གིས་དུས་གསུམ་དུ་གཏོར་མ་དང་ཚོགས་དང་མཆོད་པ་བྱས་ཏེ། དམ་ལ་གནས་པའི་གཤིན་རྗེ་དང་། མ་མོ་མཁའ་འགྲོ་མ་ཡང་བསྐུལ་ཞིང་ཕྲིན་ལས་བཅོལ་ལོ། །གནས་བདུན་གྲོག་མཁར་གྱི་ས་བླངས་ལ། གཤིན་རྗེའི་མི་ཁྲུ་གང་པའི་ཚད་ལ་

མཆེ་བ་གཙིགས་པ། མདོག་སྔོ་ནག་ལག་ན་རལ་གྲི་དང་གཡོན་པ་ཞགས་པ་དང་སྡིགས་མཛུབ་བྱེད་པ། གཅེར་བུ་སྐྲ་ལྷུག་པར་འདུག་པ་བྱས་ལ། དེའི་སྙིང་གར་གའུ་བཅུག་ལ། གནམ་སྟོང་གི་ནམ་ཕྱེད་ན་དུར་ཁྲོད་ཀྱི་ཐབ་ཏུ་གཏིང་རིང་བྲུས་ཏེ། དེར་བཞག་ལ་
གཤིན་རྗེ་སྤྱན་དྲངས་ཏེ་གཟུགས་ལ་བསྟིམས་ནས། གཏོར་མ་དང་མཆོད་པས་དག་པར་བྱས་ལ། དེ་ནས་མགོ་ལྷོར་བསྟན་ལ། ཁ་སྦུབ་ཏུ་བཞག་ལ་བདེན་པ་བདར་དཔང་དུ་བཙུགས་ལ་གཤིན་རྗེ་ལ་གཏད་ལ་གཞག་གོ། །དེ་ནས་རང་གི་ཁྱིམ་དུ་འོངས་ནས་ཀྱང་གསང་སྔགས་ཀྱི་རྗེས་
སུ་བསྐུལ་བར་བྱའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་ལས་འཁོར་ལོ་བསྐོར་བའི་ལས་དྲག་པོ་ཕྱོགས་གཅིག་པ། སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བྷཻ་ར་ཝ་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་འཇིགས་
བྱེད་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཇིག་པའི་དུས་ཀྱི་མེ་ལྟར་འབར། །དྲག་པོའི་དྲག་པོ་དེ་ལ་ཕྱག་འཚལ་ནས། །ལས་རྣམས་ཐམས་ཅད་རབ་སྒྲུབ་ཕྱིར། །མ་ཧེ་གདོང་ཅན་སྒྲུབ་ཐབས་ཅུང་ཞིག་བྲི། །ཡིད་དང་
མཐུན་ཞིང་དབེན་པའི་གནས་དག་ཏུ། །ངང་གིས་བདེ་བའི་སྟན་ལ་འདུག་ནས་ནི། །མ་ཧེའི་གདོང་ཅན་སྐད་ཅིག་རྣལ་འབྱོར་པས། །ལྷ་དང་བླ་མ་མཉེས་བྱས་དེ་འོག་ཏུ། །སྟོང་པ་མ་ཡིན་མི་སྟོང་པ་ཡང་མིན། །སེམས་ཉིད་སྤྲོས་དང་བྲལ་བ་རྣམ་པར་བསྒོམ། །ཡཾ་ལས་རླུང་དཀྱིལ་
རཾ་ལས་བསྐལ་མེ་འབར། །དེ་ལས་ཧཱུཾ་འཕྲོས་རྡོ་རྗེའི་རང་བཞིན་ནོ། །ཨ་ལས་ཟླ་བ་རྒྱས་པའི་སྟེང་ཉིད་དུ། །དྷཱིཿལས་འཇམ་དཔལ་གཞོན་ནུ་བསྐྱེད་པར་བྱ། །དེ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསམ། །དེ་སྟེང་ཧཱུཾ་ཡིག་ནག་པོ་འབར་བ་བལྟ། །དེ་ནས་ཐམས་ཅད་ཡོངས་
གྱུར་རྡོ་རྗེ་སྟེ། །དེ་ཡོངས་གྱུར་ལས་བཅོམ་ལྡན་མ་ཧེའི་ཞལ། །དབྱར་གྱི་ཆར་སྤྲིན་ནག་པོ་ལྟ་བུའི་མདོག །སྐུ་ལས་མེ་འབར་ཁམས་གསུམ་སྐྲག་པར་བྱེད། །ཁྲོས་པས་དུར་ཁྲོད་ཐོད་པའི་དོ་ཤལ་བྱས། །ཞལ་གཅིག་མ་ཧེ་ནག་པོ་རྒོད་པའི་ཞལ། །རྭ་བྲག་གཞོན་ནུའི་ཞལ་གྱིས་

རྣམ་པར་མཛེས། །ཕྱག་གཡས་རྡོ་རྗེ་གདེངས་སམ་གྲི་གུག་འཛིན། །ཕྱག་གཡོན་ཐོད་པ་ཁྲག་གིས་བཀང་བའོ། །ཞབས་གཉིས་གྱད་ཀྱི་དོར་སྟབས་རོ་ཡི་སྟེང་། །མ་ཧེ་ནག་པོའི་སྟེང་དུ་རྣམ་པར་བསམ། །མངོན་སུམ་འདྲ་བར་རྣམ་པར་གསལ་བ་དང་། །སྙིང་གར་ཉི་མ་འབར་ཏེ་ཧཱུཾ་
ཡིག་གོ། །དེ་ལས་ཡེ་ཤེས་དགུག་གཞུག་དབང་བསྐུར་བྱ། །དེ་ནས་དེ་ཉིད་སྐར་མའི་ཚོགས་འདྲས་བསྐོར། །ཡེངས་པ་མེད་པར་རྟག་ཏུ་བཟླས་པ་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །འབུམ་ཕྲག་གསུམ་དུ་བཟླས་པ་
བྱ། །དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། །གལ་ཏེ་ལྡང་བར་འདོད་པ་ན། །ཡེ་ཤེས་མ་ཧེའི་ཞལ་ལ་ནི། །མཆོད་ཅིང་བསྟོད་ལ་ལྡང་བར་བྱ། །མ་ཧེའི་སྦྱོར་བས་རྣམ་པར་རྒྱུ། །ཤིན་ཏུ་རྟོགས་དཀའི་རྒྱུད་ལས་ནི། །ལས་རྣམས་ཐམས་ཅད་སྦྱོར་བའི་ལྷ། །ཞལ་གཅིག་ཕྱག་
གཉིས་བདག་གིས་བྲིས། །བློ་དམན་རྣམས་ལ་ཕན་ཕྱིར་རོ། །དགེ་བ་ཅུང་ཟད་ཐོབ་པ་དེས། །བདག་དང་འདི་ལ་མོས་པ་རྣམས། །ནད་དང་འཇིགས་སོགས་རབ་བཅོམ་ནས། །མྱུར་དུ་འཇིགས་བྱེད་ཆེན་པོར་ཤོག །སློབ་དཔོན་མཉྫུ་ཤྲཱི་ཛྙཱ་ནས་མཛད་པ། ཞང་འོར་སྟོན་པ་ཤེས་རབ་
བསོད་ནམས་ཀྱིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་ཝ་སཱ་དྷ་ན་ཀརྨ་ཨུ་པ་ཙ་ར་སཏྭ་སཾ་གྲ་ཧ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཐབས་དང་ལས་བྱ་བའི་ཆོ་ག་སེམས་དཔའ་བསྡུས་པ། བཅོམ་ལྡན་འདས་འཇམ་དཔལ་
གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབང་པོ་འཇམ་པའི་དབྱངས། །མགོན་པོ་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ངོ་བོ་ཉིད་མེད་སྐུ་མངའ་ཞིང་། །སྒྱུ་མའི་གཟུགས་ཅན་འབྱུང་གནས་ཆེ། །སངས་
རྒྱས་རྣམས་ནི་སྤྲུལ་པ་ཡི། །སྲས་པོ་ཐུ་བོར་རབ་ཏུ་གྲགས། །བཅོམ་ལྡན་མགོན་པོ་དེ་ཉིད་མཁྱེན། །དཔལ་ལྡན་ཁྱབ་བདག་ལས་ཀྱི་བདག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །ཇི་ལྟར་འདོད་པའི་སྐུར་སྟོན་མཛད། །དང་པོར་རེ་ཞིག་རྣལ་འབྱོར་པས། །རང་ཡིད་དགའ་བའི་

གནས་བཙལ་ཏེ། །རི་དང་ནགས་ཚལ་ཕུག་རྣམས་དང་། །ཆུ་འགྲམ་དག་དང་མདོ་རྣམས་དང་། །རྒྱ་མཚོ་ཆེ་དང་ཉམས་དགའ་དང་། །ཤིང་གཅིག་དང་ནི་དུར་ཁྲོད་རྣམས། །གནས་ཀྱི་བྱེ་བྲག་བསྟན་མོད་ཀྱི། །ཇི་ལྟར་དགའ་བའི་གནས་རྣམས་སུ། །འདི་དེར་
སྦྱོར་བ་བྱས་པ་ཡིས། །འདོད་པ་རྣམས་ཀྱི་འབྲས་བུ་འབྱིན། །དེར་ནི་བདེ་ཞིང་རྒྱ་ཆེ་བའི། །སྟན་ལ་རྣམ་པར་འདུག་ནས་ནི། །སྦྱོར་བ་འདི་ནི་བསམ་པར་བྱ། །སྙིང་གའི་མཁའ་དཀྱིལ་པདྨ་ཡི། །དབུས་སུ་ཉི་མའི་དཀྱིལ་འཁོར་བསམ། །དེ་དབུས་དེ་ཉིད་དམ་པ་ནི། །ཡེ་ཤེས་ལྔ་ཡི་
བདག་ཉིད་དགེ །འོད་ཟེར་སྣ་ཚོགས་འབར་བའི་བདག །ཐམས་ཅད་ཀུན་དུ་སྤྲོ་བར་བྱ། །སེམས་ཙམ་དུ་ནི་གནས་ནས་ནི། །བྱང་ཆུབ་སེམས་ཀྱི་སྡོམ་པ་བཟུང་། །དེ་ནས་སྔོན་དུ་བརྗོད་པའི་ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས་པས་ནམ་མཁའི་ཁམས་ཐམས་ཅད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་
ལྷའི་དཀྱིལ་འཁོར་གྱིས་གང་བར་བསམས་ཏེ། བྱ་སྣ་ཚོགས་ལ་ཞོན་པ། གཞོན་ནུ་སངས་རྒྱས་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཅོམ་ལྡན་འདས་དེ་རྣམས་ལ་མཆོད་པའི་ཕྱིར་རང་གི་སྙིང་གར་ཡི་གེ་མུཾ་བསམ་པར་བྱ་སྟེ། དེ་ནས་ལྷ་མོ་དྲུག་ལྟ་བུའི་འོད་ཟེར་འཕྲོས་པས་ཕྱོགས་
བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་མཉེས་པ་ལ་ཐུག་པར་བྱ་སྟེ། ཡང་རང་གི་སྙིང་ག་ནས་ལྷ་མོའི་འོད་ཟེར་འཕྲོས་པས་ཕྱག་བྱས་ཏེ། དེ་ནས་མཆོད་པ་དང་སྡིག་པ་བཤགས་པ་དང་། ཕྱིས་མི་བྱེད་པར་དམ་བཅའ་བ་དང་། བསོད་ནམས་ཀྱི་
ཕྱིར་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། དེ་བཞིན་གཤེགས་པ་རྣམས་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་བདུན་དང་ལྡན་པའི་སྨོན་ལམ་བྱའོ། །དེ་ནས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
ཞེས་པའི་ཚིག་བཅད་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་བསྒོམ་པར་བྱ། །གསུམ་པ་དགའ་བ་བསྒོམ་པ་སྟེ། །ཀུན་གྱི་ཐ་མར་བཏང་སྙོམས་སོ། །སེམས་ཅན་ལ་ཕན་པའི་

བསམ་པ་ནི་བྱམས་པའོ། །ཕ་རོལ་གྱི་གནོད་པ་སེལ་བ་ནི་སྙིང་རྗེའོ། །ཕ་རོལ་གྱི་དོན་ཐོབ་པ་ལ་དགའ་བ་ནི་དགའ་བའོ། །ཕ་རོལ་གྱི་གནོད་པ་ལ་བཏང་སྙོམས་སུ་བྱེད་པ་ནི་བཏང་སྙོམས་སོ། །དེ་ནས་སྔགས་པས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་གཟུང་བ་དང་འཛིན་པ་རྣམ་
པར་སྤངས་པ་བདག་ཉིད་ཀྱང་དེ་ལྟ་བུའི་ངོ་བོ་ཉིད་དུ་བསྒོམས་ཏེ། སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ལས། །ནམ་མཁའི་དཀྱིལ་དུ་ཡི་གེ་ཡཾ་ལས་རླུང་
གི་དཀྱིལ་འཁོར་བསམས་ཏེ། གཞུ་ལྟ་བུ་ཁ་དོག་སྔོན་པོ། རྒྱལ་མཚན་གྱིས་མཚན་པ། དུ་བའི་འོད་ཟེར་གྱིས་རྣམ་པར་འཁྲིགས་པའོ། །དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ་འབར་བའི་ཕྲེང་བས་ཀུན་དུ་འཁྲིགས་པ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ།
ཉི་མ་ཕྱེད་པའི་འོད་ལྟ་བུའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་བ་ལྟ་བུ་འོད་ཟེར་དཀར་པོས་ཀུན་དུ་འཁྲིགས་པ་བུམ་པའི་རྒྱན་གྱིས་བརྒྱན་པའོ། །དེའི་སྟེང་དུ་ཡི་གེ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ། ཁ་དོག་སེར་པོ་རྡོ་རྗེས་མཚན་པ། འོད་ཟེར་སེར་པོ་ཀུན་དུ་འཁྲིགས་
པའོ། །དེའི་སྟེང་དུ་ཡི་གེ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ར་བརྒྱད་ཀྱིས་ཉེ་བར་མཛེས་པ། འོད་ཟེར་སྣ་ཚོགས་ཀུན་དུ་འཁྲིགས་པའོ། །དེའི་སྟེང་དུ་ཡི་གེ་བཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ།
དེའི་འོད་ཟེར་ལས་རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་དང་། རྡོ་རྗེའི་བླ་རེ་དང་། མདའི་དྲ་བ་དང་། ཕྱི་རོལ་མེ་འབར་བས་བསྐོར་བའོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་ཡཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་
ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་དཔལ་གཤིན་རྗེ་གཤེད་ཀྱི་བཀའི་འཁོར་ལོ་རྩིབས་བརྒྱད་པ་འོད་འབར་བ། དེའི་སྟེང་དུ་ཐམས་ཅད་དུ་པདྨ། དེའི་སྟེང་དུ་ཉི་མ། དེའི་སྟེང་དུ་འཇིག་རྟེན་སྐྱོང་བའི་རོ། དབུས་ཀྱི་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ་ལི་ཀཱ་ལི། ཨཱ་ལི་ཀཱ་ལི་ལས་ཟླ་བ་དང་ཉི་མ།

དེའི་དབུས་སུ་ཡི་གེ་བཾ་དང་ཧཱུཾ་ལས་རྡོ་རྗེ་ཐོ་བ་བྲི། དེའི་ཆང་ཟུངས་ལ་བཾ་དང་ཧཱུཾ་གིས་མཚན་པ། དེ་རྣམས་གཅིག་ཏུ་གྱུར་པ་ལས་གཤིན་རྗེ་གཤེད་པོའི་སྐུ་ཡོངས་སུ་རྫོགས་པ་སྟེ། ཁ་དོག་ནག་པོ་ཆེར་ཁྲོས་པ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ། །རྡོ་རྗེ་རོ་
ལངས་མ་ལ་འཁྱུད་པ། ཞལ་དྲུག་པ། ཕྱག་དྲུག་པ། ཞབས་གཉིས་པ། བཅོམ་ལྡན་འདས་ཇི་ལྟ་བ་དེ་བཞིན་དུ་བཅོམ་ལྡན་འདས་མའོ། །ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་ཐོ་བ། གཉིས་པ་ན་འཁོར་ལོ། གསུམ་པ་ན་བེ་ཅོན་དཀར་པོ། ཕྱག་གཡོན་གྱི་དང་པོ་ན་པདྨ། གཉིས་པ་ན་རིན་པོ་ཆེ།
གསུམ་པ་ན་རལ་གྲི། ཞལ་དང་པོ་མཐིང་ག །གཡས་དམར་པོ། གཡོན་དཀར་པོ། གཡས་གཉིས་པ་ལྗང་གུ། གཡོན་གཉིས་པ་སེར་པོ། སྟེང་གི་ཞལ་གནམ་ཞལ་གདངས་པའོ། །མ་ཧེ་ལ་བཅིབས་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་རྭ་ཕྲག་བརྫིས་པ།
མ་ཧེའི་རྐང་པས་བདུད་བཞིའི་རོ་བརྫིས་པའོ། །དེ་ནས་ཡབ་ཡུམ་སྦྱོར་བ་ལས་ཕྱོགས་སྐྱོང་བའི་གཤིན་རྗེ་བརྒྱད་ཕོ་ཉའི་གཟུགས་འཛིན་པ། ཤར་ཕྱོགས་སུ་ཡ་བ་ཏི། ལྷོ་ཕྱོགས་སུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ནུབ་ཕྱོགས་སུ་ཏེལ་པ། བྱང་ཕྱོགས་སུ་གླང་མགོ་ཅན། དབང་ལྡན་གྱི་
མཚམས་སུ་རལ་པ་ཚར་དགུ། རླུང་གི་ཕྱོགས་སུ་སྨྲིག་པ། བདེན་བྲལ་གྱི་ཕྱོགས་སུ་ཕྱ་སངས། མེའི་ཕྱོགས་སུ་མིག་དམར། གཤིན་རྗེ་ཆེན་པོ་བརྒྱད་པོ་འདི་རྣམས་ལས་ཇི་ལྟ་བ་ཁ་དོག་དང་། དབྱིབས་དེ་ལྟར་བསྒོམ། དེ་ནས་བདག་གི་བ་སྤུའི་བུ་ག་ནས་འོད་ཟེར་སྟོད་ཁྲོ་བོ་སྨད་
ཕུར་པའི་རྩེ་མོ་འདྲ་བའི་གཟུགས་ཕྱོགས་བཅུར་འཕྲོས་ཏེ། དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་སྤྱི་བོར་བཞུགས། དེ་བཞིན་དུ་སྤྲོ་བསྡུ་བྱེད་ཅིང་གསང་སྔགས་བཟླས་བརྗོད་བྱའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ་སྟཾ་བྷ་ཡ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་གསང་
སྔགས་སོ། །ཨོཾ་ཧྲཱི་ཀཱ་ལ་རཱུ་པ་ཧཱུཾ་ཁཾ། ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་ཧྲཱི་ཀྲུཾ་བྲུཾ་ཏྲུཾ་ཛུཾ་ཧཱུཾ་གཾ། སྙིང་པོ་དམ་པའོ། །ཨོཾ་ཧྲཱིཿཧབྦོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨ་ཏ་པཱུ་ཛ་པྲ་ཏི་གྲྀཧྞ་པྲ་སཱ་དྷ་མེ་དྷཱི་མན་ཀུ་རུ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཧྲཱིཿཥྚྲྀཿཨཿཨརྒྷའིའོ། །ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། བསང་

གཏོར་གྱིའོ། །ཨོཾ་ཝི་ཀྲྀ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་ཀཿགཿགཿདྲིའིའོ། །ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛཿཛཿཧཱུཾ་ཧ། མེ་ཏོག་གིའོ། །ཨོཾ་ཧྲཱིཿཧ་ཧ་ཧེ་ཕཊ་ཕཊ། བདུག་པའིའོ། །ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོཾ་དཱིཔྟ་
ལོ་ཙ་ན་ཝི་ཀྲྀ་ཏཱ་ན་ན། མ་ཧཱ་ཨཊྚཱཊྚ་ཧ་ས་ན་དི་ནི་དཱིཔྟཱ་ཡ་སྭཱ་ཧཱ། མར་མེའི་སྔགས་སོ། །ཨོཾ་ཛ་ཡ་ཛ་ཡ་། བི་ཤྭ་རཱུ་པ་དྷ་རི། གཙྪ་གཙྪ་སྭ་བྷཱ་ཝ་ནཾ་ཀྲྀ་ཏ་ཏེ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་བྷཱུ་ཏ་སྭ་པི་སརྫ་ཡ་མ་མ་ཀཱརྱཾ་ཀུ་རུ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། །གཤིན་རྗེ་ནག་པོ་
བཀའི་འཁོར་ལོ་མཆོད་པའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། སྔོན་གྱི་བཀའི་འཁོར་ལོའི་བདག་པོ་དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུ་གྱུར་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། ཏྭཱ་ར་ཎ་བཞིས་བརྒྱན་པ། མདོར་ན་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་
བདག་ཉིད་སྒོ་རྣམས་དང་གྲྭ་རྣམས་སུ་རྡོ་རྗེ་རིན་པོ་ཆེས་རྣམ་པར་བརྒྱན་པ། དྲ་བ་དང་དྲ་བ་ཕྱེད་པ། ཟླ་བ་ཕྱེད་པས་བརྒྱན་པ། དེའི་དབུས་སུ་པདྨ་དང་ཉི་མ་དང་ཟླ་བའི་དཀྱིལ་འཁོར། གྲྭ་རྣམས་དང་སྒོ་རྣམས་སུ་ཡང་པདྨ་དང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་རོ། །དབུས་སུ་པདྨའི་གདན་སྟེངས་སུ་
ཨཱ་ལི་ཀཱ་ལི་ལས་ཡོངས་སུ་གྱུར་པའི་ཟླ་བ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁ་དོག་ནག་པོ། དྲག་པོ་ཆེན་པོ། འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ། རྐང་པའི་སྟབས་ཀྱིས་ས་གཞི་གནོན་པར་བྱེད་པ། ལྷ་དང་ལྷ་མིན་
རྣམས་ལ་སྡིགས་མཛུབ་མཛད་པ། ཞལ་དགུ་པ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་སོ་བཞི་པ། མ་ཧེའི་མགོ་ཅན། བསྐལ་པའི་མེ་འབར་བ་ལྟ་བུའི་མཆེ་བ་རྣམ་པར་གཙིགས་པ། ལྕེ་འཇིབ་པར་མཛད་པ། ཆེར་འཁྲུག་པ། ལྷ་དང་ལྷ་མ་ཡིན་རྣམས་གསོལ་བར་མཛད་པ། དབུ་སྐྲ་
ཁམ་པ་གྱེན་དུ་བརྫེས་པ། དྲག་པོ་ཆེན་པོ། གཡོན་བརྐྱང་བའི་སྟབས་སུ་གནས་པ། མཚན་མ་འགྲེང་བ་གསུས་ཁྱིམ་ཆེ་བ། ཞལ་དང་པོ་མ་ཧེའི་ཞལ་འཇིགས་པ། ལྕེ་འཇིབ་པའོ། །རྭ་གཡས་པ་ལ་གནས་པའི་ཞལ་དང་པོ་མཐིང་ག །གཉིས་པ་དམར་པོ། གསུམ་པ་སེར་པོ་ཅུང་ཟད་ཁྲོས་

པའོ། །རྭ་གཡོན་པ་ལ་གནས་པའི་ཞལ་དང་པོ་དཀར་པོ། གཉིས་པ་དུད་ཀ །གསུམ་པ་ནག་པོ་ཁྲོས་པའོ། །རྭ་བྲག་ལ་གནས་པའི་ཞལ་དམར་པོ་འཇིགས་པར་བྱེད་པ། ཁྲག་འཛག་པ། གཉིས་པའི་ཞལ་སེར་པོ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔ་པ་
རལ་པའི་ཐོར་ཚུགས་ཅན། ཕྱག་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྐྱངས་ཏེ་འཛིན་པ། ཕྱག་གཞན་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷིནྡི་པཱ་ལ། གསུམ་པ་ན་གཏུན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ན་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང་། བརྒྱད་པ་ན་མདའ།
དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་བེ་ཅོན། བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། །བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེའི་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་རྔེ་ཆུང་ངོ་། །གཡོན་དང་པོ་ན་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་
པ་ན་མིའི་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་མིའི་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་མིའི་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སུ་ལ་བི་ན། བཅུ་གཉིས་པ་ན་མེ་འབར་བ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་
ལྔ་པ་ན་བ་དན། བཅུ་དྲུག་པ་ན་རླུང་གི་རས་སོ། །ཞབས་གཡས་ཀྱི་དང་པོས་མི་མནན་པའོ། །གཉིས་པས་མ་ཧེ་མནན་པའོ། །གསུམ་པས་གླང་ངོ་། །བཞི་པས་བོང་བུའོ། །ལྔ་པས་རྔ་མོའོ། །དྲུག་པས་ཁྱིའོ། །བདུན་པས་ལུག་གོ། །བརྒྱད་པས་ཕག་གོ། །གཡོན་གྱི་དང་པོས་
བྱ་རྒོད་བརྫིས་པའོ། །གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་སེང་གེ །ལྔ་པས་ཁྲ། དྲུག་པས་ནམ་མཁའ་ལྡིང་། བདུན་པས་ནེ་ཙོ། །བརྒྱད་པས་ཁྲུང་ཁྲུང་ངོ་། །མགོ་བོ་བརྒྱ་ལྔ་བཅུའི་ཕྲེང་བས་བརྒྱན་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་མཛེས་པ། ཐོད་པའི་ཕྲེང་
བ་ཅན་ནོ། །གྲྭ་རྣམས་དང་སྒོ་རྣམས་སུ་བགེགས་བརྒྱད་ཞབས་ཀྱིས་མནན་པའི་ལྷ་མོ་བརྒྱད་དེ། བྱ་རྒོད་དང་། འུག་པ་དང་། ཁྲ་དང་། བྱ་རོག་དང་། སྐྱར་མོ་དང་། མཐིང་རིལ་དང་། ཀ་ཀ་དང་། རྨ་བྱ་དང་འདི་རྣམས་རིམ་པ་བཞིན་བརྫིས་པའི་ལྷ་མོ་གཤིན་རྗེའི་ཕོ་ཉ་མོ་དང་གཤིན་

རྗེའི་མཆེ་བ་མོ་དང་། བེ་ཅོན་ནག་མོ་དང་། དུས་མཚན་དང་། རྡོ་རྗེའི་ལྕགས་ཀྱུ་མ་དང་། གཤིན་རྗེ་ཞགས་པ་མོ་དང་། གཤིན་རྗེ་ལུ་གུ་རྒྱུད་དང་། གཤིན་རྗེ་འབེབས་མ་རྣམས་ཏེ། འདི་རྣམས་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྐྲ་ལྷུག་པར་འདུག་པ། གཅེར་བུ་ལྕེ་འཇིབ་མ། མཆེ་
བ་གཙིགས་པ། གདུག་པ་ཐམས་ཅད་འགུགས་པ། ལས་ཐམས་ཅད་ཚུལ་བཞིན་དུ་མཛད་པ། ཁ་དོག་ནག་པོ། ཕྱག་ན་ཐོད་པ་དང་གྲི་བསྣམས་པ་ཤ་སྟག་གོ། །ལྷ་མོ་འདི་རྣམས་ཀྱང་གནས་སོ་སོའི་གདན་སྟེངས་ན། བཅོམ་ལྡན་འདས་ཇི་ལྟ་བ་བཞིན་རང་གི་ས་བོན་ལས་སྐད་ཅིག་
མའི་ཏིང་ངེ་འཛིན་གྱིས་བསྐྱེད་པར་བྱའོ། །བཅོམ་ལྡན་འདས་ཀྱི་མདུན་དུ་དམ་རྫས་སྣ་ཚོགས་པས་ཡོངས་སུ་གང་བའི་ཐོད་པ་བསམ་མོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀའི་འཁོར་ལོར་སྔོན་དུ་བརྗོད་པའི་ཕྱོགས་སྐྱོང་བའི་གཤིན་རྗེ་ཆེན་པོ་བརྒྱད་ཕོ་ཉའི་གཟུགས་འཛིན་པར་བསྒོམ་མོ། །
དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ལ། བྱ་སྣ་ཚོགས་ཀྱིས་བརྒྱན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་དང་། གཞན་ཡང་མཁའ་འགྲོ་མ་དང་། མ་མོ་དང་། འབྱུང་པོའི་ཚོགས་
རྣམས་ཧ་ཧ་ཞེས་དྲག་ཏུ་དགོད་ཅིང་རྣམ་པར་གཙེ་བ། འདི་ལྟ་བུར་རྣལ་འབྱོར་པ་བདག་ཉིད་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་པར་བྱའོ། །རྩེ་གཅིག་པའི་སེམས་དང་དད་པས་རྣལ་འབྱོར་ལ་མཉམ་པར་བཞག་ན་དངོས་གྲུབ་ཆེན་པོ་བརྒྱད་དུ་ཡང་འགྱུར་ན། དངོས་གྲུབ་ཕྲ་མོ་ལྟ་ཅི་
སྨོས། དེ་ནས་བདག་གི་སྙིང་གའི་པདྨའི་སྟེང་དུ། ཉི་མའི་དཀྱིལ་འཁོར་ལས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་དེའི་བུམ་པ་ལ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་གིས་མཚན་པའོ། །ཧཱུཾ་དེ་ལས་ཡེ་ཤེས་ལྔའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་
རྣམས་སྤྱན་དྲངས་ཏེ། སྔོན་དུ་བརྗོད་པའི་གསང་སྔགས་བརྗོད་དོ། །སྤྱན་དྲངས་པའི་དེ་བཞིན་གཤེགས་པ་དེ་རྣམས་ལ་ཡོན་ཆབ་དང་བསང་གཏོར་ལ་སོགས་པའི་གསང་སྔགས་ཀྱིས་སྔོན་བཞིན་དུ་ཡོན་ཆབ་ཕུལ་ནས་མཉེས་པར་བྱས་ཏེ། དབང་བསྐུར་བའི་དོན་དུ་དེ་བཞིན་གཤེགས་

པ་དེ་རྣམས་ཀྱིས་ཡི་གེ་བཅུ་ལས་ཡོངས་སུ་གྱུར་པའི་བུམ་པ་དེ་ཁོ་ན་བཅུའི་ངོ་བོས་དབང་བསྐུར་བར་བྱའོ། །དེ་ལ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་སྐད་དུ།
སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་ཇི་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུངས་ཏེ། དབང་བསྐུར་བས་དེ་མ་ཐག་ཏུ་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །ལྷ་མོ་བརྒྱད་ལ་འཇམ་པའི་དབྱངས་
ཀྱིས་དབུ་བརྒྱན་པའོ། །ཕྱོགས་སྐྱོང་བའི་གཤིན་རྗེ་བརྒྱད་ལ་དཔལ་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན་པའོ། །འདི་ལྟར་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་རྣམས་མིག་ལ་སོགས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པ་སྐུ་གསུང་ཐུགས་ཀྱི་ལྷ་དང་ཡེ་ཤེས་སེམས་དཔས་མཚོན་པའོ། །དེ་ལྟར་བསྒོམ་
པ་དང་མཆོད་པ་དང་། དབང་བསྐུར་བ་རྫོགས་ནས་བསྙེན་པའི་བཟླས་བརྗོད་བྱ་སྟེ། དེ་ལ་འདི་ནི་རྩ་བའི་སྙིང་པོ་སྟེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཡི་གེ་སུམ་ཅུ་རྩ་གཉིས་པ་འདི་ནི་འབུམ་ཕྲག་
གཅིག་སྔོན་དུ་བསྙེན་པ་བྱས་ཏེ། ཕྱིས་ལས་ལ་སྦྱར་བར་བྱའོ། །སྙིང་པོའི་གསང་སྔགས་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཡི་གེ་བཅུ་པ་འདི་ནི་འབུམ་ཕྲག་གསུམ་སྔོན་དུ་བསྙེན་པ་བྱས་ན་ལས་ཐམས་ཅད་བྱེད་དོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཡི་གེ་བདུན་པ་འདི་ནི་ཡི་གེ་རེ་རེ་ལ་འབུམ་ཕྲག་
རེ་རེ་བཟླས་ན་ལས་ཐམས་ཅད་བྱེད་དོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ་སྟཾ་བྷ་ཡ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་འདི་འབུམ་ཕྲག་བཅུ་བཟླས་ན་ལས་ཐམས་ཅད་བྱེད་དོ། །ཨོཾ་ཧྲཱིཿཀཱ་ལ་རཱུ་པ་ཧཱུཾ་ཁཾ། ཉེ་བའི་སྙིང་པོ་འདིའི་ཡི་གེ་རེ་རེ་ལ་འབུམ་ཕྲག་རེ་རེ་བཟླས་ན་ལས་ཐམས་ཅད་
བྱེད་དོ། །ཨོཾ་ཧྲཱིཿཀྲུཾ་བྲུཾ་ཏྲུཾ་ཛུཾ་ཧཱུཾ་གཾ། སྙིང་པོ་དམ་པ་འདི་ནི་ཡི་གེ་རེ་རེ་ལ་འབུམ་ཕྲག་རེ་རེ་བཟླས་ན་ལས་ཐམས་ཅད་བྱེད་དོ། །ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿའབུམ་ཕྲག་གཅིག་བཟླས་ན་ལས་ཐམས་ཅད་བྱེད་དོ། །ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཡི་གེ་བཅུ་བདུན་པའི་སྙིང་པོའོ། །

བསྙེན་པའི་དུས་སུ་དུས་གསུམ་དུ་གཏོར་མ་དབུལ་བའི་སྔགས་ནི། ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱ་ཧཱ། གཞན་ཡང་ཅི་འབྱོར་པའི་མཆོད་པས་མཆོད་པར་བྱའོ། །དེ་ནས་མཚན་མ་ཐོབ་པ་དང་། ཇི་ལྟར་འདོད་པའི་ལས་ལ་སྦྱར་བར་བྱ་སྟེ། དབང་དང་།
དགུག་པ་དང་། བསྐྲད་པ་དང་། གསད་པ་དང་། དབྱེ་བ་དང་། མནན་པ་དང་། རལ་གྲི་དང་། མིག་རྣོན་དང་། རིལ་བུ་དང་། ཁུ་བ་ར་ས་ཡ་ན་དང་། ནོར་དང་། འབྱོར་པ་དང་། འབྱུང་པོ་དང་། ཡི་དགས་དང་། རོ་ལངས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གནོད་སྦྱིན་མོ་དང་།
ཀླུ་ལ་སོགས་པ་ཆོ་ག་བཞིན་སྔགས་པས་བསྒྲུབ་པར་བྱའོ། །དེ་ལ་ལས་ཀྱི་དུས་སུ་གཏོར་མ་དང་སྦྱིན་སྲེག་བྱའོ། །ཉི་མ་དང་པོ་ལ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པའི་གཏོར་མ་དབུལ་བར་བྱའོ། །ཉི་མ་གཉིས་པ་ལ་གཤིན་རྗེ་གཤེད་བཀའི་འཁོར་ལོའི་གཏོར་མ་དབུལ་བར་བྱའོ། །ཉི་
མ་གསུམ་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ཕོ་ཉའི་ཚོགས་ཀྱི་གཏོར་མ་དབུལ་བར་བྱའོ། །དེ་ནས་ཉི་མ་བཞི་པ་ལ་དུར་ཁྲོད་ཀྱི་རས་བཙལ་ཏེ། དེ་ཡང་དཔའ་བོ་གཡུལ་དུ་མཚོན་གྱིས་བསད་པའི་རས་ཀྱང་རུང་སྟེ། དེ་ལ་མིའི་ཁྲག་གིས་བྱུགས་ཏེ། དེ་ནས་གྲོ་ལ་སོགས་པའི་
ཕྱེས་ལེགས་པར་བྱུགས། དེ་ནས་རོའི་སྐུད་པས་འཁོར་ལོའི་ཐིག་གདབ་སྟེ། ཐིག་བཞི་བཏབ་པས་རེའུ་མིག་དགུ་པའི་ཐིག་སྐོར་གསུམ་གྱིས་བསྐོར་བ། དབུས་སུ་རེའུ་མིག་དགུ་པ། གཉིས་པ་རེའུ་མིག་བཅུ་གཉིས་པ། གསུམ་པ་རེའུ་མིག་བཅུ་དྲུག་པའོ། །དེ་ལ་སྣག་ཚའི་རྒྱུ་
ནི་བ་ཏོ་ལིའི་འབྲས་བུ་དང་། ནིམ་པའི་འབྲས་བུ་དང་། དུག་གི་ལོ་མ་དང་། རོ་བསྲེགས་པའི་སོལ་བ་རྣམས་བསྲེས་ཏེ། འཁོར་ལོ་བྲི་བར་བྱའོ། །དེ་རྣམས་མ་རྙེད་ན་བསམ་པར་བྱའོ། །དེ་ལ་བྲི་བའི་ཕྱག་རྒྱ་ནི། ལག་པ་གཉིས་ཐལ་མོ་སྦྱར་ཏེ། གུང་མོ་གཉིས་རྩེ་སྤྲད་དེ། སྲིན་ལག་
གཉིས་ཚིགས་བཅག །མཐེའུ་ཆུང་དེ་བཞིན་དུ་སྦྱར་ཏེ། མཛུབ་མོ་གཉིས་བཀུག །མཐེ་བོ་གཉིས་མཉམ་པར་སྦྱར་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་དེས་བྲི་བར་བྱའོ། །དེའི་དམ་ཚིག་གི་སྙིང་པོའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་མ་མ་ཤ་ཏྲཱུཾ་མཱ་ར་ཡ་ནཱ་ཤ་ཡ་སྟཾ་བྷ་ཡ་བནྡྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ།

གཤིན་རྗེ་གཤེད་པོའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་དེ་བཟླས་ཤིང་བྲི་བར་བྱའོ། །དེ་བྲི་བའི་སྨྱུ་གུའི་རྒྱུ་ནི་བྱ་རོག་དང་། འུག་པའི་སྒྲོ་རྩས་བྲི། གོང་མའི་རྫས་མ་རྙེད་ན་མི་ཁྲག་དང་། ར་དང་། ཁྱིའི་ཁྲག་གསུམ་གྱིས་བྲི་བར་བྱའོ། །ཡ་དང་ཡའི་བར་དུ་མིང་དང་རུས་
བྲི་བར་བྱའོ། །ཕྱི་རོལ་དུ་སྒྲའི་ཡི་གེ་བཅུ་དྲུག་བྲི་བར་བྱའོ། །རིམ་པ་གཉིས་པ་ལ་ཧཱུཾ་དང་ཕཊ་ཀྱིས་མིང་རུས་སྤེལ་ཏེ་བྲི་བར་བྱའོ། །ཡ་དང་ཡའི་བར་དུ་བྲི་བ་དབུས་ཀྱི་ལྟེ་བ་ལའོ། །གདུག་པའི་ཡི་གེ་ཐམས་ཅད་ཀྱང་བྲི་བར་བྱའོ། །ཇི་ལྟར་གོང་མའི་གནས་དེར་ཧཱུཾ་དང་ཕཊ་བྲི་བར་བྱའོ། །
འཁོར་ལོ་དེ་ཉིད་དུ་ཆུད་པའི་གཤིན་རྗེ་གཤེད་པོ་ཡང་བྲི་བར་བྱའོ། །གཞན་ཡང་འཁོར་ལོ་གཉིས་པ་སྐོར་ཕྱོགས་མ་ཡིན་པར་བྱ་སྟེ། དེ་གཉིས་ཁ་སྦྱར་ཏེ། ཁམ་ཕོར་ཁ་སྦྱར་དུ་བཅུག་ལ་སྐུད་པ་ནག་པོས་དཀྲི་བར་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་བྱ་སྟེ། མིག་གི་ཕྱག་རྒྱ་བཅས་ལ་ཧཱུཾ་ཡ་
མཱནྟ་ཀྲྀཏ་བཛྲ་དྷརྨཱ་ཙཀྵུ་པྲ་བེ་ཤ་ཡ་ན་ཞེས་བརྗོད་དོ། །ཞལ་གྱི་ཕྱག་རྒྱ་བཅས་ལ། ཨོཾ་ཡ་མཱནྟ་ཀ་དེ་བ་ཤོ་ད་ཡ་ཏྲཾ་པྲ་བེ་ཤ་ཡ་ཕཊ། གཙུག་ཏོར་གྱི་ཕྱག་རྒྱ་བཅས་ལ། ཨོཾ་ཡ་མཱནྟ་ཀ་བཛྲ་ཧྲཱིཿ་མཆེ་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་གུ་ཧྱ་གུ་ཧ་ལཾ། དེ་ནས་མཆོད་པ་དང་བསྟོད་པ་བྱས་ལ། བསྒོམ་
པ་དང་ལྡན་པས་གསང་སྔགས་བཟླས་བརྗོད་བྱའོ། །ཉི་མ་དང་པོ་ལ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཆེ་གེ་མོ་བྷྲ་མ་ཎཾ་ཀུ་རུ་ཧཱུཾ་ཕཊ། ཉི་མ་གཉིས་པ་ལ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་རཀྟཾ་ཚ་ཌྷ་བ་ན་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་ལ་ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་མུ་རྩ་པཱ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་ལ་ཡཀྵེ་ཡཙྪ་
ནི་རཱ་མ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་ཉི་མ་བཞིས་མ་གྲུབ་ན། མཆོད་པ་དང་གཏོར་མ་དང་སྦྱིན་སྲེག་བྱས་ལ་གསང་སྔགས་ཁྲི་ཕྲག་བཞི་བཟླས་ནས་སྔོན་གྱི་ལས་ལ་སྦྱར་བར་བྱའོ། །དེ་ནས་ཁམ་ཕོར་དེ་དུར་ཁྲོད་ཀྱི་མེས་ནིམ་པའི་ཤིང་ལ་སྦར་ཏེ་བསྲོ་བར་བྱའོ། །དེ་ནས་ཁམ་
ཕོར་ཁ་སྦྱར་དུར་ཁྲོད་དུ་སྦ་བར་བྱའོ། །རལ་པ་ཚར་དགུ་དང་། མིག་དམར་དང་། གཤིན་རྗེ་མཚན་མོ་ནག་མོ་དང་། དུས་མཚན་རྣམས་ཁྱད་པར་དུ་གསོད་པའི་ལས་བྱེད་པས་དེ་རྣམས་ལ་ལྷག་པར་གཏད་དོ། །གླང་མགོ་ཅན་དང་། སྨྲིག་པ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་

མཆེ་བ་མོ་རྣམས་ནི་བསྒྲུབ་བྱ་མྱོས་པའི་ལས་བྱེད་པ་ལ་ཤིས་སོ། །གཤིན་རྗེ་ཏེལ་པ་དང་། ཆོས་ཀྱི་རྒྱལ་པོ་དང་། གཤིན་རྗེ་ལྕགས་ཀྱུ་མ་དང་། གཤིན་རྗེ་ཞགས་པ་མ་རྣམས་ནི་བསྒྲུབ་བྱ་ཁྲག་སྐྱུག་ཏུ་གཞུག་པའི་ལས་ལ་ཤིས་སོ། །ཡ་བ་ཏི་དང་། ཕྱ་སངས་དང་། གཤིན་རྗེ་ལུ་གུ་
རྒྱུད་མ་དང་། གཤིན་རྗེ་འབེབས་མ་རྣམས་ནི་བསྒྲུབ་བྱ་འཁོར་དུ་གཞུག་པའི་ལས་ལ་ཤིས་སོ། །རྣལ་འབྱོར་པས་འདི་རྣམས་ཀྱི་སྦྱོར་བས་གཏོར་མ་དང་། མཆོད་པ་དང་། སྔོན་དུ་བསྙེན་པ་དང་། ལས་ཀྱི་གཉེར་གཏད་པ་ཐམས་ཅད་བྱའོ། །འདི་ནི་དྲག་པོའི་ལས་ཀྱི་ཆོ་གའོ།། །།
དེ་ནས་མཛའ་སྡེ་དབྱེ་བར་འདོད་པས་བྱ་རོག་དང་འུག་པའི་སྒྲོ་ལ་བྲམ་ཟེའི་སྐྲ་དང་མུ་སྟེགས་ཀྱི་སྐྲས་དཀྲིས་ཏེ། ད་དུ་རའི་ཤིང་ལ་བསྲེག་པར་བྱའོ། །དེ་ནས་ཐལ་བ་དེ་བླངས་ནས་བསྒྲུབ་བྱའི་ཉལ་སར་སྦས་ཏེ། དུས་མཚན་མ་ལ་ལས་བཅོལ་ན་འབྱེ་བར་འགྱུར་རོ། །འདི་ནི་དབྱེ་བའི་
ཆོ་གའོ།། །།དེ་ནས་བསྒྲུབ་བྱ་དེ་དག་འཐབ་པར་འདོད་ན། དུག་དང་ཁྲག་ལ་སོགས་པའི་རྫས་ཀྱིས་བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། ནེེའུ་ལེའི་སྤུ་དང་སྦྲུལ་གྱི་པགས་པ་རྣམས་ཀྱིས་དྲིལ་ཏེ། མར་མེ་བྱས་ན་གང་གིས་མཐོང་བ་དེ་དག་འཐབ་པར་
འགྱུར་རོ། །འཐབ་པའི་ཆོ་གའོ།། །།གཞན་ཡང་གསད་པར་འདོད་ན། བཤང་གཅི་ལས་དགྲའི་གཟུགས་བརྙན་བྱས་ཏེ། མིའི་རུས་ཕྱེས་བསྐུས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བས་ནམ་ཕྱེད་ན་གཅེར་བུར་བྱུང་སྟེ། སྐྲ་བཤིག་ནས་དུར་ཁྲོད་ཀྱི་རོ་བསྲེགས་པའི་མེ་ལ་ཁ་ལྷོ་
ཕྱོགས་སུ་བལྟས་ཏེ། བསྒྲུབ་བྱའི་མིང་དང་གསང་སྔགས་སྤེལ་ཏེ་གཟུགས་བརྙན་དེ་དུམ་བུར་བཅད་ཅིང་བསྲེགས་ན་མྱུར་དུ་འཆིའོ། །འདིའི་སྦྱོར་བ་ནི་སྔ་མ་བཞིན་ནོ། །དེ་ནས་རྣལ་འབྱོར་པས་མནན་པར་འདོད་པས། གཤིན་རྗེ་གཤེད་ཀྱི་འཁོར་ལོ་རྡོའམ་རས་ལ་ཡུང་བའམ་ལྡོང་རོས་ཀྱིས་
གསང་སྔགས་དང་མིང་སྤེལ་ཏེ་བྲིས་པས་དེ་གནོན་པར་འགྱུར་རོ། །གཞན་ཡང་གསད་པར་འདོད་ན། དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པའི་རྫས་ཀྱིས་གཤིན་རྗེའི་འཁོར་ལོ་མིང་དང་སྔགས་སྤེལ་ཏེ་བྲིས་ལ། བདག་ཉིད་ཏིལ་ཆེན་པོས་ལུས་བྱུགས་ཏེ། དྲི་ཆེན་པོས་གདུག་པའི་གཟུགས་

བརྙན་བྱས་ཏེ། དེའི་སྙིང་གར་འཁོར་ལོ་བཅུག་ནས། དུར་ཁྲོད་དུ་རོ་བསྲེགས་པའི་ཤིང་གི་མེ་ལ་དུམ་བུར་གཏུབ་ཅིང་བསྲེགས་ན་འཆི་བར་འགྱུར་རོ། །ལྷའི་སྦྱོར་བ་ནི་སྔ་མ་བཞིན་ནོ། །དེ་ནས་སྨྱོ་བར་འདོད། ད་དུ་རའི་འབྲས་བུ་དང་ཤ་ཆེན་དང་སྲིན་གྱིས་ཟོས་པའི་ཕྱེ་མ་
རྣམས་ལ་ལྷའི་སྦྱོར་བས་གསང་སྔགས་བཟླས་ཏེ། བཟའ་བ་དང་བཏུང་བའི་ནང་དུ་བླུགས་ཏེ། དགྲ་ལ་བླུད་ན་སྐད་ཅིག་གིས་སྨྱོ་བར་འགྱུར་རོ། །ཞག་བདུན་གྱིས་འཆི་བར་འགྱུར་རོ། །དེ་ནས་དབང་དུ་བྱ་བར་འདོད་ན། སྲིན་བུ་བ་ལ་མིག་གིས་བྲུས་པའི་ས་དང་། གུར་ཀུམ་དང་། གོ་རོ་ཙ་ན་
རྣམས་བསྲེས་ཏེ། གཟུགས་བརྙན་སོར་བཅུ་དྲུག་པ་བྱས་ཏེ། དེ་ནས་གོ་རོ་ཙ་ན་དང་། སྲིན་ལག་གི་ཁྲག་གིས་གྲོ་གའི་ཤུན་པ་ལ་འཁོར་ལོ་བྲིས་ཏེ། གཟུགས་བརྙན་གྱི་སྙིང་གར་བཅུག་ནས་མེ་ཏོག་དམར་པོས་དུས་སུ་མཆོད་ཅིང་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བས་ནུབ་ཏུ་ཁ་བལྟས་ཏེ།
ཡི་གེ་བཅུ་པའི་སྔགས་བཟླས་ན་དབང་དུ་འགྱུར་རོ། །འདིས་བརྒྱ་བྱིན་ཡང་དབང་དུ་འདུས་ན། གང་སྐྱེ་འགྲོ་ཕྲ་མོ་ལྟ་ཅི་སྨོས། དེ་ནས་དགུག་པར་འདོད་ན། ཐོད་པ་གཉིས་ཁ་སྦྱར་ཏེ། དེར་འཁོར་ལོ་བཅུག་སྟེ། ཁ་དྷི་རའི་ཤིང་ལ་མེ་སྦར་ཏེ་བསྲོའོ། །བསྒྲུབ་བྱའི་མིང་དང་སྤེལ་ཏེ་གསང་
སྔགས་བཟླས་ན་རླུང་གི་ཤུགས་ཀྱིས་འགུགས་པར་འགྱུར་རོ། །དེ་ནས་བསྐྲད་པར་འདོད་ན་ཁྱི་དང་། སྦལ་པ་དང་། རུས་སྦལ་རྣམས་ཀྱི་ཤ་དང་། བྱི་བའི་ཁྲག་དང་རྔ་མོའི་སྦངས་རྣམས་ཀྱིས་ནིམ་པའི་ཤིང་ལ་མེ་སྦར་ཏེ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྦྱིན་སྲེག་བྱས་ཏེ། བསྒྲུབ་བྱའི་
མིང་དང་སྤེལ་བའི་གསང་སྔགས་བཟླས་བརྗོད་བྱས་ན་སྐྲོད་པར་འགྱུར་རོ། །དེ་ནས་བུ་མོ་མནན་པར་འདོད་ན། ཚེར་མ་དང་དུག་དང་། སྐེ་ཚེ་རྣམས་རང་གི་ཁྲག་གིས་སྦྲུས་ཏེ་སྟོང་དུ་སྦྱིན་སྲེག་བྱས་ན་བུ་མོ་གནོན་པར་འགྱུར་རོ། །ཡི་གེ་བཅུ་པའི་གསང་སྔགས་ཀྱི་བཟླས་བརྗོད་བྱས་ན་ཐེ་
ཚོམ་མེད་དོ། །དེ་ནས་ཞི་བར་བྱ་བར་འདོད་ན་མར་དང་། སྦྲང་རྩི་དང་། འོ་མ་དང་། རྩྭ་ཀུ་ཤ་རྣམས་ཤིང་པ་ལ་ཤའི་མེ་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་གཡུལ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ནས་རྒྱས་པར་བྱ་བར་འདོད་ན། ཏིལ་དང་། ནས་དང་། འབྲས་

དང་། མར་རྣམས་ཀྱིས་ཤིང་ཨུ་དུམྺཱ་རའི་མེ་ལ་ཁ་དོག་སེར་པོའི་ལྷའི་རྣལ་འབྱོར་དང་ལྡན་པས་ཁ་བྱང་ཕྱོགས་སུ་བལྟས་ལ། དུས་གསུམ་དུ་ལན་སྟོང་དུ་སྦྱིན་སྲེག་བྱས་ན་རྒྱས་པར་འགྱུར་རོ། །ལས་འདི་རྣམས་ནི་རྩེ་གཅིག་པའི་སེམས་ཀྱིས་བྱའོ། །མཉམ་པར་མ་བཞག་པའི་
སེམས་ཀྱིས་བྱས་ན་འགྲུབ་པར་མི་འགྱུར་ཞིང་ལྟུང་བར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་འགའ་ཞིག་གིས་དུར་ཁྲོད་ལ་སོགས་པར་སོང་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བས་དུས་ཀུན་དུ་བྱའོ། །ལས་གང་བྱེད་པའི་དུས་སུ་བསྒྲུབ་བྱའི་མིང་དང་བསྐུལ་བ་དང་བཅས་ཏེ་བཟླས་པར་བྱའོ། །
དེ་ལ་གསང་སྔགས་ནི། ཡི་གེ་སུམ་ཅུ་རྩ་གཉིས་ལ་སོགས་ཏེ། ཐམས་ཅད་ལ་སོ་སོར་ཇི་ལྟ་བ་བཞིན་དུ་སྔགས་བཟླས་སོ། །དེ་ལ་བསད་པའི་དུས་སུ་བདག་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བས་འོད་ཟེར་སྔོན་དུ་བརྗོད་པ་ཕོ་ཉའི་ཚོགས་ལྟ་བུ་སྤྲོས་ཏེ། དེ་རྣམས་ཀྱིས་བསྒྲུབ་བྱའི་ཚེ་དང་རྣམ་
པར་ཤེས་པ་རྣམས་བཀུག་སྟེ། འཁོར་ལོའི་དབུས་སུ་བསྟིམས་ནས་གསང་སྔགས་ཀྱི་འོད་ཟེར་གྱིས། ཚེ་དང་། རྣམ་པར་ཤེས་པ་དང་། ཤ་ཁྲག་དང་བྲལ་བར་བྱ་སྟེ། ཀེང་རུས་འབའ་ཞིག་གནས་པར་བསམ་པར་བྱའོ། །བསྐྲད་པ་དང་། མནན་པ་ལ་སོགས་པ་ལ་ཡང་། དེ་ལྟ་བུའི་
སྦྱོར་བས་བྱའོ། །དེ་ལ་དགུག་པ་དང་། དབང་ལ་སོགས་པ་ལ་ནི་བདག་ཉིད་ཁ་དོག་དམར་པོའི་སྦྱོར་བས་བསྒོམ་པར་བྱའོ། །ཞི་བ་ལ་ནི་ཁ་དོག་དཀར་པོ་བསྒོམ་པར་བྱའོ། །ལས་ཐམས་ཅད་ལ་ཡང་ལྷའི་སྦྱོར་བ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བས་བྱའོ། །དེ་ནས་གཞན་ཡང་ནང་གི་སྦྱོར་བ་ཅུང་
ཟད་བརྗོད་པར་བྱའོ། །དེ་ལ་ལུས་ཀྱི་སྨད་ནི་དོན་ཡོད་གྲུབ་པའི་བདག་ཉིད་དུ་བལྟ་བར་བྱའོ། །དེའི་སྟེང་དུ་གྲུ་གསུམ་གྱི་གནས་ནི་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་བལྟའོ། །དེའི་སྟེང་དུ་ལྟེ་བ་ནི་མི་བསྐྱོད་པའི་བདག་ཉིད་དུ་བལྟའོ། །དེའི་སྟེང་དུ་བྲང་ནི་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་དུ་
བལྟའོ། །སྨིན་མཚམས་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་བལྟ་བར་བྱའོ། །དེའི་སྟེང་དུ་པདྨ་འདབ་མ་སུམ་ཅུ་རྩ་གཉིས། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མི་འཆི་བ་ཁ་སྦུབ་པ་ལས་རྟག་ཏུ་བདུད་རྩི་འཛག་པར་བལྟའོ། །ལྟེ་བའི་དཀྱིལ་འཁོར་ལ་པདྨ་འདབ་

མ་དྲུག་ཅུ་རྩ་བཞིའོ། །དེའི་དབུས་སུ་ཉི་མའི་དཀྱིལ་འཁོར། དེའི་དཀྱིལ་དུ་དང་པོའི་ཡི་གེ་བལྟ་བར་བྱ་སྟེ། རྟག་ཏུ་ཡེ་ཤེས་ཀྱི་མེ་གྱེན་དུ་འབར་བའོ། །དེའི་སྟེང་དུ་སྙིང་གར་པདྨ་འདབ་མ་བརྒྱད་པ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ས་བོན་དགུས་ཡོངས་སུ་གང་
བའི་དབུས་ཀྱི་ཧཱུཾ་གི་དཀྱིལ་ན་ཟླ་བའི་དཀྱིལ་འཁོར། དེའི་དཀྱིལ་དུ་ཡི་གེ་མུཾ་ཡོངས་སུ་གྱུར་པའི་འཇམ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་བསམ་པར་བྱའོ། །དེའི་སྟེང་དུ་མགུལ་པར་པདྨ་འདབ་མ་བཅུ་དྲུག་པ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར།
དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་དབུས་སུ་ཡི་གེ་ཨ་དམར་པོ། དེའི་འདབ་མ་ལ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་ས་བོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བའི་བདག་ཉིད་བསམ་མོ། །འདི་
ལྟ་བུར་རྡོ་རྗེ་འཇིགས་བྱེད་དུ་བསྒོམས་པའི་སྤྱི་གཙུག་ཏུ་མི་བསྐྱོད་པ། སྙིང་གར་ཡེ་ཤེས་སེམས་དཔའ་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་ལྡན་པར་རྟག་ཏུ་བསྒོམ་མོ། །ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །སྐད་ཅིག་ཀྱང་སྣ་ཚོགས་པའི་སེམས་མི་བསྐྱེད་དེ། འཇིག་རྟེན་འདི་དང་
གཞན་དུ་ཡང་འདི་ལས་གཞན་པའི་ཐབས་མེད་དོ། །དེ་བས་ན་དངོས་གྲུབ་ཀྱི་ཕྱིར་དང་། བསད་པའི་ཕྱིར་དང་ཟླ་བ་དྲུག་ཏུ་འདིའི་བསམ་གཏན་བྱའོ། །བསམ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་ཟླ་བ་ཕྱེད་དུ་བརྟག་པར་བྱའོ། །འདི་ཡི་དགེ་བས་ཀུན་མཐོང་སྟེ། །བདག་ཀྱང་གནོད་པ་
ལས་རྒྱལ་ནས། །ནད་དང་གནོད་པ་འཆི་བ་དང་། །རྒ་བའི་རླབས་ཆེན་འཁྲུགས་པ་ལས། །འགྲོ་བའི་རྒྱ་མཚོ་སྒྲོལ་བར་ཤོག །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། ཨཱ་ཙཱརྱ་དོན་ཡོད་རྡོ་རྗེས་མཛད་པ་རྫོགས་སོ།། །།ཉིད་ཀྱི་རང་འགྱུར་རོ། །རྒྱ་གར་གྱི་མཁན་པོ་མཉྫུ་
ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་། སླར་ཡང་ཕྱུག་མཚམས་དབང་ཕྱུག་རྒྱལ་པོས་བསྒྱུར་ཅིང་གཏན་ལ་ཡང་དག་པར་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མཎྜལ་བི་དྷིཿ། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག །དཔལ་གཤིན་རྗེ་

གཤེད་པོ་ལ་ཕྱག་འཚལ་ལོ། །དད་པ་དང་ལྡན་པ། དམ་ཚིག་དང་རང་གི་བརྟུལ་ཞུགས་བསྲུང་བ། རྣམ་པར་རྟོག་པ་མེད་ཅིང་རྒྱུད་གཅིག་པ། བླ་མ་དང་རྡོ་རྗེ་འཇིགས་བྱེད་ལ་མོས་པའི་ཡོན་ཏན་དང་ལྡན་པའི་སློབ་མས། དང་པོར་དཀྱིལ་འཁོར་དང་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས། བླ་མ་ལ་
གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་ཁྲོ་བ་མེད་པ། སྔགས་དང་རྒྱུད་ལ་མཁས་པ། ཐོས་པའི་ཕ་རོལ་ཏུ་སོན་པ། རྒྱུད་འདིར་དབང་ཐོབ་པ། དམ་ཚིག་དང་། སྡོམ་པ་ལ་གནས་པ་དེས། དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པ་དང་། མཉེས་པ་ལ་ཐུག་པ་བྱས་ནས་ཡི་གེ་བཅུ་པའི་སྙིང་པོ་འབུམ་ཕྲག་
གཅིག་ཏུ་བཟླས་པ་བྱ་སྟེ། དང་པོའི་བསྙེན་པའོ། །དེ་ནས་རྒྱུད་ལས། དུར་ཁྲོད་ཆུ་བོའི་འགྲམ་དག་དང་། །ཤིང་གཅིག་དྲུང་དང་མཚན་མ་གཅིག །ལམ་གྱི་བཞི་མདོ་རི་བོའི་སྟེང་། །ཁང་སྟོང་དང་ནི་མ་མོའི་གནས། །ལྷ་གནས་འཐབ་མོའི་གནས་དག་དང་། །གྲོང་འདབ་དང་ནི་ནགས་ཀྱི་ཁྲོད། །
ཅེས་གསུངས་པའི་གནས་གང་ཡང་རུང་བར་སོང་ནས་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ཆུས་གཏོར་ཏེ། དེར་དཀྱིལ་འཁོར་གྱི་ལྷ་རྣམས་བསམ་པར་བྱས་ནས་མཆོད་པ་དང་གཏོར་མ་བྱ་སྟེ། སའི་ལྷ་མོ་ལ་བསླང་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་དང་ཁྱད་པར་
དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་ཚོགས་བཅོམ་པ། །དེ་ལྟར་བདག་གིས་བདུད་བཅོམ་ནས། །བདག་ནི་དཀྱིལ་འཁོར་འདྲི་བར་བྱེད། །ཅེས་བརྗོད་ནས་ཐལ་མོ་ས་ལ་བརྡབ་པས། སའི་ལྷ་མོ་སྐུ་ཕྱེད་ཙམ་ས་ལས་
འཐོན་པ་དང་། སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་བྱེད་པས་བདག་ལས་བྱིན་ཅིག་ཅེས་བརྗོད་པ་ལས། ཁྱོད་དཀྱིལ་འཁོར་གྱི་བདག་པོ་ཡིན་པས། དཀྱིལ་འཁོར་གྱིས་ཤིག་ཅེས་བརྗོད་ནས། སླར་ཡང་ས་ལ་ཐིམ་པར་བསམ་མོ། །ས་བླང་བའི་རིམ་པའོ།། །།དེ་ནས་བདུད་རྩི་
འཁྱིལ་པའི་རྣལ་འབྱོར་དུ་བྱས་ཏེ། སའི་ལྷ་མོ་ནམ་མཁར་གཤེགས་པར་བསམས་ལ་ས་བརྐོ་སྟེ། སའི་རོ་ལྔ་བསལ་ལ། དེར་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང་ལྡན་པའི་བུམ་པ་བཅུག་ལ་རང་གི་སས་དགང་ངོ་། །དེ་ནས་དཀྱིལ་འཁོར་གྱི་ས་ཉིས་འགྱུར་དུ་སྤོས་ཀྱིས་ཆག་ཆག་དང་། བའི་རྣམ་

ལྔས་བྱུག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། སྟོང་པ་ཉིད་སྔོན་དུ་འགྲོ་བའི་ལྷའི་ང་རྒྱལ་བྱས་ཏེ། ས་གཞི་ཐམས་ཅད་སྟོང་པའི་རང་བཞིན་ལས། ཧཱུཾ་ལས་རྡོ་རྗེའི་ས་གཞིར་བསྒོམས་ནས་དེའི་དབུས་སུ་རང་གི་ལྷག་པའི་ལྷའི་ང་
རྒྱལ་དུ་གནས་པར་བྱས་ལ། སློབ་མ་ལྷའི་ང་རྒྱལ་ཅན་དག་གིས་དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པར་བྱས་ནས། རྡོ་རྗེ་སློབ་དཔོན་གྱིས་མིག་ཏུ་མ་ལས་གྲུབ་པའི་ཉི་མ་འབར་བ་དང་། ཨ་ལས་གྲུབ་པའི་ཟླ་བ་འོད་ཟེར་དང་ལྡན་པ་བསམ། རྐང་པའི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་
བ་བསྒོམས་ནས། ལངས་ཏེ་བྱང་ཤར་གྱི་མཚམས་ནས་བསྐོར་བ་བྱས་ཏེ་རྡོ་རྗེའི་ལྟ་བ་དང་། རྡོ་རྗེའི་འགྲོས་ཀྱིས་བགེགས་གཞོམ་པར་བྱའོ། །དེ་ནས་ཡང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། གཤིན་རྗེ་གཤེད་ཀྱི་ང་རྒྱལ་དུ་བྱས་ཏེ། དེའི་སྙིང་གར་གནས་པའི་ས་བོན་ལས་བྱུང་བའི་ཁྲོ་
བོའི་ཕུར་པ་བསྐྱེད་ནས་བདག་གིས་སྐེ་ནས་བཟུང་བས་ཕྱོགས་བཅུའི་བགེགས་དག་ལ་གདབ་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་
བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ་པར་བྱའོ། །ས་བཟུང་བའི་རིམ་པའོ།། །།དེ་ནས་དཀྱིལ་འཁོར་གྱི་དབུས་སུ། ཁྲུ་གང་པའི་དཀྱིལ་འཁོར་ཟླུམ་པོར་བྱས་ནས། ལྷའི་གྲངས་དང་མཉམ་པའི་ཐིག་ལེ་དྲི་དང་ལྡན་པར་བྱ་སྟེ། མེ་ཏོག་རེ་དབུས་སུ་བཞག་པ་གདན་དུ་དབུལ་བར་བྱས་
ནས། འཁོར་ལོའི་རང་བཞིན་བསྐྱེད་པ་དང་། དང་པོ་བསྙེན་པའི་དུས་ན་སྤྱན་དྲངས་པའི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པ་རྣམས་དེར་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་བྱས་ཏེ། མཁྱེན་པར་གསོལ་བ་ནི། བཅོམ་ལྡན་འཇམ་དཔལ་རྡོ་རྗེ་ནི། །རིག་སྔགས་བདག་པོ་
ཕྱག་འཚལ་བསྟོད། །སྙིང་རྗེ་ཡིད་ཀྱིས་དཀྱིལ་འཁོར་བྲི། །དེ་ཕྱིར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས། གང་གཞན་སྔགས་ཀྱི་ལྷ་ཚོགས་དང་། །ལྷ་རྣམས་བསྟན་ལ་མངོན་དགའ་བའི། །དཀྱིལ་འཁོར་བྱིན་རླབས་དངོས་གྲུབ་མཛོད། །ཅེས་ལན་

གསུམ་བརྗོད་དེ་ལྷ་གནས་པའི་རིམ་པའོ། །དེ་ནས་དངུལ་ལམ་གསེར་གྱི་བུམ་པ་ཁ་དོག་དཀར་པོར་བསྒྱུར་བ་ལྷའི་གྲངས་དང་མཉམ་པ་སྟེ་དགུ་དང་། ལས་བྱེད་པ་དང་བཅུ་པོ་དེ་དག་ཚང་བར་བྱས་ལ། དགུ་ལ་སྣ་ཚོགས་པདྨའི་སྟེང་དུ་རང་གི་མཚན་མ་བྲི་བར་བྱའོ། །ལས་བྱེད་པའི་བུམ་པར་
པདྨའི་ལྷ་ལ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །གཙོ་བོའི་བུམ་པར་འབྲུ་ལྔ་དང་། རིན་པོ་ཆེ་སྣ་ལྔ་དང་། སྨན་ལྔ་དང་། དྲི་ཆབ་བཟང་པོས་དགང་བར་བྱའོ། །གཞན་དག་ཏུ་ཡང་དྲིའི་ཆུས་དགང་བར་བྱའོ། །མགུལ་ཆིངས་ཉིས་རིམ་བྱའོ། །ཤིང་བཟང་པོའི་ལོ་མས་ཁ་རྒྱན་བྱའོ། །དེ་ནས་
གཙོ་བོའི་བུམ་པར་པདྨའི་སྟེང་དུ་ཆོ་ག་གསུམ་པ་ལས་གཙོ་བོའི་སྐུ་བསྐྱེད། ཕྱག་རྒྱ་བཞི་དང་ལྡན་པར་བྱ། ཡེ་ཤེས་ཀྱི་གཙོ་བོ་བཀུག་ལ་གཞུག །མཆོད་པ་དང་བསྟོད་པ་བཟླས་པ་བྱ། དེ་ནས་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བཀུག་པའི་སངས་རྒྱས་དང་བཅས་པ་བདུད་རྩི་ཆུའི་རང་
བཞིན་དུ་ཞུ་བར་བྱའོ། །དེ་ནས་བུམ་པ་གཞན་དུ་ཡང་དེ་བཞིན་དུ་བསྐྱེད་པ་དང་། གཞུག་པ་དང་། མཆོད་པ་དང་། ཞུ་བར་བྱས་ཏེ་གཞག་གོ། །ལས་བྱེད་པའི་བུམ་པར་པདྨའི་སྟེང་དུ་བསྐྱེད་པའི་ལས་ཐམས་ཅད་པའི་ཁྲོ་བོ་བསྐྱེད་པ་དང་། གཞུག་པ་དང་། མཆོད་པ་ཡན་ཆད་བྱས་ནས་
བཟླས་པ་བྱས་ལ་ཞུ་བར་མི་བྱ་སྟེ། དེ་ནས་བུམ་པ་དེ་དག་རང་གི་ཁང་པར་སྦ་བར་བྱ་སྟེ། བུམ་པ་གནས་པའི་རིམ་པའོ།། །།དེ་ནས་སློབ་མ་ཤར་ངོས་སུ་མཎྜལ་བྱ་སྟེ། དེར་འདུག་ནས། རྡོ་རྗེ་སློབ་དཔོན་གྱི་གཙོ་བོའི་ང་རྒྱལ་བྱས་པ་ལ་གསོལ་བ་གདབ་པ། སྟོན་པ་ཁྱོད་ལ་བདག་
དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་ཆེན་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་རིམ་པ་དང་། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །གསུམ་ལ་སྐྱབས་སུ་འགྲོ་བ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་
བདག་ནི་གཞུག་པར་མཛོད། །ཅེས་གསོལ་བ་གདབ་བོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མའི་ལག་པ་ནས་བཟུང་སྟེ། བུ་གཅིག་འདིར་ཤོག་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ཀྱིས་ཚུལ་ཆེན་རྙེད་པར་གྱིས། །དུས་གསུམ་

སངས་རྒྱས་འབྱུང་བ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དཔག་མེད་ཡེ་ཤེས་ཐོབ་པ་ནི། །རྡོ་རྗེ་གསང་སྔགས་སྨོས་པ་ནི། །གང་ཞིག་མཉམ་མེད་སྔགས་སྦྱོར་བས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་བདུད་ཀྱི་སྡེ་བཅོམ་ནས། །འཇིག་རྟེན་མཐུན་པར་ཆོས་ཀྱི་ནི། །
འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་བློ་ལྡན་བུ་ཁྱོད་ཀྱིས། །ཐམས་ཅད་མཁྱེན་པའི་དོན་ཐོབ་གྱིས། །ཞེས་བརྗོད་དོ། །དེ་ནས་བྱ་བའི་རྒྱུད་ལ་སོགས་པ་དང་ཐུན་མོང་གི་སྡོམ་པ་དང་། རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པའི་ཕས་ཕམ་པ་བཅུ་བཞི་དང་། སྡོམ་པ་སྦོམ་པོ་དྲུག་ལ་སོགས་
པ་དག་ཀྱང་དགོད་པར་བྱའོ། །དེ་ནས་སློབ་མའི་གནས་གསུམ་དྲིའི་ཐིག་ལེ་རེ་རེ་བྱས་ཏེ། རྡོ་རྗེ་དང་། འཁོར་ལོ་དང་། པདྨ་དག་བསྐྱེད་ལ། དེ་དག་གི་ལྟེ་བར་ས་བོན་གསུམ་བསམ་ཞིང་། ཨོཾ་ཨཱཿཧཱུཾ་ཞེས་པས་གནས་གསུམ་དུ་རྡོ་རྗེ་གཞག་པར་བྱའོ། །དེ་ནས་སོ་ཤིང་མེ་ཏོག་གི་ཕྲེང་བ་ཅན་བདུད་
རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་པ་སྦྱིན་པར་བྱས་ནས། སློབ་མས་རང་གི་སོའི་རྩ་བ་དག་བྲུད་ནས། དཀྱིལ་འཁོར་གྱི་སྟེང་དུ་དོར་ཏེ། ཞི་བ་ལ་སོགས་པའི་ལས་དང་དངོས་གྲུབ་ཀྱི་རྟགས་དག་ཤེས་པར་བྱའོ། །སྲུང་སྐུད་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མདུད་པ་བོར་ཏེ། དཔུང་པ་གཡོན་
པར་གདགས་པར་བྱའོ། །དེ་ནས་ཀུ་ཤ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པ་བྱིན་ལ་སྔས་སུ་བྱས། ཤར་ལྷོའི་མཚམས་སུ་མགོ་བསྟན་ཞིང་ཉལ། རྨི་ལམ་གྱི་ལྟས་བརྟག་པར་བྱའོ། །སློབ་མ་གནས་པའི་རིམ་པའོ།། །།དེ་ནས་ནང་པར་སྔར་སྤྱན་དྲངས་པའི་སྔགས་ཀྱིས་དེ་བཞིན་
གཤེགས་པ་རྣམས་མདུན་གྱི་ནམ་མཁའ་ལ་གཤེགས་སུ་གསོལ་ནས་ཐིག་གི་ལས་བྱ་སྟེ། ཚོན་སྣ་ལྔའི་སྐུད་པས་སོ་སོར་བསྐལ་པ་ལ། སྟོང་པ་ཉིད་སྔོན་དུ་འགྲོ་བས་ཡི་གེ་ལྔ་ལས་བྱུང་བར་བསམ། དེ་ནས་དེ་དག་གཅིག་ཏུ་བསྒྲིལ་ལ་དྲི་དང་བདུད་རྩི་ལྔ་བླུགས། གཡས་གཡོན་དང་
དབུས་སུ། ཨོཾ་ཨཱཿཧཱུཾ་རིམ་པར་བཀོད་དེ། དམ་ཚིག་གི་སྐུད་པའི་རིམ་པའོ།། །།དེ་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པའི་རིགས་ལྔའི་ཐུགས་གནས་ཡེ་ཤེས་ཀྱི་སྐུད་པ་འོད་དུ་འབར་བ་བསམས་ཏེ། རང་གི་མིག་གཉིས་སུ་ཉི་མ་བསམས་ལ་དེའི་སྟེང་དུ་ཛཿདམར་པོ་བསམ། དེ་

ནས་མིག་གི་རྫི་མ་ལྷེབ་ལྷེབ་བྱེད་པས་ཡེ་ཤེས་ཀྱི་སྐུད་པ་ཛཿས་དྲངས་ནས་དམ་ཚིག་གི་སྐུད་པར་གཞུག །དེ་ནས་མཆོད་པ་ལྔ་དབུལ་ལོ། །ཡེ་ཤེས་ཀྱི་སྐུད་པའི་རིམ་པའོ།། །།དེ་ནས་མཆོད་པ་དང་གཏོར་མ་བྱས་ཏེ། བསྐུལ་བ་དང་བཅས་ཏེ་བསྒྲིལ་བར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ནུབ་
ཏུ་འདུག་ནས། རྡོ་རྗེ་ཁུ་ཚུར་གཡོན་པས་བཟུང་ལ། གཙོ་བོར་བསྒོམས་པའི་ལྟེ་བར་ཁུ་ཚུར་བཞག་ལ། ཛ་ཛ་ཛ་གསུམ་གྱིས་སློབ་མའི་ལག་མཐིལ་དུ་གཡས་པས་དྲངས་ཏེ་བྱིན་ལ་ཚངས་ཐིག་དང་པོ་གདབ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་གྱེན་དུ་བཏབ་པའི་སྒྲས་དེ་བཞིན་
གཤེགས་པ་དག་འགྲོ་བའི་དོན་གྱི་དུས་ལ་བབ་པར་བསྐུལ། དེ་ནས་ཚངས་ཐིག་གཉིས་པ་ཡང་དེ་བཞིན་དུ་གདབ་པར་བྱའོ། །དེ་ནས་ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པས་སའི་ཐིག་བཏབ་ལ། ཐིག་དེའི་སྟེང་དུ་ཡེ་ཤེས་ལྔའི་ཐིག་བཏབ་ལ། སྔ་མའི་ཐིག་བྱིན་གྱིས་བརླབ་པར་
བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་ལ་མཆོད་པ་བྱས་སླར་ཡང་གཤེགས་སུ་གསོལ་ལོ། །དེ་ནས་ལས་ཀྱི་ཐིག་ནི། དང་པོར་ས་ལ་ཚངས་ཐིག་དང་པོ་བཏབ་ལ། དེར་བྱ་རོག་རྗེས་གཉིས་བྲིའོ། །དེ་ནས་གཉིས་པ་བཏབ་སྟེ། ཟུར་བཞིར་བྱ་རོག་རྗེས་བྲི་སྟེ། དང་པོར་ཀུན་གྱི་ཐིག་ཤར་དུ་གདབ། དེ་ནས་ནུབ། དེ་ནས་བྱང་། དེ་
ནས་ལྷོར་གདབ་བོ། །དེ་ནས་མེ་དང་རླུང་གི་གྲྭར། དེ་ནས་བདེན་བྲལ་དང་དབང་ལྡན་གྱི་གྲྭར་གདབ་བོ། །དེ་ནས་ཤར་གྱི་ཚངས་པའི་ཐིག་ནས་ལྷོར་ཚངས་པའི་ཐིག་གི་སྣར་གདབ་བོ། །དེ་ནས་དེ་བཞིན་དུ་ལྷོ་ནས་ནུབ་ཏུ། དེ་ནས་ཡང་བྱང་། བྱང་ནས་ཀྱང་ཤར་གྱི་ཚངས་ཐིག་ཏུ་གདབ་བོ། །དེ་
ནས་ནང་གི་བྱ་རྗེས་བཞིར་ཐིག་བཞག་ནས། ནང་གི་ངོས་བཞིར་བཏབ་པས་ནི་ཕོ་བྲང་དང་། སྒོ་དང་། རྟ་བབས་ཀྱི་སྣམ་བུར་གསལ་བར་འགྱུར་རོ། །དེ་ནས་སྣམ་བུ་བཞི་པོ་དེ་རེ་རེ་ལ་སྣམ་བུ་བཞི་བཞིར་བགོས་ཏེ། ཆ་ཆེན་པོ་བཅུ་དྲུག་ཏུ་བྱའོ། །དེ་རེ་རེ་ལ་ཡང་ཆ་ཆུང་བཞི་བཞིར་བགོ་བར་བྱའོ། །
ཐིག་དེ་དག་གི་ཆ་རྣམ་པར་བགོས་ཏེ། དབུས་ཀྱི་ཕོ་བྲང་ཟླུམ་པོ་དང་གྲྭ་དང་སྒོ་ལ་སོགས་པ་ཀུན་ཆར་བགོ་བར་བྱ་སྟེ། ཐིག་གི་རིམ་པའོ།། །།དེ་ནས་ཚོན་སྣ་ལྔ་རིམ་པར་བཞག་སྟེ། སྟོང་པ་ཉིད་སྔོན་དུ་འགྲོ་བས་ཡི་གེ་ལྔ་ལས་བསྐྱེད་དེ། དྲི་དང་བདུད་རྩིས་བསང་། དེ་ནས་སྔ་མ་བཞིན་

དུ་ཡེ་ཤེས་ཀྱི་ཚོན་མིག་གི་ཚོན་ལ་བསྟིམ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་སྟྭཾ། ཞེས་བཟླས། དེ་ནས་བྱང་ཤར་མཚམས་སུ་དཀར་བ་དང་ནང་ནས་དྲངས་ཏེ་མཛུབ་གང་བླ་མའི་ལག་པ་གཡོན་པས་བྲིས་ལ་ཆོས་ཀྱི་དབྱིངས་དེ་དག་པས་ན། སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་
དཔལ་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་ནས་ཟངས་གཞོང་ལ་སོགས་པས་དགབ་པར་བྱའོ། །དེ་ནས་དབུས་ནས་བྲི་བར་བྱ་སྟེ། རྒྱུད་ཉིད་ལས་ཇི་སྐད་གསུངས་པ་ནི། ནམ་ཕྱེད་ཀྱི་ནི་དུས་དག་ཏུ། །མ་ཧེའི་གདོང་གི་སྦྱོར་ལྡན་པས། །གཅེར་བུ་སྐྲ་ནི་ལྷུག་པར་བྱས། །
དུར་ཁྲོད་སོལ་བ་ལ་སོགས་པས། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །གྲུ་བཞི་པ་དང་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །དྲིལ་བུ་དང་ནི་འཕན་ལ་སོགས། །མེ་ཏོག་ཕྲེང་བ་རྣམས་ཀྱིས་བརྒྱན། །གྲྭ་རྣམས་དང་ནི་སྒོ་ཁྱུད་དང་། །རྡོ་རྗེ་རིན་ཆེན་སྤྲས་པ་དང་། །དེ་བཞིན་ཟླ་བ་ཕྱེད་པའོ། །
དེ་དབུས་འཁོར་ལོ་བྲི་བ་ནི། །རེ་མིག་དགུ་པ་ཟླུམ་པོ་སྟེ། །སྒོ་གཅིག་དག་ཏུ་འདུག་ནས་སུ། །གཞན་གྱི་སྒོ་རྣམས་གཅད་པར་བྱ། །ཞེས་གསུངས་པ་དེ་བཞིན་དུ་བྲི་བར་བྱ་སྟེ། དབུས་ལྟེ་བ་ཟླུམ་པོ་རེ་མིག་དགུ་པ། དེའི་ཕྱིར་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་དང་བཅས་པ། རྡོ་རྗེའི་ཕྲེང་བ་དང་།
མེའི་ཕྲེང་བ་དང་། པདྨའི་ཕྲེང་བ་བྱའོ། །མཚན་མ་བྲི་བར་དགོད་པ་ཡང་དེའི་དབུས་སུ་རོ་བྲི་བར་བྱའོ། །ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་གྱི་གྲྭར་ཀ་པཱ་ལ། ལྷོའི་གྲྭར་ཐོད་པའི་དུམ་བུ། ནུབ་ཀྱི་གྲྭར་དུར་ཁྲོད་ཀྱི་རས། བྱང་གི་གྲྭར་མདུང་གིས་ཕུག་པའི་
སྐྱེས་བུའོ། །འདི་དག་ནང་གི་མཚན་མ་སྟེ། དེ་ནས་ཕྱི་རོལ་ཕྱག་རྒྱ་དགོད། ཤར་གྱི་སྣམ་བུར་ནི་གྲི་གུག་དང་། བྷི་ཏི་པཱ་ལ་དང་། རྩེ་གསུམ་དང་། ཆུ་གྲི་དང་། གཏུན་ཤིང་དང་། ལྕགས་ཀྱུ་ལ་སོགས་པ་བྲི་བར་བྱའོ། །ལྷོའི་སྣམ་བུ་ལ་སྟ་རེ་དང་། མདའ་དང་། དབྱུག་ཏོ་དང་། ཁ་ཊྭཱཾ་ག་
དང་། འཁོར་ལོ་དང་། རྡོ་རྗེ་ཞགས་པ་ལ་སོགས་པ་བྲི་བར་བྱའོ། །ནུབ་ཏུ་ནི་རྡོ་རྗེ་དང་། ཅང་ཏེའུ་དང་། ཕུབ་དང་། གཞུ་དང་། དྲིལ་བུ་དང་། རླུང་གིས་བསྐྱོད་པའི་རས་ལ་སོགས་པ་བྲི་བར་བྱའོ། །བྱང་དུ་ནི་སྡིགས་མཛུབ་དང་། འཕན་རྩེ་གསུམ་པ་དང་། གླང་པོའི་པགས་པ་དང་། རྡོ་རྗེའི་

ཐོ་བ་དང་། མདུང་དང་། མེ་ཐབ་ལ་སོགས་པ་བྲི་བར་བྱའོ་ཞེས་གསུངས་པ་བཞིན་བྲི་བར་བྱའོ། །ཁྱད་པར་དུ་ནི་སྒོ་བཞི་དང་། གྲྭ་བཞིར་སྣ་ཚོགས་པདྨའི་སྟེང་དུ་གྲི་གུག་བྲི་བར་བྱའོ། །དབུས་སུ་ཡང་རོའི་སྟེང་དུ་པདྨའི་སྟེང་དུ་གྲི་གུག་བྲི་བར་བྱའོ། །དཀྱིལ་འཁོར་བྲི་བའི་རིམ་པའོ།། །།
དེ་ནས་བུམ་པ་དགོད་དེ། གཙོ་བོའི་དབུས་སུ་བཞག །གཞན་དགུ་ལས། ལས་ཀྱི་བུམ་པ་བྱང་ཤར་དུ་བཞག་སྟེ། ཁྱོད་ཀྱིས་བགེགས་བསྲུང་བར་གྱིས་ཤིག་ཅེས་བརྗོད་ནས། བིགྷྣཱན་ཏ་ཀྲྀཏ་བཟླས་སོ། །གཞན་བརྒྱད་ནི། དང་པོ་ལྷ་མོ་གང་བསྒོམ་པ་དེའི་ས་ཕྱོགས་སྒོ་དང་གྲྭ་བཞིར་གཞག་
གོ། །དེ་ནས་མཆོད་རྫས་ནི་མི་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ཅེ་སྤྱང་དང་། མ་ཧེ་དང་། གླང་པོ་ལ་སོགས་པ་དང་། གཞན་ཡང་བྱ་རྒོད་དང་། འུག་པ་དང་། ཁྲ་དང་། བྱ་རོག་དང་། ཆུ་སྐྱར་དང་། ཐིང་རིལ་དང་། རྨ་བྱ་དང་། ནེ་ཙོ་ལ་སོགས་པའི་ཤ་ལས་བྱས་པའི་ལྷ་བཤོས་བརྒྱད་ཕྱོགས་
མཚམས་སུ་གཞག །ཚིལ་ཆེན་པོའི་མར་ཁུའི་མར་མེ་བརྒྱད་ཀྱང་དེ་བཞིན་དུ་གཞག །སྒོ་བཞི་དང་གྲྭ་བཞིར་ཁྲག་སྣ་ཚོགས་པའི་དམར་གྱི་ཨརྒྷ་ཐོད་པ་བརྒྱད་གང་བ་གཞག་པར་བྱའོ། །མ་ཧཱ་མཾ་སའི་དྷཱུ་པེ་དང་། མེ་ཏོག་གི་སྣོད་བརྒྱད་དག་ཀྱང་ཕྱོགས་མཚམས་སུ་གཞག་པར་བྱའོ། །སློབ་མ་
དཀྱིལ་འཁོར་དུ་འཇུག་པའི་དུས་ན་གྲངས་དང་མཐུན་པའི་གཏོར་མ་དང་། གཞན་ཡང་ལྷ་རྣམས་ལ་དབུལ་བའི་ཚོགས་ཀྱི་རྫས་དང་། བདུད་རྩི་ལྔ་དང་། རས་ཟུང་དང་བཅས་པ་ཡང་བཞག་སྟེ། མཆོད་རྫས་ཀྱི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཆ་རྐྱེན་ཐམས་ཅད་
ཕུན་སུམ་ཚོགས་པར་ཤེས་ནས། རང་གི་ལྷའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དང་པོ་གནོད་མཛེས་ཀྱིས་བགེགས་བསལ་བའི་སྦྱོར་བ་སྔོན་དུ་བྱས་ནས་དེ་ནས་བླ་མའི་མཆོད་པ་དང་། སྟོང་པ་ཉིད་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཡན་ལག་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་དང་གཞལ་
ཡས་ཁང་ལ་སོགས་པ་བསྒོམ་པ་དང་། དམ་ཚིག་གི་འཁོར་ལོ་བསྐྱེད་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་མཉེས་པར་བྱ་བ་དང་། མཐར་སྙིང་གར་བསྡུ་བ་བྱས་ནས། སྦྱང་བ་དང་། འབར་བ་དང་། རྟོགས་པས་ནང་དུ་ཡོངས་སུ་ཚིམ་པར་བྱས་ཏེ། ཕྱིའི་སྦྱིན་སྲེག་གིས་ཀྱང་

མཆོད་ནས། དེ་ནས་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་རྡོ་རྗེ་སློབ་དཔོན་གྱིས་བསྒོམ་པར་བྱ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་དང་འདྲེས་པར་གྱུར་ནས། བསང་གཏོར་དང་། མཆོད་པ་ལྔ་དང་། བདུད་རྩི་ལྔ་དང་། རས་ཟུང་ཐམས་
ཅད་ཀྱང་དབུལ་བར་བྱའོ། །མཆོད་པའི་རིམ་པའོ།། །།དེ་ནས་སློབ་མ་ཕྱི་རོལ་དུ་གནས་པ་དེའི་དྲུང་དུ་བླ་མས་ལས་ཀྱི་བུམ་པ་ཁྱེར་ཏེ། བིགྷྣཱན་ཏ་ཀྲྀཏ་ཅེས་བརྗོད་ཅིང་ཕྱིན་ཏེ། དེ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ནས། ཨ་ཁཾ་བཱི་ར་ཧཱུཾ། ཞེས་པས་མེ་ཏོག་གི་ཕྲེང་བ་ལེན་དུ་གཞུག་གོ། །
དེ་ནས་དར་དམར་པོ་མ་རྨས་པས་མིག་དགབ་པར་བྱས་ལ་ཆུས་གཏོར་རོ། །དེ་ནས་ཡོལ་བའི་ཕྱི་རོལ་དུ་བཀུག་ལ་དྲི་བར་བྱ་སྟེ། ཀྱེ་དེ་ན་གནས་པའི་དེ་སུ་ཞིག་ཅེས་བྱའོ། །སྐལ་བ་བཟང་པོ་བདག་ལགས་སོ་ཞེས་སོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ཏེ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་
ཡཱ་མི། ཞེས་བརྗོད་ནས་ཡོལ་བའི་ནང་དུ་བཀུག་པ་ལ་འདི་བརྗོད་དོ། །དུས་འདི་ཉིད་དུ་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །དེས་ན་སངས་རྒྱས་འགྲུབ་པར་གསུངས། །གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །བག་
མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ནན་ཏན་གནས་པར་བྱའོ། །ཞེས་སྙིང་གར་རྡོ་རྗེ་བཟུང་ལ་སྨྲ་བར་བྱའོ། །དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ། གཏམ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་གཞན་ལ་སྨྲས་གྱུར་ན། །ཀླད་པ་ཚལ་བ་བདུན་དུ་འགས། །དེ་ནས་ཙནྡན་དང་། གུར་ཀུམ་ལ་སོགས་
པ་དང་། བདུད་རྩི་ལྔ་བསྲེས་པའི་ཆུ་ལག་པར་བྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །འཐུང་ཞིག་རྡོ་རྗེ་བདུད་རྩི་འཐུང་། །ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཞེས་དམ་བདར་རོ། །དེའི་རྗེས་ལ་དམ་ཚིག་ཐུན་མོང་མ་ཡིན་
པ་འདི་སྨྲ་བར་བྱ་སྟེ། དུས་འདི་ཉིད་ནས་བུ་ཁྱོད་ཀྱི། རྡོ་རྗེ་འཛིན་པ་ང་ཡིན་ཏེ། །ང་ཡིས་ཇི་ལྟར་བཀའ་སྩལ་ཏེ། །ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ང་ལ་མ་མོས་མིན། །དེ་བཞིན་མོས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་གནས་

པར་གྱིས། །མནའ་ཆུ་བླུད་པའི་རིམ་པའོ།། །།དེ་ནས་སློབ་མ་འོད་དཔག་ཏུ་མེད་པར་བསྒོམ་པ་ལ་སོགས་པའི་རིམ་པས་གཞན་ནས་བསྟན་པས་དབབ་པར་བྱའོ། །དེ་ནས། ཇི་ལྟར་བསོད་ནམས་ཇི་བཞིན་ལྷའི། །རིགས་ཀྱི་བྱེ་བྲག་འདི་ལ་ཡང་། །རིགས་ཀྱི་ནང་ན་འདི་བཟང་ངོ་། །
དེ་ཡི་དངོས་གྲུབ་འདིར་བྱུང་ནས། །དེ་ཡི་བསོད་ནམས་འདིར་འབྱུང་བ། །དེ་འདྲའི་དཀྱིལ་འཁོར་འདི་ལའོ། །ཞེས་སྨྲས་ནས། པྲ་ཏཱིཙྪ་བཛྲ་ཧོ་ཞེས་ལན་གསུམ་བརྗོད་དེ་དོར་རོ། །ལྷ་གང་ལ་བབས་པ་དང་། ལུས་ཀྱི་སྟོད་སྨད་ལ་སོགས་པའི་བྱེ་བྲག་ལས་དངོས་གྲུབ་བཟང་ངན་དག་འབྱུང་
བར་ཤེས་པར་བྱ་སྟེ། མེ་ཏོག་ལྟས་ཀྱི་རིམ་པའོ། །དེ་ནས། རྡོ་རྗེ་འཛིན་པས་དེ་རིང་ཉིད། །ཁྱོད་ནི་ཡེ་ཤེས་མིག་ཕྱེ་སྟེ། །དེ་བཞིན་ཐམས་ཅད་མཐོང་བར་གྱིས། །ཨོཾ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཕཊ། ཅེས་བརྗོད་ནས་རང་གསལ་བའི་སྒོ་ནས་གཙོ་བོ་ལ་ཐུག་པར་བསྟན་ཏེ། དཀྱིལ་འཁོར་དུ་
གཞུག་པའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་བུམ་པ་དག་གི་ཆུ་གཅིག་ཏུ་བྱས་ཏེ། དེས་སློབ་མའི་སྤྱི་བོ་ནས་དབང་བསྐུར་བ་སྦྱིན་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི། ཞེས་སྤྱི་བོར་ཆུ་བླུགས་པས། རིགས་ཀྱི་བདག་པོ་མི་བསྐྱོད་པས་མགོ་བརྒྱན་པར་བསམ་མོ། །དེ་ནས་དབུ་རྒྱན་སྟོང་པ་ཉིད་
མངོན་དུ་བྱས་ནས། ཨོཾ་ཧཱུཾ་ཨཱཾ་ཛྲཱྀཾ་ཁཾ་ལྔ་ལས་རིགས་ལྔ་བསྐྱེད་དེ། དེ་བཞིན་གཤེགས་པ་ལྔ་པོ་དག་དེར་གཞུག་པར་བྱས་ནས་སློབ་མའི་མགོ་ལ་བཞག་ནས། ཨོཾ་རཏྣ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་དོ། །དབུ་རྒྱན་གྱི་དབང་བསྐུར་བའོ། །དེ་ནས་རྡོ་རྗེ་སྟོང་པ་ཉིད་ལས་པཾ་ལས་
འོད་དཔག་ཏུ་མེད་པར་བསྐྱེད་ནས་འོད་དཔག་ཏུ་མེད་པར་བཅུག་ལ། དེ་གྱུར་པ་ལས་རྡོ་རྗེར་གྱུར་པས་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མིས་ལག་པ་གཡས་པར་རྡོ་རྗེ་སྦྱིན་ནོ། །དེ་ནས་དྲིལ་བུ་ཡང་སྔ་མ་བཞིན། ཨ་མོ་གྷ་སིདྡྷིར་བསྐྱེད་པ་དང་། གཞུག་པ་བྱས་ཏེ་གྱུར་པས་དབང་
སྦྱིན་ཏེ། ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩཱ་མི་ཞེས་བདག་པོའི་དབང་སྦྱིན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་གཉིས་སློབ་མའི་སྤྱི་བོར་བསྣོལ་ཏེ་བཟུང་ལ། མིང་གི་དབང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་བདག་

ཉིད་སྦྱིན་པར་བྱ་སྟེ། བཛྲ་ནཱ་མ་ཨ་བྷི་ཥིཉྩ། ཞེས་པས་སྦྱིན་ཏེ། ཀྱེ་དཔལ་ཆེ་གེ་མོ་ཞེས་ལྷ་གང་ལ་བབ་པའི་ཞབས་ཀྱིས་མཚན་པའི་མིང་གི་དབང་སྦྱིན་ནོ། །དབང་ལྔ་པོ་འདི་ནི་རིགས་ལྔའི་དབང་ངོ་། །དེ་ནས་སློབ་དཔོན་གྱི་དབང་སྦྱིན་པར་བྱ་སྟེ། བདག་དང་གཞན་གྱི་དོན་བྱེད་པ་
ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ཏེ། ཐུགས་རྗེའི་བདག་པོས་སྩལ་དུ་གསོལ་ཞེས་ཞུའོ། །དེ་ནས་ཧཱུཾ་ལས་རྡོ་རྗེར་བསྒོམས་ཏེ། ཐོག་མ་ཐ་མ་མེད་སེམས་དཔའི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐུགས་ཀྱི་བདག །རྡོ་རྗེ་སྙིང་པོ་ཐུགས་ཀྱི་གཙོ། །ཞེས་བརྗོད་ནས་སྦྱིན་ནོ། །དེ་ནས་
ཨ་ལས་དྲིལ་བུ་བསྐྱེད་དེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་འདོད། །རྟག་པར་ཁྱོད་ཀྱིས་བཟུང་བ་ཡིན། །རྒྱལ་བའི་བྱང་ཆུབ་མཆོད་པར་གྱིས། །ཞེས་ལག་པ་གཡོན་པར་སྦྱིན་ནོ། །སྲིད་པའི་ཚིག་དག་བརྗོད་དེ་དེས་དཀྲོལ་ལོ། །དེ་ནས་སློབ་མ་ཡི་དམ་གྱི་
ལྷའི་སྐུ་ཕྱག་རྒྱ་བསྒོམ་པ་བྱིན་ཏེ་སྐུའི་དབང་སྦྱིན་ནོ། །དེ་ནས་གཞལ་ཡས་ཁང་གི་རྣམ་པར་དག་པ་དང་ལྷའི་རྣམ་པར་དག་པ་བཤད་ནས། དེ་ནས་གནང་བ་སྦྱིན་ཏེ། འཇིག་རྟེན་ཁམས་ནི་མ་ལུས་པར། །ཇི་ལྟར་འདུལ་བའི་འཁོར་ལོ་བསྐོར། །ཞེས་སོ། །དེ་ནས་བརྟུལ་ཞུགས་སྦྱིན་པར་བྱ་སྟེ།
འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་པར་ཁྱོད་ཀྱིས་གཟུང་བར་གྱིས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་ཡིན། །རྡོ་རྗེ་བྱིན་ནས་བརྟུལ་ཞུགས་བརྟན་པའོ། །དེ་ནས་སློབ་དཔོན་སངས་རྒྱས་ཀྱི་སྐུར་བསྐྱེད་དེ། བླ་གོས་ཀྱི་མཐའ་མ་གཡོན་པས་བཟུང་བའི་
ཁུ་ཚུར་སྙིང་གར་བཟུང་བས། གཡས་པ་མཆོག་སྦྱིན་དུ་བྱས་ལ་ལུང་བསྟན་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། རྡོ་རྗེ་འཛིན་པ་ལུང་བསྟན་གྱིས། །སྔགས་ཀྱི་དངོས་གྲུབ་དང་བར་གྱིས། །ཞེས་ལུང་བསྟན་པ་སྦྱིན་པར་བྱའོ། །དེ་
ནས་སྐྱབས་སྦྱིན་བྱས་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ཡང་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བས། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་ཤི་བ་ཡོད་མེད་དེ། །སྡུག་བསྔལ་སྲིད་ལ་མྱ་ངན་འདས། །སྲིད་པ་བརྟན་

དུ་དངོས་གྲུབ་འགྱུར། །རང་བདག་ཡོངས་སུ་དོར་ནས་ནི། །དཀའ་ཐུབ་སྤྱད་པར་མི་བྱ་སྟེ། །ཇི་ལྟར་བདེ་བར་བཟུང་ནས་ནི། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །དེ་ལྟར་སློབ་དཔོན་དཀྱིལ་འཁོར་ནི། །སྔགས་དང་རྒྱུད་ཀྱི་ཕྲིན་ལས་ཅན། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །སྙིང་
རྗེའི་དབང་གིས་སེམས་ཅན་དོན། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་དག །བརྩོན་པར་བྲི་དང་རྒྱུད་ལ་ནི། །ཉན་དང་བསྒྲུབ་པ་དག་ཏུ་གྱིས། །ཞེས་སྐྱབས་སྦྱིན་ནོ། །དབང་དེ་ལྟར་རྫོགས་ནས། དཀྱིལ་འཁོར་དང་། སློབ་དཔོན་ལ་སྒྲ་དང་། རོལ་མོའི་བྱེ་བྲག་གིས་བསྐོར་བ་དང་། མཆོད་
པ་བྱས་ནས། དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སྙིང་གར་བཀོད་པ་བྱས་ནས། ནང་གི་སྦྱིན་སྲེག་གིས་ཚིམ་པར་བྱའོ། །གཏོར་མ་ཡང་བྱའོ། །དེ་ནས་གསང་བ་དང་། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ། །དཔལ་འཇམ་པའི་རྡོ་རྗེ་ཞེས་བྱ་བའི་
དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་དོན་ཡོད་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཤྲཱི་བྷཻ་ར་ཝ་བཛྲ་ཙཀྲ་མཱ་ར་ཎ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་
བྱེད་ཆེན་པོའི་གསད་པའི་འཁོར་ལོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་བྱ་ལ་སོགས་སྒྲིབ་སྤངས་ཤིང་། །མཚན་ཉིད་ཐམས་ཅད་ཐུགས་སུ་ཆུད། །ཤིན་ཏུ་ཁྲོས་པའི་ཚུལ་བསྟན་པས། །གདུག་པ་འཇོམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་ལ་
གནོད་བླ་མ་སྨོད། །དམ་ཚིག་ལ་སྡང་སེམས་ཅན་འཚེ། །ཐེག་པ་ཆེན་པོ་སུན་འབྱིན་པ། །སྔགས་དང་རྒྱུད་ལ་གཤེ་བ་དག །རྗེས་སུ་བཟུང་ནས་བསྒྲལ་བའི་ཕྱིར། །གསད་པའི་འཁོར་ལོ་གསལ་བར་བྱས། །སྔོན་དུ་བསྙེན་པ་རྫོགས་ནས་གསད་པའི་ལས་ལ་འཇུག་པར་བྱ་སྟེ། གཞན་དུ་ནི་
མ་ཡིན་ནོ། །རྣལ་འབྱོར་པ་དབང་རྣམས་དང་ལྡན་ཞིང་། དམ་ཚིག་མ་ཉམས་པ་རྣམ་པར་རྟོག་པ་མེད་པའི་བརྟུལ་ཞུགས་བརྟན་པ། གཙང་ཞིང་བླ་མ་ལ་གུས་པ་དུལ་བ། བསྟན་པ་ལ་གཅིག་ཏུ་གནས་པ། བརྩོན་འགྲུས་དང་ལྡན་པས། དུར་ཁྲོད་ཆེན་པོར་གནས་ཏེ། དེ་བཞིན་གཤེགས་

པ་ལ་མཆོད་པ་ལ་སོགས་པ་རྫོགས་པར་བྱས་ལ། རང་བཞིན་གྱིས་དག་པའི་སྔགས་དེ་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཡཾ་ལས་བྱུང་བའི་སྟེང་དུ། དེར་དྷཱིཿལས་འཇམ་དཔལ་བསྐྱེད་པ་རྒྱུའོ། །དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལས་རྡོ་རྗེ་
འཇིགས་བྱེད་ཆེན་པོ་ཇི་ལྟ་བ་བཞིན་དུ་བསྐྱེད་པ་ནི་འབྲས་བུའོ། །དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། སེམས་དཔའ་གསུམ་དང་ལྡན་པར་ཡོད་ན་དུ་བརྟགས་པས། སྔགས་རྣམས་ཡན་ལག་མ་ཉམས་པར་བཟླས་པས་ཚད་དང་ལྡན་པར་བྱའོ། །འདིར་གསད་པའི་འཁོར་ལོའི་ལས་
བརྩམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སྦྱོར་བ་གཙོ་བོ་ཡིན་པས་ན་དེ་ཉིད་བསྟན་ཏོ། །དེ་ལ་མར་གྱི་ལ་ཡིད་བརྟན་པར་གྱུར་ཅིང་། སྔགས་ཚད་དང་ལྡན་པའི་རྣལ་འབྱོར་པས། དུར་ཁྲོད་ཀྱི་རས་དང་། དུག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ནིམ་པ་དང་། སྨྱོ་བྱེད་དང་། བྱ་རོག་
གིས་ཟོས་པའི་ལྷག་མ་དང་། རྣམ་པར་སྣང་མཛད་དང་། མ་དུ་ལུང་གའི་འབྲས་བུ་དང་། དཀར་རྩི་དང་། བག་ཕྱེ་དང་། མི་རུས་ཀྱི་ཕྱེ་མ་དང་། རོ་བསྲེགས་པའི་སོལ་བ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། རོའི་སྐུད་པ་དང་། རོའི་སྐྲ་དང་། བྱ་རོག་གི་གུང་རུ་དང་། རབས་ཆད་ཀྱི་ཐོད་པ་དང་།
དུར་ཁྲོད་དང་། ལམ་གྱི་བཞི་མདོ་དང་། ཤིང་རྐང་གཅིག་དང་། ཆུ་ངོགས་གཉིས་དང་། ལིངྒ་གཅིག་པ་དང་། གྲོག་མཁར་གྱི་ས་དང་། རྒྱལ་པོའི་སྒོའི་ས་དང་། མིའི་རུས་པའི་ཕུར་པ་དང་། ཤིང་གདུག་པ་ཅན་གྱི་ཚེར་མ་རྣོན་པོ་རྣམས། རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་པ་དང་
ལྡན་པའི་ཕྱིར་འཚོགས་པར་བྱའོ། །རྣལ་འབྱོར་པ་མ་ཧེའི་གདོང་གི་སྦྱོར་བ་དང་ལྡན་པས། ཁ་ལྷོ་ཕྱོགས་སུ་བལྟས་ཏེ། གསང་སྔགས་ཀྱིས་རྫས་ལ་བཟླས་ཏེ། དུར་ཁྲོད་ཀྱི་རས་ལ་དཀར་རྩི་དང་། བག་ཕྱེ་ལས་གཞི་བླངས་ལ། དུག་དང་། སྐེ་ཚེ་དང་། ལན་ཚྭ་དང་། ནིམ་པ་དང་། སྨྱོ་
བྱེད་དང་། བྱ་རོག་གིས་ཟོས་པའི་ལྷག་མ་དང་། རྣམ་པར་སྣང་མཛད་དང་། དུར་ཁྲོད་ཀྱི་ཐལ་བ་དང་། མ་དུ་ལུང་གའི་འབྲས་བུ་རྣམས་ལ་སྦྱངས་ཏེ་བྱུགས་ལ་བརྐྱང་ངོ་། །དེ་ནས་ཁྲུ་ཕྱེད་པའི་རས་ལ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་རེ་མིག་བཅུ་དྲུག་པ་བྲི་བར་བྱའོ། །ཏེ་ལོའི་སླུད་

བུར་དང་པོ་གཉིས་ཕྱེད་དུ་གདབ་བོ། །དེའི་འོག་ཏུ་གཉིས་པོ་མཚམས་སུ་གདབ་བོ། །དེའི་རྟིང་ལ་གཞི་ལ་ཐ་མར་གདབ་པའི་དང་པོ་གཉིས་ཀྱིས་ངོས་སུ་རེ་རེ་བོར་ལ་གདབ། དེ་ལ་བསྐོར་བ་གསུམ་བྱ་སྟེ། དང་པོ་ཕྱེད་ལ་བསྐོར་བས་ལེའུ་ཙེ་དགུར་བྱའོ། །བར་པ་དེའི་ཕྱེད་ལ་བསྐོར་བས། རེ་མིག་
བཅུ་གཉིས་བྱའོ། །ཐ་མ་དང་པོའི་མཐའ་བསྐོར་ཏེ་གཅིག་ཏུ་བྱའོ། །རྫས་ཀྱི་འཁོར་ལོ་དེ་ལ་སྔགས་ཀྱི་འཁོར་ལོ་དགོད་པ་ནི། སྡེ་ཚན་བརྒྱད་དང་། གཅིག་པས་སྔགས་རྣམས་ཤེས་པར་བྱས་ལ་བྲིའོ། །མ་དུ་ལུང་གའི་དུག་དང་། ནིམ་པ་དང་། རོ་བསྲེགས་པའི་ཐལ་བ་རྣམས་ལ་སྦྱར་ལ། སྣག་
ཚ་བྱས་ཏེ། བྱ་རོག་གི་གཤོག་པའི་གུང་རུས་བྲི་བར་བྱའོ། །བྲི་བར་བྱས་པའི་ཕྱག་རྒྱ་དང་སྔགས་ནི། གཤིན་རྗེ་གཤེད་པོའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་ཀྱིས་བྱའོ། །ལག་པ་གཉིས་ཐལ་མོ་སྦྱར་ལ། གུང་མོ་གཉིས་རྩེ་སྤྲད་དེ། སྲིན་ལག་གཉིས་བསྣོལ། མཐེའུ་ཆུང་གཉིས་དེ་བཞིན་དུ་
སྦྱར་ཏེ། མཛུབ་མོ་གཉིས་དགུག །མཐེ་བོང་གཉིས་མཉམ་པར་སྦྱར་བར་བྱའོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་མ་མ་ཤ་ཏྲཱུཾ་མཱ་ར་ཡ