Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 47
Văn bản gốc(Tây Tạng)
Trang 9 / 16 (50.000 ký tự/trang)
་པོ་ཁྲུ་གཉིས་པའི་ཚད་ལ་ཁྲུ་གང་ཙམ་བྲུས་པ་རིན་པོ་ཆེའི་ཕྲེང་ བས་བསྐོར་བའི་སྦྱིན་སྲེག་གི་ཐབ་ཏུ་སྔར་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་འཇིགས་བྱེད་སེར་པོའི་རྣལ་འབྱོར་གྱིས་ཁ་བྱང་དུ་བལྟས་ཏེ་རྒྱས་པའི་སེམས་ཀྱིས་ཟླ་བ་ཉ་ལ་གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱས་ན་རྒྱས་པར་འགྱུར་རོ། །ཡང་ན་འགུགས་པར་འདོད་ན་ཞེས་བྱ་བ་ནི་གང་གི་ཚེ་ འགུགས་པར་འདོད་པ་དེའི་ཚེ། བརྒྱད་ལ་སྔར་བཞིན་དུ་ཐབ་ཁུང་བྱས་ལ་སྔར་བཞིན་དུ་ཐམས་ཅད་བྱས་ནས་དེར་རྡོ་རྗེ་འཇིགས་བྱེད་ཁ་དོག་དམར་པོའི་རྣལ་འབྱོར་གྱིས་ཆགས་པའི་སེམས་ཀྱིས་ཁ་ནུབ་ཏུ་བལྟས་ལ་གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱས་ན་འགུགས་པར་འགྱུར་རོ། ། འགུགས་པ་ཇི་ལྟ་བ་དེ་བཞིན་དབང་ལ་ཡང་ངོ་། །འདི་ནི་རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་འཇིགས་བྱེད་ལས་རྟོག་པ་དྲུག་པའི་བཤད་པའོ།། །།རྟག་ཏུ་སྔགས་པས་བསམ་གཏན་བསྟན། །གསང་སྔགས་བཟླས་པས་དུབ་གྱུར་པ། །དེ་ལ་ཕན་ཕྱིར་ཀུན་མཁྱེན་གྱིས། །རྟོག་པ་བདུན་པ་གསུངས་པ་ཡིན། །དེ་ལ་ ཞེས་བྱ་བ་ལ་སོགས་པ་གོ་སླའོ། །བྱེ་བྲག་ནི་འདི་ཁོ་ན་སྟེ། གལ་ཏེ་སྔགས་པས་གསོད་པར་བྱེད་ན། རང་ཉིད་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་པ་དམིགས་ནས། རང་གི་སྙིང་གར་ཉི་མ་ལ་གནས་པའི་ས་བོན་ལས་ངེས་པར་འབྱུང་བའི་ཁྲོ་བོའི་ཚོགས་དུ་མས་བསྐོར་བའི་སྤྲུལ་པའི་གཟུགས་ཀྱིས་སོང་ནས། བསྒྲུབ་བྱའི་ སྙིང་གར་སོང་སྟེ། བསྒྲུབ་བྱའི་སྙིང་གར་བཞུགས་ནས། དེ་བྱིན་གྱིས་རློབ་པར་བྱེད་པའོ། །ལྷ་ལེགས་པར་མཆོད་དེ་གསོལ་བ་གདབ་པར་བྱའོ། །འདི་ནི་རྣམ་པ་འདི་ལྟ་བུའི་ལས་བགྱིད་པ། ངེས་པ་ཁོ་ནར་དམྱལ་བར་འཆི་བ་ལགས་ཀྱིས། དེ་བས་འདི་ཡོངས་སུ་བོར་ལ་ཁྱེད་ཅག་གཤེགས་ཤིག ། དེས་ན་དེ་དག་བསྲུང་བ་དང་བཅས་པ་རང་གི་གནས་སུ་བཀུག་ནས་མཆོད་ཡོན་ལ་སོགས་པ་ཕུལ་ལ། རང་གི་ཞལ་གྱི་ལམ་ནས་བཅུག་ལ་སྙིང་གའི་ས་བོན་གྱིས་སྦྱར་བ་དང་ལེགས་པར་མཉེས་པར་བྱས་ལ་གཞག་པར་བྱའོ། །བསྲུང་བའི་ལྷ་བཟུང་ནས་ནམ་མཁའ་ལ་དོང་ངོ་། །དེ་ནས་བསྒྲུབ་བྱའི་ལུས་ སྟོང་པར་བལྟས་ལ་ལས་དེ་དག་བྱའོ། །དཔག་ཚད་བརྒྱར་གནས་པའི་སྐྱེས་བུ་ཡང་བཟུང་སྟེ་ཞེས་པ་ནི། ན་ཚོད་དང་མདོག་དང་མཚན་མ་དང་། གཟུགས་དང་མིང་རྣམས་ཤེས་པར་བྱས་ལ། བསམ་གཏན་བརྩམ་མོ་ཞེས་བྱ་བར་འབྲེལ་ཏོ། །ལག་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཞེས་བྱ་བ་ནི་ ལྕགས་ཀྱུ་ཞགས་པ་འཛིན་པའོ། །གཤིན་རྗེ་གཟུགས་ཅན་ཞེས་བྱ་བ་ནི་པདྨ་གཤིན་རྗེ་གཤེད་ཀྱི་གཟུགས་ཞལ་གཅིག་པ་ཕྱག་གཉིས་པའོ། །མ་ཧེའི་གདོང་གི་སྦྱོར་བ་ཞེས་པ་ནི་མ་ཧེའི་ཞལ་གྱི་རྣལ་འབྱོར་དང་ལྡན་པས་སོ། །པདྨ་འདབ་མ་བརྒྱད་པ་ཞེས་བྱ་བ་ནི་དཀར་པོའོ། །དེའི་ཟེ་འབྲུ་ཧྲཱིཿཡི་ ས་བོན་བདུད་རྩི་འཛག་པའོ། །དེའི་འདབ་མ་བརྒྱད་ལ་ཨི་དཀར་པོ་བརྒྱད་དོ། །སྤྱི་བོར་ཨ་ལས་བྱ་བ་ནི་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨ་ལས་བྱ་བར་འབྲེལ་ཏོ། །འདི་ནི་རྣལ་འབྱོར་གྱི་རྒྱུད་ལས་དཔལ་རྡོ་རྗེ་འཇིགས་བྱེད་ལས་རྟོག་པ་བདུན་པའི་བཤད་ པའོ།། །།རྡོ་རྗེ་འཇིགས་བྱེད་རྒྱུད་ལ་ནི། །མདོར་བཤད་གསལ་པོ་བྱས་པ་ལས། །བསོད་ནམས་ཐོབ་པ་གང་ཡིན་པས། །དེ་ཡིས་འགྲོ་བ་རྒྱལ་བར་ཤོག །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་མདོར་བཤད་པ། སློབ་དཔོན་སོ་ན་ཤྲཱིས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་པོ་ཏ་ཐཱ་ག་ ཏའི་ཞལ་ནས་བརྒྱུད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་ཏནྟྲ་སཱུ་ཏྲ་བི་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་རྒྱུད་ཀྱི་མདོ་མདོར་བཤད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་འཇིགས་བྱེད་དཔལ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨ་ལ་ ཡང་ཕྱག་འཚལ་ལོ། །དེ་ཡི་རྒྱུད་ཀྱི་རྒྱལ་པོ་བཤད་པ་ནི། །དེ་ཡི་བཀའ་དྲིན་གྱིས་ནི་བྲི་བར་བྱ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་འདིར་དེ་མ་ཐག་པར་རྟོགས་པར་བྱའོ། །འོ་ན་གལ་ཏེ་དེ་ལྟ་བུ་ཡང་ཇི་ལྟར་རྒྱུད་ཀྱི་དང་པོར་བསྟན་ཞེ་ན། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ དང་པོའི་ཚིག་བོར་ཏེ། དེ་ནས་ཞེས་བྱ་བའི་སྒྲ་བསྟན་པ་ནི། འཇམ་དཔལ་གྱི་རྒྱུད་གྲངས་སྟོང་ཕྲག་བཅོ་བརྒྱད་པ་ལས། འཇིགས་བྱེད་ཆེན་པོ་སྒྲུབ་པའི་ཐབས་ཀྱི་རྗེས་ལས་རྒྱུད་འདི་ཕྱུང་བ་སྟེ། དེ་ལྟར་རྟོགས་པར་བྱས་ལ། རྒྱུད་ཀྱི་དང་པོར་སྦྱར་བར་བྱའོ། །ཡང་དེ་ནས་ཀྱི་སྒྲ་ནི་རྟོག་པ་བདུན་པ་མ་ལུས་ པའི་སྐབས་སུ་བབ་པའི་དོན་ཏོ། །ཡང་དག་བཤད་ཅེས་བྱ་བ་ནི་ཡང་དག་པའི་དོན་ཏེ་འདིར་བཟླས་པ་དང་། འཁྲུལ་འཁོར་དང་སྦྱིན་སྲེག་དང་། བསམ་གཏན་དང་། ཕྲིན་ལས་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ་ནི། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །འཇིགས་བྱེད་སྙིང་རྗེར་འདོད་པ་སྟེ། །རྡོ་རྗེ་ འཇིགས་བྱེད་སྦྱོར་བ་ལས། །གཉི་ག་དེ་ཡི་བདག་ཉིད་འགྲུབ། །དེ་ལྟར་ན་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཇིགས་བྱེད་དོ། །འདིའི་སྒྲུབ་ཐབས་ནི་སྒྲུབ་པར་བྱེད་པ་སྟེ། གཞུང་གི་ཚོགས་འདི་ཡིས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷའི་གཟུགས་འདི་ལྟ་བུར་བྱེད་པའོ། །རྒྱུད་ ཀྱང་འདི་ཡིན་ཏེ་རྣམ་པར་བཀོད་པ་ལས་བྱུང་བས་ན་དེ་ཉིད་རྒྱུད་དོ། །དྲག་ཤུལ་ཞེས་བྱ་བ་ནི་ཁྲོ་བོའི་ཐུགས་ཉིད་ལས་སོ། །འཇིགས་བྱེད་ཅེས་པ་ནི་རྣམ་པར་འགྱུར་བའི་གཟུགས་ལས་སོ། །ཤིང་གཅིག་ཅེས་བྱ་བ་ནི་ཤིང་གང་ལ་ཤིང་གཞན་གྱི་གྲིབ་མས་མ་ཕོག་པའོ། །དབང་དང་དགུག་ པ་དང་། བསད་པ་ལ་སོགས་པ་ནི་བསྟན་པའོ། །ཉེ་བར་བཤད་པ་ནི་དངོས་གྲུབ་སྣ་ཚོགས་སྒྲུབ་པའི་རྟོག་པ་ལས་བསྟན་ཏོ། །རོ་བསྲེགས་ཐལ་བས་ཞེས་པ་ནི་རྡུལ་ཚོན་དཀར་པོའོ། །དུར་ཁྲོད་ཀྱི་སོལ་བས་ནི་རྡུལ་ཚོན་ནག་པོའོ། །ལྡོང་རོས་ཀྱིས་ནི་སེར་པོའོ། །དུར་ཁྲོད་ཀྱི་སོ་ཕག་གིས་ནི་དམར་པོའོ། ། ནིམ་པ་དང་། ནི་སུན་ད་རའི་ལོ་མ་ལ་སོགས་པས་ནི་ལྗང་གུའོ། །རྡུལ་ཚོན་དེ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱ་ཞེས་པར་འབྲེལ་ཏོ། །གྲུ་བཞི་ཞེས་པ་ནི་མི་མཉམ་པ་མེད་པས་ནའོ། །སྒོ་བཞི་ཞེས་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པའི་སྒོ་རྣམས་སོ། །རྟ་བབས་བཞི་ཡིས་བརྒྱན་ཞེས་པ་ནི་བསམ་གཏན་བཞིའི་རྣམ་པར་དག་པའོ། །དྲིལ་བུའི་སྒྲ་འཁྲོལ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་བྱེད་པའོ། །བ་དན་དགུ་ནི་གསུང་རབ་ཡན་ལག་དགུའི་རྣམ་པར་དག་པའོ། །དེའི་མེ་ ཏོག་གི་ཕྲེང་བ་དྲི་ཞིམ་པོ་ནི་འདོད་པའི་ཡོན་ཏན་ལྔའི་རྣམ་པར་དག་པའོ། །རྡོ་རྗེ་རིན་ཆེན་ཡང་ཞེས་པ་ནི། རྡོ་རྗེ་སྟོང་པ་ཉིད་དོ། །རིན་ཆེན་ཞེས་པ་ནི་བླ་ན་མེད་པའི་དགའ་བ་རྒྱས་པའི་རིན་པོ་ཆེ་སྟེ། སྙིང་རྗེ་ཆེན་པོའོ། །དེ་དག་ནི་གཉིས་སུ་མེད་པ་ཞེས་བྱ་བར་སྟོན་ཏོ། །ཟླ་བ་ཕྱེད་པ་ནི་བྱང་ཆུབ་ཀྱི་སེམས་ འཛེག་པའི་རང་བཞིན་དུ་སྟོན་པའོ། །དྲ་བ་དང་དྲ་བ་ཕྱེད་པ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པའོ། །དེའི་དབུས་སུ་རེའུ་མིག་དགུ་པ་བྲི་ཞེས་པ་ནི་གོ་སླའོ། །སྒོ་བཞི་རྣམས་སུ་ཞེས་པ་ནི་སྒོ་བཞི་པོ་རྣམས་དང་ཉེ་བ་བསྡུའོ། །རོ་ལངས་ཆེན་པོའོ་ཞེས་པ་ནི། རོ་ལངས་ཆེན་པོ་རྣམས་ཏེ། ཕྱག་གཉིས་ པ། ཞལ་གཅིག་པ། སྤྱན་གསུམ་འབར་བ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་ཞལ་མཆེ་བ་གཙིགས་པ། མདོག་ནག་པོ། ཕྱག་གཡས་ཀྱིས་གྲི་གུག་གསོར་བར་བྱེད་པ། གཡོན་གྱིས་ཁྲག་གིས་བཀང་བའི་ཐོད་པ་འཛིན་པའོ། །གཞག་པར་བྱ་བ་ནི་བྲི་བར་བྱའོ། །མར་ཁུ་ཆེན་པོ་ ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔོན་དུ་བྱས་པ་ཞེས་པ་ནི་སྔོན་དུ་བསྙེན་པ་བྱས་པའོ། །ཧ་ཧ་ཞེས་སྒྲོགས་བྱེད་ཅེས་པ་གད་མོ་བརྒྱད་ཀྱིས་རྣམ་པར་བྱེད་པའོ། །ཤིན་ཏུ་མཉམ་པར་གཞག་ཅེས་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་ལྡན་པའོ། །དེའི་དབུས་སུ་བསྒྲུབ་ཅེས་པ་ནི། མངོན་པར་འདོད་པའི་ དངོས་གྲུབ་བོ། །དེའི་སྟེང་དུ་ཞེས་པ་ནི་དེ་མནན་པའོ། །གལ་ཏེ་སྔགས་པས་མ་གྲུབ་ན་ཞེས་པ་ནི། བཅོམ་ལྡན་འདས་དགྱེས་ཏེ། ཕྱག་རྒྱ་ཆེན་པོ་སྟེར་བ་ལས་བརྒྱ་ལམ་ན་རྣལ་འབྱོར་པ་བསོད་ནམས་མེད་པའི་དབང་གི་ཆ་ཡིན་པ་དེའི་ཚེ། དམན་པའི་ལས་དེ་ཡིས་གདོན་མི་ཟ་བར་འགྲུབ་བོ། །དེ་དག་གི་ དད་པས་བསྐྱེད་པར་བྱ་བའི་དོན་ཏོ། །དེ་དག་ནི་ཞེས་པ་ནི་ཡོངས་སུ་རྫོགས་པའོ། །འཇམ་དཔལ་ཞེས་པ་ནི་འཇམ་དཔལ་གྱི་སྤྲུལ་པའོ། །དཀྱིལ་འཁོར་ངེས་པར་བསྟན་ཞེས་པ་ནི། དཀྱིལ་འཁོར་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །ངེས་པར་བསྟན་པ་ནི་གང་གི་ཚེ་བརྟགས་པ་དེ་དེ་བཞིན་དུ་སྟོན་པའོ། །འོ་ན་ ཇི་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་པོར་བསྟན་ཞེ་ན། དབང་མ་བསྐུར་བར་རྒྱུད་ལས་གསུངས་པའི་ལས་མི་བྱ་ཞིང་། རྒྱུད་ཉིད་ཀྱང་མཐོང་བར་བྱ་བ་མ་ཡིན་པ་དེ་ལྟར་རྟོགས་པར་བྱ་བའི་ཕྱིར་དང་། དང་པོ་ཉིད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་པ་ནི་རིགས་པའོ། །རྫོགས་སོ་ཞེས་པ་ནི་ཡང་དག་པར་ ཐོབ་པ་སྟེ། རབ་ཏུ་ཐོབ་པའོ། །དེ་དག་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་བརྟག་པ་དང་པོའི་བཤད་པའོ།། །།དགོས་པ་མེད་པར་ནི་སུ་ཡང་འཇུག་པར་མི་འགྱུར་བ་འདིས་ན། དགོས་པ་བསྟན་པའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དངོས་གྲུབ་སྣ་ཚོགས་སྒྲུབ་པའི་རྟོག་ པ་གསུངས་སོ། །སྔགས་པས་ཤིན་ཏུ་ཁྲོས་པས་ཞེས་བྱ་བ་ནི། བསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། ལས་གསུམ་སྟེ། ཁྲོས་པའི་སེམས་ཀྱིས་བྱའོ་ཞེས་པ་ལྷག་མའོ། །མེ་གཉིས་ཀྱི་དབུས་སུ་ཞེས་པ་ནི་མེ་ནི་རེ་ཕའོ། །གང་ལས་ཤེས་ཤེ་ན། མེའི་ས་བོན་ཡིན་པའི་ཕྱིར་ཏེ། རྒྱུ་ལ་འབྲས་ བུ་བཏགས་པས་དེ་ཉིད་ཀྱིས་རྙེད་དོ། །ཧཱུཾ་བརྒྱད་ཅེས་བྱ་བ་ནི་ཕྱོགས་རྣམས་སུའོ། །ཟུར་རྣམས་སུ་ཕཊ་ཀྱི་ཡི་གེ་ཞེས་པ་ནི། ཕྱོགས་བྲལ་རྣམས་སུ་ཕཊ་ཀྱི་ཡི་གེ་བརྒྱད་བྲིའོ་ཞེས་འབྲེལ་ཏོ། །ཡང་ན་རིམས་ཀྱིས་ཟིན་པར་འདོད་ན་ཞེས་བྱ་བ་ནི། གང་གི་ཚེ་རྣལ་འབྱོར་པས་རིམས་ཀྱིས་ཟིན་པར་འདོད་པ་ དེའི་ཚེ་ཆོ་ག་ནི་འདི་ཡིན་ཏེ། མཚོན་གྱིས་ཕོག་པའམ་སྦྱངས་པའི་མིའི་ཐོད་པ་ལ་རྒྱ་སྐྱེགས་ཀྱི་ཁུ་བའམ། རྡོ་རྒྱུས་ཀྱིས་རིམས་མངོན་པར་བྱའོ། །དེ་ལ་ཚ་བའི་རིམས་ནི་དམར་པོ་སྐྲ་གྱེན་དུ་འབར་བའོ། །གྲང་བའི་རིམས་ལ་ཡང་དཀར་པོ་གསུས་པ་ཆེ་བ་སྐྲ་འཕྱང་ཞིང་དུ་བ་ཞེས་པའོ། །གཉིས་ ཀ་ཡང་རྐང་པ་གསུམ་པ་ལག་པ་གསུམ་པ་ཞེས་པའོ། །ཕྱི་ནས་རོ་བསྲེགས་པའི་སོལ་བ་དང་། ས་དང་ཐལ་བ་དང་བསྒྲུབ་བྱའི་རྐང་པའི་རྡུལ་དང་ལྷན་ཅིག་བསྲེགས་པ་ལས་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་ག་རུ་སྔར་ཆོ་ག་ཉིད་ཀྱིས་བྲིས་པའི་འཁྲུལ་འཁོར་འདི་གཞུག་པར་བྱ་ཞིང་། དུག་དང་ ཚ་དང་སྐེ་ཚེ་ལ་སོགས་པས་ཀྱང་བྱུགས་ལ། པདྨའི་སྣོད་གཞན་ཞིག་ཏུ་གཟུགས་དེ་གཞུག་པར་བྱའོ། །གཉི་ག་ལ་ཡང་དགུག་ཅིང་གཞུག་པར་བྱས་ནས། བྲིས་པའི་ཐོད་པའི་སྟེང་དུ་ཁ་སྦུབ་ཏུ་སྦྱིན་ནོ། །དེའི་རྗེས་ལ་དེ་ཡིས་གཟུང་བར་བསམ་ཞིང་། མེ་ཐབ་ཀྱི་འོག་ཏུ་བསྲེགས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་ རྣལ་འབྱོར་པས། མཚན་ཐོག་ཐག་བཟླས་ན་ངེས་པ་ཉིད་དུ་རིམས་ཀྱིས་ཟིན་པར་འགྱུར་བར་ཐེ་ཚོམ་མེད་དོ། །བྱ་རོག་གི་ལྷག་མ་ཞེས་པ་ནི་བྱ་རོག་གིས་ཟོས་པའི་ལྷག་མས་སོ། །བསད་པ་ལ་ནི་ཆེ་གེ་མོ་མཱ་ར་ཡ་ཞེས་པས་སྤེལ་བའི་འཁྲུལ་འཁོར་བྲིའོ། །བསྐྲད་པ་ལ་ནི་ཆེ་གེ་མོ་ཨུཙྪ་ཏ་ཡ་ཞེས་སོ། ། དབྱེ་བ་ལ་ནི་ཆེ་གེ་མོ་བི་དྭེ་ཥ་ཞེས་པས་སོ། །དེ་ལྟ་བུ་ལ་སོགས་པ་ལས་དང་རྗེས་སུ་མཐུན་པར་ཀུན་ལ་ཤེས་པར་བྱའོ། །བསད་པ་ལ་ནི་གཤིན་རྗེའི་ལྟོ་བ་ལ་གནས་པའི་མེའི་དཀྱིལ་འཁོར་བྲི་བར་བྱའོ། །བསྐྲད་པ་ལ་རྔ་མོའི་རྒྱབ་ཏུ་གནས་པའི་རླུང་གི་དཀྱིལ་འཁོར་ལའོ། །དྲན་པ་ཞེས་བྱ་བ་ནི་ཧ་ཡིག་སྟེ། མན་ངག་ལས་ཧ་ཡིག་ཟླ་ཕྱེད་ཐིག་ལེ་དབྱངས་དྲུག་པས་བརྒྱན་པར་བྱའོ་ཞེས་རྟོགས་པར་བྱའོ། །རེངས་པ་ལ་ནི་རི་རབ་བཅོ་བརྒྱད་ཀྱིས་ཉེ་བར་བརྒྱན་པའི་དབུས་སོ། །དབང་ལ་ནི་བུད་མེད་ཀྱི་ཆོས་འབྱུང་གི་དབུས་སོ། །དགུག་པ་ལ་ནི་རྐང་པ་བརྒྱད་པ་སེང་གེའི་རྒྱབ་ཏུའོ། །ཞི་བ་ལ་ནི་ཟླ་བའོ། །རྒྱས་ པ་ནི་ཟླ་བ་སེར་བའོ། །དབྱེ་བ་ནི་མ་ཧེ་དང་སྟག་གཉིས་ཀྱི་སྙིང་གར་རོ། །དེ་ལྟ་བུ་ལ་སོགས་པའི་གནས་རྣམས་ནི་ལས་དང་རྗེས་སུ་མཐུན་པས་བྲི་བར་བྱའོ། །ཞི་བའི་འཁོར་ལོ་བྱ་བ། ཡ་དང་ཐ་མ་ཡ་ཡིག་ནི། །དབྱི་བར་བྱ་སྟེ་ནི་གཉིས་ཀྱང་། །ཕྱི་ནས་དཀྱིལ་དུ་ཡ་ཡིག་སྟེ། །ཡི་གེ་ལྷག་མ་ཅི་ བདེ་བའོ། །དེ་དག་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་གཉིས་པའི་བཤད་པའོ།། །།རྟོག་པ་ལས་གསུངས་པའི་དགོངས་པ་དེ་ཉིད་ཀྱང་། སྔགས་མེད་ན་མི་འགྲུབ་པས། སྔགས་འདི་ལ་ཐེ་ཚོམ་མེད་པའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པས་སྔགས་བཏུ་བའི་རྟོག་པ་ གསུངས་པའོ། །དེ་ནས་ཞེས་བྱ་བ་ནི་གོ་སླའོ། །ཡ་ཡིག་ཞེ་སྡང་ཉིད་དུ་འགྱུར། །ཀྵེ་ཡི་ཡི་གེ་གཏི་མུག་བརྗོད། །མ་ཡིག་ཕྲ་མ་རུ་ནི་གསུངས། །མེ་ནི་འདོད་ཆགས་དགྲ་གསོད་པའོ། །ད་ཡིག་ཕྲག་དོག་ལ་ཡིག་འགྱུར། །ཡཙྪ་ཐོ་བ་དབྱུག་པ་དང་། །ནི་ཡིག་ཕྱག་ན་པདྨའོ། །རཱ་ཡི་ ཡི་གེ་རལ་གྲི་གཙོ། །ཛ་ཡིག་ལྷ་མོ་ཙཱརྩི་ཀཱ། །ཕག་མོ་ཡང་ནི་ས་ཡིག་སྟེ། །དོ་ལ་དབྱངས་ཅན་མ་རུ་བརྗོད། །རུ་ནི་གཽ་རཱིའི་རང་བཞིན་ཅན། །ཎ་ཡོ་ནི་རའི་རང་བཞིན་ཡང་། །ཐོད་པ་གཤིན་རྗེ་འཇོམས་པའོ། །ཡི་གེ་བཅུ་བདུན་པོ་དེ་རྣམས་ནི། ལྷ་བཅུ་བདུན་གྱི་རང་བཞིན་དུ་བསམས་པར་ བྱས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གཤིན་རྗེ་གཤེད་ཀྱི་ལྷ་བཅུ་བདུན་གྱི་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ནས་སྤྱན་དྲངས་ཏེ། མདུན་དུ་བཞུགས་པ་ལ་མཆོད་ཡོན་ལ་སོགས་སྦྱིན་ཞིང་། སྔར་བྲིས་པའི་འཁྲུལ་འཁོར་ལ་ཐོ་བ་ལ་སོགས་པའི་སྦྱོར་བས་རབ་ཏུ་གཞུག་པར་བྱའོ། ། ལས་དང་རྗེས་སུ་མཐུན་པར་གསུངས་པའི་རིམ་པས་བདག་ཉིད་བསྒོམ་ཞིང་སྔགས་ཡོངས་སུ་བཟླས་པས་ལས་རབ་ཏུ་བསྒྲུབ་པར་བྱའོ། །དེ་དག་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་གསུམ་པའི་བཤད་པའོ།། །།དགོངས་པ་གསུངས་པ་དེ་ཡང་ལྷ་ལ་དམིགས་པ་མེད་ན་མི་ འགྲུབ་ཅེས་པས་ལྷ་ལ་དམིགས་པའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྒྲུབ་པའི་ཐབས་ཀྱི་རྟོག་པ་གསུངས་སོ། །དེ་ནས་ཞེས་པ་ནི་སྔགས་བཏུ་བའི་རྟོག་པའི་དེ་མ་ཐག་ཏུའོ། །རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་པ་ནི། བསྒྲུབ་པར་བྱ་བ་ཡང་བདག་ཉིད་བསྒྲུབ་པར་བྱ་བ་སྟེ། རྡོ་རྗེ་ འཇིགས་བྱེད་ཉིད་ཀྱི་ཐབས་དེས་སྒྲུབ་པར་བྱེད་པའོ། །ཡང་དག་རབ་བཤད་ཅེས་བྱ་བ་ནི་ཡང་དག་པའི་དོན་ཏེ། འདིར་བླ་མའི་མན་ངག་ནི་བཤད་པའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པ་སྔོན་དུ་སོང་བས་ལྷ་ལ་དམིགས་པར་བྱའོ་ཞེས་པའི་ཚིག་ཕྱི་ནས་རྟོགས་པར་ བྱའོ། །དང་པོ་ཁོ་ནས་ཞེས་པ་ཉིད་ཐོག་མར་རོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། དང་པོ་ཁོ་ནར་སྔགས་པས་དབེན་པའི་གནས་གང་ཡང་རུང་བར་གནས་ཤིང་སྟན་བདེ་བ་ལ་འདུག་སྟེ། བདུད་རྩི་ལ་སོགས་པ་ཁར་བཅུག་ལ། གཅེར་བུ་སྐྲ་གྲོལ་བ། ལྷོར་མངོན་པར་ཕྱོགས་ པར་གྱུར་པས། རང་གི་སྙིང་གར་ཉི་མ་ལ་གནས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་དུ་མངོན་པར་ཁྱབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པའི་ལྷའི་ཚོགས་བཀུག་ནས། མདུན་གྱི་ནམ་མཁའི་ཕྱོགས་སུ་གནས་པར་བྱས་པ་དང་། རང་གི་སྙིང་གའི་ས་བོན་གྱི་ འོད་ཟེར་ལས་བྱུང་བའི་རྡོ་རྗེ་ཙཱརྩི་ཀཱ་ལ་སོགས་པའི་ལྷ་མོ་བཞི་པོ་སྣ་ཚོགས་པ་ལ་སོགས་པའི་མཆོད་རྫས་ལག་པ་དག་གིས་བཟུང་སྟེ། ཡང་དག་པར་མཆོད་པ་དང་། བཤགས་པ་ལ་སོགས་པ་བྱས་ལ་སླར་གཤེགས་པར་བྱའོ། །དེ་ལྟར་ཐམས་ཅད་རྣམ་བསམ་པ། །དེའི་རྗེས་ལ་ཆོས་ ཐམས་ཅད་བདག་མེད་པ་ཞེས་བྱ་བའི་ཚིག་གིས་ཚངས་པའི་གནས་བཞི་བསྒོམ་པར་སྟོན་ཏེ། དེ་ལ་བྱམས་པ་ནི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་མཚན་ཉིད་ཅན་ནོ། །སྙིང་རྗེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་སྒྲོལ་བར་འདོད་པའོ། །དགའ་ བ་ནི་བདེ་བ་དེ་ཉིད་ཀྱིས་བརྟན་པར་འདོད་པའོ། །བཏང་སྙོམས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་བཏང་བ་ལགས་སོ། །དེ་ནས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བས་མུ་བཞི་དང་བྲལ་བར་རྣམ་པར་བསམ་པར་བྱས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ པའི་སྔགས་བརྗོད་པས་སྔགས་ཀྱི་དོན་མངོན་དུ་བྱས་ཏེ། བདག་ཉིད་དང་ཁམས་གསུམ་པོ་ཡང་སྣང་བ་མེད་པར་བྱའོ། །དེ་ནས་སྨོན་ལམ་གྱི་སྟོབས་ཀྱིས་བར་སྣང་ལ་ཨ་ཡིག་དམར་པོ་ལས་སྐྱེས་པའི་སྟེང་དུ་ཧཱུཾ་ཡིག་ལས་འོད་ཟེར་ལྔ་སྤྲོས་ལ། དེ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་ཡོངས་སུ་ གྱུར་པ་ལས། རྡོ་རྗེ་ར་བ་དང་། གུར་དང་། བླ་རེ་དང་། ས་གཞི་ཡང་ཡོངས་སུ་བསྒོམ་པར་བྱའོ། །ཡང་དེ་དག་ཐམས་ཅད་བསྒོམ་པར་བྱ་སྟེ་ཕྱེ་ནས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནི་ཐིག་ལེ་དང་ཡང་དག་པར་ལྡན་པའོ། །དྷཱིཿཡིག་ཅེས་པ་སེར་པོའོ། །འཇམ་དཔལ་ཞེས་བྱ་བ་ནི། མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །རལ་གྲི་པོ་ཏི་ཕྱག་ན་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་སྟེ། །རྒྱུ་ཡི་རྡོ་རྗེ་འཛིན་བདག་ཉིད། །དེ་ནས་རྒྱུད་ལས་གསུངས་པའི་འཆད་པར་འགྱུར་བའི་རིམ་པས། བདག་ཉིད་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའི། འབྲས་བུ་ཧེ་རུ་ཀའི་གཟུགས་སུ་བྱས་ལ། སྲིད་ པ་དང་ཞི་བ་དབྱེར་མེད་པའི་ང་རྒྱལ་དུ་བྱེད་པ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་ལ་སོགས་པ་ཡང་བྱིན་གྱིས་བརླབས་པ་བྱས་ལ། རང་སྙིང་ས་བོན་འོད་ཟེར་གྱིས། །སྣ་ཚོགས་སངས་རྒྱས་ སྲས་བཅས་བཞུགས། །བཀུག་ལ་མདུན་དུ་བལྟས་པ་དང་། །དེ་རྣམས་ལས་སྤྲོས་ཡང་ནི་གང་། །རྡོ་རྗེ་ཙཱརྩི་ཀཱ་ལ་སོགས་པས་བུམ་པ་ཟླ་བ་ལྟ་བུ་བདུད་རྩི་རྣམ་ལྔས་བཀང་བ་བཟུང་སྟེ། དེ་རྣམས་ཀྱིས་བདག་ཉིད་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་ཡང་དག་པར་ལྡན་པས་དབང་བསྐུར་བར་ རྣམ་པར་བསམ་པར་བྱའོ། །དབང་བསྐུར་བའི་མཐར། མི་བསྐྱོད་ཕྱག་རྒྱ་མགོན་པོ་ཡི། །རྩ་བའི་དབུ་ལ་བསྒོམ་པར་བྱ། །སྒེག་པ་ལ་སོགས་རོ་དང་ལྡན། །ཕྱི་རོལ་དུ་ནི་ཁྲོ་བོའི་གཟུགས། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་། མདུན་དུ་བཞག་པར་ བྱས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་མཆོད་པ་དབུལ་ལོ། །དེ་ནས་ཨོཾ་མུངྒར་ཛཿཞེས་པའི་སྔགས་ཀྱིས་དགུག་པ་དང་། ཨོཾ་དཎྜ་ཧཱུཾ་ཞེས་པས་རབ་ཏུ་གཞུག་པ་དང་། ཨོཾ་པདྨ་བཾ་ཞེས་པས་རབ་ཏུ་བཅིང་བ་དང་། ཨོཾ་ཁཌྒ་ཧོཿཞེས་པས་དབང་དུ་བྱ་བ་དང་། དེ་ནས་རང་གི་སྙིང་གའི་ས་ བོན་ལས་བྱུང་བའི་རྡོ་རྗེ་ཙཱརྩི་ཀཱ་ལ་སོགས་པ་རྣམས་ཀྱིས་སྣ་ཚོགས་ཀྱི་མཆོད་པའི་རྫས་རྣམས་ཀྱིས་མཁས་པས་མངོན་པར་མཆོད་པར་བྱའོ། །དེ་ནས་བདུད་རྩི་འབར་བ་ལ་སོགས་པའི་ཆོ་གས་བསྒྲུབས་ལ་རྡོ་རྗེ་སྦུ་གུས་དྲང་ཞིང་ལོངས་སྤྱད་པར་བྱའོ། །བདག་ཉིད་ལྷའི་རྣམ་པར་བསྒོམས་ཏེ། དེ་ ཉིད་རྣལ་འབྱོར་རོ། །བདེན་མིན་བརྫུན་པ་མ་ཡིན་ཉིད། །དེ་ནས་རྣམ་དག་ཀྱང་དྲན་བྱ། །ཐོད་པས་ཐོད་བྱས་པ་ཞེས་བྱ་བ་ནི། ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ནོ། །འཇིགས་སུ་རུང་བའི་ཞེས་བྱ་བ་ནི། བདུད་རྣམས་འཇིགས་པར་བྱེད་པས་སོ། །ཐོད་པའི་རྒྱན་གྱིས་བརྒྱན་ཞེས་བྱ་བ་ནི་ཆོས་ཀྱི་ དབྱིངས་ལས་སྐྱེས་པའི་ཕྱིར་རོ། །ཞབས་བཅུ་དྲུག་ཅེས་པ་ནི། སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པའོ། །གཅེར་བུ་ནི་ཆོས་ཐམས་ཅད་སྒྲིབ་པ་མེད་པར་རྟོགས་པའོ། །མཚན་མ་གྱེན་དུ་འགྲེང་བ་ནི། བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །ཞབས་གཡོན་བརྐྱང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སོ་སོར་ཁྱབ་པའི་ཕྱིར་རོ། །གཏུམ་ཞིང་ཁྲོས་པས་ན་གསུས་པ་ཆེ་བའོ། །སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །ཕེ་ཏའི་སྒྲ་སྒྲོགས་པ་དང་ལྡན་པ་ནི། མ་རུངས་པ་ལ་སོགས་པ་སྐྲག་པར་བྱེད་པས་ནའོ། །ཕྱག་སུམ་ཅུ་རྩ་བཞི་ ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བཞིའི་རྣམ་པར་དག་པའོ། །ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གསུམ་ནི། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས་བསྡུས་པའོ། །ལེགས་པ་དང་མཉམ་པར་བཞག་ཅེས་པ་ནི། ལུས་ ངག་ཡིད་གསུམ་རྣམ་པར་གཡེང་བ་མེད་པའོ། །རྟག་ཏུ་ཞེས་པ་ནི་དུས་གསུམ་དུའོ། །དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ཞེས་པ་ནི། བསྒོམ་བྱ་དང་། སྒོམ་པ་པོ་དང། བསྒོམ་པ་རྣམས་སུ་མི་དམིགས་པས་སོ། །གྲི་གུག་ནི་མ་རིག་པ་གཅོད་པའོ། །བྷིནྡི་ཕ་ལ་ནི་གཟུང་བ་དང་འཛིན་པའི་རྣམ་པར་ རྟོག་པ་འབིགས་པའོ། །གཏུན་ཤིང་ནི་དྲན་པ་ཉམས་པ་འཇོམས་པའོ། །ཆུ་གྲི་ནི་སྲེད་པ་གཅོད་པར་བྱེད་པའོ། །རྡོ་རྗེ་རྩེ་གཅིག་པ་ནི་ལུས་ངག་ཡིད་གསུམ་གྱི་ཉེས་པ་འཇོམས་པའོ། །སྟ་རེ་ནི་སེམས་ཀྱི་སྲ་བའི་བག་ཆགས་འཇོམས་པའོ། །མདུང་ནི་ལྟ་བ་ངན་པ་འབིགས་པའོ། ། མདའ་ནི་ཤིན་ཏུ་རྨོངས་པའི་ཟུག་རྔུ་འབིགས་པའོ། །ལྕགས་ཀྱུ་ནི་འགུགས་པར་བྱེད་པའོ། །བཻ་དབྱུག་ནི་ལས་ཀྱི་སྒྲིབ་པ་འཇོམས་པའོ། །ཁ་ཊྭཱཾ་ག་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལགས་སོ། །རྡོ་རྗེ་ནི་རོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ ལྔའི་བདག་ཉིད་དོ། །ཐོ་བ་ནི་སེར་སྣ་འཇོམས་པའོ། །རལ་གྲི་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་སྟེར་བའོ། །ཅང་ཏེའུ་ནི་མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་སྐུལ་བར་བྱེད་པའོ། །ཐོད་པ་ཁྲག་གིས་གང་བ་ནི། དམ་ཚིག་སྐྱོང་བས་ནའོ། །བྲམ་ཟེའི་མགོ་བོ་ནི་ཐུགས་རྗེ་ ཆེན་པོས་འགྲོ་བའི་དོན་མཛད་པས་ནའོ། །ཕུབ་ནི་བདུད་ལས་རྣམ་པར་རྒྱལ་བས་ནའོ། །རྐང་པ་ནི་སངས་རྒྱས་ཀྱི་སྐུའི་གོ་འཕང་སྟེར་བས་ནའོ། །ཞགས་པ་ནི་ཡང་དག་པའི་ཡེ་ཤེས་སུ་འཆིང་བའོ། །གཞུ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའོ། །རྒྱུ་མས་ནི་སྟོང་པ་ཉིད་ཀྱི་སྙིང་པོ་སོ་སོར་རྟོགས་པའོ། ། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །ལག་པ་ནི་ཕྲིན་ལས་ཐམས་ཅད་མཛད་པས་ནའོ། །དུར་ཁྲོད་ཀྱི་རས་ནི་ཆོས་ཐམས་ཅད་བདག་མེད་པ་ལ་མ་རིག་པའི་སྒྲིབ་གཡོགས་སེལ་བའོ། །གསལ་ཤིང་ལ་བཙུགས་ཞེས་པ་ནི། དངོས་པོ་ཐམས་ཅད་སྟོང་པ་ཉིད་ལ་བཙུགས་པ་ ཞེས་སོ་སོར་རྟོགས་པའི་ཕྱིར་རོ། །མེ་ཐབ་ཅེས་པ་ནི་ཆོས་ཐམས་ཅད་འོད་གསལ་བར་སྟོན་པས་ནའོ། །ཐོད་ཚལ་ནི་སྙིང་རྗེའི་བདུད་རྩིས་གང་བའོ། །སྡིགས་མཛུབ་ནི་བདུད་རྣམས་བསྡིགས་པར་མཛད་པའོ། །འཕན་རྩེ་གསུམ་ནི་ལུས་ངག་ཡིད་གསུམ་རང་བཞིན་གཅིག་ཏུ་རྟོག་པའོ། །རླུང་ གི་རས་ནི་ཆོས་ཐམས་ཅད་སྒྱུ་མར་སྟོན་པའོ། །གླང་པོའི་པགས་པ་ཞེས་པ་ནི་གཏི་མུག་གླང་པོའིའོ། །གཡས་པའི་ཞབས་ཀྱིས། མི་ལ་སོགས་པ་བརྒྱད་པོ་ནི་དངོས་གྲུབ་ཆེན་པོ་བརྒྱད་པོའི་དག་པས་སོ། །གཡོན་པའི་ཞབས་བརྒྱད་ཀྱིས། བྱ་རྒོད་ལ་སོགས་པ་བརྒྱད་ནི། དབང་ཕྱུག་ བརྒྱད་ཀྱི་དག་པས་སོ། །ཞལ་དགུ་པོ་འདི་ལྟ་བུས་ནི། ཡན་ལག་དགུའི་ཆོས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པས་ནའོ། །མ་ཧེའི་གདོང་ནི་ཁམས་གསུམ་གྱི་བདག་པོས་ནའོ། རྭ་གཉིས་ནི་བདེན་པ་གཉིས་ནའོ། ཕྱག་རྒྱ་ལྔ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །སངས་ རྒྱས་ཀྱིས་སེམས་ཅན་རྣམས་མཆོད་པར་བྱེད་པས་ན། སྟེང་གི་ཞལ་དམར་པོ་འདི་ལྟ་བུ་ཁྲག་འཛག་པའོ། །ཞལ་དགུ་པ་སེར་བ་ནི་འཇམ་དཔལ་གྱི་སྤྲུལ་པ་སྟོན་པས་ནའོ། །བྱིས་པའི་རྒྱན་གྱིས་བརྒྱན་པ་ནི། གཞོན་ནུའི་གཟུགས་ཀྱི་ཕྱིར་ནའོ། །སྤྱི་བོར་རལ་པ་ལྔ་དང་ལྡན་པ་ནི། མངོན་ པར་བྱང་ཆུབ་པ་ལྔའི་དག་པའོ། །སྤྱན་གསུམ་ནི་དུས་གསུམ་སྟོན་པའོ། །དེ་ལྟར་བལྟས་ཏེ་བདག་ཉིད་ནི། །ལྷ་ཡི་བདག་ཉིད་དེར་གཏད་ནས། །སྔགས་བཟླས་དེ་ཚེ་རྣལ་འབྱོར་པ། །ཡིད་ནི་ཇི་ལྟར་མི་སྐྱོ་བར་རོ། །གང་ཡང་རུང་བའི་སྔགས་ཀྱི་ཡི་གེ་ཉིད་བརྗོད་པ་སྟེ། དེ་ཡང་རང་གི་ སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཡས་སྐོར་དུ་མཎྜལ་གྱི་རྣམ་པར་བལྟས་ལ། སྣ་བུག་ནས་འབྱུང་བའི་རླུང་སྤྲོས་པའི་གཟུགས་ཀྱིས་འགྲོ་བའི་དོན་བྱས་ནས། ཡང་བསྡུས་ཏེ་སྣ་བུག་ནས་འཇུག་པའི་རླུང་གིས་རབ་ཏུ་ཞུགས་ཏེ་དེ་ཉིད་དུ་གནས་པར་རོ། །དེ་ལྟར་ཡང་ དང་ཡང་མི་སྐྱོའི་བར་དུ་ཆོ་ག་ཉིད་ཀྱིས་བཟླས་པ་སྟེ། དེ་དག་ནི་བཟླས་པའོ། །དེ་སྐྱོ་བར་གྱུར་ན། ཆོ་ག་ཇི་ལྟ་བར་གཏོར་མ་བྱིན་ལ། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཏེ། ལྷའི་རྣལ་འབྱོར་དུ་གནས་པར་བྱའོ། །དེ་དག་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་བསྒྲུབ་པའི་ རྟོག་པ་སྟེ་བཞི་པའི་བཤད་པའོ།། །།དེ་ལྟར་བསྒོམ་པ་གསལ་བའི་དོན་དུ། དེ་ནས་ཞེས་པ་བྲིས་སྐུའི་ཆོ་གའི་རྟོག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རྣམ་པར་རྟོག་པ་མེད་པ་ཅན་ཞེས་པ་ནི། དེ་ཁོ་ན་ཉིད་ཤེས་པའོ། །རི་མོ་མཁན་བཟང་པོ་ཞེས་པ་ནི། དམ་ ཚིག་བསྟེན་པའོ། །རྩ་བ་ཞེས་པ་ནི་ཏིང་ངེ་འཛིན་གྱིས་བསྒྲུབ་པའི་སེམས་སོ། །བསྒྲུབ་པས་ཞེས་པ་ནི་རི་མོའི་ལས་ཀྱིས་སོ། །དཔའ་བོའི་རིམ་པ་ཞེས་པ་ནི། ཆང་དང་ཤ་ལ་ཉེ་བར་ལོངས་སྤྱོད་པས། དགའ་བའི་སེམས་ཀྱིས་སོ། །གླེགས་བམ་ལ་ལར་ནི། དཔའ་བོའི་ཚོང་ཞེས་ པའི་ཚིག །དེ་ལ་རི་མོ་མཁན་འདོད་པ་དེ་བྱིན་ལ། བྲི་བར་བྱ་ཞེས་འབྲེལ་ཏོ། །ལྷག་མ་ནི་གོ་སླའོ། །དུང་ཆེན་གྱི་ཕྲེང་བ་དེ་རྣམས་དག་པར་བྱ་སྟེ། དེ་ལ་རྣམ་པར་དག་པའི་མན་ངག་ནི་འདི་ཡིན་ཏེ། རྡོག་མ་རེ་རེ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ངོ་ བོར་བལྟའོ། །ཡང་ན་མིའི་མགོའི་ཁྲག་འཛགས་པའི་ངོ་བོར་བསམས་ཏེ། སྔགས་བཟླས་ཞེས་པ་འབྲེལ་ཏོ། །དེ་དག་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་ལྔ་པའི་བཤད་པའོ།། །།སྦྱིན་སྲེག་ལས་ནི་འདོད་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཆོ་ག་མཆོག ། རྡོ་རྗེ་སེམས་དཔའ་བསྟན་པ་སྟེ། །ལས་རྣམས་ཐམས་ཅད་རབ་འགྲུབ་པའོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཞེས་པ་ནི་གོ་སླའོ། །གང་གིས་གསད་པར་འདོད་ན་ཞེས་པ་ནི། གང་ཚེ་རྣལ་འབྱོར་པས་གསད་པར་འདོད་པ་དེའི་ཚེ་དུར་ཁྲོད་དུ་སོང་ལ། གསུངས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་ འབྱོར་གྱིས། དུར་ཁྲོད་ཀྱི་མེ་ལ་འབད་པར་འགྱུར་བའི་རིམ་པས། མེ་ལ་སོགས་པའི་ཞལ་དུ་གསུངས་པའི་རྫས་ཀྱི་སྦྱིན་སྲེག་བྱའོ། །ཡང་ན་བཅུ་བཞི་ལ་ཁྱིམ་དུ་གནས་པ་དང་། དབེན་པ་བྱས་ལ། ཐབ་ཁུང་གྲུ་གསུམ་དམར་པོ། སོར་ཉི་ཤུའི་ཚད་ལ་ཟབས་སོར་ལྔ་གཉིས་པ་རྡོ་རྗེ་ ཕྲེང་བས་བརྒྱན་པར་བྱའོ། །དེར་དུར་ཁྲོད་ཀྱི་མེའམ་གཏུམ་པོའི་མེའི་དབུས་སུ་པཾ་ཡིག་ལས་སྐྱེས་པ་སྣ་ཚོགས་པདྨའི་སྟེང་དུ། མེ་ཉིད་གྲུ་གསུམ་གྱི་དབུས་སུ་རཾ་ལས་སྐྱེས་པའི་མེ་ལྷ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པའོ། །གཡས་པའི་ཕྱག་ན་བགྲང་ཕྲེང་དང་གཞན་མི་འཇིགས་ པའོ། །གཡོན་པ་ནི་དབྱུ་གུ་གསུམ་པ་འཛིན་པ་དང་། ལྷག་མ་གཉིས་གྲི་གུག་འཛིན་པའོ། །ཞབས་གཡོན་བརྐྱང་བར་གནས་པའི་ཁྲོ་བོའི་རྒྱན་གྱིས་རྣམ་པར་བརྒྱན་པའོ། །དེའི་སྙིང་གར་རཾ་གྱི་ས་བོན་གནས་པ། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་དགུག་ལ་མཆོད་ཡོན་དང་ཞབས་བསིལ་ལ་ སོགས་པ་ཕུལ་ནས། དམ་ཚིག་ལ་རབ་ཏུ་བཅུག་སྟེ། མཆོད་པ་ལ་སོགས་པ་བྱའོ། །དེའི་ཁ་རུ་རཾ་བཀོད་ལ་ཧ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཅུང་ཟད་བསྲེག་པར་བྱའོ། །ཕྱི་ནས་དེའི་སྙིང་གར་གསུངས་པའི་ཚུལ་གྱིས་རྡོ་རྗེ་འཇིགས་བྱེད་གསུངས་པའི་རིམ་པས་ བསམས་ཏེ། མིག་ལ་སོགས་པ་བྱིན་གྱིས་རློབ་པ་སྔོན་དུ་འགྲོ་བ་ཅན་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱ་ཞིང་། མཆོད་པ་ལ་སོགས་པ་བྱའོ། །དེའི་ཁར་ཡང་རེ་ཕ་བསམས་ལ་རང་ཡང་རྡོ་རྗེ་འཇིགས་བྱེད་ནག་པོའི་རྣལ་འབྱོར་གྱི་བདག་ཉིད་རྫས་དེ་དག་གིས་སྦྱིན་སྲེག་བྱ་བ་ སྟེ། གསུངས་པར་འགྱུར་བས་སོ། །བསད་པ་དང་། བསྐྲད་པ་དང་། དབྱེ་བ་ལ་སོགས་པ་མངོན་སྤྱོད་ཀྱི་ལས་ལ་ནི་ཁྱད་པར་འདི་ཡིན་ཏེ། བཅུ་བཞི་དང་ཁྲོས་པའི་སེམས་སོ། །ཇི་ལྟར་བསད་པའི་ཐབས་སུ་དེ་བཞིན་དུ་དབྱེ་བ་ལ་ཡང་ངོ་། །དེ་ནས་བསྐྲད་པར་འདོད་པ་ཞེས་པ་ནི། གང་ གི་ཚེ་བསྐྲད་པར་འདོད་པ་དེའི་ཚེ། ཐབ་ཁུང་སྔོན་པོ་ཁྲུ་དོའི་ཚད་ལས་ཟབས་སུ་ཁྲུ་གང་ཙམ་གཞུའི་རྣམ་པ་རྡོ་རྗེའི་ཕྲེང་བས་བརྒྱན་པའོ། །དེར་གསུངས་པའི་རིམ་པས། ཐམས་ཅད་བྱས་ཏེ་བསྲེག་པར་བྱ། །ཞེས་བྱའོ། །ཡང་ན་ཞི་བར་བྱེད་པར་འདོད་ན་ཞེས་བྱ་བ་ནི། དེའི་རང་བཞིན་གྱི་ངོ་བོ་ ཚེས་གཅིག་ལ་ཐབ་ཁུང་བྱ་བ་ཡང་ཟླུམ་ཞིང་དཀར་བ་ཁྲུ་གང་པའི་ཚད་ལ་ཟབས་སུ་ཁྲུ་ཕྱེད་པའོ། །འཁོར་ལོས་བརྒྱན་པའོ། །ཞི་བར་འདོད་པ་ཞེས་པ་ནི། ཞི་བ་སྟེ་དགེ་བའི་སེམས་ཀྱིས་སོ། །རྡོ་རྗེ་འཇིགས་བྱེད་དཀར་པོའི་རྣལ་འབྱོར་གྱིས། མེ་ཐབ་ནི་སྔར་བཞིན་དུ་ཐམས་ ཅད་བྱས་ལ། གསུངས་པའི་སྲེག་རྫས་ཀྱིས་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །དེའི་ཚེ་རྒྱས་པའི་ཐབ་ཁུང་ནི། གྲུ་བཞི་སེར་པོ་ཁྲུ་དོའི་ཚད་ལ་ཟབས་སུ་ཁྲུ་གང་པའི་རིན་པོ་ཆེའི་ཕྲེང་བས་ཡོངས་སུ་བརྒྱན་པའོ། །དེ་སྔར་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་འཇིགས་བྱེད་སེར་པོའི་རྣལ་འབྱོར་ གྱིས་ཁ་བྱང་དུ་བལྟས་ཏེ། ཟླ་བ་ཉ་ལ་རྒྱས་པའི་སེམས་ཀྱིས་སྦྱིན་སྲེག་བྱས་ན་རྒྱས་པར་འགྱུར་རོ། །དེ་ནས་དགུག་པར་འདོད་ན་གང་གི་ཚེ། ཚེས་བརྒྱད་ལ་ཐབ་ཁུང་སྔར་བཞིན་དུ་རླུང་གི་རྣམ་པ་བྱས་ཏེ། ཐམས་ཅད་སྔར་བཞིན་དུ་བྱས་ལ། རྡོ་རྗེ་འཇིགས་བྱེད་དམར་པོའི་རྣལ་འབྱོར་གྱིས། ཆགས་པའི་སེམས་དང་ལྡན་པས་ཁ་ནུབ་ཏུ་བལྟས་ཏེ། གསུངས་པའི་སྲེག་རྫས་ཀྱིས་སྦྱིན་སྲེག་བྱས་ན་ཐེ་ཚོམ་མེད་པར་འགུགས་པར་བྱེད་དོ། །ཇི་ལྟར་འགུགས་པར་བྱེད་པ་དེ་བཞིན་དུ་དབང་ལ་ཡང་ངོ་། །དེ་དག་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་དྲུག་པའི་བཤད་པའོ།། །། གང་གི་ཚེ་སྔགས་པས་བསམ་གཏན་སྔགས་བཟླས་བྱས་པས་དུབ་པ་ན། དེ་ལ་ཕན་ཕྱིར་ཀུན་མཁྱེན་གྱིས། །རྟོག་པ་བདུན་པ་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་གོ་སླའོ། །གལ་ཏེ་སྔགས་པས་གསོད་པར་འདོད་པ་དེའི་ཚེ། བདག་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དུ་དམིགས་ལ། རང་ གི་སྙིང་གའི་ཉི་མའི་ས་བོན་ལས་བྱུང་བའི་ཁྲོ་བོ་དུ་མའི་ཚོགས་ཀྱིས་བསྐོར་བའི་སྤྲུལ་པའི་གཟུགས་ཀྱིས་སོང་སྟེ། བསྒྲུབ་བྱའི་སྙིང་ལ་རབ་ཏུ་ཞུགས་ནས་དེ་དག་བྱིན་གྱིས་རློབ་པའི་ལྷ་རྣམས་ཡང་དག་པར་མཆོད་ནས་གསོལ་བ་གདབ་སྟེ། འདི་ནི་འདི་ལྟ་བུའི་ལས་བྱེད་པས་ན། གདོན་མི་ ཟ་བ་ཉིད་དུ་དམྱལ་བར་འགྲོའོ། །དེའི་ཕྱིར་འདི་ནི་ཁྱེད་རྣམས་ཀྱིས། །ཡོངས་སུ་བཏང་ལ་བྱོན་འཚལ་ལོ། །དེ་ནས་དེ་དག་དང་བཅས་པའི་བསྲུང་བ་ཁྱེར་ནས་རང་གི་གནས་སུ་འོངས་ཏེ། མཆོད་ཡོན་ལ་སོགས་པ་བྱིན་ལ། རང་གི་ཁའི་ལམ་དུ་ཞུགས་ནས། རང་གི་སྙིང་གར་བཀོད་པས་ མཉེས་ཏེ་གནས་པར་བྱའོ། །བསྲུང་བའི་ལྷ་རྣམས་ནི་ཁྲོ་བོ་རྣམས་ཀྱིས་ཁྱེར་ཏེ་ནམ་མཁའ་ལ་གཤེགས་སོ། །དེ་ནས་སྟོང་པའི་ལུས་སུ་མཐོང་བའི་བསྒྲུབ་བྱ་དེ་ལ་ལས་བྱའོ། །དཔག་ཚད་བརྒྱར་གནས་པའི་སྐྱེ་བོའི་གཟུགས་ཅན་བཟུང་སྟེ་ཞེས་བྱ་བ་ནི། ལོ་དང་། མདོག་དང་། མཚན་མ་དང་། གཟུགས་རྣམས་ཤེས་པར་བྱས་ལ། བསམ་གཏན་བརྩམ་པར་བྱའོ་ཞེས་པར་འབྲེལ་ཏོ། །ལག་ན་ལྕགས་ཀྱུ་ཞགས་པ་ཞེས་བྱ་བ་ནི། ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །གཤིན་རྗེ་གཤེད་ཀྱི་གཟུགས་ཞེས་པ་ནི། ཕྱག་གཉིས་པ། ཞལ་གཅིག་པ་སྟེ། པདྨ་གཤིན་རྗེ་གཤེད་ཀྱི་ གཟུགས་སོ། །མ་ཧེའི་གདོང་གི་རྣལ་འབྱོར་དང་ལྡན་པས་སོ། །པདྨ་འདབ་མ་བརྒྱད་པ་ཞེས་པ་ནི། པདྨ་འདབ་མ་བརྒྱད་པ་དཀར་པོ་སྟེ། དེའི་ཟེ་འབྲུ་ལ་ཧྲཱིཿཡིག་དཀར་པོ་བདུད་རྩི་འཛག་པའོ། །དེའི་འདབ་མ་བརྒྱད་པ་རྣམས་ལ་ནི་ཨ་ཡིག་དཀར་པོ་བརྒྱད་རྣམས་སོ། །མགོ་ལ་ཨ་ དང་ཨ་ཡིག་རྣམས་ཞེས་པ་ནི། ཨ་ཡིག་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ། ཨ་ཡིག་གནས་ཞེས་བྱ་བར་འབྲེལ་ཏོ། །དེ་དག་ནི་དཔལ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་བདུན་པའི་བཤད་པའོ།། །།རྡོ་རྗེ་འཇིགས་བྱེད་རྒྱུད་ལས་ནི། །མདོ་མདོར་ བཤད་པ་གསལ་བར་བྱས་པ་ཡིས། །བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཡིས་འགྲོ་རྣམས་རྒྱལ་བར་ཤོག །དཔལ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་སྐབས་མདོ་མདོར་བཤད་པ་རྫོགས་སོ།། །།སློབ་དཔོན་དཔལ་འཛིན་གྱི་རྗེས་སུ་འབྲངས་པའི་སློན་དཔོན་དཔལ་ཆེན་པོ་ རྡོ་རྗེ་གྲུབ་པས་མཛད་པ་རྫོགས་སོ།། ༄༅༅།། །།རྒྱ་གར་སྐད་དུ། བཛྲ་བྷཻ་ར་བ་ཏནྟྲ་པཉྩི་ཀཱ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དཔའ་བོ་རྡོ་རྗེ་འཇིགས་བྱེད་དཔལ་བཏུད་ནས། དཔལ་ལྡན་རྡོ་རྗེ་ འཇིགས་བྱེད་ཀྱི། །རྒྱུད་ཀྱི་དཀའ་འགྲེལ་ཅུང་ཟད་ནི། །གཞོན་ནུ་ཟླ་བ་ཡིས་ནི་བྱས། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཞེས་པ་ནི་འཇམ་དཔལ་གྱི་རྒྱུད་ཆེན་པོ་ཐམས་ཅད་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ལས་སོ། །དེ་ནས་ནི་རྗེས་ཐོགས་དང་བཀྲ་ཤིས་ཏེ་བསྟན་བཅོས་ཀྱི་དང་ པོར་བསྟན་པའོ། །སྒྲུབ་པའི་ཐབས་ཞེས་པ་འདི་ཡང་ཁྱད་པར་དུ་བྱེད། ཡང་དག་པར་ཞེས་པ་ནི་ཡང་དག་པར་ཕྱེ་ནས་སོ། །རབ་ཅེས་པ་ནི་རབ་ཏུ་བསམས་ནས་སོ། །བཤད་ཅེས་པ་ནི། ཡོངས་བརྗོད་ཡང་དག་རབ་བཤད་བྱ། །ཞེས་བྱའོ། །རྡོ་རྗེ་ནི་ཤེས་རབ་ཉིད་ཀྱི་ཕྱིར་ དང་། ཐབས་ཉིད་ཀྱི་ཕྱིར་ན་འཇིགས་བྱེད་དོ། །དེ་ཡང་ཤིན་ཏུ་དྲག་པོའི་ལྷ་ཐམས་ཅད་འཇིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་སྙིང་རྗེ་འབྲས་བུ་ཉིད་དེ། གང་དུ་གདུག་པའི་སེམས་ཅན་རྣམས་ལ་སྙིང་རྗེས་འདུལ་མ་ཡིན། །གང་ཕྱིར་ཞི་བའི་ཡོན་ཏན་གྱིས་ནི་འདུལ་བ་མ་ཡིན་ཏེ། དེའི་ཕྱིར་རྡོ་རྗེ་ཅན་དེ་ འཇིགས་བྱེད་ཡང་དག་གྱུར། །ཐོད་པའི་ཕྲེང་བས་རྒྱན་བྱས་ཐོད་པ་བསྣམས་པའོ། །ཉི་འོད་ཁྲོས་པའི་རྫིང་བུ་ཆེ། །མཚུངས་པའི་སྐུ་ནི་རྡོ་རྗེ་ཁྲོ། །གངས་ཀྱི་ཁ་བ་བཞིན་དུ་བསིལ། །ཕྱི་རོལ་དྲག་པོས་འགྲོ་བ་སྐྱོངས། །ཞེས་རྡོ་རྗེ་ཅན་གྱིས་གསུངས་སོ། །རྡོ་རྗེ་འཇིགས་བྱེད་ཅེས་པ་ནི་ སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ངོ་། །དེའི་གྲུབ་པ་ནི་སྒྲུབ་ཐབས་ཏེ་འབྲས་བུའོ། །འདིས་སྒྲུབ་པར་བྱེད་པས་ན་ལམ་ཡང་ངོ་། །རང་དགའ་འཇིགས་བྱེད་ལ་སོགས་པ་ཐམས་ཅད་ཀུན་ན་ནི་གཞན་རྟོག་ལ་ སོགས་པ་ལ་རོལ་པས་ན་ལྷ་ཡིན་ནོ། །དེ་ཀུན་ཀྱང་ཤིན་ཏུ་དྲག་པོ་སྟེ་ཐམས་ཅད་ཟིལ་གྱིས་གནོན་པའོ། །དེ་ནས་འཇིགས་པར་བྱེད་པས་ན་འཇིགས་བྱེད་དོ། །དེས་ནི་འདི་ལྟར་སྟོན་ཏེ་འཇིགས་བྱེད་ཅེས་བྱའོ། །ཡང་དག་པའི་གསུང་རབ་ནི་རྗོད་བྱེད་དོ། །དེ་གཉིས་བརྗོད་བྱ་རྗོད་བྱེད་ཀྱི་ ངོ་བོ་ནི་འབྲེལ་པའོ། །དངོས་གྲུབ་ནི་དགོས་པའོ། །དེའི་སྒྲུབ་ཐབས་དང་ལམ་ནི་ཐབས་སོ། །དགོས་པའི་དགོས་པ་ནི་ཤིན་ཏུ་དྲག་པའི་ལྷ་ཐམས་ཅད་འཇིགས་པ་བསྐྱེད་པའོ། །རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ནི་སྒྲུབ་པ་སྟེ། རང་གི་དོན་ཕུན་སུམ་ཚོགས་པའོ། །དེ་ཡང་གཉིས་ཏེ། རྟོག་པ་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པའོ། །དང་པོ་ནི་ཇི་སྙེད་མངོན་པར་བྱང་ཆུབ་པར་བྱ་བ་བྱང་ཆུབ་པའོ། །གཉིས་པ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་མ་ལུས་པ་སྤངས་པའོ། །དེའི་ཐབས་ནི་སྒྲུབ་པའི་ཐབས་ཀྱི་ལམ་མོ། །དེའི་ ཡང་ཐབས་ནི་གསུང་རབ་བོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་གདུག་པ་ཅན་འཇིགས་པར་བྱེད་པའོ། །དེའི་ཐབས་ནི་སྒྲུབ་ཐབས་སོ། །དེའི་ཡང་ཐབས་ནི་གསུང་རབ་ཉིད་ཡིན་ནོ། །སྡུད་པ་པོ་གང་ཡིན་པའི་ཚིག་ནི་འདི་ཉིད་དུ་རྣམ་པ་མང་པོས་གསུངས་མོད་ཀྱི། འདིར་ནི་གནས་སྐབས་ ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བསྒྲུབ་པར་བྱ་བའི་ཆེད་དུ་ཞེས་བྱ་བའི་དོན་ཏོ། །དང་པོར་ནི་དགོས་པ་བསྒྲུབ་པ་ལ་སོགས་པའོ། །སྔགས་ཞེས་པའི་སྔགས་ཀྱིས་བསྲུང་བར་བྱས་པའོ། །གང་ཡང་གནས་མང་པོའི་མིང་ཡོད་ཀྱང་། དེ་ལྟ་ན་ ཡང་ལ་ལ་གཅིག་ཏུའོ། །དེ་ལ་ཡང་གང་དང་གང་ང་ནི་མ་ཡིན་ཏེ། འདི་ཉིད་ནི་འཇམ་དཔལ་རྒྱུད་ཆེན་པོར་གསུངས་པའོ། །འོན་ཀྱང་ཡིད་དང་མཐུན་པའི་གནས་སུའོ། །ཡང་ན་དེ་ལ་ཞེས་པ་ནི་འོག་ནས་བཤད་པའི་གནས་མང་པོ་དེ་རྣམས་ཀྱི་ནང་ནས་ཁ་ཅིག་གོ། །ཡིད་དང་མཐུན་པའི་གནས་ ཞེས་པས་གོ་བར་བྱའོ། །འོག་ནས་འབྱུང་བའི་དབང་དུ་བྱ་བ་ལ་སོགས་པ་ཐམས་ཅད་ནི་དགོས་པའི་ལས་སོ། །དེ་ལ་ཞེས་པ་ནི་དགོས་པའོ། །དེའི་ནི་ཆེད་དུའོ། །ཤིང་གཅིག་ནི་ཤིང་གཞན་གྱི་གྲིབ་མས་མ་རེག་པའོ། །མ་མོའི་ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། དྲག་མོ་ལ་སོགས་ པའོ། །འཐབ་མོ་ཡིས་ནི་གཡུལ་ངོ་གང་དུ་དམག་མི་མང་པོ་ཤི་བའོ། །འབྱུང་པོ་ནི་ཕྱོགས་སྐྱོང་རྣམ་པར་རྒྱལ་བ་ལ་སོགས་པའོ། །རོ་ལངས་ནི་གང་གིས་རོ་བྱིན་གྱིས་བརླབས་ནས་འགྲུབ་པར་བྱེད་པའོ། །ཤ་ཟ་ནི་སྐྱུགས་པ་ཟས་སུ་ཟ་བ་ལ་སོགས་པའོ། །གནོད་སྦྱིན་ནི་རྣམ་ཐོས་སྲས་ ལ་སོགས་པའོ། །སྤྲས་པ་ནི་བརྒྱན་པའོ། །དེ་ལ་ཞེས་པ་ནི་དཀྱིལ་འཁོར་གྲུ་བཞི་པ་དེའི་དབུས་ཀྱི་སྙིང་པོ་སྟེ། རེའུ་མིག་བརྒྱད་དུ་བྱས་པས་དེ་ཡང་རེའུ་མིག་དགུ་རུ་འགྱུར་རོ། །རི་མོ་ཟླུམ་པོ་གཅིག་བྱས་ཏེ། དེའི་དབུས་སུ་ཐད་ཀར་རི་མོ་གཉིས་ཕྲེང་དུ་རི་མོ་གཉིས་བྱའོ། །གལ་ཏེ་ སློབ་དཔོན་གཅིག་ཡིན་ན་དེའི་ཚེ་སྒོ་གཅིག་དབྱེ་བ་དང་། གྲོལ་བ་དང་། རབ་ཏུ་དབྱེ་བ་དང་། ཕྱེ་བར་འགྱུར་རོ། །ཤར་དང་། དབང་ལྡན་དང་། ལྷོ་དང་མེའོ། །རོའི་སྣོད་ནི་བཏུང་བའི་སྣོད་དོ། །བཞི་པ་ནི་ཟླ་བའི་རྣམ་པའོ། །སྙིང་པོ་འཕར་མ་ནི་རེའུ་མིག་དགུ་པའོ། །དེ་ནས་ཞེས་ བྱ་བ་ལ་སོགས་པ་ལ་འཁོར་ལོའི་ཕྱི་རོལ་གྱི་འཕར་མའི་ཕྱག་རྒྱ་དང་རྟགས་ནི་གྲི་གུག་ལ་སོགས་པའི་མཚན་མ་ནི་དབང་ལྡན་གྱི་མཚམས་ནས་བཟུང་སྟེ། གཡོན་སྐོར་དུ་མཚམས་དེ་ཉིད་དུ་ཐུག་པར་བྲི་བར་བྱའོ། །མཚོན་རྩེ་གཅིག་པ་ནི་ལྕགས་དབྱུག་གི་རྣམ་པ་རྩེ་མོ་རྨ་བྱའི་ སྒྲོའི་ཆུན་པོ་དང་ལྡན་པའོ། །རྡོ་རྗེ་རྩེ་གཅིག་པ་ནི་ཕྱེད་མདུང་ངོ་། །དབྱུག་ཏོ་ནི་དབྱུག་པའོ། །རོ་ལངས་ནི་རོའོ། །བྲི་བར་བྱ་བ་ནི་གཞག་པར་བྱ་བའོ། །སྔགས་ཆེན་པོ་ནི་ཁྱིམ་བྱའོ། །སྔོན་དུ་བྱ་བ་བྱས་པ་ནི། སྔོན་དུ་བསྙེན་པ་བྱས་པའོ། །དེའི་མདུན་ནི་དཀྱིལ་འཁོར་གྱི་མདུན་ནོ། །ཡི་གེ་ བཅུ་པ་ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པས་སོ། །དེ་རྣམས་ནི་ཀུན་ནོ། །བར་ཆད་ནི་གླགས་ཚོལ་བའོ། །སྐྱེས་པ་ནི་རྙེད་པའོ། །དེའི་ཕྱིར་འཇིགས་པ་མེད་པས་སོ། །རིག་པ་ནི་སྒྲུབ་པའོ། །བརྗོད་པ་ནི་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུའོ། །དཔལ་རྡོ་རྗེ་འཇིགས་ བྱེད་ཅེས་བྱ་བའི་རྒྱུད་ལས་རྟོག་པ་དང་པོའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ངེས་པར་མནན་པའི་བསད་པའོ། །བཅུ་དྲུག་ཅེས་བྱ་བ་ལ་དབུས་ནི་མཚམས་བཞི་དོར་ཏེ་བརྩིས་པས་རེའུ་མིག་བཞི་ཟུང་ངོ་། །དེ་ལ་ཕྱི་རོལ་གྱི་བཅུ་གཉིས་པ་ལ། །ཡ་མ་རཱ་ཛ་ ཞེས་བྱ་བ་ལ་སོགས་པ་དགོད་དོ། །འདི་རུ་མཚམས་བཞི་ལ་དགོད་པ་དང་སྤེལ་བར་བྱའོ། །མེ་གཉིས་ནི་གྲུ་གསུམ་ཉིས་བརྩེགས་སོ། །བཞག་པ་ནི་གནས་པར་བྱ་བ་ནས་སོ། །ཉ་ཕྱིས་ནི་ཐོད་པའོ། །ཡ་གཉིས་གཅིག་ཏུ་བྱས་ནས་བརྩིས་པས་ཡི་གེ་སུམ་ཅུ་རྩ་གཅིག་གི་སྔགས་དང་ ལྡན་པ་ཞེས་གསུངས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཕཊ་ཕཊ། ཅེས་བྱ་བས་གཤིན་རྗེ་གཤེད་པོའི་སྔགས་གསུངས་པའོ། །དུར་ཁྲོད་ལ་སོགས་པ་ནས་རྒྱལ་པོའི་སྒོའི་ བར་གྱི་ས་བླང་བར་བྱའོ། །རྒྱ་མཚོར་འགྲོ་བའི་ཆུ་བོའི་ཕ་རོལ་ཚུ་རོལ་གཉི་གའི་ཆུ་ངོགས་ཀྱི་སའོ། །གནས་ལྔ་ནི་སྤྱི་བོ་དང་། དཔྲལ་བ་དང་། མགྲིན་པ་དང་སྙིང་ག་དང་གསང་བའི་གནས་སུ་མིའི་རུས་པའི་ཕུར་བུས་གདབ་པར་བྱ་སྟེ། གོང་དུ་གསུངས་པ་དེ་ཉིད་ཀྱིས་སོ། །གྲོག་མཁར་ གྱི་ས་བདུན་ཞེས་པ་ནི་གྲོག་མཁར་གྱི་ས་བདུན་གྱི་སའི་རྫས་ནི་དུར་ཁྲོད་ལ་སོགས་པ་ནས་རྒྱལ་པོའི་སྒོ་ཡན་ཆད་ཀྱིས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་གང་དུ་བསྒྲུབ་བྱའི་རྐང་པ་ལ་གོས་པར་གྱུར་པའི་རྡུལ་ནི་རྡུལ་ཞིབ་ཚོ་དེ་ལྟར་གཅིག་དང་། དེའི་ཞེས་བྱ་བ་ནི་པགས་པའོ། །རྡུལ་ དང་ཆུ་ངན་དང་ས་རྣམས་ཀྱིས་དགང་བར་བྱའོ། །དེ་སྒྲ་ཉིད་ནི་བསྒྲུབ་བྱའི་སྒྲས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྲི་བ་ནི་བྱེད་པའོ། །ཙཎྜ་ལཱི་ནི་གཡུང་མོའོ། །དུར་ནི་དུར་ཁྲོད་དོ། །མིང་ནི་ཆེ་གེ་མོའོ། །དྲན་པ་ནི་དགོས་པའོ། །སྦལ་པ་ནི་སྦལ་པའོ། །སྨྱོན་པ་ནི་གནོད་པ་བྱས་པའོ། ། རྟོག་པ་གཉིས་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དྲུག་པའི་དང་པོ་ནི་ཡའོ། །ལྔ་པའི་ལྔ་པ་ནི་མའོ། །ཁ་ཅིག་ལས་དང་པོ་ཞེས་བྱ་བའི་གཞུང་ཡང་ཡོད་དོ། །དེ་ལ་གོ་རིམས་བཟློག་ནས་བགྲངས་པའི་ནི་མའོ། །དྲུག་པའི་གཉིས་པ་ནི་མའོ། །དབྱངས་ ཀྱི་གཉིས་པ་ནི་ཨའོ། །གཉིས་པའི་གསུམ་པ་ནི་ཛའོ། །དབྱངས་ཀྱི་གཉིས་པ་ནི་ཨཱའོ། །བདུན་པའི་གསུམ་པ་ནི་སའོ། །གཉིས་པ་ཞེས་བྱ་བའི་གཞུང་ནི་རིམ་པ་བཟློག་པའི་སྭའོ། །བཞི་པའི་གསུམ་པ་ནི་དའོ། །དབྱངས་ཡིག་བཅུ་གསུམ་པ་ནི་ཨོའོ། །ལྔ་པའི་ལྔ་པ་ནི་མའོ། །དབྱངས་ ཡིག་བཅུ་གཅིག་པ་ཨེའོ། །དྲུག་པའི་དང་པོ་ནི་ཡའོ། །ཉིས་འགྱུར་ནི་ཡའོ། །ལྔ་པའི་ལྔ་པ་ནི་མའོ། །དབྱངས་ཡིག་བཅུ་གཅིག་པ་ནི་ཨེའོ། །བཞི་པའི་གསུམ་པ་ནི་དའོ། །དབྱངས་ཡིག་བཅུ་གསུམ་པ་ནི་ཨོའོ། །དྲུག་པའི་གཉིས་པ་ནི་རའོ། །དབྱངས་ཡིག་ལྔ་པ་ནི་ཨུའོ། །གསུམ་ པའི་ལྔ་པ་ཎའོ། །རླུང་གི་ས་བོན་ནི་ཡའོ། །དབྱངས་ཡིག་བཅུ་གསུམ་པ་ཨོའོ། །བཞི་པའི་གསུམ་པ་དའོ། །རླུང་གི་ས་བོན་ནི་ཡའོ། །དྲུག་པའི་དང་པོ་ནི་ཡའོ། །བཞི་པའི་གསུམ་པ་ནི་དའོ། །རླུང་གི་ས་བོན་ནི་ཡའོ། །དབྱངས་ཡིག་བཅུ་གསུམ་པ་ནི་ཨོའོ། །བཞི་པའི་ལྔ་པ་ནི་ནའོ། ། དབྱངས་ཡིག་གསུམ་པ་ནི་ཨིའོ། །མེའི་ས་བོན་ནི་རའོ། །རླུང་གི་ས་བོན་ནི་ཡའོ། །ཡི་གེའི་མཐའ་ནི་ཀྵའོ། །དབྱངས་ཡིག་བཅུ་གཅིག་པ་ནི་ཨེའོ། །ཡི་གེའི་མཐའ་ནི་ཀྵེ་དེ་ཉིད་དོ། །དེ་ཉིད་ཀྱི་རླུང་གི་ས་བོན་ནི་ཡའོ། །དྲུག་པའི་དང་པོ་ནི་ཡའོ། །ཡི་གེའི་མཐར་གནས་པ་ནི་ཀྵའོ། ། དབྱངས་ཡིག་བཅུ་གཅིག་པ་ནི་ཨེའོ། །རླུང་གི་ས་བོན་ནི་ཡའོ། །གཉིས་པའི་དང་པོ་ནི་ཙའོ། །གཉིས་བགྲང་བ་ནི་ཙའོ། །བཞི་པའི་ལྔ་པ་ནི་ནའོ། །དབྱངས་ཡིག་གསུམ་པ་ཨིའོ། །མེའི་ས་བོན་ནི་རའོ། །དབྱངས་ཡིག་གཉིས་པ་ནི་ཨཱའོ། །ལྔ་པའི་ལྔ་པ་ནི་མའོ། ། རླུང་གི་ས་བོན་ནི་ཡའོ། །དང་པོ་རྣམ་པར་སྣང་མཛད་ནི་ཨོའོ། །དམ་པའི་དབང་ཕྱུག་ནི་ཟླ་ཚེས་དང་ཐིག་ལེ་གཉིས་སོ། །དེས་ནི་ཨོཾ་མོ། །ལྔ་པའི་གཉིས་པ་ནི་ཕའོ། །གསུམ་པའི་དང་པོ་ནི་ཊའོ། །ལན་གཉིས་ནི་ཕཊ་ཕཊ་ཅེས་བྱའོ་ཞེས་བྱ་བ་ནི་ཕྲེང་བའི་སྔགས་བཏུ་བའོ། །བདུན་པའི་ བཞི་པ་ནི་ཧའོ། །དབྱངས་ཡིག་བཞི་པ་ནི་ཨཱིའོ། །མེའི་ས་བོན་ནི་རའོ། །བཅུ་དྲུག་མཐའ་ནི་ཐིག་ལེ་གཉིས་སོ། །དེས་ནི་ཧྲཱིཿའོ། །བདུན་པའི་གཉིས་པ་ནི་ཥའོ། །དབྱངས་ཡིག་བཞི་པ་ནི་ཨཱིའོ། །གསུམ་པའི་དང་པོ་ནི་ཊའོ། །མེའི་ས་བོན་ནི་རའོ། །བཅུ་དྲུག་གི་མཐའ་ནི་ཚེག་དྲག་ གཉིས་སོ། །དེས་ནི་ཥྚྲྀཿའོ། །དྲུག་པ་ཡ་ར་ལ་ཝ་ཞེས་བྱ་བ་ནི་སྡེ་ཚན་གྱི་ཝའོ། །དབྱངས་ཡིག་གསུམ་པ་ནི་ཨིའོ། །དང་པོའི་དང་པོ་ནི་ཀའོ། །དབྱངས་ཡིག་བདུན་པ་ནི་རྀའོ། །བཞི་པའི་དང་པོ་ནི་ཏའོ། །དབྱངས་ཡིག་གཉིས་པ་ནི་ཨཱའོ། །བཞི་པའི་ལྔ་པ་ནི་ནའོ། །ཉིས་འགྱུར་ ནི་ནའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །བརྒྱད་པ་ནི་ཧའོ། །དབྱངས་ཡིག་དྲུག་པ་ནི་ཨཱུའོ། །ལྔ་པའི་གཉིས་པ་ནི་ཕའོ། །གསུམ་པའི་དང་པོ་ཊའོ། །ཉེ་བའི་སྙིང་པོ་ཞེས་བྱ་བ་ཡི་གེ་བཅུ་པའི་སྔགས་བཏུ་བའོ། །དྲུག་པའི་དང་པོ་ཡའོ། །ལྔ་པའི་ལྔ་པ་མའོ། །དབྱངས་ཡིག་གཉིས་ པ་ཨའོ། །བཞི་པའི་དང་པོ་ནའོ། །ལྔ་པའི་ཐ་མ་ཏའོ། །དང་པོའི་དང་པོ་ཀའོ། །རྣམ་པར་སྣང་མཛད་ཨོཾ་མོ། །དྲན་པའི་མཐའ་ནི་ཟླ་ཚེས་སོ། །སྟོང་པ་ལྷ་ནི་ཐིག་ལེའོ། །ལྔ་པའི་གཉིས་པ་ཕའོ། །གསུམ་པའི་དང་པོ་ཊའོ། །སྙིང་པོ་ཞེས་བྱ་བ་ཡི་གེ་དྲུག་པའི་སྔགས་བཏུ་བའོ། ། རྟོག་པ་གསུམ་པ་ཞེས་བྱ་བའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་བདུན་གྱིས་བླ་ན་མེད་པའི་མཆོད་པ་བྱས་ནས། ཚངས་པའི་གནས་བསྒོམས་ཏེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ས་བོན་གྱི་འོད་ཟེར་གྱིས་བགེགས་རྣམས་བསྐྲད་ དེ། ཇི་སྐད་གསུངས་པ་བཞིན་དུ་བྱའོ། །རྟོག་པ་བཞི་པ་ཞེས་བྱ་བའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་གང་ནས་གཡུལ་ངོར་དངོས་སུ་ཤི་བའོ། །དེའི་དཔའ་བོའི་གོས་སོ། །མེ་ཏོག་ནི་ཟླ་མཚན་ནོ། །དེས་གོས་པ་ནི་མེ་ཏོག་གིས་གོས་སུ་བརྗོད་དོ། །གང་ གིས་བུ་བཙས་པའི་དུས་སུ་བུད་མེད་ཀྱིས་གྱོན་པའི་བུ་སྐྱེས་པའི་རས་སོ། །རི་མོ་མཁན་བཟང་པོ་ནི་དབང་ཐོབ་པའོ། །རྟོག་པ་ཞེས་བྱ་བ་ནི་བཟའ་བར་བྱ་བ་དང་། བཟའ་བར་བྱ་བ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །ཁྲོ་བ་མེད་པ་ནི་བྱམས་པའི་སེམས་དང་ལྡན་པའོ། །ཆ་ཕྲ་བར་བྲི་ བ་ནི་མཛེས་ཤིང་ཉེས་པའི་སྐྱོན་མེད་པའོ། །བརྩོན་པ་ནི་འབད་པའོ། །དད་པ་ནི་དཀོན་མཆོག་གསུམ་ལ་ཡིད་ཆེས་པའོ། །བརྩེ་བ་ནི་སྒྲུབ་པ་པོ་སྒྲུབ་པར་འདོད་པའོ། །རྙེད་པ་ལ་མི་བལྟ་བ་ནི་འདོད་པ་ཆུང་བའོ། །ཡོན་བྱིན་པ་ནི་རི་མོ་མཁན་གྱིས་ཇི་ཙམ་བརྗོད་པའོ། །རྟོག་པ་ལྔ་པ་ཞེས་ བྱ་བའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རླུང་གི་དཀྱིལ་འཁོར་ནི་ཟླ་གམ་གྱི་རྣམ་པའོ། །ཧོམ་ཁུང་དེའི་དབུས་སུ་སངས་རྒྱས་ཀྱང་ནི་ཚངས་པ་ཡང་ངོ་། །རྟོག་པ་དྲུག་པ་ཞེས་བྱ་བའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གསང་ བའི་སྔགས་ནི་གཞན་ལ་ནི་བསྟན་པའོ། །རྟོག་པ་བདུན་པ་ཞེས་བྱ་བའི་དཀའ་འགྲེལ་ལོ།། །།འབད་པས་དཀའ་འགྲེལ་བྱས་ཐོབ་པའི། །བསོད་ནམས་གཞོན་ནུ་ཟླ་བ་བཞིན། །དེ་ཡིས་འཇིག་རྟེན་མ་ལུས་པ། །དཔལ་རྡོར་འཇིགས་བྱེད་ཐོབ་པར་ཤོག །སློབ་དཔོན་མཁས་པ་ ཆེན་པོ་དཔལ་གཞོན་ནུ་ཟླ་བས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཆེན་པོའི་དཀའ་འགྲེལ་རྫོགས་སོ།། །།པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་ གར་སྐད་དུ། བཛྲ་བྷཻ་ར་ཝ་ཏནྟྲ་པཉྩི་ཀཱ་རཏྣ་མཱ་ལཱ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །སྟོང་པ་སྙིང་རྗེ་མི་ཕྱེད་པས། །འགྲོ་བའི་འཇིགས་པ་སེལ་མཛད་པའི། །དཔལ་ལྡན་རྡོ་རྗེ་ འཇིགས་བྱེད་འཇིགས། །ཁྲོ་རྒྱལ་དེ་ལ་གུས་པས་མཆོད། །དེ་ཡི་ལེའུ་བདུན་དོན་མཆོག་ནི། །སྙིགས་དུས་རྣལ་འབྱོར་པ་རྣམས་ལ། །བདེ་བླག་འགྲོ་ལ་ཕན་སྤྱོད་ཕྱིར། །རིན་ཆེན་ཕྲེང་བས་གསལ་བར་ཕྱེ། །རྒྱུད་ཐམས་ཅད་ནི་ཕུན་སུམ་ཚོགས་པ་ལྔས་སྟོན་ཏེ། ཞེས་ཐེ་ཚོམ་མེད་པ་ནི་འཇམ་དཔལ་གྱི་རྒྱུད་སྟོང་ཕྲག་བཅོ་བརྒྱད་ནས་བྱུང་བ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བྱིན་པ་ཡིན་ཏེ། དོན་ནི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་གནས་རྡོ་རྗེ་ཕག་མོ་ཆོས་ཀྱི་དབྱིངས་བྷ་ག་ལ་བཞུགས་ནས། འཁོར་གཤེད་བཞི་ལ་སོགས་པ་ལ་ཆོས་གསུངས་པ་ཕྱག་ན་རྡོ་རྗེས་ བསྡུས་པར་ཤེས་པར་བྱའོ། །འདིར་དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་སོང་བ་བཤད་ནས་དང་། མ་རྫོགས་པའི་ཆོས་ལེའུ་བདུན་སྟོན་པ་སྟེ། དེ་ཡང་རྗེས་སུ་སྟོན་པ་དང་བཀྲ་ཤིས་པ་མ་རྫོགས་པ་བོས་པ་ཡིན་པར་གོ་བར་བྱའོ། །གཞུང་མཚམས་སྦྱོར་བའི་སྐབས་ལེའུ་དང་པོ་ རྒྱུད་ཀྱི་དོན་བསྒྲུབ་པར་བྱ་བ་སྟོན་པའི་ཕྱིར་རོ། །དེ་ནས་ཡང་དག་རབ་བཤད་བྱ། །ཞེས་པ་ནི་དེ་ནས་སྔོན་མའི་རྗེས་སུ་ཡང་དག་པ་བཟང་བ་མཆོག་དང་ཐུན་མོང་གི་དོན་མ་ནོར་བ་ལེའུ་བདུན་པ་བསྙེན་སྒྲུབ་དཀྱིལ་འཁོར་དང་འཁྲུལ་འཁོར་དང་བསམ་གཏན་དང་བཟླས་པ་དང་སྦྱིན་སྲེག་ལ་ སོགས་པ་རྣམས་ཚང་ལ་མ་ནོར་བར་སྒྲུབ་པ་པོ་རྣམས་ལ་ལམ་ཉེ་བར་བདེ་བར་རབ་ཏུ་གསལ་བར་ཕྱེ་ནས་གསུངས་པས་བཤད་བྱ་ཞེས་ཞལ་གྱིས་བཞེས་པའོ། །རྡོ་རྗེ་ནི་ཆོས་སྐུ་སྟོང་པ་ཉིད་དང་ཤེས་རབ་སྟོན་པ་ཡིན་ལ། འཇིགས་བྱེད་གཟུགས་སྐུ་ཐུགས་རྗེས་ཐབས་རྣམས་གྲུབ་པར་ སྟོན་པའོ། །ཐབས་ཞེས་པ་ནི་འབྲས་བུ་སྟེ། གཞུང་འདིས་རྣལ་འབྱོར་པ་ལ་སྒྲུབ་པའི་ཐབས་སུ་བསྟན་པའོ། །སྒྲུབ་པ་ཞེས་ཐབས་དེས་བདག་གཞན་གྱི་དོན་གྲུབ་པར་བྱེད་པའོ། །ལྷ་རྣམས་ཞེས་པ་རྡོ་རྗེ་འཇིགས་བྱེད་ཀྱིས་ལྷ་རྣམས་དྲག་ཤུལ་དང་བཅས་ཚངས་པ་ལ་སོགས་པ་ ཐམས་ཅད་ཀྱང་འཇིགས་ཤིང་དྲག་ཤུལ་བསྐྱེད་པའོ། །དེ་ཡང་སྟོང་པ་ཉིད་དང་སྙིང་རྗེས་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་ཉིད་དེ་གང་གདུག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་སྙིང་རྗེས་ཕན་པར་མི་འགྱུར་བས་རྡོ་རྗེ་འཆང་དེས་འཇིགས་པར་མཛད་པ་དེ། སྐུ་ཤིན་ཏུ་འཇིགས་པ་དབུ་ དང་ཕྱག་དང་མཚན་མ་དང་རྒྱན་དང་། ན་བཟའ་དང་གདན་དང་ཉི་མའི་འོད་ཟེར་དུས་མཐའི་མེ་ལྟར་དྲག་པོ་མཚུངས་པ་མེད་པའི་ཁྲོ་བོ་ཆེན་པོ་སྙིང་རྗེས་བསྐུལ་བའོ། །དེ་ཡང་ནང་ན་ཁ་བ་ལྟ་བུར་བསིལ། །ཕྱི་རོལ་དྲག་པོས་འགྲོ་ལ་སྐྱོབ། །ཅེས་པས་བསྟན་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ དེ་ཉིད་བསྒྲུབ་བྱ་འབྲས་བུའི་རྒྱུད་འདིས་བསྒྲུབ་པར་བྱས་པས་ལམ་སྒྲུབ་བྱེད་དོ། །རྣལ་འབྱོར་པ་ལ་དངོས་གྲུབ་དགོས་པས་དགོས་པའོ། །དེ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་གཉིས་ཏེ་སྤངས་པ་ཕུན་སུམ་ཚོགས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤོང་བའོ། །དེ་ཡང་ ཐོབ་བྱ་ཕུན་སུམ་ཚོགས་པ་ཐོབ་པ་ལས་ཏེ། མངོན་པར་བྱང་ཆུབ་པས་མངོན་པར་བྱང་ཆུབ་པའོ། །དགོས་པ་དེ་ཡང་ཐབས་རྒྱུད་ལས་བྱུང་བ་ཉིད་སྒྲུབ་ཐབས་སོ། །དགོས་པ་དེའི་དགོས་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། བདུད་དང་མུ་སྟེགས་དང་། ཀླུ་དང་། གནོད་སྦྱིན་དང་། དྲག་པོ་དང་། ཙཎྜི་དང་། འཇིགས་བྱེད་དྲག་པོ་ལ་སོགས་པ་བསྟན་པ་ལ་གནོད་པ་དང་། སེམས་ཅན་དང་སློབ་དཔོན་ལ་གནོད་པ་ལ་རྒྱུད་འདིས་བསྒྲུབས་པས་ཕན་འདོགས་པའོ། །རྣལ་འབྱོར་པས་བསྒྲུབས་པས་བདག་དང་གཞན་གྱི་དོན་ཐོབ་པ་དང་། བརྗོད་པར་བྱ་བ་དང་རྗོད་པར་ བྱེད་པ་དེ་ཕན་ཚུན་འབྲེལ་བས་དེ་དང་དེ་ལས་བྱུང་བ་དང་། བདག་ཉིད་གཅིག་པར་འབྲེལ་པ་བསྟན་པའོ། །དེ་ལ་ཞེས་བྱ་བ་ནི་བརྗོད་བྱ་ལ་སོགས་པ་དེ་འདོད་པ་ལའོ། །དང་པོ་ཞེས་པ་ནི་དགོས་པ་དེ་བསྒྲུབ་པ་རྩོམ་པའི་སྔོན་དུའོ། །སྔགས་པ་ཞེས་པ་ནི་དབང་ཐོབ་ཅིང་སྔགས་ཀྱི་བསྙེན་པ་ དང་དཀྱིལ་འཁོར་ལ་སོགས་པ་ཤེས་པའི་རྣལ་འབྱོར་པས་བརྗོད་པའོ། །ཡིད་དུ་འོང་ཞེས་པ་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པ་སྤྲོ་བའི་གནས་གཅིག་ཏུ་གནས་པར་བྱའོ། །ཡང་གྲོགས་དང་རྫས་དང་ལྡན་པར་བྱས་ལ་སྡོད་པར་ཤེས་པར་བྱའོ། །དགོས་པ་ཞེས་པ་བདག་དང་ གཞན་གྱི་དོན། དབང་ཞེས་པ་ལ་སོགས་པ་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་རྣམས། དཀྱིལ་འཁོར་དང་འཁྲུལ་འཁོར་དང་བསམ་གཏན་དང་བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་བསྒྲུབ་པའོ། །དུར་ཁྲོད་ཅེས་པ་ནི་བསད་པའི་གནས་རོ་སྐྱེལ་ས་ལ་བྱའོ། །ཆུའི་ངོས་ ཞེས་པ་ནི་ཆུ་བོའམ་མཚན་གླིང་ཡིན་ཏེ། དེར་གནོད་སྦྱིན་ཕོ་མོ་དང་ཀླུ་ཕོ་མོ་བསྒྲུབ་པར་བྱའོ། །ཤིང་གཅིག་ཅེས་པ་ནི་ཤིང་གཞན་གྱི་གྲིབ་མས་མི་སླེབ་མི་རེག་པའོ། །མཚན་མ་གཅིག་པ་ནི་དབང་ཕྱུག་ཆེན་པོའི་མཚན་མ་ཐང་སྟོང་ལ་ཡོད་པའོ། །བཞི་མདོ་ཞེས་པ་ནི་ལམ་ རྒྱ་གྲམ་སྟེ། དེར་རེངས་པའི་གནས་བྱའོ། །དེ་ཡང་གྲོང་དང་རྫས་དང་ལྡན་པར་བྱས་ལ་སྡོད་པར་ཤེས་པར་བྱའོ། །རི་རྩེ་ཞེས་པ་ནི་རི་མཐོ་བའི་སྟེང་དུ་སྟེ་བསྐྲད་པའི་གནས་སོ། །ཁང་སྟོང་ལྷ་ཁང་སྟོང་པ་དངོས་པོ་དེར་བསྙེན་སྒྲུབ་དང་། རལ་གྲི་དང་། མིག་སྨན་དང་། རི་ལུ་དང་། གསེར་ འགྱུར་དང་། བཅུད་ཀྱིས་ལེན་དང་། གཏེར་དང་འབྱུང་པོ་དང་རོ་ལངས་བསྒྲུབ་པའི་གནས་སོ། །མ་མོའི་ཁྱིམ་ཞེས་པ་ནི་ལྷ་བརྒྱད་ཀྱི་ཆུང་མ་གང་ན་ཡོད་པའི་བརྟེན་ས་ལ་བྱ་སྟེ། དེར་དབང་དང་དགུག་པ་དང་བསྒྲུབ་པའི་གནས་སོ། །འཐབ་མོའི་ས་ཞེས་པ་ནི་ཕན་ཚུན་འཐབས་པའི་ས་རོ་ མང་དུ་ཤི་བའི་ས་སྟེ་དབྱེ་བའི་གནས་སོ། །གྲོང་ངམ་ནག་ཁྲོད་ཅེས་པ་ནི་རང་གི་ཁྱིམ་དང་ཤིང་གསེབ་དང་ཤ་ཟ་དང་། དབང་དུ་བྱ་བ་སྒྲུབ་པའི་གནས་སོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་དབང་བསྐུར་བའི་རྣལ་འབྱོར་བས་ཞེས་པ་ནི། ཡ་ལས་བསྐྱེད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་ཧྲཱིཿ ཥྚྲྀཿཡ་འབུམ། ཀྵེ་མ་ལ་སོགས་ལས་བསྐྱེད་པ། འཁོར་བཅུ་གཉིས་ལ་ཛི་ན་ཛིཀ་སོགས་ཁྲི་ཁྲིའི་བསྙེན་པ་རྣལ་འབྱོར་བཞི་དང་ལྡན་པས་བསྙེན་པ་བྱས་ལ། སྟ་གོན་དང་དཀྱིལ་འཁོར་བསྒྲུབ་པ་དང་དབང་བཞིའམ་ཅི་རིགས་པ་ཐོབ་པའོ། །རྣལ་འབྱོར་བཞི་ལ་བརྟེན་ནས་བསྙེན་ པ་བྱས་པས་དབང་ལ་སོགས་པ་བསྒྲུབ་པ་དང་ལས་ལ་སྦྱར་བའོ། །རལ་གྲི་དང་མིག་སྨན་ཞེས་པ་ལ་སོགས་པ་ནི་ལྷ་དང་སྔགས་དང་རྒྱུད་འདིས་ཁྱད་པར་དུ་བྱས་པའི་བྱ་བ་རྫས་ཐམས་ཅད་རྒྱུད་གཞན་ལས་ཁྱད་པར་མེད་དེ་ཐུན་མོངས་དུ་གོ་བར་བྱའོ། །འབྱུང་པོ་ཞེས་པ་ ནི་ཨ་པ་ར་ཛི་ཏའོ། །རོ་ལངས་ཞེས་པ་ནི་རོ་རྨ་མེད་པའི་རིགས་དང་སྟོབས་དང་གཞོན་པ་ལ་སོགས་པ་བྱའོ། །ཤ་ཟ་ཞེས་པ་ནི་སྲིན་པོ་ཙཎྜི་ཀའོ། །གནོད་སྦྱིན་ཞེས་པ་ནི་ཛམྦྷ་ལ་མ་བུའོ། །མོ་ནི་དེའི་ཆུང་མ་དང་ནོར་རྒྱུན་མའོ། །ཀླུ་ནི་ཀླུ་ཆེན་པོ་བརྒྱད་དང་སོག་ མ་མེད་ལ་སོགས་པའི་ཆར་འབེབས་པ་རྣམས་སོ། །མོ་ཡང་ཀླུ་མོ་བརྒྱད་ལ་སོགས་པའོ། །སོགས་ཞེས་པ་ནི་ཡུལ་གྱི་ཁྱད་པར་གྱིས་གྲོགས་ནུས་པ་རྣམས་སོ། །གཞན་རྣམས་ནི་གོ་སླ་བ་ཉིད་དོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་བསྒྲུབ་པའི་དུས་ཏེ། དུར་ཁྲོད་ཀྱི་ཚོན་གྱིས་བྲི་བ་སྟེ། སའི་ཆོ་ག་དང་ཐིག་སྔོན་དུ་སོང་བར་བྱས་ལ་བྲི་བ་སྟེ། ཐིག་སྐུད་ཡང་རོའི་སྲད་བུས་བྱའོ། །གྲུ་བཞི་ཞེས་བྱ་བ་ནི་མི་མཉམ་པ་མེད་ཅིང་མཉམ་པ་ཉིད་དོ། །སྒོ་བཞི་ཞེས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་ཉིད་རྣམ་པར་དག་པའོ། །རྟ་ བབས་བཞི་ཞེས་པ་ནི་བསམ་གཏན་བཞིའི་རང་བཞིན་ནོ། །དྲིལ་བུ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པའོ། །རལ་གྲི་ཞེས་པ་ནི་རྣམ་པར་ཤེས་པ་བརྒྱད་དག་པའོ། །བ་དན་ཞེས་པ་ནི་གསུང་རབ་ཡན་ལག་དགུ་རྣམ་པར་དག་པའོ། །མེ་ཏོག་ཕྲེང་བ་ཞེས་པ་ནི་འདོད་པའི་ ཡོན་ཏན་ལྔ་རྣམ་པར་དག་པར་རོ། །རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའོ། །རིན་པོ་ཆེ་ཞེས་པ་ནི་བླ་ན་མེད་པའི་དགའ་བ་རྒྱས་པའི་སྙིང་རྗེ་ཆེན་པོའོ། །ཟླ་བ་ཕྱེད་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འཕེལ་བའོ། །དྲ་བ་དྲ་ཕྱེད་དང་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་སྐྱོབ་པ་རྣམ་པར་དག་པའོ། །དེའི་དབུས་ ཞེས་པ་ནི་ལྷའི་ཁང་པའོ། །རེའུ་མིག་དགུ་ཞེས་པ་ནི་ལྷ་དགུའི་གནས་ཏེ་སྣ་ཚོགས་རྡོ་རྗེ་དང་མཚམས་བཞིར་སྣ་ཚོགས་པདྨ་བཞིའོ། །ལྷའི་སྣམ་བུ་དང་རྡོ་རྗེ་ར་བ་དང་སྒོ་རྣམས་ཀྱང་བྲི་ཞིང་ལྷའི་མཚན་མ་དགོད་པའོ། །སྒོ་གཅིག་ཅེས་པ་ནི་སྒྲུབ་པ་པོ་གཅིག་ལས་མེད་ན་གཞན་བཅད་ པའོ། །དྲག་པོ་དང་འདི་ཉིད་ཀྱིས་ལྷོའི་སྒོ་གཅིག་ཁོ་ནས་བྱའོ། །དབང་དང་ཞི་བའང་ལྷོའི་སྒོ་ཁོ་ནའོ། །ཡང་རྫོགས་རིམ་གྱི་སྒོ་རྣམ་པར་ཐར་པའི་སྒོ་བཞི་སྟེ། སྒོ་ནི་འགྲོ་དང་འོང་བས་སྒོ་སྟེ། སྟོང་པ་ཉིད་ཀྱི་སྒོར་རྣལ་འབྱོར་བཞི་དབྱིབས་སུ་འཇུག་པ་མངོན་པར་རྟོགས་པའི་དཀྱིལ་ འཁོར་གྱི་སྒོར་འགྲོ་བའོ། །གཞན་དུ་མི་འཇུག་མི་འགྲོ་བའོ། །མཚན་མ་མེད་པའི་སྒོར་སྔགས་བཞི་གཞུག་ཅིང་བཟླས་ཐབས་བཞི་རླུང་གི་སྒོར་དཀྱིལ་འཁོར་བཞིར་འོང་བའོ། །སྨོན་པ་མེད་པའི་སྒོ་ཆོས་བཞི་ལྟེ་བར་ཡང་། རྩ་འདབ་བཅུ་དྲུག་ལ་ཀྵེ་ལ་སོགས་དང་རླུང་དང་མེའི་ སྦྱོར་བས་འབར་བའི་རྣམ་པ་དང་སྙིང་གར་རྩ་འདབ་བརྒྱད་ལ་ཧི་ལ་སོགས་པ་ལྟེ་བར་ཨོཾ་དང་ཧཱུཾ་ལ་སོགས་པ་འབར་བའི་རྣམ་པ་དང་། མགྲིན་པར་རྩ་འདབ་བརྒྱད་ལ་ལྟེ་བར་ཨོཾ་ལ་ཡ་ལ་སོགས་པའི་སྙིང་པོ་རྣམས་འབབ་པའི་སྒོ་ནས། སྤྱི་བོར་རྩ་འདབ་བཞི་ལ་ཨོཾ་ཡ་དྷཱིཿཧཱུཾ་ ཧཾ་ལྟེ་བར་འབབ་པའི་སྒོར་འཇུག་བདེ་བ་ཆེན་པོར་འོང་བའོ། །མངོན་པར་འདུས་མ་བྱས་པའི་སྒོ་དེ་གསུམ་མི་ཕྱེད་པར་གཅིག་ཏུ་དབྱིབས་དང་སྔགས་དང་ཆོས་རྣམས་ཡོད་པ་མ་ཡིན་མེད་པ་མ་ཡིན་གཉིས་ཀ་མེད་པ་མ་ཡིན་པར་བསྒོམ་པའོ། །དེ་ཡང་རང་རང་སྒོར་འགྲོ་འོང་ལ། གཞན་དང་ གཞན་དུ་མི་འགྲོ་མི་འོང་བས་བཅད་པའོ། །འཇུག་པའི་སྒོ་ལ་གཅིག་ལ་གྲོལ་བའི་སྒོ་འོང་བའང་གཅིག་ཁོ་ནས་སོ། །དབུས་སུ་རོ་ལངས་བྲི་ཞེས་པ་ནི་ལྷའི་གདན་མགོ་བོ་གཅིག་ལག་པ་གཉིས་མིག་དམར་བ་སྐྲ་སེར་བ་གྱེན་དུ་བརྫེས་པ་གཅེར་བུ་མདོག་ནག་པ། སོ་དང་མཆེ་བ་གཙིགས་པ། གཡས་རལ་གྲི། གཡོན་ཐོད་པ་ཐོགས་པ་བརྒྱད་དང་། དབུས་ངོས་སུ་མ་ཧཱ་དེ་བ་དང་། ཨུ་མ་དེ་བ་བྲིའོ། །གྲྭ་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་བུམ་པའི་ཁར་བྲིའོ། །ཤར་དུ་མགོ་བོ་ཞེས་པ་ནི་སྒོ་བཞིར་རོའི་མགོ་དང་ལག་པ་དང་རྒྱུ་མ་དང་རྐང་པ་བྲིའོ། །བྱང་གི་གྲྭར་ཐོད་པ་ཞེས་བྱ་ བ་ནི་བྱང་ཤར་གྱི་གྲྭ་ལ་སོགས་པ་གཡས་སྐོར་རོ། །དེ་ནས་དཀྱིལ་འཁོར་ཕྱི་རོལ་ཞེས་པ་ནི་ལྷ་སྣམ་དེ་དབང་ལྡན་གྱི་གནས་ནས་དགོད་པ་གཡས་སྐོར་དུ་དགོད་པའོ། །མཚོན་རྩེ་གཅིག་པ་ཞེས་པ་ནི་ལྕགས་མདུང་རྨ་བྱའི་སྒྲོའི་ཆུན་པོ་དང་ལྡན་པའོ། །རྡོ་རྗེ་རྩེ་གཅིག་པ་ཞེས་པ་ནི་ཕྱེད་མདུང་ ངོ་། །གཞན་རྣམས་ནི་གོ་སླའོ། །མར་ཁུ་ཆེན་པོ་ཞེས་པ་ནི་མིའི་ཚིལ་བཞུ་བའི་མར་མེའོ། །སྔགས་ཆེན་པོ་ཞེས་པ་ནི་ཁྱིམ་བྱའོ། །ཤིན་ཏུ་མཉམ་པར་གཞག་ཅེས་པ་ནི་ལྷ་དང་སྟོང་པ་ཉིད་དུ་སེམས་བཞག་པ་རྟོག་པ་གཞན་སྤངས་པའོ། །སྦྱིན་སྲེག་དང་གཏོར་མ་ལ་སོགས་ཞེས་ པ་ནི་བདག་རྡོ་རྗེ་འཇིགས་བྱེད་ཀྱི་ལྟོ་བར་མེ་འབར་བ་ལ་མེའི་དཀྱིལ་སྙིང་གར་མེ་ལྷ་རྡོ་རྗེ་འཇིགས་བྱེད་བསྐྱེད་ལ་ཡེ་ཤེས་པ་མེ་ལྷ་སྤྱན་དྲངས་བསྟིམ་ལ། མེ་ལྷའི་ལྗགས་དང་རང་གི་ལྕེ་རྡོ་རྗེའི་སྦུ་གུར་བྱས་ལ་བཟའ་བ་ཀུན་དབུལ་ཞིང་དངས་མས་ལྷ་རྣམས་མཉེས། སྙིགས་མ་ཐབ་ ཁུང་དུ་ཕོ་བས་ཐལ་བར་གྱུར་པར་བསམ་པའོ། །ཤ་དེ་རྣམས་གཏོར་མ་དང་ལྷ་ལ་ཡང་དབུལ་བ་བདུད་རྩིར་བྱིན་གྱིས་བརླབས་པ་མེ་རླུང་གི་སྦྱོར་བ་གཞན་ལྟར་རོ། །ཁྲག་ཆེན་པོས་གདབ་ཅེས་པ་ནི་གོང་གི་དཀྱིལ་འཁོར་བྲི་བའི་ཚེའོ། །ལྷ་བཤོས་ཐམས་ཅད་དབུལ་བར་བྱ། །ཞེས་པ་ནི་བདག་ གི་བཟའ་བའི་དུས་གསུངས་པ་དེ་འཇིགས་བྱེད་ཡིན་པ་དང་བདུན་དག་པའི་དུས་དང་། ཡེ་ཤེས་སེམས་དཔའ་བསྟིམ་པའི་དུས་དང་། དབང་བསྐུར་བ་དང་། ལས་འཆོལ་བའི་དུས་ཐམས་ཅད་ལ་བདག་ལྷའི་ང་རྒྱལ་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་ལ་དབུལ་བའོ། །ཧ་ཧ་ཞེས་པ་ནི་ཧོ་ཧི་ལ་ སོགས་པ་བརྒྱད་དེ་ལྟ་བའི་གད་མོ་བརྒྱད་བྱའོ། །བར་ཆད་སེལ་བའི་ཕྱིར་དགོད་པའོ། །མཉམ་པར་གཞག་ཅེས་པ་ནི་ཆོ་གའི་རིམ་པ་ལས་སེམས་གཞན་དུ་མ་ཡེངས་པའོ། །དཀྱིལ་འཁོར་དངོས་གྲུབ་འདོད་པས་འཇུག་པར་བྱ་ཞེས་པ་ནི་ཞི་བ་ལ་སོགས་པ་གང་འདོད་པས་རྣལ་འབྱོར་བཞི་ སྒོམ་པ་དང་དབང་བསྐུར་བའི་དུས་དང་འབྲེལ་ཏོ། །ཞིམ་པའི་ཆང་ཞེས་པ་ནི་ཚོགས་ཀྱི་འཁོར་ལོ་དང་དཔའ་བོའི་སྟོན་མོ་དེ་ནས་འདོད་པའི་དངོས་གྲུབ་ལ་དམིགས་ཞེས་པ་ནི་དབང་ནོད་པའི་སློབ་མའི་དུས་དང་། སློབ་དཔོན་མཆོག་གམ་རང་ལ་མོས་པ་ཡོད་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལས་ བླང་བའོ། །དེའི་དབུས་སུ་ཞེས་པ་དབང་བསྐུར་བའི་དུས་སུ་ལྷ་བསྒོམ་པ་དང་སྒྲུབ་པའི་དུས་སུ་དངོས་གྲུབ་ནོད་པའོ། །སློབ་མ་ལ་དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་དབང་ལ་ཁྲོ་བཅས་པ་དང་། གསང་བའི་དབང་ནོད་པ་དང་ཤེས་རབ་ཡེ་ཤེས་ལ་རྡུལ་ཚོན་སྟེང་ངམ་བསྡུས་ལ་རྡོ་ རྗེ་འཇིགས་བྱེད་དང་ལྡན་པས་བསྡད་པའོ། །དེ་ནས་འཇིགས་པ་ཆེན་པོ་ཞེས་པ་ནི་བཅོམ་ལྡན་འདས་བྱོན་པའམ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་མི་སྡུག་པ་འབྱུང་བའོ། །བར་ཆོད་ནི་སྒྲུབ་པ་པོ་ལ་གནོད་པ་དངོས་གྲུབ་ཀྱི་གེགས་བྱེད་པའོ། །འཇིགས་པ་མ་བྱས་ ན་དེའི་རྗེས་ལ་དངོས་གྲུབ་གང་འདོད་སྟེར་བའོ། །རིག་པ་འཛིན་པ་ཞེས་པ་ནི་སྒྲུབ་པ་པོའོ། །ཕྲ་མོ་ལས་ཐམས་ཅད་ཅེས་པ་ནི་འཁྲུལ་འཁོར་དང་འབྲེལ་བའི་ལས་སྟོན་པ་རྣམས་གྲུབ་པའོ། །རྣལ་འབྱོར་གྱི་རྒྱུད་ཅེས་པ་ནི་ཕའི་རྒྱུད་སྡེ་ལྔ་ལས་ཕྲིན་ལས་ཀྱི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ ལེའུ་བདུན་ལས་སྒྲུབ་པའི་དཀྱིལ་འཁོར་བསྟན་པའོ། །དེ་ཡང་བསྙེན་པ་དང་དབང་སྔོན་དུ་སོང་བས་སྒྲུབ་པའོ། །རྟོག་པ་དང་པོ་རྫོགས་སོ་ཞེས་པ་ནི་ལས་སོ་སོ་ལ་རྟོག་དཔྱོད་པའོ། །དང་པོ་ནི་བདུན་པའི་སྔོན་དུ་བདུན་པ་རྫོགས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་མ་ལུས་པར་ བསྟན་པའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་དང་པོའི་བཤད་པའོ། །དཀྱིལ་འཁོར་དེ་ཡང་ཅི་སྙམ་པ་ལ་ཞི་བས་མི་འདུལ་བའི་རིགས་མི་དང་མི་མ་ཡིན་པ་ལ་ཕན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཕལ་ཆེར་གོ་སླ་བ་ཉིད་དོ། །དུར་ཁྲོད་ཀྱི་རས་ཞེས་པ་འདི་གྲིར་ཤི་བའི་རོ་དུར་ ཁྲོད་དུ་བསྐྱལ་བ་མར་གྱི་ངོའི་ཉི་ཤུ་གཉིས་ལ་བླངས་ལ། ཐལ་ཆེན་དང་། ས་དཀར་དང་། བདུད་རྩི་ལྔ་དང་མི་དང་ཁྱི་ལ་སོགས་པའི་ཁྲག་དང་། དུག་གི་རིགས་སྣ་ཚོགས་དང་། ཚོན་རྩི་ལྔ་དང་སྦྱར། རྒྱར་ཁྲུ་དོ་ཁ་སྦྱར་བའམ་རྐྱང་པ་བརྒྱངས་ལ། གཤིན་རྗེའི་ལུས་དང་ལྡན་པའི་ འཁོར་ལོ་རྟེན་འབྲེལ་འཁོར་ལོ་བཅུ་གཉིས་བྲི་བར་བྱ་ཞིང་། དབུས་སུ་རེའུ་མིག་བརྒྱད་པ་བྲིའོ། །བཅུ་དྲུག་ཅེས་པ་དགྲ་ནག་ལྟར་ཕྱི་རོལ་དུ་ལས་ཀྱི་སྔགས་ཕྱོགས་དང་ཕྱོགས་བྲལ་དུ་དགོད་ཅིང་དེའི་བར་དུ་མིང་སྤེལ་བར་བྱའོ། །བཅུ་གཉིས་དང་ཕྱོགས་བཞི་དབུས་དང་ལྔ་ལ་རྩ་སྔགས་ བཅུ་བདུན་བྲི་ཞིང་མིའི་ས་བོན་བཞི་བསྒྲུབ་བྱའི་ཡང་མིང་བར་དུ་བཅུག་ལ་བྲིའོ། །ལས་སྔགས་ཀྱིས་སྤྱི་བོ་ལ་སོགས་པའི་གནས་རྣམས་སྙིང་པོ་དང་སྤེལ་བ་དགོད་དོ། །ཧཱུཾ་དང་ཕཊ་བརྒྱད་ཀྱང་མགོ་ལྷོར་བྱས་པའི་ཕྱོགས་དང་ཕྱོགས་བྲལ་དུ་བྲིའོ། །མན་ངག་གིས་ལྷའི་གནས་དང་ བཅས་པས་འབར་བའི་གཟུགས་དམིགས་པའོ། །རིམས་ཀྱིས་ཟིན་པར་འདོད་ན་ཞེས་པ་ནི་བསྟན་པ་ལ་གནོད་པ་ལ་སོགས་པ་དེ་ལ། རིམས་ན་ནས་འཆི་བའི་ཐབས་རྣལ་འབྱོར་པ་སྙིང་རྗེ་དང་ལྡན་པ་དེས་རིམས་ནད་གཏང་བར་བྱ་བ་སྟེ། དཔྱངས་པ་ལ་སོགས་པའི་གྲིར་ཤི་བའི་ཐོད་པ་ ལ་རྒྱ་སྐྱེགས་དང་ཁྲག་ཆེན་པོས་བྱུགས་ལ་རྡོ་རྒྱུས་ཀྱི་འབྲེལ་བར་མགོ་བསྟན་པའི་བསྒྲུབ་བྱ་དེ་ཚ་བའི་རིམས་ཀྱིས་འཆི་བར་འདོད་ན། ལུས་དམར་བ་གྱེན་དུ་འབར་བ་ལུས་རྔུལ་བ་ཚ་བས་རབ་ཏུ་རྒྱས་པ་དབུགས་ཚ་བ་ཅན་བྲི་བར་བྱའོ། །གྲང་བའི་རིམས་གཏང་བར་འདོད་ན། དཀར་བ་གསུས་ པ་ཆེ་བ་སྐྲ་གྲོལ་བ་འདར་བ་དབུགས་གྲང་བ་ཅན་བྲི་བར་བྱའོ། །གཉིས་ཀ་འདྲ་བར་མགོ་གསུམ་པ་ལག་པ་གསུམ་པ་ཉམ་ཐག་པ་བྲིས་ལ། གཞན་ཡང་དུར་ཁྲོད་ཀྱི་རོ་བསྲེགས་པའི་སོལ་བ་དང་། ས་དང་། སོ་ཕག་དང་བསྒྲུབ་བྱ་དེའི་རྐང་རྗེས་དང་། དྲིན་ཆེན་དྲི་ཆུ་བསྲེས་པས་གཟུགས་བྱས་ པའི་སྙིང་གར་སྔགས་ཀྱི་འཁོར་ལོ་ཐོད་པར་བཅུག་ལ། ལྷའི་ང་རྒྱལ་གྱིས་དགུག་གཞུག་བྱ་ཞིང་ཐོད་པ་སྟེང་མ་ལ་ཡང་དེ་ལྟར་བྲིས་པས་དགབ། དུག་དང་སྐྱེ་ཚེ་ལ་སོགས་པས་བྱུག །མར་ནག་དང་རྒྱ་སྐྱེགས་ཀྱིས་བསྐུས་ལ་བསྒྲུབ་བྱ་དེ་སྐྲའི་སྐུད་པས་བཅིངས་ལ། རོ་བསྲེགས་པའི་ཐལ་ བའི་འོག་ཏུ་བཞག་ནས་རྡོ་རྗེ་འཇིགས་བྱེད་ཤིན་ཏུ་ཁྲོས་པ་ཅན་དུ་བདག་ཉིད་བསྒོམས་ཏེ། སྔགས་ཚན་གཅིག་བཟླས་ལ་སྦས་ན། ངེས་པར་རིམས་ཀྱིས་འཆིའོ། །སྤེལ་ཏེ་སྔགས་ཡི་གེ་རྣམས་དགོད་པར་བྱ་ཞེས་པ་ནི། སྔོན་དུ་བསྟན་པའི་བཅུ་བདུན་པོ་དེ་ཡང་མཱ་ར་ཡ་ཕཊ་དང་། ཨུཙྪ་ཏ་ ཡ་དང་། བི་དྭེ་ཥ་ཡ་དང་སྤེལ་ཏེ་བྲི་བ་དང་། ཕྱིས་བཟླས་པ་དང་ཡང་འབྲེལ་ཏོ། །སྔོན་དུ་བསྟན་པའི་རྫས་ཞེས་པ་ཐལ་ཆེན་དང་། ས་དཀར་ལ་སོགས་པ་དང་། བྱ་རོག་གིས་ཟོས་པའི་འཕྲོའི་གཏོར་མ་དང་། དྲི་ཆེན་གྱི་རོ་རས་ལ་མ་སྤངས་པ་ཡང་། འཁོར་ལོ་རྐྱང་པ་རྩིབས་བཅུ་དྲུག་ཅེས་བཅུ་ གཉིས་ནང་གི་བཞི་དང་བཅས་པ་བྲི་ཞིང་། བསྒྲུབ་བྱ་སྔར་བྲིས་པ་སྤངས་པ་སྟེ། དེ་ཡང་གསད་པ་ནི་དུར་ཁྲོད་ཉིད། བསྐྲད་པ་ནི་རྔ་མོའི་གཟུགས་རྒྱབ་ཏུ་འཁོར་ལོ་ཅན་བྲིས་པ་ལ་རླུང་གི་འཁོར་ལོ་དང་འོག་གི་བྱ་བ་དང་ལྡན་པར་སྐྲོད་པར་འགྱུར་རོ། །གཞན་ཡང་འོག་དང་སྟེང་གི་འཁོར་ལོ་ སྦྱར་ཞིང་བྱ་བ་མན་ངག་ཡིན་ནོ། །ཆུ་ཞེས་པ་ནི་དྲག་ཏུ་མི་འབབ་པར་ངག་རེངས་པའོ། །དབང་ལ་ནི་བུད་མེད་ཀྱི་བྷ་གར་སྦའོ། །དབྱེ་བ་རྟ་དང་མ་ཧེའི་རྒྱབ་ཏུ་བྱའོ། །སྤྱི་བོ་ལས་ཞེས་པ་ནི། དཔྲལ་བ་དང་། ཁ་དང་སྙིང་ག་དང་གསང་གནས་དང་སྤྱི་བོ་སྔོན་པོ་གཤིན་རྗེའི་གཟུགས་ཞེས་པ་ནི་ རབ་ཏུ་གནས་པ་བྱས་ནས་རྟགས་བྱུང་བ་དང་སྦའོ། །པགས་པ་ཞེས་པ་ཁ་ན་མར་བཤུས་པའི་ནང་དུ་དྲི་དང་ཆུ་དང་རྐང་རྗེས་ཀྱི་ས་བླུགས། ནུབ་བདུན་དུ་སྔགས་དང་ཡུངས་ཀར་བླུགས་ལ་མནན་པ་བྱའོ། །གཞུང་མན་ངག་གིས་ཞི་བ་ལ། དབུས་ཀྱི་ཡ་དབྱི་བ་དང་། ཟླ་བའི་དཀྱིལ་འཁོར་ལ་ བསྒྲུབ་བྱ་གཞག་པར་བྱའོ། །རྒྱས་པ་ལ་ཟླ་བ་སེར་པོ་ལ་བཞག་པ་དང་འཁོར་ལོ་ལ་རབ་གནས་བྱ་བའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་གཉིས་པའི་བཤད་པའོ།། །།དེ་ནས་ཞེས་པ་ནི་འཁོར་ལོ་དང་སྒྲུབ་པ་ལ་སྔགས་དགོས་ཤིང་སྔགས་ནོར་ན་མི་གྲུབ་པས་ སྔགས་བཏུ་བ་བསྟན་ཏེ། དེ་ཡང་ས་གཞི་དྲི་ཞིམ་པོས་བྱུགས་པ་ལ་ཨཱ་ལི་དང་ཀཱ་ལི་བྲི་ཞིང་མཆོད་པས་མཆོད་པ་དང་། གཏོར་མ་ཡང་གཏང་བར་བྱའོ། །དྲུག་པའི་དང་པོ་ཞེས་པ་ཡ་ཡིན་ཏེ། དེ་ཡང་ཀའི་སྡེ་ཚན་དང་། ཙའི་སྡེ་ཚན་དང་། ཊའི་སྡེ་ཚན་དང་། ཏའི་སྡེ་ཚན་དང་། པའི་སྡེ་ཚན་དང་། ཡའི་སྡེ་ཚན་དང་དྲུག །ཤའི་སྡེ་ཚན་དང་བདུན་དུ་ཕྱེ་བས་ཤེས་པའོ། །ལྔ་པ་ཞེས་པ་མའོ། །དྲུག་པའི་གཉིས་པ་ཞེས་པ་ནི་རའོ། །དབྱངས་ཡིག་གཉིས་པ་ཞེས་པ་ནི་ཨཱ་རིང་པོ་སྟེ་ར་དང་སྦྱར་བས་རཱ་རིང་པོར་འབོད་པའོ། །གཉིས་པའི་གསུམ་པ་ཞེས་པ་ཛ། དབྱངས་ཡིག་ གཉིས་པ་ཞེས་པ་ནི་ཨཱ་རིང་པོ་ཛ་དང་སྦྱར་བས་ཛཱ་རིང་པོའོ། །བདུན་པ་ཞེས་པ་ཤའི་སྡེ་ཚན། གསུམ་པ་ཞེས་པ་ནི་ས། བཞི་པ་ཞེས་པ་ནི་ཏའི་སྡེ་ཚན། གསུམ་པ་ཞེས་པ་ནི་ད། དབྱངས་ཡིག་བཅུ་གསུམ་ཞེས་པ་ནི་ཨོ་ཐུང་ངུ་དང་སྦྱར་བས་དོ་ཐུང་ངུར་འགྱུར་བའོ། །གཞན་རྣམས་ཀྱང་ དེ་ལྟར་ཤེས་པར་འགྱུར་བས་གཞུང་མངས་པས་འཇིགས་པས་མ་བྲིས་པའོ། །འབུམ་དང་སུམ་འབུམ་དང་བདུན་འབུམ་ཞེས་པ་ནི་བསྙེན་པ་དང་སྒྲུབ་པ་དང་ལས་སྦྱོར་གྱི་སྒྲུབ་པ་ཟླ་གཉིས་དང་དྲུག་གིས་འགྲུབ་པར་འགྱུར་ཞིང་། ཕྱིས་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ཞག་རེ་དང་ཉིན་རེས་ བྱའོ། །དེ་ཡང་ཡ་ཡིག་ཞེ་སྡང་ཉིད་དུ་འགྱུར། །ཀྵེ་ཡི་ཡི་གེ་གཏི་མུག་བརྗོད། །མ་ཡིག་ཕྲ་མ་ཉིད་དུ་འགྱུར། །མེ་ནི་འདོད་ཆགས་གཤིན་རྗེ་འཇོམས། །ད་ཡིག་ཕྲག་དོག་ལས་ཀུན་བྱེད། །ཡ་ཙ་ཐོ་བ་དབྱུག་པ་དང་། །ནི་ར་པདྨ་རལ་གྲི་གཤེད། །ཛ་ཡིག་ལྷ་མོ་ཙཱརྩི་ཀཱ། །ཕག་མོ་ཡུམ་ གྱི་ས་ཉིད་དོ། །དེ་ལས་དབྱངས་ཅན་ཡུམ་དུ་གྲུབ། །རུ་ནི་གཽ་རཱིའི་རང་བཞིན་ནོ། །ཎ་ཡོ་ནི་ར་ཐོད་པ་བཞི། །ཡི་གེ་བཅུ་བདུན་ལྷ་བཅུ་བདུན། །ལས་ཀུན་དེ་ཡིས་བྱེད་པར་འགྱུར། །ཞེས་པས་དབང་བསྐུར་བའི་དཀྱིལ་འཁོར་དང་། བསྙེན་སྒྲུབ་ལ་ལྷ་བཅུ་གསུམ་སྒྲུབ་ཅིང་བསྐུལ་བའོ། །དེ་ཉིད་ ནས་ཨོཾ་ནི་བརྒྱ་བྱིན། ཧྲཱིཿགཤིན་རྗེ། ཥྚྲྀཿལ་སོགས་ཕྱོགས་སྐྱོང་ཡིན། །རྣལ་འབྱོར་པ་ཡིས་ལས་བཅོལ་ལོ། །ཡ་མཱནྟ་ཀས་རང་རིག་བྱེད། །ཅེས་པས་ལྷ་ལ་བསྐུལ་ཞིང་། ཆོས་སྐྱོང་བསྐུལ་བའི་བྱ་བས་ཆོས་བཤད། ནོར་བྱིན་བསྡིགས་པ་དངོས་དང་བསམ་གཏན་གྱིས་གདུག་པ་ཅན་ ལ་བྱ་བ་མན་ངག་གོ། །དེ་ཡང་རྣལ་འབྱོར་པ་ལྷ་བཅུ་གསུམ་དང་། སངས་རྒྱས་ཀྱི་འཁོར་ལོ་བཅུ་གསུམ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལྷ་བཅུ་གསུམ་དང་། འཁྲུལ་འཁོར་ལྷ་བཅུ་གསུམ་གྱིས་དགུག་པ་སོགས་དང་། བསང་སྦྱང་བྱ་བའོ། །ལས་ཐམས་ཅད་ཅེས་པ་ནི་དེ་ལྟར་ཤེས་པས་ བསྙེན་སྒྲུབ་སོང་བས་མཆོག་དང་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའོ། །རྟོག་པ་གསུམ་པའི་བཤད་པའོ། །སྔགས་ཀྱིས་འགྲུབ་པ་ལ་ལྷ་ལ་དམིགས་པ་མེད་ན་མི་འགྲུབ་པས་མངོན་པར་རྟོགས་པའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྒྲུབ་པའི་ཐབས་གསུངས་པ་ཉིད་དོ། ། དེ་ནས་ཞེས་པ་ནི་སྔགས་བཏུས་པ་སོང་བ་དང་ལྷ་བསྒོམ་དགོས་པ་འབྲེལ་ཏོ། །ཡང་དག་རབ་བཤད་བྱ་ཞེས་བྱ་བ་ནི་ཐབས་སོ། །རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཐབས་ཡང་དག་པར་འཆད་པའོ། །རྡོ་རྗེ་འཇིགས་བྱེད་ཅེས་པ་ནི་བསྒྲུབ་པར་བྱ་བ་ཡིན་ལ། ཐབས་ཡང་དག་པར་བཤད་པ་ནི་སྒྲུབ་ བྱེད་ཡིན་ནོ། །དེ་ཡང་སྒྲུབ་ཐབས་ཡང་དག་པར་འཆད་པ་སྟེ། བླ་མའི་མན་ངག་གིས་རྣལ་འབྱོར་པས་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་ལྷ་ལ་དམིགས་པ་གསལ་བས་སྔགས་འགྲུབ་པོ། །མན་ངག་ནི་སྔར་གྱི་གནས་བསྟན་པར་རྫས་དང་གྲོགས་དང་བཅས་པས་དཀྱིལ་འཁོར་བྲི་བ་ དང་སྐུ་གཟུག་དགྲམ་པ་དང་མཆོད་གཏོར་དབུལ་བ་ལ་སོགས་པ་བྱའོ། །དང་པོ་ཁོ་ནར་ཞེས་པ་ནི་དེའི་ཚེ་དང་པོ་སྟེ་གནས་དེར་སྟན་བདེ་བ་ལ་འདུག་སྟེ། བདུད་རྩི་ལྔ་ཡིས་ཁ་དག་པར་བྱས་ལ། གཅེར་བུ་སྐྲ་གྲོལ་བ་ལྷོར་མངོན་པར་ཕྱོགས་པར་བྱ་སྟེ། སྙིང་གའི་མ་དང་ས་བོན་གྱིས་དྲ་ གུར་གྱི་བསྲུང་བས། གནས་དང་སྙིང་རྗེ་ཆེན་པོ་དང་ལྷ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྲུང་བས་རྣལ་འབྱོར་པ་ཡང་བསྲུང་བར་འགྱུར་རོ། །སྙིང་གའི་ས་བོན་གྱི་འོད་ཟེར་ལྔ་དང་ལྡན་པའི་འོད་དེ་ཉིད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་སངས་རྒྱས་ཐམས་ཅད་ རིགས་ལྔ་བསྐུལ། འགྲོ་བའི་རྒྱུད་ལྔ་སྦྱངས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་བླ་མ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་དམིགས་ལ། རང་གི་སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་སྤྲོས་ལ་རྡོ་རྗེ་ཙཱརྩི་ཀཱ་ལ་སོགས་ཀྱིས་ཕྱི་དང་ནང་དང་དེ་ཁོ་ན་ ཉིད་ཀྱི་མཆོད་པས་ཡང་དག་པར་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱས་ལ་ཚངས་པའི་གནས་བཞི་བསྒོམས་ཏེ། སེམས་ཅན་ཐམས་ཅད་ལ་བརྩེ་བས་ཁྱབ་པ་མི་གཏོང་བ་བྱམས་པའི་མཚན་ཉིད། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེའི་མཚན་ཉིད་ དེ། འཁོར་བ