Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 47

Văn bản gốc(Tây Tạng)

Trang 8 / 16 (50.000 ký tự/trang)
རླབས་དེ་ཉམས་འགྱུར། །དེ་ཕྱིར་སློབ་མ་བློ་གྲོས་དམན་པ་གུས་པར་གནས་ལ་བདག་གིས་ཡིད་དགའ་བས། །རྟོག་པ་འདི་ལས་ཅུང་ཟད་སྙིང་པོ་སྦྱིན་ཕྱིར་རབ་ཏུ་བསྡུས་པའི་གཞུང་འདི་དགོད། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ལེའུ་བདུན་དུ་བྱས་པའི་
རྟོག་པ་འདི་ནི། ལེའུའི་གྲངས་ཀྱི་གོ་རིམས་དང་། །བསྡུས་པའི་དོན་དང་། མན་ངག་གི་གནས་བཤད་པ་སྟེ། ཡན་ལག་གསུམ་གྱིས་འཆད་དོ། །དེ་ཡང་འདི་ལྟར་བསྙེན་པ་དང་། སྒྲུབ་པ་དང་། ལས་རབ་འབྱམ་དག་ནི་དབང་བསྐུར་བའི་སྔགས་པས་བྱ་བ་ཡིན་ལ། ལས་དང་པོ་
པའི་སྔགས་པས་ནི་ཕལ་ཆེར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་རིགས་པས། དང་པོ་ཚིག་ཟུར་གྱིས་དབང་བསྟན་པ་དཀྱིལ་འཁོར་གྱི་ལེའུ་གསུངས་སོ། །དབང་བསྐུར་བའི་སྔགས་པས་ནི་བསྒོམས་པའམ་བཟླས་པས་བསྙེན་པ་བྱེད་པས་ན་དེ་ནས་ནི་ལེའུ་བཞི་པ་གསུངས་པ་དྲང་ངོ་། །

བསྒོམ་པ་ཡང་རི་མོའི་དམིགས་པ་ལ་བརྟེན་པར་རིགས་པས་ན་དེ་ནས་ལེའུ་ལྔ་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ནས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞིང་། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་
གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་རྣམས་ཀྱི་ཏིང་ངེ་འཛིན་གསང་ཆེན་བཤད་པར་བྱ་ཡིས་ཉོན་ཅིག་ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་རི་མོ་ལ་བརྟེན་ནས་དམིགས་པ་ཐོབ་པ་དེ་ནི་ཏིང་ངེ་འཛིན་གྱི་ལས་རྣམས་བྱེད་ནུས་པར་འགྱུར་བས། །བསམ་གཏན་ལ་བརྟེན་པའི་
ལས་ཀྱི་སྦྱོར་བའི་ལེའུ་བདུན་པ་གསུངས་སོ། །གལ་ཏེ་བཟླས་བརྗོད་ཀྱི་བསྙེན་པ་བྱས་ཀྱང་། ཏིང་ངེ་འཛིན་མ་ཐོབ་པ་སྲིད་པས་དེ་དག་གི་ཆེད་དུ་ནི་བཟླས་བརྗོད་ལས་བྱུང་བའི་སྦྱིན་སྲེག་གི་བྱ་བ་བསྟན་ཏོ། །གལ་ཏེ་སྦྱིན་སྲེག་གི་ལས་ལ་ཡིད་མི་དགའ་བའམ། །ཚོགས་པ་མི་རྙེད་པ་དག་གི་ཕྱིར་
ལེའུ་གཉིས་པ་འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ། །གལ་ཏེ་བསྙེན་པ་བྱས་པའི་སྔགས་པས་ལས་ཕྲན་ཚེགས་དེ་དག་ལ་མི་མོས་ཀྱི། མཆོག་གྲུབ་པར་འདོད་པ་དེ་དག་ལ་ནི་ཡང་ལེའུ་དང་པོའི་མཆོག་བསྒྲུབ་པ་བསྟན་ཏོ། །དེ་ལྟར་བསྙེན་པ་དང་། སྒྲུབ་པ་དང་། ལས་རབ་འབྱམ་ཐམས་
ཅད་དུ་དགོས་པ་ནི་སྔགས་ཡིན་ལ། སྔགས་དེ་ཡང་། མ་དག་པས་ནི་དངོས་གྲུབ་མི་བྱེད་དེ། །ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་ཉམས། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི། །གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །ཞེས་
གསུངས་ཏེ། །དེ་བས་ན་སྔགས་དག་པར་བྱེད་པའི་ཡི་གེ་བཏུ་བའི་ལེའུ་གསུམ་པ་གསུངས་ཏེ། འདི་ནི་ལེའུ་གྲངས་བདུན་གྱི་གོ་རིམས་དང་མཚམས་སྦྱར་བ་མན་ངག་གིས་གསུངས་པའོ། །གཞན་ཡང་སྒྲུབ་པ་པོ་མཆོག་གི་ཕྱིར་ནི་དངོས་གྲུབ་དམ་པ་སྒྲུབ་པའི་ལེའུ་དང་པོ་གསུངས་སོ། །དེས་

དངོས་གྲུབ་མཆོག་གྲུབ་ན་ལས་ཕྲ་མོ་ལ་འཇུག་སྟེ། འདི་ཉིད་ལས་གལ་ཏེ་སྔགས་པས་གྲུབ་པར་མ་གྱུར་ན་ཡང་ལས་ཕྲ་མོ་ཐམས་ཅད་ངེས་པར་འགྲུབ་པོ་ཞེས་གསུངས་ཏེ། དེའི་ཕྱིར་ལེའུ་གཉིས་པ་གསུངས་སོ། །ལེའུ་གཉིས་པའི་ལས་དག་ཀྱང་གསང་སྔགས་དག་པ་ལ་བརྟེན་པ་ཡིན་པ་བས་
ན་གསང་སྔགས་དག་པའི་ལེའུ་གསུམ་པ་གསུངས་སོ། །དག་པའི་སྔགས་དེ་ཡང་བསྒོམ་པ་དང་ལྡན་པས་བཟླས་པར་བྱ་བ་ཡིན་པས་ན་ལེའུ་བཞི་པ་བསྒོམ་པ་གསུངས་སོ། །བསྒོམ་པ་ཡང་བྲིས་སྐུ་ལ་དམིགས་པར་རིགས་པས་ན། ལེའུ་ལྔ་པ་བྲིས་སྐུའི་ཆོ་ག་གསུངས་སོ། །བྲིས་སྐུ་
ལས་དམིགས་པ་ཐོབ་པ་དེ་ནི་ཕྱི་དང་ནང་གི་ལས་རབ་འབྱམ་ལ་དབང་དུ་གྱུར་པས་ན། སྦྱིན་སྲེག་དང་བསམ་གཏན་གྱི་ལས་ཀྱི་ལེའུ་ལྔ་པ་གསུངས་སོ། །དེ་བཞིན་དུ་གོ་རིམས་ངེས་པ་དང་མཚམས་སྦྱར་བ་ནི། །རྣམ་པ་དུ་མར་ཡང་རང་གི་བློ་གྲོས་དྲི་མ་མེད་པས་ཤེས་པར་བྱ་ཡང་རུང་ཞེས་
གསུངས་སོ། །ཡན་ལག་དང་པོ་མངོན་པར་བརྗོད་པའོ། །གཉིས་པ་ནི་དེ་ལྟར་ལེའུ་བདུན་པོ་དེ་དག་ལས་ལེའུ་གྲངས་དང་པོས་ནི། སྡུད་པ་པོ་གཞུང་ཡང་དག་པར་བསྡུ་བའི་དམིགས་པ་གང་ཡིན་པ་ཆེ་བའི་བདག་ཉིད་དང་བཅས་པར་བསྟན་པ་དང་། གནས་ཀྱི་ཚུལ་དང་། སྔགས་པའི་ཁྱད་
པར་དང་། ལས་རབ་འབྱམ་དང་། སློབ་དཔོན་གྱི་ཚུལ་དང་། དཀྱིལ་འཁོར་གྱི་བདག་ཉིད་ཆེ་བ་དང་། མཆོད་པ་དང་། ཉེ་བར་སྤྱད་པའི་ཡོ་བྱད་དང་། སྒྲུབ་པ་པོ་བསྒྲུབ་ཅིང་མཆོད་པ་དང་། བསྒྲུབ་པའི་ཚུལ་དང་། དངོས་གྲུབ་བླང་བ་དང་། དངོས་གྲུབ་ཆེན་པོ་མ་གྲུབ་ན་ཡང་ཕྲ་མོ་
འགྲུབ་པར་འགྱུར་བ་རྣམས་བསྟན་པའོ། །ལེའུ་གཉིས་པ་ལས་ནི་ལེའུའི་མཚམས་སྦྱར་བ་དང་། གསད་པའི་ལས་རྣམ་པ་དྲུག་དང་། བསྐྲད་པའི་ལས་རྣམ་པ་ལྔ་དང་། དབྱེ་བའི་ལས་རྣམ་པ་བཞི་དང་། རིམས་ཀྱིས་གཟུང་བ་དང་། རེངས་པར་བྱ་བ་དང་། མནན་པ་དང་། དབང་
དུ་བྱ་བ་དང་། དགུག་པ་དང་། སྨྱོ་བར་བྱ་བ་དང་། བུ་མོ་དབང་དུ་བྱ་བ་དང་། ཞི་བའི་བྱ་བ་མདོར་བསྟན་པ་དང་། འཁྲུལ་འཁོར་སྦ་བའི་གནས་དང་། སྦྱོར་བ་དགྲོལ་བ་དང་། ལས་དེ་དག་གི་བྱ་བ་གསལ་བར་བྱེད་པ་རྣམས་བསྟན་པ་ཡིན་ནོ། །ལེའུ་གསུམ་པ་ལས་ནི། རྩ་བའི་

སྔགས་བཏུ་བ་དང་། ལས་ཀྱི་སྔགས་བཏུ་བ་དང་། སྙིང་པོའི་སྔགས་བཏུ་བ་དང་། དེ་དག་གི་བཟླས་པའི་ཚད་དང་། ཡི་གེ་བཏུ་བའི་དམ་ཚིག་རྣམས་བཏུ་བ་རྣམས་བསྟན་ཏོ། །ལེའུ་བཞི་པ་ལས་ནི། ལེའུ་མཚམས་སྦྱར་བ་དང་། བཅས་ཏེ་མངོན་དུ་བྱ་བ་རྣམས་བསྟན་པ་དང་།
གདན་བསམ་པ་དང་། རྒྱུའི་ལྷ་བསྐྱེད་པ་དང་། འབྲས་བུའི་ལྷ་བསྐྱེད་པ་དང་། འབྲས་བུའི་ལྷ་དེའི་གཟུགས་ལ་སོགས་པའི་མཚན་ཉིད་དང་། བསྙེན་པའི་གནས་དང་། བཟླས་པའི་ཆོ་ག་དང་། བཟླས་པ་ལ་སོགས་པའི་མཐུ་དང་། གནས་དང་། ཁ་ཟས་དང་། ལས་གྲུབ་པའི་རྒྱུ་
རྣམས་བསྟན་ཏོ། །ལེའུ་ལྔ་པ་ལས་ནི། ལེའུ་མཚམས་སྦྱར་བ་དང་། བྲིས་སྐུའི་རས་དང་། འདྲི་མཁན་དང་། ཡོན་དབུལ་བ་དང་། གནས་དང་། མི་གཡེང་བར་བྱ་ཞིང་གསང་བ་དང་། རི་མོ་ཇི་ལྟ་བར་བྲི་བ་དང་། བྲིས་སྐུ་དབེན་པར་མཆོད་པ་དང་། སྐུ་ཡི་སྤྱན་སྔར་བསྙེན་པ་བྱ་བ་
དང་། ཕྲེང་བའི་མཚན་ཉིད་དང་། ཐུན་མཚམས་ངེས་པ་དང་། བྲིས་སྐུ་སྦ་བ་དང་། ཁ་ཟས་ཀྱི་ཚུལ་དང་། བདུག་སྤོས་དང་། ཆོ་ག་དེ་དག་གིས་མཆོག་འགྲུབ་པར་འགྱུར་བ་རྣམས་བསྟན་ཏོ། །ལེའུ་དྲུག་པ་ལས་ནི། ལེའུའི་མཚམས་སྦྱར་བ་དང་། སྤྱིར་སྦྱར་བའི་ཆོ་ག་དང་། གསད་
པའི་ལས་གཉིས་དང་། དབྱེ་བ་དག་དང་། བསྐྲད་པའི་ལས་བཞི་དང་། མནན་པ་དང་། ལས་ཀྱི་དམ་ཚིག་དང་། བུ་མོ་དབང་དུ་བྱ་བ་དང་། ཞི་བར་བྱ་བ་དང་། རྒྱས་པར་བྱ་བ་དང་། དགུག་པར་བྱ་བ་དང་། སྨྱོ་བར་བྱ་བ་དང་། ནོར་ལ་དབང་བསྒྱུར་བ་དང་། ཡུལ་དབང་དུ་བྱ་བ་དང་།
འབྱོར་པ་བསྐྱེད་པ་དང་། རྒྱལ་པོ་དབང་དུ་བྱ་བ་དང་། འཇིག་རྟེན་དབང་དུ་བྱ་བ་དང་། བུད་མེད་དབང་དུ་བྱ་བ་དང་། དབང་དུ་བྱ་བའི་མཆོག་དང་། དགུག་པའི་མཆོག་དང་། ལས་རབ་འབྱམ་གྱི་དམ་ཚིག་རྣམས་བསྟན་ཏོ། །ལེའུ་བདུན་པ་ལས་ནི། ལེའུའི་མཚམས་སྦྱར་བ་དང་།
གསད་པའི་ལས་དག་དང་། དབྱེ་བ་དང་། བསྐྲད་པའི་ལས་དག་དང་། དགུག་པ་དང་། དུག་བསལ་བ་དང་། བུད་མེད་དབང་དུ་བྱ་བ་དང་། སྐྱེས་བུ་ཆེན་པོ་དབང་དུ་བྱ་བ་དང་། དམ་ཚིག་རྣམས་བསྟན་ཏོ། །ཡན་ལག་གཉིས་པ་མངོན་པར་བརྗོད་པའོ། །ད་ནི་ཡན་ལག་གསུམ་པ་ལ་

འཇུག་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའམ། དེ་མ་ཐག་པའམ། དབང་དུ་བྱ་བའོ། །སྒྲུབ་པ་སྟེ་ཞེས་བྱ་བ་ནི་ལེའུ་དང་པོ་ནི་སྒྲུབ་པ་འབའ་ཞིག་སྟོན་པ་ཡིན་ལ་རྟོག་པ་རིལ་ཡང་སྒྲུབ་པ་གཙོར་གྱུར་པ་སྟེ། ལས་རབ་འབྱམ་ཡང་སྒྲུབ་པས་བསྡུས་པའོ། །ཐམས་ཅད་ཀྱི་
ཞེས་བྱ་བ་ནི་དེ་དག་གི་ནང་ནའོ། །རབ་ཏུ་འཁྲུགས་པ་ཞེས་བྱ་བ་ནི་ལྷག་པའི་བདག་ཉིད་དོ། །འཇིགས་བྱེད་ཅེས་བྱ་བ་ནི་ཕྱི་རོལ་ལོ། །ཡང་ན་རབ་ཏུ་འཁྲུགས་པས་འཇིགས་བྱེད་པའོ། །གང་ཡང་རུང་བའི་གནས་ཞེས་བྱ་བ་ནི་འཆད་པར་བྱེད་པ་རྣམས་ལའོ། །གནས་རྣམས་ཞེས་
བྱ་བ་ནི་བསྒྲུབ་པའི་གནས་ངེས་པའོ། །འཐབ་མོའི་གནས་ཞེས་བྱ་བ་ནི་རྒྱལ་པོའི་གཡུལ་འགྱེད་པའི་སའོ། །དབང་བསྐུར་ཐོབ་པ་ཞེས་བྱ་བ་ནི་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཅེས་བྱ་བ་རྒྱུད་འདི་ཉིད་དང་རྗེས་སུ་མཐུན་པའི་རྒྱུད་དེ་ལས་འདིར་དབང་བསྐུར་བའི་ཚུལ་དང་། གཏོར་མ་དང་། འཁྲུལ་
འཁོར་གྱི་བྱ་བ་དང་། བསྟོད་པ་ལ་སོགས་པ་དྲང་བར་བྱ་སྟེ། དེ་བས་ན་དེ་ལྟར་དབང་བསྐུར་བའི་རྣལ་འབྱོར་པ་དེས་དབང་དུ་བྱ་བ་ལ་སོགས་པ་བསྒྲུབ་སྟེ། ཁ་ཅིག་ནི་རྒྱུད་འདི་ཉིད་ལས་གསུངས་ལ། རལ་གྲི་ལ་སོགས་པ་ཁ་ཅིག་ནི་རྒྱུད་གཞན་གྱི་ལུགས་སུ་བསྒྲུབ་པོ། །དེ་ལྟར་ཡང་།
གང་ཉིད་དུ་ནི་རང་ཉིད་ཀྱི། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་རྒྱུད་ལས་གྲགས་པའི། །ཆོ་ག་མཁས་པས་ཤེས་པར་བྱ། །ཞེས་གསུངས་སོ། །རོ་བསྲེགས་པའི་ཐལ་བས་ཞེས་བྱ་བ་ནི། འདིར་དྲག་ཤུལ་སྤྱད་པ་གཙོ་བོར་གྱུར་པས་ལྷའི་ཆོན་གྱི་གོར་ཐལ་ཕྱེ་བཤད་པ་ཡིན་ལ། དེ་
ཉིད་ཀྱིས་རི་མོ་ཡང་གཅིག་ཁོ་ན་ལྔའི་གོར་སྦྱར་རོ། །ཐལ་ཕྱེར་གང་དག་བཤད་པ་ནི། །དེ་དག་ཐམས་ཅད་རི་མོ་གཅིག །ཅེས་གསུངས་པས་སོ། །ཟླུམ་པོ་ཞེས་བྱ་བ་ནི་ནང་གི་རྡོ་རྗེ་ཕྲེང་བས་བསྐོར་བའོ། །སྒོ་རྣམས་གཞན་ནི་གཅད་པར་བྱ། །ཞེས་བྱ་བ་ནི་ལྷོ་ཕྱོགས་ལས་གཞན་པ་
གསུམ་གཅད་པ་སྟེ། ཇི་སྐད་དུ། ཆབ་སྒོ་ཆེན་པོ་སྟེགས་བུར་བཅས། །ཅུང་ཟད་གཅིག་ནི་ལྷག་པར་བྱ། །ཆབ་སྒོ་གཞན་རྣམས་བཅད་པ་ནི། །ཕྱེ་མ་དཀར་པོ་དག་གིས་སུ། །སྒོ་ཡི་དབུས་ཀྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །ཞེས་གསུངས་པའོ། །རོ་བྲིའོ་ཞེས་བྱ་བ་

ནི་གདན་ཏེ། །ཇི་སྐད་དུ་གསུངས་པ། དཀྱིལ་འཁོར་དག་གི་ཆོ་ག་ནི། །རྣམ་པ་གསུམ་པོ་མ་ལུས་པར། །ལྷ་རྣམས་ཐམས་ཅད་དགོད་པ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །དང་པོར་གཟུགས་སུ་བྲི་བར་བྱ། །གཉིས་པ་ཕྱག་རྒྱའི་གཟུགས་སུ་བྲི། །གསུམ་པ་གནས་
དང་སྟན་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་བསྒྲགས། །ཞེས་སོ། །འོན་ཀྱང་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་ནི། ཕྱག་མཚན་ཇི་སྙེད་པ་དགོད་པར་བྱ་བ་ཡང་ཡིན་པས་ན། ཤར་དུ་ནི་མགོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་མས་མེ་ཏོག་བོར་ན་ནི་སྙིང་པོའི་གནས་དགུ་པོ་གང་དུ་
ལྷུང་ཡང་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། སྙིང་པོར་མེ་ཏོག་བབ་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །ཅེས་གསུངས་པའོ། །བྱང་གི་སྣམ་བུའི་མཚན་མ་ལ་བབ་ན། ཞི་བའི་ལས་འགྲུབ་པོ། །ལྷོར་ནི་ཚར་བཅད་པ་རྣམས་སོ། །ནུབ་ཏུ་ནི་དབང་དུ་བྱ་བ་དང་དགུག་པའོ། །ཤར་དུ་ནི་
རྒྱས་པའོ། །རི་མོའི་ཕྱི་རོལ་ལམ་མཚན་མ་གཉིས་ཀྱི་བར་ལན་གསུམ་བབ་ན་དབང་མི་བསྐུར་རོ། །སྒྲུབ་པ་པོས་ནི། རོའི་སྟེང་དུ་བདག་པོའི་ལུགས་མའམ་བྲིས་སྐུའམ། བརྐོས་པའི་སྐུ་བཞུགས་པ། མེ་ཏོག་དོར་བ་བྱས་ལ་བདག་ཉིད་དབང་བསྐུར་ཏེ། དབུས་ཀྱི་ལྷ་གསལ་བའི་གནས་སུ་
འདུག་པ་ལས་རྫས་འགྲུབ་པའམ། རྒྱུད་ལས་ཇི་སྐད་གསུངས་པ་ལྟར་མཆོག་སྩོལ་བར་བྱའོ། །ཕྱོགས་ཐམས་ཅད་དུ་ཡང་། སོགས་པའི་སྒྲས་བསྡུས་པ་གླང་པོ་ཆེའི་པགས་པ་རེ་རེའམ། ཡང་ན་རྐང་ལག་གི་ཆའི་པགས་པ་བྲིའོ། །གཞན་དག་ནི་སོགས་པ་ཞེས་བྱ་བའི་སྒྲས་
མཚོན་ཆ་གང་ཡང་རུང་བ་བྲི་བར་འཆད་དོ། །ཐབས་དང་ཤེས་རབ་ཕུལ་དུ་བྱུང་བ་དབྱེར་མེད་པའི་ཚུལ་དུ་འགྱུར་བ་ནི། ཕྱག་གཉིས་གླང་པོ་ཆེའི་པགས་པ་དང་བཅས་པ་ཡིན་ལ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་སུམ་ཅུ་གཉིས་ཉིད་ནི། ཕྱག་གི་མཚོན་ཆ་དང་བཅས་པ་ལྷག་མས་སྟོན་
པས་ན། མཚོན་ཆ་གཞན་གང་ཡང་རུང་། བྲི་བ་ནི་མི་འཐད་པ་ཉིད་དོ། །རོ་ལངས་ཆེན་པོ་བརྒྱད་ཅེས་བྱ་བ་ནི་གཅེར་བུ་སྐྲ་གྲོལ་བ་སོ་རྣོ་བ་ནག་པོ་སྲིན་པོ་ལྟ་བུ་གྲི་གུག་དང་། ཐོད་པ་ཐོགས་པ་རྣམས་སོ། །འདི་དག་ནི་སྒྲུབ་པ་པོའི་གྲོགས་སུ་གྱུར་པ་འདོད་པའི་ལས་འགྲུབ་པའོ། །བཟའ་སྟོན་

ནི་དཀྱིལ་འཁོར་དུ་འཇུག་པ་ན་ཚོགས་ཀྱི་འཁོར་ལོ་བྱ་བའོ། །སྦྱིན་སྲེག་ནི་འཇུག་པ་ནའོ། །གཏོར་མའི་ལས་ནི་ཞེས་བྱ་བ་སྒྲུབ་པ་པོས་སྲོད་ལ་སྦྱིན་ཏེ། སློབ་མ་དབང་བསྐུར་བ་ལ་ནི་དཀྱིལ་འཁོར་བསྒྲུབ་པར་བྱས་ལའོ། །ཡང་ན་གཉིས་ཀར་ནམ་ཕྱེད་ནའོ། །དབུས་སུ་བསྒྲུབ་བྱ་དམིགས་ལ་
ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འཁུ་བ་གང་སུ་ཡང་རུང་བ་ཞིག་གདན་དུ་དམིགས་པར་བྱའོ། །གཞན་ཡང་དབུས་སུ་བསྒྲུབ་བྱའི་གཟུགས་སུ་འཁྲུལ་འཁོར་དང་པུ་ཏ་ལིངྒ་དང་བཅས་པའི་ཡ་མ་པུ་ཏྲ་ཤ་བཞག་ལའོ། །འདིར་ཞི་བ་དང་། རྒྱས་པ་ལ་ནི་མདུན་དུའོ། །གཞན་དག་ནི་སྔར་
གསུངས་པའི་སྡོམ་གྱི་ལས་མ་ལུས་པ་ལ་འདི་ལྟར་བསྒྲུབ་པར་བྱ་བ་མིན་པས་ན། གསད་པར་བྱ་བ་གདན་དུ་བརྟགས་ཏེ་བཟླས་པ་བྱ་བར་འདོད་དེ། དངོས་གྲུབ་མཆོག་སྒྲུབ་པ་དག་མ་ཡིན་པ་ལ་དཀྱིལ་འཁོར་བྲི་བ་ནི་གང་དུ་ཡང་མི་འགྱུར་བས་ན་དེ་ནི་མི་རིགས་ཏེ། སྔར་བསྟན་པ་ལྟར་ཏིང་ངེ་
འཛིན་གྱིས་ནི་རུང་ངོ་། །ཡི་གེ་བཅུ་པའི་གསང་སྔགས་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ལ་དེ་ཉེ་བར་གནས་པ་སྟེ། རྩ་བའི་སྔགས་ནི་འཁྲུལ་འཁོར་གྱི་བྱ་བ་ཙམ་ལ་གནས་ལ། སྙིང་པོའི་སྔགས་ཀྱང་ལྷ་ཉེ་བར་གྱུར་པ་ཙམ་ལ་གཙོ་བོར་འགྱུར་བས་སོ། །རིག་སྔགས་འཆང་གིས་གསོལ་བ་བཏབ་པ་
ཞེས་བྱ་བ་ནི་ཁྲག་ཆེན་པོའི་ཡོན་ཆབ་ཕུལ་ནས་གུས་པར་བྱས་ཏེའོ། །གཞན་ཡང་ཡིད་ལ་གང་འདོད་པ། །ཞེས་བྱ་བ་ནི་རང་གི་སྦྱངས་པ་དང་མཐུན་པ་ཙམ་ལས་གང་འདོད་པ་སྟེ། བསྟོད་དང་བཅས་ནས་མཆོད་ཡོན་རྒྱུན་སྦྲེངས་ནས། །རྩེ་གཅིག་སེམས་ཀྱིས་གདོང་བཏུད་ཕྱག་བྱས་ཏེ། །
དད་དང་འབད་པའི་རྗེས་མཐུན་དམ་པ་བླང་། །དམ་པ་ཐོབ་ན་དགའ་བས་ཕྱག་བྱས་ཏེ། དད་པས་བསྟོད་ནས་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ལས་ཕྲ་མོ་བྱ་བ་ནི་འཁྲུལ་འཁོར་དང་། སྦྱིན་
སྲེག་དང་། བསམ་གཏན་གྱིས་བསྒྲུབ་པར་བྱ་བ་འཆད་པར་འགྱུར་བ་རྣམས་སོ། །དཔལ་འཇམ་པའི་མཆོག་ཅེས་བྱ་བ་ནི་རྒྱུད་ཆེན་པོའི་མཚན་དུ་བསྒྲག་གོ། །དཔལ་འཇམ་པའི་མཆོག་གིས་བཤད་པའམ། དེའི་ཁྲོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་བཤད་དོ། །འཁོར་

ལོའི་རྣལ་འབྱོར་ཞེས་བྱ་བ་ནི་བསྒྲུབ་པའི་དཀྱིལ་འཁོར་གྱི་སྦྱོར་བ་བསྟན་པའོ། །སྦྱོར་བའི་རྒྱུད་ཅེས་བྱ་བ་ནི་རྒྱུད་འདིར་ཕྱི་རོལ་གྱི་སྦྱོར་བ་རབ་ཏུ་མང་བས་ནའོ། །དེ་ལྟར་ན་འདི་བྱ་བའི་རྒྱུད་ཅེས་བརྗོད་དོ་ཞེ་ན། བསམ་གཏན་འབའ་ཞིག་གི་བྱ་བ་སྟོན་པའི་ལེའུ་བདུན་པ་འབྱུང་བ་
དང་། །ཕྱི་རོལ་གྱི་སྦྱོར་བའི་བྱ་བ་ཐམས་ཅད་ལ་ཡང་ཤིན་ཏུ་མཉམ་པར་གཞག་པས་བྱའོ་ཞེས་ནང་གི་རྣལ་འབྱོར་རབ་ཏུ་ཡང་གཅེས་པར་སྟོན་པས་ན། བྱ་བའི་རྒྱུད་ནི་མིན་ཏེ། འོན་ཀྱང་ཕྱི་རོལ་གྱི་སྦྱོར་བ་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་དོ། །གཞན་དག་ནི་འདིར་ཡོ་ག་ཞེས་བྱ་བ་ཡུ་ཛིར་
མི་འདྲེན་ཏེ། ཡོ་ནི་ཤ་ཉིད་དུ་འདྲེན་ན། དེ་ནི་མ་ཡིན་ཏེ། འདིར་ཡུ་ཛིར་ཉིད་ཤས་ཆེ་བའི་ཡོ་ནི་ཤ་ནི་ལེའུ་བདུན་པ་ཙམ་ལས་མེད་ཅིང་། ལྷའི་སྐུ་བསྒྲུབ་པ་ལ་ནི་བྱ་བའི་རྒྱུད་ལས་ཡང་ཡོ་ནི་ཤ་ཡོད་པའི་ཕྱིར་རོ། །ལེའུ་དང་པོའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་དང་པོའི་བསྟན་མ་
ཐག་ཏུའོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་ཕྲ་མོ་རྣམས་ཏེ། དེ་དག་ནི་དངོས་གྲུབ་ཏུ་བཞག་པ་ཕལ་བ་རྣམས་ཀྱི་ཡིན་ལ། གྲུབ་པ་རྣམས་ཀྱི་ནི་ཕྲིན་ལས་བཞག་པ་ཡིན་པའོ། །སྔོན་དུ་ཇི་ལྟར་བརྗོད་པ་བཞིན། །ཞེས་བྱ་བ་ནི་སྔོན་དུ་དབང་དང་དགུག་དང་ཞེས་བྱ་བ་ལ་སོགས་པས་སོ། །
གནོད་མཛེས་ཀྱི་གསང་སྔགས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཞི་པའི་སྔགས་སོ། །བཟླས་ཏེ་ཞེས་བྱ་བ་ནི་འཁྲུལ་འཁོར་འདྲི་བ་ན་བསྲུང་བའི་ཕྱིར་ལན་བདུན་ལ་སོགས་པར་རོ། །གཞན་དག་ནི། ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི། ཞེས་བྱ་བས་བསྲུང་བར་འདོད་དོ། །གང་ཡང་རུང་སྟེ་དེ་བཞིན་གཤེགས་
པའི་རིགས་ཀྱི་བསྲུང་བ་ལ་འདི་ཉེ་བར་གནས་པས་སོ། །སྦྱོར་བའི་རྒྱུད་ཀྱི་གཙོ་བོ་ཞེས་བྱ་བ་ནི། ཇི་ལྟར་རྒྱུད་འདི་ནས་ཚར་བཅད་པའི་སྦྱོར་བ་བསྟན་པ་ལྟར། སྦྱོར་བ་རྒྱུད་གཞན་ལས་དེ་ལྟར་ལྷུར་མ་མཛད་པས་ནའོ། །ལྷའི་རྣལ་འབྱོར་ཇི་ལྟ་བ་དང་ལྡན་པའི་རྣལ་འབྱོར་པས་ཞེས་བྱ་བ་ནི། ལྷའི་
གཟུགས་ཚུལ་བཞིན་ཡིད་ལ་བྱེད་པས་ཐོབ་པར་བྱའི། གལ་ཏེ་རྣམ་པར་གཡེངས་ན་སྦྱོར་བ་མི་འགྲུབ་སྟེ། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །དུས་ནི་དང་པོར་བྱས་གྱུར་ཀྱང་། །གཞན་སེམས་པ་དང་གཞན་པས་ནི། དེ་དག་ཐམས་ཅད་དོན་མེད་འགྱུར། །ཞེས་གསུངས་པས་

སོ། །འཁོར་ལོ་རེའུ་ཆ་བཅུ་དྲུག་པ། །ཞེས་བྱ་བ་ནི་རིམ་པ་གསུམ་ལས་རིམ་པ་ཕྱི་རོལ་མའོ། །དེ་བཞིན་དུ་བར་མ་ནི་བཅུ་གཉིས་པའོ། །ནང་མ་ནི་དགུ་པ་སྟེ། དེ་ལྟར་ནི། མཁས་པས་ཆོ་ག་བཞིན་བྲི་བ། །བརྒྱད་དང་བཅུ་གཉིས་བཅུ་དྲུག་ཏུ། །ཞེས་གསུངས་པ་སྟེ། བརྒྱད་ཅེས་བྱ་བ་ནི་
རེའུ་མིག་དབུས་མ་དོར་བའོ། །མེ་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་སྨོས་ཤིང་ཞེས་བྱ་བ་ལ། མེ་ནི་ཡི་གེ་ཕཊ་ཡིན་ཏེ། མེ་དང་འདྲ་བའི་ཕྱིར་ནི་སྲེག་པ་མཐར་ནི་གཞན་ཞེས་གཞན་ལས་བསྟན་ཏོ། །ཇི་ལྟར་སྨོས་ཤེ་ན་ཕཊ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་སོ། །རྒྱུད་གཞན་ལས་ཊ་དང་
ཕའི་བར་དུ་མིང་བཅུག་སྟེ་ཞེས་གསུངས་པ་ཉིད་འདིར་མེ་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་སྨོས་པའོ་ཞེས་གཞན་ཁ་ཅིག་འདོད་དོ། །ཡི་གེ་བཅུ་པས་དེ་བསྐོར་ལ་ཞེས་བྱ་བ་ནི། ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པ་ཡང་རེའུ་མིག་བཅུ་དྲུག་པའི་རིམ་པ་དེ་ལ་དགོད་པའོ། །འདི་སྐད་བསྟན་ཏེ།
ལྷོ་ནས་བརྩམ་པའི་རེའུ་མིག་བརྒྱད་བར་དུ་དོར་བ་ལ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཞེས་པ་ལྔ་དང་། ཏཱ་ན་ན་ཞེས་པ་གསུམ་གཅིག་ལ་གཞག་པ་དང་། ཧཱུཾ་ཞེས་པ་དང་། ཕཊ་ཅེས་པ་བྲིས་ཏེ། བར་བར་དུ་དོར་བ་བརྒྱད་ལ་སྔ་མ་རྣམས་བྲིའོ། །དེ་ནས་བར་མའི་རེའུ་མིག་བཅུ་གཉིས་དང་། དབུས་ཀྱི་
རེའུ་མིག་ལྔ་ལ་ཡི་གེ་བཅུ་བདུན་བྲིས་ཏེ། དབུས་སུ་ཡི་གེ་ཡའོ། །ལྷོར་ནི་མའི་ཡི་གེའོ། །ནུབ་ཏུ་ཡི་གེ་མེའོ། །བྱང་དུ་ནི་ཡི་གེ་དའོ། །ཤར་དུ་ནི་ཡི་གེ་ཀྵེའོ། །མ་དང་འབྲེལ་པའི་རེའུ་མིག་བར་མ་ནས་བསམས་ཏེ། ར་ཛ་ས་དོ། །རུ་ཎ་ཡོ་ནི། ར་ཡཙྪ་ནི་ཞེས་བྱ་བ་རྣམས་བྲིའོ། །
དེ་ལྟར་དབུས་སུ་རེའུ་མིག་ཆ་བཞི་མཚམས་སུ་གནས་པ་དེ་དག་ལ་ཅི་ཞིག་བྲི་བར་བྱ་ཞེ་ན། དེའི་ཕྱིར་ཡི་གེ་ཧཱུཾ་བརྒྱད་བྲིའོ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་མཚམས་རེ་རེར། ཧཱུཾ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཞེས་བྲིས་པས་ནི་ཧཱུཾ་བརྒྱད་དུ་འགྱུར་ཏེ་ཇི་སྐད་དུ། བསྒྲུབ་པར་བྱ་བའི་མིང་བཟུང་སྟེ། །
ཧཱུཾ་གཉིས་དང་ནི་སྤེལ་ནས་སུ། །ཕྱོགས་བྲལ་སྟོང་པར་གཟུང་བྱས་ཏེ། །དགོས་པ་ཐམས་ཅད་འགྲུབ་པར་བྱེད། ཅེས་གསུངས་པ་ལྟ་བུའོ། །ལྷག་མ་ཕྱི་རོལ་དབྱངས་དང་གསལ་བྱེད་བསྐོར་བ་དང་། གཤིན་རྗེའི་ལྟེ་བར་གཞག་པ་ལ་སོགས་པ་ནི། འདི་ཉིད་ཆ་མཐུན་པའི་རྒྱུད་ལས་

ཤེས་པར་བྱའོ་ཞེས་ལྔར་སྨོས་སོ། །ཚ་བའི་མར་ཁུ་ཞེས་བྱ་བ་ནི། སྐེ་ཚེའི་མར་ཁུའམ་ཡུངས་མར་རོ། །ཐོད་པ་གཉིས་ཞེས་བྱ་བ་ནི་དུམ་བུ་བཞི་པ་སྟེ། གསུམ་པ་ཡང་མང་ངོ་། །བསྲོས་ལ་ཞེས་བྱ་བ་ནི་པུ་ཏ་ལིངྒའི་སྙིང་གའི་འཁྲུལ་འཁོར་དྲོས་པ་ཙམ་དུ་སྟེ། འདིས་དགྲ་བོ་
ཚ་བའི་རིམས་ཀྱིས་བཏབ་ནས་འཆི་བར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཡི་གེ་བཅུ་པའི་གསང་སྔགས་བཟླས་ན་ཞེས་བྱ་བ་ནི། ཡི་གེ་སུམ་ཅུ་རྩ་གཉིས་ཟློས་པ་དགག་པའི་ཕྱིར་སྨོས་པ་སྟེ། དེ་ནི་བསྙེན་པ་བྱས་ལ་འཁྲུལ་འཁོར་
འདྲི་བའི་ཚེ་བཟླས་པར་བྱའི་གཞན་དུ་མ་ཡིན་པས་སོ། །དུར་ཁྲོད་ཀྱི་མེ་ལ་བསྲོས་ན་ཞེས་བྱ་བ་ནི་དྲོ་བ་ཙམ་སྟེ། ཨ་མུ་ཀ་ཛྲ་ར་བུད་པ་ད་ཡ་ཞེས་བསྐུལ་བ་སྨོས་ཏེ་བཟླས་སོ། །ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་སྨོས་ཤིང་ཞེས་བྱ་བ་ནི་སྔར་འཁྲུལ་འཁོར་ལ་རྩ་བའི་སྔགས་བཀོད་པ་མ་
གསུངས་པས་དེ་བསྟན་པའོ། །ཡི་གེ་བཅུ་པའི་གསང་སྔགས་དང་ཡང་བསྒྲུབ་བྱའི་མིང་ལྷན་ཅིག་སྨོས་ཏེ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྟན་པའི་བསྐུལ་བ་སྨོས་པས་ཆོག་པར་རྟོག་པ་ལས་དགག་སྟེ། ཧཱུཾ་དང་ཕཊ་ཀྱི་དབུས་སུ་ཡང་དེ་བྲིའོ། །དེ་བས་ན་སྔར་བསྟན་པ་ལས་ཁྱད་པར་ཅུང་ཟད་ནི་དེ་
ཡིན་ནོ། །སྦས་ན་ཞེས་བྱ་བ་ནི་དོང་ཁྲུ་བཞི་པའི་གཏིང་དུའོ། །གོལ་བར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་དོ། །གནས་ལྔར་ཞེས་བྱ་བ་ནི། རྡོ་རྗེ་ཡི་ནི་ཕུར་བུ་ཡིས། །གཟུགས་བརྙན་གྱི་ནི་གནས་ལྔ་པོ། །དཔྲལ་བ་མགྲིན་པ་སྙིང་ག་དང་། །དེ་བཞིན་དཔུང་པ་གཉིས་སུ་གདབ། །
ཅེས་གསུངས་པའོ། །གཤིན་རྗེའི་གཟུགས་ཞེས་བྱ་བ་ནི་ཚར་བཅད་པ་ཐམས་ཅད་ལའོ། །ཁྱིམ་དུ་ཡང་ནི་འོངས་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེགས་པར་མ་བྱས་པའི་རྣལ་འབྱོར་པ་ཡིས་སོ། །ཚུ་ཚུན་ད་རའི་པགས་པ་ཞེས་བྱ་བ་ནི་གསོབ་བཤུས་པའོ། །ཡི་གེ་བཅུ་པའི་གསང་
སྔགས་ཞེས་པ་ནི་འཁྲུལ་འཁོར་ཉེ་བར་མཚོན་པའོ། །ས་བླངས་པས་དགང་ཞིང་ཞེས་བྱ་བ་ནི་པུ་ཏ་ལིངྒ་དང་། སས་དགང་བའོ། །དེའི་སྐྲས་བཅིང་ངོ་ཞེས་བྱ་བ་ནི། པགས་པ་གྲུལ་བ་དང་། ཡན་ལག་དང་རོ་སྨད་ཀྱི་ཆའོ། །དེ་ནས་བོང་བུའི་ཆུ་ངན་དང་། དྲི་ཆེན་དུ་སྦྱར་ཏེ་ཞེས་བྱ་

བ་ནི། ཇི་ལྟར་རྗེས་སུ་གཟུང་བའི་འཁྲུལ་འཁོར་ལ་མར་དང་སྦྲང་རྩི་ལྟ་བུ་སྟེ། ཚར་གཅད་པའི་རི་ལུའོ། །ཁམ་ཕོར་བཞག་ལ་ཞེས་བྱ་བ་ནི་ཐོད་པ་གཉིས་ཀ་ལ་དེས་གླན་ཏེ། པུ་ཏ་ལིངྒ་མི་འགྱུར་བར་དགང་ངོ་། དེར་སྦྱོར་བ་དེ་བཞག་ནས་ཞེས་བྱ་བ་ནི་པགས་པ་དེའོ། །དེ་གཉིས་ཀྱི་སྙིང་
གར་གསང་སྔགས་བཅུག་ནས་ཞེས་བྱ་བ་ནི་འཁྲུལ་འཁོར་ཅན་གྱི་པུ་ཏ་ལིངྒ་གཅིག་གི་སྟེང་དུ་གཅིག་བཞག་ནས་ཞེས་བྱ་བ་ནི་གང་ཡང་རུང་བའི་སྟེང་དུ་གཞག་གོ། །ཡང་ན་འཐབ་པ་ལྟར་གཅིག་གི་སྟེང་དུ་གཅིག་འགྲོ་བར་སྤྲོ་བར་བྱའོ། །གཞན་གཤིན་རྗེའི་སྐྱེས་བུ་ཞེས་བྱ་བ་ནི་ཡི་གེ་ཡ་
ལས་འབྱུང་ངོ་། །སྦྱོར་བ་གཞན་ཡང་ཞེས་བྱ་བ་ནི་འཁྲུལ་འཁོར་ལས་གཞན་པའི་སྦྱོར་བ་སྟེ། ཞར་ལ་བསྟན་པ་ཙམ་ཡིན་གྱི་འདི་གཙོར་མ་གྱུར་པས་སོ། །གྲོ་གའི་ཤུན་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་འཁོར་གྱི་སྦྱོར་བ་སྟེ། ཁ་ཅིག་ནི་འདི་ཡང་སྦྱོར་བ་གཞན་དུ་རྟོག་གོ། །
འདིར་སྦྱོར་བ་གཞན་ནི་ཞེས་པའི་སྒྲས་ནི་འཁྲུལ་འཁོར་མི་འགེགས་ཀྱི་དོན་ལས་སོ། །གཞན་དག་འདིར་འཁྲུལ་འཁོར་དང་བྲལ་བའི་སྦྱོར་བ་དག་ལས། ཡང་རྗེས་ལ་འཁྲུལ་འཁོར་མནན་ལ། དེའི་གྲོགས་སུ་དེ་དག་གི་སྦྱོར་གྱི། གཞན་དུ་ན་སྐབས་མ་ཡིན་པར་ག་ལ་འབྱུང་ཞེས་འདོད་དོ། །
རྒྱལ་མཚན་གྱི་རས་ལ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་འདི་ནི་སྨྱོ་བར་འགྱུར་བའི་བསྐྲད་པའི་སྦྱོར་བའོ། །མེ་ཏོག་དམར་པོས་མཆོད་ཅིང་ཞེས་བྱ་བ་འདི་དཔལ་རྡོ་རྗེ་འཇིགས་བྱེད་ཉིད་ལ་སྟེ། མེ་ཏོག་ནི་ཉེ་བར་མཚོན་པ་ཡིན་པས་མཆོད་པ་ཁ་དོག་དམར་པོ་ཡོན་ཆབ་དང་བཅས་པ་དབུལ་ལོ། །ཁ་ཅིག་
ནི་འཁྲུལ་འཁོར་མཆོད་པར་འདོད་དེ་དེ་ནི་མི་འཐད་དེ། དེས་དོན་དུ་མི་འགྱུར་རོ། །གསང་སྔགས་ཉིད་ལ་མཆོད་པས་དོན་དུ་འགྱུར་བའོ་ཞེ་ན། ཀྱེ་མ་རྒྱལ་པོ་བཞུགས་བཞིན་དུ་སྣ་ཆེན་པོ་ལ་གཏོགས་པ་མཆོད་པ་ལྟ་ག་ལ་རིགས། དེ་ནི་མི་བརྗོད་དོ། །སེང་ལྡེང་གི་མེ་ལ་བསྲོས་ན་ཞེས་བྱ་བ་
ནི་གལ་ཏེ་ཞག་བདུན་གྱིས་མ་བྱུང་ན། པུ་ཏ་ལིངྒ་ཐོད་པ་ནས་ཕྱུང་སྟེ་བསྲོའི་དང་པོ་ནས་ནི་མ་ཡིན་ནོ། །ཞག་བདུན་གྱིས་འཆི་བར་འགྱུར་རོ་ཞེས་བྱ་བ་ནི་ཞག་བདུན་དུ་རྫས་སྨྱོ་བ་བཞིན་ནའོ། །གཞན་ཁ་ཅིག་ནི་གལ་ཏེ་སླར་མ་དཀྲོལ་ནའོ་ཞེས་འདོད་དེ། འདི་ནི་ཐང་ཕྲོམ་དང་སྦྱར་བའི་མུ་

ཟིས་དྲིལ་ལོ། །སྦྱིན་སྲེག་བྱས་ན་ཞེས་བྱ་བ་ནི་རླུང་གི་མེའི་དབུས་སུ་བཞུགས་པའི་བཅོམ་ལྡན་འདས་ལའོ། །བྱ་རོག་དང་འུག་པའི་རུས་པ་ཞེས་བྱ་བ་ནི་བརླའམ་རྗེ་ངར་གྱི་རྐང་ངོ་། །སྦལ་པའི་ཞེས་བྱ་བ་ནི་སྤྲ་ཚིལ་ལ་བཟོ་བྱས་པའོ། །བུ་མོ་རྨོངས་པར་བྱ་བ་ནི། མྱོས་
པར་བྱ་བས་ཅི་དགར་ལོངས་སྤྱད་པར་བྱ་བའི་ཕྱིར་རོ། །སྨྲ་བར་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱིས་པའི་རང་བཞིན་ཅན་དེ་དག་གིས་ཤེས་ནས་ཐུབ་པ་ཆེན་པོའི་དགོངས་པ་ཅི་ཡིན་པ་མི་ཤེས་པར་ལྡང་བ་ལས་དེ་དག་བྱེད་པར་འགྱུར་བ་དེ་དམྱལ་བར་ལྟུང་སྟེ། ཞུ་བའི་རྟིང་ལ་ཟ་བ་ནི། །མར་གྱི་
སྙིང་ཁུ་སྦྲང་རྩི་དང་། །ཁ་ར་རྣམས་ནི་བདུད་རྩིའི་བཞིན། །མ་ཞུ་ཟས་ནི་དུག་འགྱུར་རོ། །དེ་བཞིན་རབ་རྒྱས་བདུད་རྩིའི་ཆོས། །དགོངས་པའི་ཚིག་ལ་མི་མཁས་ཤིང་། །བྱིས་པའི་བློ་དང་ལྡན་རྣམས་ལ། །མི་བཟད་པ་ཡི་དུག་ཏུ་འགྱུར། །ཞེས་གསུང་སོ། །འོ་ན་འདི་ལས་དགོངས་པ་
གང་ཞེ་ན། དེའི་ཕྱིར། དཀོན་མཆོག་གསུམ་ལ་གནས་བྱེད་དང་། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ལེའུ་གཉིས་པའི་བཤད་པའོ།། །།གཙང་མའི་གནས་ཞེས་བྱ་བ་ནི་དབེན་པ་སྟེ། ཅིས་ཀྱང་དབེན་པ་ནི་ངེས་པར་ཆེས་གཙང་བས་སོ། །གསང་སྔགས་བཏུ་བ་
ཞེས་བྱ་བ་ནི་ས་འཐས་པ་སྐྱང་ནུལ་བྱས་ལ་ཁ་ཊི་ཁས་ལས་དང་པོར་གཞིའི་ཡི་གེ་གོ་གཉིས་པར་བྲིས་ལ་དག་པ་ན་དབྱངས་རྣམས་སྦྱིན་ཞིང་། དེ་ནས་དག་པ་ན་བྲི་བའམ་བཟླས་པ་བྱའོ། །འབུམ་ཕྲག་གཅིག་ཅེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པས་སོ། །ལས་ཀྱི་སྔགས་ཞེས་བྱ་བས་ནི་ལས་
རབ་འབྱམ་ལ་རབ་ཏུ་བསྔགས་པའི་ཕྱིར་དང་། འཁྲུལ་འཁོར་ཡང་འདིས་རྫོགས་པར་བྱེད་པས་སོ། །འབུམ་ཕྲག་གསུམ་ཞེས་བྱ་བ་ནི་སྔགས་པ་བར་མའི་ཕྱིར་བསྟན་པའོ། །སྙིང་པོའི་གསང་སྔགས་ཞེས་བྱ་བ་ནི་ཕལ་ཆེར་བསྒོམ་པ་ལ་དགའ་བའི་རྣལ་འབྱོར་བ་ལ་བསྟན་པ་ཡིན་པས་ན།
འདི་ནི་ཟློས་པ་པོས་ནི་ངེས་པར་སྙིང་གར་བསྒོམ་པར་བྱ་བས་ན་སྙིང་པོ་ཞེས་བྱ་སྟེ། གསང་སྔགས་རྣམས་ནི་བཟླས་པས་ཀྱང་བྱ་བ་དེ་བྱེད་སྲིད་ཀྱི། སྙིང་<པ་པོ་>རྣམས་ནི་ངེས་པར་བསྒོམ་པས་དོན་དེ་རྫོགས་པར་བྱ་བ་ཡིན་ཏེ། དེ་ནས་སྙིང་པོ་ཤེས་པར་ཏིང་ངེ་འཛིན། །གང་དུ་མཚུངས་པར་ལྡན་

པའི་སེམས། །ཞེས་བཤད་དོ། །ཡི་གེ་འབུམ་ཞེས་བྱ་བ་ལ་ཡི་གེ་ནི་སྙིང་པོའི་ཡི་གེའོ། །འབུམ་ཞེས་བྱ་བ་ནི་ལེ་ལོ་ཅན་རྣམས་གཞུག་པའི་ཕྱིར་རོ། །ཡང་ན་ཡི་གེ་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་འབུམ་ཕྲག་སྟེ། མཁས་པས་གསང་སྔགས་ཡི་གེ་ནི། །བཅོ་ལྔ་མན་ཆད་གྲངས་རྣམས་ལ། །
ཡི་གེའི་སྡོམ་ནི་ཇི་སྙེད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཞེས་གསུངས་པས་སོ། །གཞན་ཁ་ཅིག་ནི་འདི་ནི་བསྒོམ་པ་བྱང་བར་བྱས་པས། སྒྲ་ཇི་བཞིན་པའི་བཟླས་པར་བརྗོད་དོ། །ལས་དེ་དང་དེ་དག་ཅེས་བྱ་བ་ལ་སོགས་པ་ནི་འདི་ནི་ལས་ཀྱི་སྔགས་ཀྱི་གོར་སྦྱར་དུ་རུང་བར་སྟོན་
པའོ། །འོན་ཀྱང་འཁྲུལ་འཁོར་ནི་མ་ཡིན་ནོ། །ལེགས་པར་མཉམ་པར་གཞག་པ་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་རལ་གྲི་འཛིན་པའི་མི་དག་གིས། །ལེགས་པར་མ་བཟུང་ལག་པ་འཆད་པར་འགྱུར། །དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་དམ་
ཡང་ན་མ་རུངས་འགྱུར། །ཞེས་གསུངས་པའི་གནས་སྐབས་སྤང་པའི་ཕྱིར། ཡི་གེ་བཏུ་བ་རྩོམ་ན། དེའི་ཚེ་སེམས་གཞན་དུ་བྱེད་པ་ནི། རབ་ཏུ་སྨད་དེ། ཁྲུས་བྱེད་པ་དེ་ཡང་བཤང་གཅི་བྱེད་པ་བཞིན་དུ་དེ་དགག་པའི་ཕྱིར་རོ། །ལེའུ་གསུམ་པའི་བཤད་པའོ།། །།ཆོས་ཀུན་
བདག་མེད་སྔོན་བྱས་ནས། །ཞེས་བྱ་བ་དང་། ལྷ་ཡི་དམིགས་པ་བྱ་བའོ། །ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། དེ་དག་ཉིད་ནི་དང་པོར་རེ་ཞིག་སྭ་བྷཱ་བ་ཤུདྡྷཿཞེས་བྱ་བ་ལ་སོགས་པའི་གསང་སྔགས་བཟླས་ཏེ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བསྟན་ཏོ། །ཆོས་ཐམས་ཅད་ཅེས་
བྱ་བ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དོ། །དེ་དག་བདག་མེད་པའི་བདག་ཉིད་དུ་བྱས་ནས་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པས་དབེན་པ་རང་བཞིན་གྱིས་འོད་གསལ་བར་འགྱུར་བའོ། །དེའི་འོག་ཏུ་དེ་ཉིད་ནམ་མཁའི་དཀྱིལ་དུ་ཡི་གེ་ཡཾ་སྔོན་པོ་ལས་གྲུབ་པའི་རླུང་གི་དཀྱིལ་
འཁོར་དུ་བའི་མདོག་ཅན་དུ་བསམས་ཏེ། འདི་ནི་ཁྲོ་བོ་ཆེན་པོའི་གདན་ཏེ། རྒྱུད་འདི་ནི་མངོན་སྤྱོད་གཙོ་བོར་བྱས་པ་ཡིན་པས་ན། གདུག་པ་རྣམས་རབ་ཏུ་འཐོར་བར་བྱེད་པ་ཡིན་ཏེ། ཕོ་ཉ་ལ་སོགས་བྲན་རྣམས་དང་། །ཁྲོ་བོའི་མིང་དུ་གང་འདོགས་པ། །ཀུན་དུ་ཐོག་མེད་སྤྱོད་པ་

རྣམས། །ཀུན་གྱི་དཀྱིལ་འཁོར་<མ་མེ་>དང་རླུང་། །ཞེས་གསུངས་པས་སོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི། འཕགས་པ་འཇམ་པའི་དབྱངས་ཀྱི་གདན་ཏེ། དེ་ནི་ཡོངས་སུ་བསྒྱུར་བར་བྱ་བ་ཡིན་ན། སྔ་མ་ནི་བརྟན་པར་གནས་པ་ཡིན་ནོ། །དེའི་སྟེང་དུ་ཡི་གེ་དྷཱིཿལས་
ཞེས་བྱ་བ་ལ་སོགས་པ་ལ་འདིར་དོན་ནི། དང་པོར་འཇམ་པའི་དཔལ་དེ་ཉིད་ཀྱིས་བདག་ཉིད་ཀྱི་ཞི་བའི་སྐུས་ལྡང་བ་རྣམས་འདུལ་པ་མ་ཡིན་པར་གཟིགས་ཏེ། ཐུགས་ཀར་ཉི་མ་གནས་པར་བྱ་སྟེ། དེའི་འོད་ཟེར་གྱིས་སྡང་བ་རྣམས་བསྡིགས་ཏེ། འོན་ཀྱང་རབ་ཏུ་སྡང་བ་དག་མི་
འདུལ་བར་གཟིགས་ནས། ཡང་བདག་ཉིད་དང་ཉི་མར་བཅས་པ། རྡོ་རྗེ་འབར་བར་བྱིན་གྱིས་བརླབས་ཤིང་དེའི་སྤྲུལ་པ་རྣམས་འདུལ་བ་དེ་དག་གི་སྤྱི་བོའི་སྟེང་དུ། གནས་ཏེ་བསྡིགས་པ་ན་ཡང་ཤིན་ཏུ་རབ་ཏུ་སྡང་བ་རྣམས་འདུལ་བ་མ་ཡིན་ནོ། །དེ་ནས་ནི་ཡང་འཇིགས་བྱེད་ཆེན་པོའི་
སྐུ་འཛིན་པར་གྱུར་པས། དེ་དག་ཚར་བཅད་དེ། དེ་དག་རྣལ་འབྱོར་པ་དེས་ཀྱང་རྗེས་སུ་སྤྱོད་པ་ཙམ་ཡིན་པས་ན། བསྡུ་བའི་ལྷ་རྣམས་ཀྱང་འདུལ་བ་ཡིན་ལ། ཤིན་ཏུ་རབ་ཏུ་སྡང་བ་དེ་རྣམས་ནི། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་དང་། གཞོན་ནུ་རྣམས་གསོལ་བར་མཛད་
པ་ཞེས་འཆད་པར་འགྱུར་བའོ། །ཞལ་དགུ་པ་ཞེས་བྱ་བ་ནི། དབུས་དང་དེ་འབྲེལ་པ་ནས་བརྩམས་པའི་གཡས་པ་གསུམ་དང་། དེ་བཞིན་དུ་གཡོན་པ་གསུམ་དང་། སྟེང་དང་དེའི་སྟེང་རྣམས་རིམ་པ་བཞིན་དུ་སངས་རྒྱས་ཀྱི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །
འཇིག་རྟེན་གསུམ་ཞེས་བྱ་བ་ནི་དེའི་བདག་པོ་སྟེ། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་འགྲུབ་པའོ། །ཞབས་བཅུ་དྲུག་པ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །དེ་ཉིད་ཀྱི་ཕྱིར་མི་རོ་ལ་སོགས་པ་བཅུ་དྲུག་ནི་ཕྱི་རོལ་དང་ནང་ལ་སོགས་པའི་དངོས་པོར་
འཛིན་པ་བཅུ་དྲུག་གི་མཚན་མར་མཛད་པ་ཡིན་ལ། དེ་དག་སྟོང་པ་ཉིད་བཅུ་དྲུག་གིས་བཅོམ་པ་ཡིན་པའི་ཕྱིར་ཞབས་བཅུ་དྲུག་གིས་བརྫིས་པའོ། །གཅེར་བུའི་སྐུ་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྤངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ཕྱིར་གོས་ཡིན་གྱི། རས་ལ་

སོགས་པས་བཀབ་པ་ནི་བྱིས་པའི་གོས་ཡིན་པར་བསྟན་པའི་ཕྱིར་ཏེ། བྱིས་པ་གོས་རྣམས་གྱོན་ཡང་རྟག་པར་གཅེར། །མཁས་པ་གཅེར་བུར་འདུག་ཀྱང་གོས་དང་བཅས། །ཞེས་བཤད་པས་སོ། །མཚན་འགྲེང་ཞེས་བྱ་བ་ནི་འདི་ལྷ་ཆེན་པོ་དང་འདྲ་བར་བསྟན་པས་དེ་འདུལ་བའི་ཕྱིར་ཏེ།
དེ་ནི་ལྷག་པར་ཆགས་པ་ཅན་ཡིན་པས། ལོ་གསུམ་དུ་དཀའ་ཐུབ་བཟློག་མ་དང་གཉིས་ཀྱི་གཉིས་སུ་བདེ་བས་བདེ་བ་མ་ཚིམ་ཞིང་རྟག་ཏུ་མཚན་མ་ལས་སུ་རུང་བའོ་ཞེས་གྲག་གོ། །དེ་བས་ན་ཆགས་དང་ལྟ་བ་ཞེ་སྡང་བསྡོ། །ལྷ་ཆེན་ཚངས་པ་ཁྱབ་འཇུག་འདུལ། །ཞེས་བཤད་དོ། །ཟུར་ཕུད་ལྔ་
པ་ཞེས་བྱ་བ་ནི་ཡེ་ཤེས་ལྔ་དང་བཅས་པར་སྟོན་པའོ། །ཞལ་ཐམས་ཅད་ཀྱང་སྤྱན་གསུམ་དང་ལྡན་པའོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཕྱིར་སྣང་བ་སྟོན་པའི་སྒོ་ཇི་སྙེད་པ་ལས་ཡང་རྣམ་པར་ཐར་པ་གསུམ་གསུམ་ལས་བྱུང་བའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་ཨ་དམར་པོ་
ལས་བྱུང་བའོ། །དེ་ལ་རང་གི་གསང་སྔགས་དམིགས་ལ་ཞེས་བྱ་བ་ནི་དབུས་སུ་ཡཾ་སྔོན་པོའམ་ཧཱུཾ་སྔོན་པོའི་ཡི་གེ་སྟེ། མཐའ་མར་སྔགས་གསུམ་གྱི་ཕྲེང་བ་གཡས་སྐོར་དུ་བསྒོམ་མོ། །གཡེང་བ་མེད་པའི་ཡིད་ཀྱིས་ཞེས་བྱ་བ་ནི་ཐ་ན་སྟོང་པ་ཉིད་ཀྱང་མི་བསམ་སྟེ། རིག་སྔགས་ལྷ་ནི་
མ་གཏོགས་པར། །བསྒོམ་པ་མཆོག་ཏུ་གྱུར་པ་ཡང་། །ཟློས་པས་བཟླས་བརྗོད་བྱེད་པའི་ཚེ། །ཀུན་རྟོག་བཟུང་ནས་མི་བསམ་མོ། །ཞེས་གསུངས་སོ། །བཟླས་བརྗོད་བྱའོ་ཞེས་བྱ་བ་ནི། སྔོན་བཞིན་སྤྲོ་བསྡུ་བྱ་སྟེ་སྐྱོ་ནའོ། །འཐབ་མོའི་གནས་ཞེས་བྱ་བ་ནི་སྔོན་བཞིན་ནོ། །འདིར་ནི་
བསྙེན་པའི་གནས་སོ། །ངེས་པ་ཁོ་ན་མ་ཡིན་པས་ན། དུར་ཁྲོད་ལ་སོགས་པ་ཞེས་སྨོས་ཏེ། སྔར་བསྟན་པ་རྣམས་ལས་ཡིད་གང་དགའ་བར་གནས་སོ། །དམ་ཚིག་གི་རྫས་ཞེས་བྱ་བ་ནི་ཤ་ཆེན་པོ་དང་རྡོ་རྗེ་ཆུ་ལ་སོགས་པ་སྟེ། འདི་ནི་རེ་ཞིག་སེམས་སྦྱངས་པས་བྱའོ། །ལེའུ་
བཞི་པའི་བཤད་པའོ།། །།འཁོར་ལོ་བྲི་བར་བྱའོ་ཞེས་བྱ་བ་ནི། འདི་ནི་མི་མ་ཡིན་པའི་ཚོགས་ཀྱིས་བསྐོར་བའམ། དཀྱིལ་འཁོར་གྱི་ཚུལ་ལས་ཕྱག་རྒྱ་མི་བྲི་བར་རྡོ་རྗེ་ར་བ་ལ་སྒོ་གདོད་པའོ། །ལྷག་པའི་ཡོན་ནི་ཞེས་བྱ་བ་ནི་འདྲི་མཁན་གྱི་ཚད་ལས་རྒལ་བའོ། །སྲིན་པོ་ཞེས་

བྱ་བ་ལ་སོགས་པ་ནི། དུར་ཁྲོད་ཀྱི་དེ་ཁོ་ན་ཤེས་པར་འགྱུར་རོ། །སྒྲུབ་པ་པོ་ཞེས་བྱ་བ་ནི་ཇི་ལྟར་བསྟན་པ་ལས་ཤ་ཚུགས་ལ་སོགས་པ་རབ་ཏུ་འདྲ་བར་བྲིའོ། །ཤ་ཆེན་པོའི་བདུག་སྤོས་ཕུལ་ཏེ་ཞེས་བྱ་བ་ནི་དང་པོར་སྤྱན་ཕྱེ་ལའོ། །གཞན་ལ་བསྟན་པར་མི་བྱའོ་ཞེས་
བྱ་བ་ནི། གླེགས་བམ་དང་ནི་བྲིས་སྐུ་དག །རྨོངས་པ་དག་ལ་བསྟན་བྱས་ན། །ཚེ་འདིར་དངོས་གྲུབ་མི་འབྱུང་སྟེ། །ཚེ་རབས་གཞན་དུའང་དངོས་གྲུབ་མེད། །ཅེས་གསུངས་པས་སོ། །རྟག་ཏུ་ནུབ་མོ་ཟ་བར་བྱའོ། །ཞེས་བྱ་བ་ནི་གཅིག་ཏུའང་གསང་བར་བྱ་བའི་ཕྱིར་མཚན་
མོ་མི་ཉལ་ཙམ་ན་དམ་ཚིག་རྫས་དག་ལུས་དུབ་པ་བསལ་བ་ལ་སོགས་པའི་ཕྱིར་བཟའོ། །ཉིན་པར་མིའི་ཤ་ལ་སོགས་པ་བཟའ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འགྲོ་བ་སྐུར་པ་སྨྲ་བའི་མཐའ་ལ་ཐུག་པར་འགྱུར་ཞིང་བདག་ཉིད་ཀྱང་ཅེ་སྤྱང་གི་དང་འབྱུང་པོའི་ཁོངས་
སུ་འཇུག་པའི་ཕྱིར་རོ། །གང་ཞིག་དངོས་གྲུབ་མཆོག་འདོད་པ། །ཞེས་བྱ་བ་ནི་ངན་པའི་སྤྱོད་པ་འདི་དག་ནི་སེམས་དག་པས་བྱའི་གཞན་དུ་མ་ཡིན་ལ། དངོས་གྲུབ་ཆེན་པོ་རྣམས་ནི་སེམས་དག་པས་ཐོབ་ཀྱི། མི་གཙང་བ་ལོངས་སྤྱོད་པས་ནི་མ་ཡིན་ཏེ། ཕག་ལ་སོགས་པ་
བཞིན་ནོ། །སེམས་དག་པ་ནི་འབྲས་སཱ་ལུའི་ཆང་དང་། མིའི་ཤ་དང་། བཤང་བའི་དྲི་དང་། ག་བུར་གྱི་དྲི་དག་ལ་འདོད་པའི་ཡོན་ཏན་དུ་མཉམ་པར་འགྱུར་ཏེ། དེ་བས་ན། གང་དག་དགའ་བ་དེ་དབུལ་ཏེ། འདི་ལྟར་ཆང་དང་དེ་བཞིན་དྲི། །ཇི་ལྟར་བཟའ་བ་དེ་བཞིན་བཤད། །ཇི་
ལྟར་དྲི་བཟངས་ག་པུར་དག །དེ་བཞིན་བཤད་པ་ལས་བྱུང་དྲི། །ཞེས་གསུངས་པ་ལྟ་བུའོ། །ལེའུ་ལྔ་པའི་བཤད་པའོ།། །།སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་ནི། རབ་ཏུ་བསྡུས་པ་བཤད་པར་བྱ། །རྒྱས་པར་འདི་དང་ཆ་མཐུན་པའི་རྒྱུད་ལས་ཤེས་པར་བྱ་ཞིང་། གཞན་ཡང་། ཞི་བ་
དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་དྲག་ཤུལ་སྦྱར་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་པ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསད་པ་ཉིད་ལ་

མེ་ཕྱོགས་སུ། །དབྱེ་བ་ལ་ནི་སྲིན་པོའི་ཕྱོགས། །གནས་ནས་བསྐྲད་པ་རླུང་ཕྱོགས་སུ། །མནན་པ་ལ་ནི་དབང་ལྡན་ཕྱོགས། །ཞེ་ལ་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོར་བྱ། །དབང་དང་དགུག་པ་དག་ལ་དམར། །བསད་པ་ཁ་དོག་ནག་པོའོ། །ཞི་ལ་བྱམས་པའི་སེམས་
ཀྱིས་བྱ། །རྒྱས་ལ་དགའ་བའི་སེམས་ཀྱིས་བྱ། །དབང་དང་དགུག་པ་ཆགས་སེམས་ཀྱིས། །བསད་པ་ལ་ནི་ཁྲོ་སེམས་ཀྱིས། །ཞི་བ་སྲོད་ལ་ཕལ་ཆེར་བྱ། །རྒྱས་པ་དེ་བཞིན་སྔ་དྲོ་བྱ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མ་གུང་དང་ནམ་ཕྱེད་ན། །ཞེས་གསུངས་པ་སྦྱར་
རོ། །འབྲུ་མར་གྱི་ཞེས་བྱ་བ་ནི། སྐེ་ཚེའམ་ཡུངས་མར་གྱིས་སོ། །བརྫིས་ཏེ་ཞེས་བྱ་བ་ནི། ཆུ་བོའི་འགྲམ་གཉིས་ཀྱི་ས་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་བརྫིས་ཏེ། དགྲའི་པུ་ཏ་ལིངྒ་བྱས་ཏེ། །དེའི་སྙིང་གར་ལས་ཀྱི་སྔགས་བསྐུལ་བ་སྨྲོས་པ་བྲིས་ཏེ། མཚོན་རྣོན་པོས་གཏུབ་
ཅིང་བསྲེག་གོ། །དུར་ཁྲོད་མེ་ལ་ཞེས་བྱ་བ་ནི། དུར་ཁྲོད་ནས་བྱུང་བའི་མེ་ལའོ། །ཡིད་དུ་མི་འོང་བའི་རླུང་གི་མེ་ཞེས་ནི་མི་བསམ་སྟེ། མངོན་སྤྱོད་ལ་ནི་དུར་ཁྲོད་ལས་བླངས་པའི་མེ་ཞེས་གསུངས་པ་དེ་ཡང་། རྟོག་པ་དེ་མ་འབྲེལ་པའི་ཕྱིར་རོ། །བས་མཐའ་ཞེས་བྱ་བ་ནི་གང་ནས་
གྲོང་གི་དགྲ་ཆེན་པོ་ཡང་མི་ཐོས་པའོ། །སྨེ་ཤ་ཅན་ཞེས་བྱ་བ་ཡང་། །སྨེ་ཤ་ཅན་ལས་བཙལ་བའི་མེ་སྟེ། །དེ་ལྟ་མ་ཡིན་ན་སྦྱོར་བ་འདི་གཉིས་རང་བཟློག་པའི་ཉེས་པར་ཇི་སྟེ་མི་འགྱུར། བྱ་རོག་ལ་སོགས་པ་ནི་ཟུར་རེ་རེས་འགྲུབ་པས་ནའམ། ཁྱིམ་དུ་འདུག་ནས་ཞེས་བྱ་བ་ནི་འདི་
ལྟར་ན་ཡང་གྲུབ་ན་དུར་ཁྲོད་ལ་སོགས་པར་ལྟ་ཅི་སྨོས་པའོ། །རྡོ་རྗེ་འཆང་ཞེས་བྱ་བ་ནི་སྔགས་པ་གང་ཡང་རུང་བ་ལ་དགོངས་པས་གསུངས་པའོ། །རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བ་ནི། ཐ་བ་ཟླ་བ་ཕྱེད་པ་ལྟ་བུའམ། གྲུ་གསུམ་པའི་དབུས་སུ་དེ་ལྟར་བྲི་བའོ། །གྲུ་
བཞི་དཀྱིལ་འཁོར་ཞེས་བྱ་བ་ནི། ཐབ་ཁུང་སེར་པོ་དབང་ཆེན་གྱི་དཀྱིལ་འཁོར་ལྟ་བུའོ། །ལས་དང་མཐུན་པའི་རྣལ་འབྱོར་ཞེས་དམིགས་ཏེ་ཞེས་བྱ་བ་ནི། སྔར་བརྗོད་པ་དང་མེ་ལྷ་དང་ལྷན་ཅིག་པའི་ལྷ་རྣམས་སོ། །བྱི་ལའི་མུ་ཏྲ་དང་སྦྱར་ལ། །ཞེས་བྱ་བ་ནི་རྫས་དེ་དག་རེ་རེ་ནས་བསྲེགས་

པ་བཀང་བའོ། །ལེགས་པར་མཉམ་པར་གཞག་པར་བྱའོ་ཞེས་བྱ་བ་ནི་སྙིང་རྗེས་རབ་ཏུ་བརླན་པར་བྱའོ། །ཁྲག་གིས་བརྫིས་ཏེ་ཞེས་བྱ་བ་ནི་ཁྲག་སྡིག་མེད་པ་གང་ཡང་རུང་བས་བརྫིས་ལ་བུ་མོའི་གཟུགས་བརྙན་སྙིང་གར་སྔགས་བསྐུལ་བ་སྨོས་ལ་བཞག་པ་བྱས་ན་དེ་
བཅད་ཅིང་བསྲེགས་པའོ། །ཞི་བར་དམིགས་པའི་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་ལྷ་དང་མེའི་ལྷ་དང་རྫས་རྣམས་ཁ་དོག་དཀར་པོར་བསམས་ཏེ། གསང་བའི་བདག་པོར་དེ་ལྟར་མེ་ཡི་གཟུགས་ནི་བྱིན་རླབས་ཏེ། བདག་གི་རང་གི་གཟུགས་དང་ནི། །རྫས་ཀྱང་དེ་ཡི་ངོ་བོར་བྱ། །
ཞེས་གསུངས་པས་སོ། །མཉམ་པར་གཞག་པའི་ཡིད་ཀྱིས་ཞེས་བྱ་བ་ནི་རིན་པོ་ཆེ་དང་། ནོར་སྣ་ཚོགས་ཀྱི་ཆར་དབབ་པའི་ཏིང་ངེ་འཛིན་ལའོ། །སྐེ་ཚེ་ལས་ཞེས་བྱ་བ་ནི། སྐེ་ཚེ་བཏགས་པ་ལས་སོ། །བྱ་རྒོད་ཆེན་པོའི་ཚང་ཞེས་བྱ་བ་དེ་ནི་ཅི་བསགས་པའི་ཚད་བྱེ་བྲག་མི་བྱ་བར་རོ། །ནོར་
མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་ཨ་མུ་ཀ་ན་མ་ཏྲ་བྱ་ཨ་ཏྲ་བྱ་ཀུ་རུ་ཞེས་བསྐུལ་བ་སྨོས་པས་སོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་ཉིད་དུ་ཞེས་བྱ་བ་ནི་དེ་བཞུགས་པའི་གནས་སུ་དེའི་སྤྱན་སྔར་ཏེ། འདི་ནི་གནས་འདིར་བསྟན་པའོ། །ཁྲག་ཅེས་བྱ་བ་ཡང་བ་ལང་ཉིད་ཀྱིའོ། །རྡོ་རྗེ་ཆུ་ནི་རང་
གི་མུ་ཏྲའོ། །རྒྱལ་པོའི་ཕོ་བྲང་འཁོར་ཞེས་བྱ་བ་ནི་གཞན་གྱི་ཚོགས་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་གཅིག་པུ་བྱ་བ་ཡིན། །ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གྲོགས་རྙེད་པར་དཀའ་བའི་ཕྱིར་ཏེ། བྱིས་པས་གྲོགས་སུ་མི་འགྱུར་ཕྱིར། །གཅིག་པུ་སྤྱོད་པ་བྱེད་སླ་བས། །མ་ཏང་དགོན་
པའི་གླང་པོ་བཞིན། །སེམས་ཁྲལ་བསྐྱངས་ཏེ་གཅིག་པུར་སྤྱད། །ཅེས་གསུངས་པ་ལྟ་བུའོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་ལས་ཀྱི་རྣམ་གྲངས་མང་པོ་སྟེ། གཞན་ནི་འདིར་ནི་རབ་ཏུ་བསྡུས་པས། རྒྱུད་གཞན་ལ་ལྟོས་པའི་ཕྱིར་རོ། །ལེའུ་དྲུག་པའི་བཤད་པའོ།། །།བསྙེན་ཞིང་
ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་སྐྱེས་པས་སོ། །དེ་བས་ན་ངེས་པར་སེམས་ལས་སུ་རུང་བར་སྦྱངས་པ་སྟེ་ངེས་སོ། །བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བསྟན་པ་ལ་སྤྱིའུ་ཚུགས་སུ་གནས་པར་རོ། །དཔག་ཚད་བརྒྱ་ཞེས་བྱ་བ་ནི་བྱིས་པ་ལྟ་བུའི་སྒྲུབ་པ་པོ་རྣམས་རིང་བར་གནས་

པ་ལ་རེ་བ་ཆད་པས་སྒྲུབ་པར་དཀའ་མོད་ཀྱི་ཞེས་པའོ། །སྙིང་གར་ཞེས་བྱ་བ་ནི་མཆོད་སྡོང་ལ་འཇིག་པའི་སྐྱེས་བུའི་ཕྱིར་བལྟ་བ་ལྟར་ལག་པ་གཡས་པ་དག་མཚོན་ཆའི་མཆོག་འཛིན་པར་རོ། །ཨ་ལས་སྒྲུབ་པའི་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བྱི་རུའི་མདོག་འདྲ་བར་རོ། །ས་གསུམ་
ཞེས་བྱ་བ་ནི་ས་འོག་དང་ས་ཡུལ་དང་ས་བླའོ། །དེས་ཀླུ་ལྷག་མ་ཅན་གྱི་གཟུགས་དཀར་པོ་ཞེས་བྱ་བ་ནི་འདི་ཀླུའི་རྒྱལ་པོ་རྒྱ་མཚོ་ཆེན་པོའི་ཕྱག་རྒྱ། དུག་ཐམས་ཅད་སེལ་བ་སྟེ། བདག་ཉིད་ཁ་དོག་དཀར་པོ་ཞི་བར་བསམས་པའི་སྙིང་གར་བཾ་གྱི་ཡི་གེ་དཀར་པོ་ལས་འབྱུང་བའི་པདྨ་དཀར་པོ་འདབ་
མ་བརྒྱད་པ་བསྐྱེད་ལ་དེའི་ལྟེ་བར་ཡི་གེ་ཨི་དཀར་པོའོ། །དེ་ལས་ནོར་བུ་མརྐ་ཏ་དཀར་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་ནི། སྦྲུལ་དཀར་པོ་གཉིས་ཕན་ཚུན་མཇུག་མ་འབྲེལ་ཅིང་ལངས་པ་བསྒྱིངས་ཏེ། མིག་རྩ་བསྒྲིམས་ནས་གཅིག་ལ་གཅིག་བསྡིགས་པ་ལྟར་འདུག་པའི་བར་མཇུག་མའི་སྟེང་
ནས་རྩེ་མོ་གསུམ་གསུམ་པའི་རྡོ་རྗེ་ཁ་གཉིས་པ་སྒོང་སྐྱེས་ནས་འབྲས་འདྲ་བ་གནས་པ། གཅིག་ལ་གཅིག་བལྟ་ཞིང་ལྕེ་འབྱིན་པ། གཉིས་ཀའི་མགོ་ལ་ཡི་གེ་ཧི་ལྟ་བུའི་ནོར་བུ་འོད་འབར་བ་འཛག་པར་བསམས་ཏེ། དེ་ནས་དེ་གཉིས་ཀྱི་མགོ་བསྒྲུབ་བྱའི་མགོའི་སྟེང་དུ་གནས་པར་བྱ་སྟེ། ནོར་བུའི་
ཡི་གེ་ཨི་དང་། མཆི་མའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་ནས་ཇི་སྐད་གསུང་པ་དེར་འགྱུར་རོ། །གཞན་ལག་ངར་གཉིས་ཕན་ཚུན་བསྣོལ་ཏེ། དཀྲིས་ལ་ལག་པ་གཉིས་ཀྱི་མཐེ་བོང་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས། སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་ལས་སྦྲུལ་
མགོ་གདེངས་ཀ་ལྟར་བྱས་ཏེ། ནས་རེ་རེ་ཙམ་དུ་བར་དག་བྱས་པ་འདི། ན་མོ་བཛྲ་པཱ་ཎི། ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། སྦྲུལ་ཅན་ལ་བསྟན་ན་ཐོགས་པ་མེད་པར་དེའི་དུག་འཇོམས་ཏེ། མི་སྣང་བའི་ཀླུ་དུག་ཅན་རྣམས་ཀྱང་ངོ་། །མངར་སྣ་གསུམ་གྱི་གཏོར་མ་
ཡང་ཕྱག་རྒྱའི་ལྷ་ལ་དབུལ་ལོ། །འདི་ནི་བདག་གི་ཞར་ལ་བཤད་པ་ཡིན་གྱི། གནས་སྐབས་ཀྱི་བྱ་བ་ནི་མ་ཡིན་ནོ། །བཞུ་བ་ནི་ཞེས་བྱ་བ་ནི་ཆགས་པ་ཆེན་པོས་ལུས་བཞུ་བ་ཙམ་དུ་གདུངས་པར་འགྱུར་བའི་དབང་དུ་བྱ་བའི་སྦྱོར་བའོ། །དེ་ཡང་དངོས་སུ་ནི་འཛག་པ་ཉིད་ཞུའོ། །མྱོས་

པ་ཞེས་བྱ་བ་ནི་ཆགས་པས་སེམས་འཁྲུགས་པར་གྱུར་པའོ། །དེའི་སྙིང་གར་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་གཞན་སྟོན་ཏེ། ཡི་གེ་བཅུ་པའི་གསང་སྔགས་ཞེས་བྱ་བ་ནི་མདོག་དམར་བའོ། །ཡེ་ཤེས་ཀྱི་ཡི་གེའི་གཟུགས་ཞེས་བྱ་བ་བསྒྲུབ་བྱའི་སེམས་ཡི་གེ་དམར་པོ་གྱུར་
པའོ། །ཡི་གེ་དེ་ལ་གཞུག་སྟེ་ཞེས་བྱ་བ་ནི་བདག་གིས་སྤྲོས་པ་ལ་སྟེ། དེའི་ཕྱིར་གཅིག་ཏུ་འདྲེས་པར་བསམ་མོ་ཞེས་གསུངས་སོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། བདག་ཉིད་ཁ་དོག་དམར་པོ་ལྷ་ཉིད་དུ་འོང་བའི་རྣལ་འབྱོར་གསལ་བར་བསམས་ལ། དེའི་སྙིང་གར་ཡི་གེ་བཅུག་པར་
དམར་པོ་ཟླ་བ་དམར་པོས་བསྐོར་བར་བསམས་ལ། དེ་ནས་སྔགས་བསྐུལ་བར་མོས་པས་རྡོ་རྗེའི་བཟླས་པ་བརྗོད་པས། ཡི་གེ་དེ་དག་སྙིང་ག་ནས་བྱུང་སྟེ། བསྒྲུབ་བྱའི་སྙིང་གར་གནས་ཤིང་། དེ་ཡང་དེ་ཡི་སེམས་ཀྱི་རང་བཞིན་ཡི་གེ་བཅུ་དམར་པོའི་མདོག་ཏུ་གྱུར་ཏེ། ཡང་དེ་དག་འདྲེས་
ཏེ། སླར་ཐིག་དེ་དག་གི་སྙིང་གར་ཟླ་བ་དམར་པོའི་ཡི་གེ་ཡང་དམར་པོ་ལ་བསྟིམ་མོ། །འདི་ལྟ་བུའི་རྣལ་འབྱོར་ནི་མཆོག་ཡིན་པས་ན། རྣལ་འབྱོར་འདི་ནི་ཉི་མ་བདུན་ན་འཁོར་ལོས་སྒྱུར་བ་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ་ཞེས་གསུངས་སོ། །ལས་དེ་དག་
ནི་བསམ་གཏན་མ་ཡིན་པས་འགྲུབ་པར་མི་འགྱུར་བས་ན། སྔགས་པ་ཤིན་ཏུ་མཉམ་གཞག་ཅིང་། །བསམ་གཏན་ལ་ནི་བརྟན་པར་བྱ། །ཞེས་གསུངས་སོ། །རྒྱུད་ཅེས་བྱ་བ་ནི་རྟོག་པ་རྫོགས་པ་གསང་བའོ། །ལྷག་མ་རྣམས་ནི་ཕྱོགས་འགའ་ཞིག་སྦྱིན་པ་ཡང་དགག་པའོ། །སྔགས་
ཀྱང་བསྟན་པར་བྱའོ་ཞེས་བྱ་བ་ནི་ཡི་གེར་བྲིས་པ་ཙམ་ཡང་ངོ་། །རྣལ་འབྱོར་མ་བཟང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་ཞིང་སྲུང་བ་ལ་སོགས་པའོ། །འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་དང་འཁྲུལ་འཁོར་དག་
འདིར་གཙོ་བོར་གྱུར་པས་སོ། །རྟོག་པ་ཞེས་བྱ་བ་ནི་ཆོ་གའི་ཚོགས་སོ། །ཕྱོགས་གཅིག་པ་ཞེས་བྱ་བ་ནི་ཀུན་ལས་བཏུས་པའི་མན་ངག་གི་ཕྱོགས་གཅིག་ཏུ་བྱས་པའོ། །བཀླགས་པས་འགྲུབ་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་སོ། །ཡན་ལག་གསུམ་པ་མངོན་པར་བརྗོད་པའོ། །

བླ་མ་མི་བསྟེན་མན་ངག་གཏམ་བྲལ་བར། །མི་མཁས་དག་ནི་ངེས་པར་མཆོག་ཡིན་ཞེས། །རྒྱུད་དོན་ལོག་པར་འཆད་ཅིང་བྱིས་པ་བསླུ། །དེ་དག་བསླུ་བ་ཤེས་བྱེད་འདི་བྱས་སློབ་མའི་ཕྱིར། །སྦྱོར་བ་རྒྱ་ཆེན་ཇི་སྐད་བླ་མས་སྨྲས་པ་བཞིན། །འོན་ཀྱང་དགེ་འདིས་འགྲོ་བ་ཐུབ་པའི་དབང་པོར་གྱུར། །
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ། རྡོ་རྗེ་སློབ་དཔོན་མི་བསྐྱོད་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་
ཏནྟྲ་པ་ནེ་ཀ་ར་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་མདོར་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཇིགས་བྱེད་མགོན་དཔལ་དང་། །བླ་མའི་ཞབས་པད་ལ་བཏུད་ནས། །བཤད་པའི་རྒྱུད་ཀྱི་རྒྱལ་པོ་དེའི། །མདོར་བཤད་
པ་ནི་བདག་གིས་བརྩམས། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདིར་དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་གོ་བར་བྱེད་དོ། །འོ་ན་གལ་ཏེ་དེ་ལྟ་ཡིན་ན། འདི་སྐད་བདག་གིས་ཞེས་བྱ་བའི་ངག་བོར་ནས་ཇི་ལྟར་རྒྱུད་ཀྱི་དང་པོ་བསྟན་ཞེ་ན། དེ་ནས་ཞེས་བྱ་བའི་སྒྲ་བསྟན་པས་གཞུང་གི་གྲངས་སྟོང་ཕྲག་བཅོ་བརྒྱད་
པའི་འཇམ་དཔལ་གྱི་རྒྱུད་ལས་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་ཀྱི་དེ་མ་ཐག་ཏུ་འདི་གྲངས་པའི་རྒྱུད་ཡིན་ནོ་ཞེས་བསྒྲུབ་པར་བྱ་བའི་ཕྱིར་རྒྱུད་ཀྱི་དང་པོར་ལྷག་པར་སྦྱར་བ་ཡིན་ནོ། །ཡང་དག་རབ་བཤད་བྱ་ཞེས་བྱ་བ་ལ་ཡང་དག་པའི་དོན་ནི་འདིར་བཟླས་པ་དང་འཁྲུལ་འཁོར་དང་སྦྱིན་སྲེག་དང་བསམ་
གཏན་དང་ལས་རྣམས་སོ། །རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་ཞེས་བྱ་ནི། །རྡོ་རྗེ་སྟོང་པ་ཉིད་རབ་གསུངས། །འཇིགས་བྱེད་ལས་ཀྱི་རྡོ་རྗེ་འདོད། །དེ་ཡི་བདག་ཉིད་འདི་སྒྲུབ་པ། །རྡོ་རྗེ་འཇིགས་བྱེད་སྦྱོར་བས་སོ། །ཞེས་བྱ་བ་སྟོང་པ་ཉིད་དང་རྡོ་རྗེ་ཐ་མི་དད་པ་རྡོ་རྗེ་སེམས་དཔའི་ངོ་བོ་ནི་རྡོ་རྗེ་འཇིགས་བྱེད་
དོ། །དེའི་སྒྲུབ་ཐབས་ནི་ལྷ་རྡོ་རྗེ་འཇིགས་བྱེད་ཀྱི་ངོ་བོར་འདིས་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་བྱས་ནས་གཞུང་བཀོད་པ་ལས་རྒྱུད་འདིར་དེ་ཉིད་རྒྱུད་དུ་བྱེད་དེ། །བྱེ་བྲག་ཏུ་རྟོགས་པར་བྱེད་པས་སོ། །དྲག་ཤུལ་ཅན་ཞེས་བྱ་བ་ནི་སེམས་མ་རུངས་པའི་ཕྱིར་རོ། །འཇིགས་བྱེད་ཅེས་བྱ་བ་ནི་གཟུགས་མི་

སྡུག་པའི་ཕྱིར་རོ། །ཤིང་གཅིག་ཅེས་བྱ་བ་ནི་ཤིང་དེའི་གྲིབ་མ་ལ་ཤིང་གཞན་གྱིས་མི་རིག་པའོ། །དབང་དུ་བྱ་བ་དང་དགུག་པ་དང་གསད་པ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་ཚིག་གོ། །རྒྱས་པར་བསྟན་པ་ནི་དངོས་གྲུབ་སྣ་ཚོགས་བཤད་པར་བྱའོ། །རོ་བསྲེགས་
པའི་ཐལ་བ་ཞེས་བྱ་བའི་ཚོན་ནི་དཀར་བའོ། །ནག་པོ་ནི་རོ་བསྲེགས་པའི་སོལ་བས་སོ། །སེར་པོ་ནི་བ་བླས་སོ། །དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་གིས་སོ། །ལྗང་གུ་ནི་ནིམ་པ་དང་། ནི་སུན་དྷ་ར་ལ་སོགས་པའི་ལོ་མས་སོ། །རྡུལ་ཚོན་དེ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པར་འབྲེལ་
ལོ། །གྲུ་བཞི་པ་ཞེས་བྱ་བ་མི་མཉམ་པ་མེད་པའི་ཕྱིར་རོ། །སྒོ་བཞི་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་རྣམས་ཏེ་རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པས་སྒོ་བཞིའོ། །རྟ་བབས་བཞིས་བརྒྱན་ཞེས་པ་ནི་བསམ་གཏན་བཞི་
རྣམ་པར་དག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོ་བར་བྱ་བའི་ཕྱིར་དྲིལ་བུའི་སྒྲ་སྒྲོགས་པའོ། །གསུང་རབ་ཡན་ལག་དགུ་རྣམ་པར་དག་པས་ན་བ་དན་དགུའོ། །འདོད་པའི་ཡོན་ཏན་ལྔ་རྣམ་པར་དག་པས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དང་ལྡན་པའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་ནི་སྟོང་པ་ཉིད་
དོ། །རིན་ཆེན་ཞེས་བྱ་བ་ནི་བླ་ན་མེད་པའི་དགའ་བས་རྒྱས་པར་བྱེད་པ་ཡིན་པས་ཞེས་བྱ་བ་སྙིང་རྗེ་ཆེན་པོ་སྟེ། དེ་དག་ཐ་མི་དད་པའོ། །ཞེས་མཚོན་པར་བྱ་བའི་དོན་ཏོ། །ཟླ་བ་ཕྱེད་པ་ནི་འཛག་པ་བྱང་ཆུབ་ཀྱི་སེམས་མཚོན་པར་བྱེད་པའོ། །ཐབས་དང་ཤེས་རབ་རྣམ་པར་དག་པས་རྒྱན་ཕྲེང་དང་རྒྱན་ཕྲེང་ཕྱེད་པའོ། །
དེ་དབུས་འཁོར་ལོ་བྲི་བྱ་བ། །རེའུ་མིག་དགུ་པ་ཞེས་བྱ་བ་ནི་གོ་སླའོ། །སྒོ་བཞིའི་གྲྭ་རྣམས་སུ་ཡང་ནི་སྒོ་བཞི་རྣམས་ཀྱི་ཉེ་བར་རོ། །རོ་ལངས་ཆེན་པོ་ཞེས་བྱ་བ་ནི་རོ་ལངས་ཏེ། ལག་པ་གཉིས་པ། གདོང་གཅིག་པ་མིག་དམར་བ་གསུམ་ཡོད་པ་སྐྲ་སེར་སྐྱ་གྱེན་དུ་ཕྱོགས་པ་གཅེར་བུ་ཁ་མཆེ་བ་གཙིགས་པ།
ཁ་དོག་ནག་པོ་ལག་པ་གཡས་ན་གྲི་གུག་གདེངས་པ། གཡོན་ན་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ་རྣམས་སོ། །གཞག་པར་བྱའོ་ཞེས་བྱ་བ་ནི་བྲི་བར་བྱའོ། །མར་ཁུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔར་སྤྱོད་པ་བྱས་པ་ཞེས་བྱ་བ་ནི་བསྙེན་པ་བྱས་པའོ། །ཧ་ཧ་ཞེས་བྱ་ཞིང་ཞེས་

པ་ནི་གད་མོ་རྣམས་བགད་ཅིང་ངོ་། །ཤིན་ཏུ་མཉམ་པར་བཞག་སྟེ་ཞེས་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་ལྡན་པར་རོ། །དེ་དབུས་བསྒྲུབ་བྱ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་གྲུབ་བོ། །དེའི་སྟེང་དུ་ཞེས་བྱ་བ་ནི་དེ་ལ་ཞེན་པའོ། །ནམ་ཞིག་སྔགས་པས་མ་གྲུབ་ན། །ཞེས་བྱ་བ་ནི་བཅོམ་
ལྡན་འདས་མཉེས་ན་ཕྱག་རྒྱ་ཆེན་པོའང་སྟེར་བར་བྱེད་དོ། །ནམ་ཞིག་རྣལ་འབྱོར་པ་བསོད་ནམས་མ་ཡིན་པའི་དབང་གིས་མ་གྲུབ་ན། དེའི་ཚེ་ལས་ཕྲན་ཚེགས་རྣམས་ངེས་པར་འགྲུབ་པར་འགྱུར་རོ་ཞེས་དད་པ་ཉེ་བར་འཕེལ་བར་བྱ་བའི་དོན་དུའོ། །འདི་ནི་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །འཇམ་
དཔལ་ཞེས་བྱ་བ་ནི་འཇམ་དཔལ་གྱི་སྤྲུལ་པའོ། །དཀྱིལ་འཁོར་རྒྱས་པར་བསྟན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །རྟོག་པ་གང་དུ་རྒྱས་པར་བསྟན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །འོ་ན་ཇི་ལྟར་དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་ཞེ་ན། དབང་མ་
བསྐུར་བར་རྒྱུད་དུ་གསུངས་པའི་ལས་མི་བྱ་བ་དང་། རྒྱུད་ཀྱང་བལྟ་བར་མི་བྱའོ་ཞེས་རྟོགས་པར་བྱ་བའི་ཕྱིར་དང་པོ་ཉིད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་པར་རིགས་སོ། །རྫོགས་སོ་ཞེས་བྱ་བ་ནི་ཡང་དག་པར་ཐོབ་པ་སྟེ་རབ་ཏུ་ཐོབ་པའོ། །འདི་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་
དང་པོའི་བཤད་པའོ།། །།དགོས་པ་མེད་པར་སུ་ཡང་འཇུག་པར་མི་འགྱུར་བ་ཡིན་པས་དགོས་པ་བསྟན་པའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་སྣ་ཚོགས་ཀྱི་རྟོག་པ་གསུངས་པ། ཤིན་ཏུ་མ་རུངས་པའི་སྔགས་པ་ཞེས་བྱ་བ་ནི། བསད་པ་དང་བསྐྲད་པ་དང་དབྱེ་བའི་ལས་གསུམ་
པ་ཁྲོས་པའི་སེམས་ཀྱིས་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །མེ་གཉིས་ཀྱི་དབུས་སུ་ཞེས་བྱ་བ་ནི་མེ་ནི་ར་ཡིག་གོ། །གང་ལ་རྟོག་ཅེ་ན་མེའི་ས་བོན་ཡིན་པའི་ཕྱིར་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་ཁོ་ནར་ཐོབ་བོ། །ཧཱུཾ་བརྒྱད་ཅེས་བྱ་བ་ནི་ཕྱོགས་སུའོ། །ཟུར་རྣམས་སུ་ཡི་གེ་ཕཊ་ཅེས་བྱ་
བྱ་བ་ནི་ཕྱོགས་བྲལ་དུ་ཕཊ་ཡིག་བརྒྱད་བྲིའོ་ཞེས་བྱ་བ་དང་འབྲེལ་ཏོ། །མ་ཡིན་ཏེ་རིམས་ཀྱིས་ཐེབས་པར་བྱ་བར་འདོད་ན་ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པས་རིམས་ཀྱིས་ཐེབས་པར་བྱ་བར་འདོད་པ་དེའི་ཚེ། ཆོ་ག་འདི་བྱ་སྟེ་མཚོན་གྱིས་བསྣུན་པའམ་སྟེང་ནས་འགེགས་པའི་མིའི་ཐོད་པ་ལ་སེན་རྩིའི་ཁུ་བའམ།

ས་དཀར་རྡོ་རྒྱུས་ཀྱིས་རིམས་མངོན་པར་བྲིས་ཏེ་དེ་ལ་ཚ་བའི་རིམས་ནི་དམར་པོ་སྐྲ་དམར་ཞིང་གྱེན་དུ་ཕྱོགས་པའོ། །གྲང་བའི་རིམས་ནི་དཀར་པོ་སྐྲ་འཕྱང་བ་ཁྲོ་བ་དང་བཅས་པ་ཞེས་བྱ་བ་ནི་གཉི་ག་ཡང་རྐང་པ་གསུམ་པ་ལག་པ་གསུམ་པ་ཡིན་ནོ། །ཕྱི་ནས་རོ་བསྲེགས་པའི་སོལ་བ་དང་
ཐལ་བ་བསྒྲུབ་བྱའི་རྐང་པའི་རྡུལ་དང་ལྷན་ཅིག་ཏུ་བྱས་པས་གཟུགས་བརྙན་འཁྲུལ་འཁོར་འདིར་སྔར་གྱི་ཆོ་ག་ཉིད་ཀྱིས་ལེགས་པར་བྲིས་ལ་དེའི་སྙིང་གར་བཅུག་སྟེ། དུག་དང་ལན་ཚྭ་དང་སྐྱེ་ཚེ་ལ་སོགས་པས་ལེགས་པར་བྱུགས་པ་པདྨ་བྷནྡྷ་གཞན་དུ་གཟུགས་བརྙན་དེ་བཅུག་པ་གཉིས་ཀ་ལ་
འདུག་པ་བྱས་ནས་ཐོད་པ་ལ་བྲིས་པ་དེའི་སྟེང་དུ་ཁ་སྦུབ་ཏུ་བཞག་དེ་ནས་དེ་ཡིས་གཟུང་བར་སེམས་ཤིང་མེ་ཐབ་ཀྱི་འོག་ཏུ་བསྲེགས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས་མཚན་མོ་ཟླ་བ་ལ་བྱས་ན་ངེས་པ་ཁོ་ནར་རིམས་ཀྱིས་འཛིན་པར་འདིར་ཐེ་ཚོམ་མེད་དོ། །བྱ་རོག་གི་ལྷག་མ་ཞེས་བྱ་བ་ནི་བྱ་
རོག་གིས་ཡོངས་སུ་ཟོས་པའི་ལྷག་མ་ཡིས་སོ། །བསད་པ་ལ་འཁྲུལ་འཁོར་ལ་ཆེ་གེ་མོ་མཱ་ར་ཡ་ཞེས་སྨོས་ལ་བྲིའོ། །བསྐྲད་པ་ལ་ཆེ་གེ་མོ་ཨུཙྪ་ཏ་ཞེས་བྱའོ། །དབྱེ་བ་ལ་ཆེ་གེ་མོ་བི་དྭེ་ཥ་ཡ་ཞེས་བྱའོ། །དེ་དག་ལ་སོགས་པས་ལས་དང་རྗེས་སུ་མཐུན་པར་ཐམས་ཅད་ལ་རྟོགས་པར་བྱའོ། །
བསད་པ་ལ་གཤིན་རྗེའི་ལྟོ་བར་གནས་པའི་མེའི་དཀྱིལ་འཁོར་དུ་འཁོར་ལོ་བྲིའོ། །དགར་བ་ལ་ནི་རྔ་མོའི་རྒྱབ་ཏུ་གནས་པའི་རླུང་གི་དཀྱིལ་འཁོར་ལའོ། །དྲན་པ་ཞེས་བྱ་བ་ནི་མན་ངག་གིས་ཡི་གེ་ཧའོ། །ཟླ་བ་ཕྱེད་པ་དང་ཐིག་ལེ་དང་། དབྱངས་ཡིག་དྲུག་པས་བརྒྱན་པ་ཡིན་པར་ཁོང་དུ་ཆུད་པར་
བྱའོ། །རེངས་པ་ལ་རི་རབ་ཟུར་བརྒྱད་པས་ཉེ་བར་མཛེས་པའི་དབུས་སོ། །དབང་དུ་བྱ་བ་ལ་བུད་མེད་ཀྱི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུའོ། །དགུག་པ་ལ་རྐང་པ་བརྒྱད་པའི་སེང་གེའི་རྒྱབ་ཏུའོ། །ཞི་བ་ལ་ཟླ་བའོ། །རྒྱས་པ་ལ་ཟླ་བ་སེར་པོའོ། །དབྱེ་བ་ལ་མ་ཧེ་དང་རྟའི་སྙིང་གར་རོ། །ལྐུགས་པར་
བྱ་བ་ལ་རའི་སྙིང་གར་རོ། །དེ་དག་ལ་སོགས་པའི་གནས་རྣམས་སུ་ལས་དང་རྗེས་སུ་མཐུན་པར་བྲི་བར་བྱའོ། །ཞི་བར་བྱ་བའི་ཕྱིར་འཁོར་ལོ་དབྱི་བ་ལ། དང་པོར་མཐའི་ཡི་གེ་ཡ། །དབྱི་བྱིན་དང་ནི་གཉི་ག་དང་། ཕྱིས་ནས་དབུས་ཀྱི་ཡི་གེ་ཡ། །ཡི་གེ་ལྷག་མ་ཅི་བདེ་བར། །འདི་ནི་རྣལ་

འབྱོར་གྱི་རྒྱུད་རྡོ་རྗེ་འཇིགས་བྱེད་ལས་རྟོག་པ་གཉིས་པའི་བཤད་པའོ།། །།རྟོག་པ་གཉིས་པ་གསུངས་པའི་དགོངས་པ་དེ་ཉིད་སྔགས་མེད་པར་འགྲུབ་པར་མི་འགྱུར་བས་སྔགས་ལ་ཐེ་ཚོམ་མེད་པར་བྱ་བའི་དོན་དུ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྔགས་བཏུ་བའི་རྟོག་པ་གསུངས་པ། དེ་ནས་ཞེས་བྱ་བ་
ལ་སོགས་པ་ནི་གོ་སླའོ། །ཡ་ཡིག་ཕྲ་མ་ཞེས་བྱར་འགྱུར། །ཀྵེ་ཡིག་གཏི་མུག་ཏུ་བརྗོད་དོ། །ཡི་གེ་མ་ནི་ཕྲ་མར་གྲགས། །མེ་ནི་འདོད་ཆགས་དགྲ་གསོད་པའོ། །ཕྲག་དོག་ངོ་བོ་ད་ཡིག་འགྱུར། །ཡཙྪ་ཐོ་བ་དབྱུག་པ་ཉིད། །ནི་ཡིག་ལག་ནི་པདྨ་སྟེ། །རཱ་ཡིག་རལ་གྲི་བསྒྲེང་བའོ། །ཛ་ཡིག་ལྷ་མོ་
ཙཱརྩི་ཀཱ། ཕག་མོ་ཡང་ནི་ས་ཡིག་ཉིད། །དོ་ཡིག་དབྱངས་ཅན་མ་རུ་གྲགས། །རུ་ཡིག་རང་བཞིན་གཽ་རཱི་ཉིད། །ཎ་ཡོ་ནི་རའི་རང་བཞིན་ཡང་། །ཐོད་པའི་དུས་ནི་འཇིགས་བྱེད་རྣམས། །ཡི་གེ་བཅུ་བདུན་གྱིས་དེ་དག །ལྷ་བཅུ་བདུན་གྱི་རང་བཞིན་དུ་རྣམ་པར་བསྒོམས་ལ། རང་གི་སྙིང་གའི་ས་བོན་
གྱི་འོད་ཟེར་རྣམས་ཀྱིས་གཤིན་རྗེ་དགྲ་ལྷ་བཅུ་བདུན་གྱི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་མདུན་དུ་རྣམ་པར་བཞུགས་སུ་གསོལ་ལ། མཆོད་ཡོན་ལ་སོགས་པ་ཕུལ་ནས་སྔར་བྲིས་པའི་འཁོར་ལོ་ལ་ཐོ་བ་ལ་སོགས་པའི་རབ་ཏུ་སྦྱོར་བས་བཅུག་ལ། དེ་ནས་ལས་དང་རྗེས་སུ་མཐུན་
པར་གསུངས་པའི་རིམ་པས་བདག་ཉིད་རྣམ་པར་བསྒོམས་ལ། སྔགས་ཡོངས་སུ་བཟླས་ཏེ་ལས་རབ་ཏུ་བསྒྲུབ་པར་བྱའོ། །རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་འཇིགས་བྱེད་ལས་རྟོག་པ་གསུམ་པའི་བཤད་པའོ།། །།དེ་དག་བསྟན་པའི་དགོས་པ་ནི་ལྷའི་དམིགས་པ་མེད་པར་འགྲུབ་པར་མི་འགྱུར་བས་
ལྷའི་དམིགས་པའི་དོན་དུ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྒྲུབ་ཐབས་ཀྱི་རྟོག་པ་གསུངས་པ། དེ་ནས་ཞེས་བྱ་བ་ནི་སྔགས་བཏུ་བའི་དེ་མ་ཐག་ཏུའོ། །རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཐབས་ཞེས་བྱ་བ་ནི་རྡོ་རྗེ་འཇིགས་བྱེད་དུ་ཐབས་གང་གིས་སྒྲུབ་པར་བྱེད། བདག་ཉིད་དུ་འགྱུར་བར་བྱེད་པ་ནི་དེའི་སྒྲུབ་ཐབས་
སོ། །ཡང་དག་རབ་བཤད་བྱ་ཞེས་བྱ་བ་ལ་ཡང་དག་པའི་དོན་ནི་འདིར་བླ་མའི་མན་ངག་གིས་བཤད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པ་སྔོན་དུ་སོང་བས་ལྷའི་གཟུགས་སུ་བྱས་ཏེ་ཞེས་བྱ་བ་ནི་ཕྱི་ནས་རྟོགས་པར་བྱའོ། །དང་པོར་རེ་ཞིག་ཅེས་བྱ་བ་ནི་དང་པོར་རོ། །

དེ་ལ་དགོངས་པ་འདི་ཡིན་ཏེ་དང་པོར་རེ་ཞིག་སྔགས་པས་སྐྱེ་བོ་འགའ་ཞིག་ལ་བརྟེན་ནས་སྟན་བདེ་བ་ལ་འདུག་སྟེ། བདུད་རྩི་ལྔ་ལ་སོགས་པའི་རི་ལུ་ཁར་བཅུག་ལ་རྣལ་འབྱོར་པ་གཅེར་བུ་གཙུག་ཕུད་བཤིག་པ། ཁ་ལྷོར་མངོན་པར་ཕྱོགས་པ་སྟེ། དེ་ནས་རང་གི་སྙིང་གར་ཉི་མ་
ལ་གནས་པའི་ས་བོན་གྱི་འོད་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མངོན་པར་ཁྱབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པའི་ལྷ་ཚོགས་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའི་ཕྱོགས་སུ་བཞུགས་སུ་གསོལ་ལ། དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་
རྡོ་རྗེ་ཙཱརྩི་ཀཱ་ལ་སོགས་པའི་ལྷ་མོ་བཞིས་མཆོད་པའི་ཡོ་བྱད་སྣ་ཚོགས་ལག་པའི་པདྨ་ལྟ་བུ་གཟུང་བ་རྣམས་ཀྱིས་ལེགས་པར་མཆོད་དོ། །སྡིག་པ་བཤགས་པ་ལ་སོགས་པ་དང་། གཤེགས་སུ་གསོལ་བ་བྱས་ནས། དེ་དག་ཐམས་ཅད་བསྒོམས་ལ་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བའི་ཚིག་
གིས་ཚངས་པའི་གནས་བཞི་བསྒོམས་པ་མཚོན་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྡུག་པའི་མཚན་ཉིད་ནི་བྱམས་པའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་འདོན་པའི་སྙིང་རྗེ་དང་། བདེ་བ་བརྟན་པ་ཉིད་ཀྱིས་དགའ་བ་དང་། གཟུང་བ་དང་འཛིན་པའི་རྣམ་པར་
རྟོག་པ་ཐམས་ཅད་ལ་བཏང་སྙོམས་སུ་བྱེད་པའི་ཕྱིར་བཏང་སྙོམས་སོ། །དེ་ནས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མུ་བཞི་དང་བྲལ་བར་རྣམ་པར་བལྟས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་ལ་སྔགས་ཀྱི་དོན་མངོན་དུ་བྱེད་ཅིང་བདག་ཉིད་ཁམས་གསུམ་
ལ་སྣང་བ་མེད་པར་བྱས་ནས། དེ་ནས་སྨོན་ལམ་གྱི་སྟོབས་ལས་བར་སྣང་ལ་ཡི་གེ་ཨཿདམར་པོ་ལས་བྱུང་བའི་ཉི་མའི་སྟེང་དུ་ཧཱུཾ་གི་འོད་ཟེར་ལྔ་འཕྲོ་བ་ཅན་ནོ། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ར་བ་དང་གུར་དང་། བླ་རེ་དང་། ས་གཞི་བསྒོམ་པར་བྱའོ། །དེ་
དག་ཐམས་ཅད་བསྒོམས་ལ་ཡང་། ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་རྗེས་སུ་ང་རོ་དང་བཅས་པས་སོ། །དྷཱིཿལས་ཞེས་བྱ་བ་ནི་དྷཱིཿསེར་པོ་ལས་སོ། །འཇམ་པའི་རྡོ་རྗེ་ཞེས་བྱ་བ་ནི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་ན་རལ་གྲི་དང་གླེགས་བམ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གི་

སྦྱོར་བས་རྒྱུའི་རྡོ་རྗེ་འཛིན་པའི་བདག་ཉིད་ཅན་ནོ། །རྒྱུད་དང་རྒྱུད་དུ་གསུངས་པའི་རིམ་པས་འབྲས་བུ་རྡོ་རྗེ་འཆང་གི་ངོ་བོར་བདག་ཉིད་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པར་བསྐྱེད་ལ་སྲིད་པ་དང་ཞི་བ་གཉིས་སུ་མེད་པའི་ང་རྒྱལ་མེད་ཅིང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ། སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་
བརྗོད་པར་བྱའོ། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱའོ། །དབང་བསྐུར་མི་བསྐྱོད་རྒྱས་གདབ་པ། །དབང་པོ་རྩ་བའི་སྤྱི་བོར་བསྒོམ། །སྒེག་པ་ལ་སོགས་རོ་དང་ལྡན། །ཁྲོ་བོ་གཟུགས་ནི་ཕྱི་རོལ་ལས། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྣ་ཚོགས་པར་བཞུགས་པའི་སངས་
རྒྱས་སྲས་དང་བཅས་པ་རྣམས་སྤྱན་དྲངས་ཏེ་མདུན་དུ་བལྟས་ལ། དེ་རྣམས་ཀྱིས་རྣམ་པར་འཕྲོས་པའོ། །ཙཱརྩི་ཀཱ་ལ་སོགས་པ་ཟླ་བ་ལྟ་བུའི་བུམ་པ་བདུད་རྩི་ལྔ་ཡིས་ཡོངས་སུ་གང་བ་གཟུང་བ་དེ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་སོང་བས་བདག་ཉིད་ལ་དབང་བསྐུར་བྱེད་པར་བསམས་
ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མདུན་དུ་བཞུགས་སུ་གསོལ་ཏོ། །མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས། ཨོཾ་མུངྒར་ཛཿཞེས་བྱ་བའི་སྔགས་ཀྱིས་བཀུག་ལ། ཨོཾ་དཎྜ་ཧཱུཾ་ཞེས་བྱ་བ་འདིས་བཅུག་ཅིང་། ཨོཾ་པདྨ་བཾ། ཞེས་བྱ་
བ་འདིས་བཅིང་ལ། ཨོཾ་ཁཌྒ་ཧོ། ཞེས་བྱ་བ་འདིས་དབང་དུ་བྱ་བའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་རྡོ་རྗེ་ཙཱརྩི་ཀཱ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དག་གིས་མཁས་པས་མཆོད་པར་བྱའོ། །དེ་ནས་འབར་བ་ལ་སོགས་པའི་ཆོ་གས་བསྒྲུབས་པའི་བདུད་རྩི་ལས་
ལྕེ་རྡོ་རྗེའི་སྦུ་གུས་དྲངས་ལ་བཟའ་བར་བྱའོ། །བདག་ཉིད་དེའི་ཕྱིར་སྦྱོར་བ་ཉིད། །བདེན་མིན་བརྫུན་པ་མིན་པ་ཉིད། །ལྷ་ཡི་རྣམ་པ་བསྒོམ་པར་བྱ། །དེ་ནས་རྣམ་དག་དྲན་པར་བྱ། །ཐོད་པས་ཐོད་དུ་བྱས་པ་ཞེས་བ་ནི་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །འཇིགས་སུ་རུང་བ་ཆེན་པོ་ཞེས་བྱ་བ་ནི་བདུད་
རྣམས་སྔངས་པར་བྱེད་པའི་ཕྱིར་རོ། །ཐོད་པའི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ནས་བཞེངས་པ་ཡིན་པའི་ཕྱིར་རོ། །ཞབས་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པས་སོ། །གཅེར་བུ་ནི་ཆོས་རྣམས་ཀྱི་སྒྲིབ་པ་ཉིད་གྲོལ་བར་བྱེད་པའི་ཕྱིར་རོ། །མཚན་མ་འགྲེང་བ་ནི་བདེ་བ་ཆེན་

པོར་རང་བཞིན་གྱིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་སོ་སོར་བཞག་པའི་ཕྱིར་གཡོན་བརྐྱང་བའི་གོམ་པའོ། །གཏུམ་པ་ཁྲོ་བ་ཡིན་པའི་ཕྱིར་གསུས་པ་ཆེ་བའོ། །སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའི་ཕྱིར་རོ། །ཕེ་ཏའི་སྒྲ་བརྗོད་པ་ནི་སྡང་བ་ལ་སོགས་པ་
རྣམས་སྐྲག་པར་བྱེད་པའི་ཕྱིར་རོ། །ཕྱག་སུམ་ཅུ་རྩ་བཞི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བཞི་རྣམ་པར་དག་པའོ། །ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྡུས་པའོ། །ཤིན་ཏུ་
མཉམ་པར་བཞག་པས་ལུས་དང་ངག་དང་ཡིད་མ་ཡེངས་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུའོ། །དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ཞེས་བྱ་བ་ནི་བསྒོམ་བྱ་དང་སྒོམ་པ་པོ་དང་སྒོམ་པ་རྣམས་དམིགས་སུ་མེད་པའོ། །གྲི་གུག་ནི་མ་རིག་པ་གཅོད་པའོ། །བྷིནྡི་ཕ་ལ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་
པ་འབྱེད་པའོ། །གཏུན་ཤིང་ནི་དྲན་པ་ཉམས་པ་འཇོམས་པའོ། །ཆུ་གྲི་ནི་སྡིག་པ་གཅོད་པའོ། །རྡོ་རྗེ་རྩེ་གཅིག་པ་ནི་ལུས་ངག་གི་ཉེས་པ་འཇོམས་པའོ། །སྟ་རེ་ནི་སེམས་ཀྱི་མཁྲེགས་པ་གཅོད་པའོ། །མདུང་ནི་ལྟ་བ་ངན་པ་འབིགས་པའོ། །མདའ་ནི་ཀུན་དུ་རྟོག་པའི་ཟུག་རྔུ་འབིགས་པར་
བྱེད་པའོ། །ལྕགས་ཀྱུ་ནི་འགུགས་པར་བྱེད་པའི་ཕྱིར་རོ། །མཚོན་ཀ་ཏ་ནི་ལས་ཀྱི་སྒྲིབ་པ་འཇོམས་པར་བྱེད་པའོ། །ཁ་ཊྭཱཾ་ག་ནི་བྱང་ཆུབ་སེམས་ཀྱི་ངོ་བོའོ། །འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རོ། །རྡོ་རྗེ་ནི་རོ་ཉམ་པར་འགྱུར་བ་ཡེ་ཤེས་ལྔའི་བདག་ཉིད་དོ། །རྡོ་རྗེ་ཐོ་བ་ནི་སེར་
སྣ་འབྱེད་པར་བྱེད་པའོ། །རལ་གྲི་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་སྟེར་བའི་ཕྱིར་རོ། །མཆོག་ཏུ་དགའ་བས་སངས་རྒྱས་ཐམས་ཅད་སྐུལ་བར་བྱེད་པ་ནི་ཌ་མ་རུའོ། །ཁྲག་གིས་བཀང་བའི་ཐོད་པ་ནི་དམ་ཚིག་སྐྱོང་བར་བྱེད་པའོ། །ཚངས་པའི་མགོ་བོ་ནི་སྙིང་རྗེས་འགྲོ་བའི་དོན་མཛད་པའི་
ཕྱིར་རོ། །ཕུབ་ནི་བདུད་ལས་རྒྱལ་བའི་ཕྱིར་རོ། །རྐང་པ་ནི་སྒོམ་པ་པོ་ལ་སངས་རྒྱས་ཀྱི་གོ་འཕང་སྟེར་བའི་ཕྱིར་རོ། །ཞགས་པ་ནི་ཡང་དག་པའི་ཡེ་ཤེས་བཅིང་བར་བྱེད་པའོ། །གཞུ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱིར་རོ། །རྒྱུ་མ་ནི་སྟོང་པ་ཉིད་དུ་གོ་བར་བྱེད་པའི་ཕྱིར་རོ། །དྲིལ་བུ་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །ལག་པ་ནི་ལས་ཐམས་ཅད་བྱེད་པའི་ཕྱིར་རོ། །དུར་ཁྲོད་ཀྱི་རས་ནི་ཆོས་ཐམས་ཅད་བདག་མེད་པ་ལ་མ་རིག་པའི་སྒྲིབ་གཡོགས་འཇོམས་པར་བྱེད་པའོ། །གསལ་ཤིང་གིས་ཕུག་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཕུག་པ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་
ཕྱིར་རོ། །མེ་ཐབ་ཅེས་བྱ་བ་ནི་ཆོས་ཐམས་ཅད་འོད་གསལ་བ་ཉིད་མཚོན་པར་བྱེད་པའོ། །ཙ་ཤ་ཀ་ནི་སྙིང་རྗེ་བདུད་རྩིས་བཀང་བའོ། །སྡིགས་མཛུབ་ནི་བདུད་རྣམས་ལ་ཐོ་འཚམ་པར་བྱེད་པའི་ཕྱིར་རོ། །འཕན་རྩེ་གསུམ་པ་ནི་ལུས་དང་ངག་དང་ཡིད་རྣམས་ཀྱི་ངོ་བོ་གཅིག་ཏུ་རྟོགས་པར་བྱེད་པའོ། །རླུང་གི་རས་ནི་ཆོས་ཐམས་
ཅད་སྒྱུ་མར་མཚོན་པར་བྱེད་པའོ། །གླང་པོ་ཆེའི་པགས་པ་ཞེས་བྱ་བ་ནི་གཏི་མུག་གླང་པོ་ཆེའོ། །ཞབས་གཡས་པ་རྣམས་སུ་མི་ལ་སོགས་པ་བརྒྱད་ནི་དངོས་གྲུབ་ཆེན་པོ་བརྒྱད་རྣམ་པར་དག་པའོ། །ཞབས་གཡོན་པ་རྣམས་སུ་བྱ་རྒོད་ལ་སོགས་པ་བརྒྱད་ནི་དབང་ཕྱུག་ཆེན་པོ་བརྒྱད་རྣམ་པར་དག་པའོ། །ཞལ་
དགུ་ནི་ཡན་ལག་དགུའི་ཆོས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ནའོ། །ཁམས་གསུམ་པ་རྣམས་ལ་བདག་ཉིད་ཡིན་པའི་ཕྱིར་མ་ཧེའི་ཞལ་ལོ། །བདེན་པ་གཉིས་རྣམ་པར་དག་པས་རྭ་གཉིས་སོ། །ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །སངས་རྒྱས་ཀྱི་ཆོས་ཀྱིས་
སེམས་ཅན་རྣམས་འཚེད་པར་བྱེད་པས་སྟེང་གི་ཞལ་དམར་པོ་ཁྲག་འཛག་པའོ། །འཇམ་དཔལ་གྱི་སྤྲུལ་པ་མཚོན་པའི་ཞལ་དགུ་པ་སེར་པོའོ། །གཞོན་ནུའི་རྒྱན་གྱིས་བརྒྱན་པ་ནི་གཞོན་ནུའི་ངོ་བོའི་ཕྱིར་རོ། །ཟུར་ཕུད་ལྔའི་ཐོད་ཅན་ནི་རྣམ་པ་ལྔ་རྣམ་པར་དག་པས་སོ། །དུས་གསུམ་དུ་གཟིགས་པར་བྱེད་པའི་ཕྱིར་
སྤྱན་གསུམ་མོ། །ལྷའི་རྣལ་འབྱོར་ལ་སོགས་པས་དེ་ལྟར་བདག་ཉིད་རྣམ་པར་བལྟས་ལ། ཇི་སྲིད་ཡིད་ནི་མི་སྐྱོ་བར། །དེ་སྲིད་རྣལ་འབྱོར་པས་སྔགས་བཟླ། །སྔགས་ཀྱི་ཡི་གེ་གང་དག་བཟླས་པ་དེ་དག་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཡས་ཕྱོགས་སུ་བསྐོར་བས་ཟླུམ་པོ་བྱས་པ་འོད་ཟེར་དང་བཅས་པ་རྣམས་
བལྟ་ཞིང་། །དབུགས་བྱུང་བ་སྒོའི་བུ་ག་ནས་བྱུང་བ་སྤྲོ་བའི་སྦྱོར་བས་འགྲོ་བའི་དོན་བྱས་ནས། ཡང་བསྡུས་ལ་དབུགས་རྔུབ་པའི་སྣའི་བུག་ནས་བཅུག་ལ་གནས་པའོ་ཞེས་ཡང་དང་ཡང་དུ་ཇི་སྲིད་མི་སྐྱོ་བའི་མཐར་ཐུག་པར་ཆོ་ག་འདི་ཉིད་ཀྱིས་བཟླས་པར་བྱའོ། །དེ་ནས་སྐྱོ་ན་ཆོ་ག་ཇི་ལྟ་བ་བཞིན་དུ་གཏོར་མ་བྱིན་ལ་ཡེ་ཤེས་

སེམས་དཔའ་གཤེགས་སུ་གསོལ་ལ་ལྷའི་རྣལ་འབྱོར་གྱིས་གནས་པར་བྱའོ། །འདི་ནི་རྣལ་འབྱོར་གྱི་རྒྱུད་ལས་རྡོ་རྗེ་འཇིགས་བྱེད་བསྒོམ་པའི་རྟོག་པ་སྟེ་བཞི་པ་བཤད་པའོ།། །།ལྷའི་བསྒོམ་པ་དེ་ཉིད་གསལ་པོར་བྱ་བའི་དོན་དུ་དེ་ནས་ཞེས་བྱ་བ་ལ་སོགས་པ་རས་རིས་ཀྱི་རྟོག་པ་གསུངས་པ། དེ་
ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཤེས་པའོ། །རི་མོ་མཁན་བཟང་པོ་ཞེས་བྱ་བ་ནི་དམ་ཚིག་བསྟེན་པའོ། །གསང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་མ་འཁྲུལ་བའོ། །བྱང་བ་ཞེས་བྱ་བ་ནི་རི་མོའི་ལས་ལའོ། །དཔའ་བོའི་རིམ་པ་ཞེས་བྱ་བ་ནི་ཆང་དང་ཤ་ལ་ཉེ་བར་
རོལ་ཅིང་དགའ་བའི་སེམས་སོ། །དུང་ཆེན་པོ་ཕྲེང་བ་ཞེས་བྱ་བ་ནི་དུང་ཆེན་པོའི་ཕྲེང་བ་སྟེ་དེ་རྣམ་པར་སྦྱང་བར་བྱས་ནས་སོ། །དེ་ལ་འདི་ནི་རྣམ་པར་སྦྱང་བའི་མན་ངག་སྟེ་རི་ལུ་སོ་སོར་ཧཱུཾ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་བལྟས་ནས་སམ། ཡང་ན་ཁྲག་འཛག་པའི་མི་མགོའི་ཕྲེང་བའི་རང་བཞིན་དུ་རྣམ་པར་
བསྒོམས་ལ་གསང་སྔགས་བཟླས་པར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ། །འདི་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་ལྔ་པའི་བཤད་པའོ།། །།སྦྱིན་སྲེག་ལ་རབ་ཆགས་པ་ཡི། །སེམས་ཅན་རྣམས་ལ་ཆོ་ག་མཛད། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པར། །དཔལ་ལྡན་རྡོ་རྗེ་སེམས་
དཔས་བསྟན། །སྦྱིན་སྲེག་གི་ལས་ཀྱི་ཆོ་ག་ཞེས་བྱ་བ་ནི་གོ་སླའོ། །གང་གིས་བསད་པར་འདོད་ན་ཞེས་བྱ་བ་ནི་གང་གི་ཚེ་བསད་པར་འདོད་པར་ཏེ། རྣལ་འབྱོར་པས་དེའི་ཚེ་དུར་ཁྲོད་དུ་སོང་ནས་བརྟན་པོར། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས། རོ་བསྲེགས་པའི་མེ་ལ་འཆད་པར་འགྱུར་བའི་རིམ་པས་མེ་
ལྷ་ལ་སོགས་པའི་ཞལ་དུ་རྫས་ཀྱི་སྦྱིན་སྲེག་བྱའོ། །ཡང་ན་ཁྱིམ་དུ་གནས་ལ་དབེན་པར་བྱས་ལ་བཅུ་བཞི་ལ་ཟུར་གསུམ་དམར་པོ། སོར་ཉི་ཤུའི་ཚད། སོར་ལྔ་གཉིས་བརྐོས་ལ་རྡོ་རྗེའི་ཕྲེང་བས་བརྒྱན་པའི་མེ་ཐབ་དམར་པོ་བྱས་ནས་འདིར་དུར་ཁྲོད་ཀྱི་མེའམ། གདོལ་པའི་མེའི་དབུས་སུ་པཾ་ལས་
བྱུང་བའི་སྣ་ཚོགས་པདྨའི་དབུས་སུ། མེ་གསུམ་པའི་དབུས་རཾ་ལས་བྱུང་བའི་མེ་ལྷ་ཁ་དོག་དཀར་པོ་ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་གཡས་ན་ཕྲེང་བ་དང་། གཞན་གྱིས་མི་འཇིགས་པ་དང་། གཡོན་པ་དབྱུ་གུ་གསུམ་པ་བསྣམས་པ། གཞན་གྱིས་རིལ་བ་སྤྱི་བླུགས་བསྣམས་པ། གཞན་

གྱིས་གྲི་གུག་དང་ཐོད་པ་བསྣམས་པའོ། །གཡོན་པ་བརྐྱང་བའི་གོམ་པས་གནས་པ། ཁྲོ་བོ་རྒྱན་གྱིས་བརྒྱན་པ། དེའི་སྙིང་གར་རང་གི་ས་བོན་གནས། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས། དམ་ཚིག་པ་བཅུག་ལ་མཆོད་པ་ལ་སོགས་
པ་བྱས་ཏེ། དེའི་ཞལ་དུ་ཡི་གེ་རཾ་བཀོད་ལ་ཅུང་ཟད་དབུལ་བར་བྱ་སྟེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་སྔགས་འདིས་སོ། །དེའི་སྙིང་གར་རྡོ་རྗེ་འཇིགས་བྱེད་བསྟན་པའི་གཟུགས་བསྟན་པའི་རིམ་པ་བསམས་ལ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ཡེ་ཤེས་སེམས་དཔའ་སྤྱན་
དྲངས་པ་ལ་སོགས་པ་བྱས་ནས། མཆོད་པ་ལ་སོགས་པ་བྱས་ལ་དེའི་ཞལ་དུ་ཡི་གེ་རཾ་བཀོད་ལ། བདག་ཉིད་རྡོ་རྗེ་འཇིགས་བྱེད་ཁ་དོག་དང་ལྡན་པའི་རྣལ་འབྱོར་དང་ལྡན་པས་སྦྱིན་རྫས་སྲེག་ནས་གསུངས་པ་ལྟར་འགྱུར་རོ། །བསད་དང་བསྐྲད་པ་དང་། དབྱེ་བ་ལ་སོགས་པ་དྲག་ཤུལ་སྤྱོད་པའི་ལས་
རྣམས་ནི་བཅུ་བཞི་ལ་མ་རུངས་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཁྱད་པར་རོ། །བསད་པའི་མེ་ཐབ་ཇི་ལྟ་བར་དབྱེ་བའི་ཡང་ངོ་། །དེ་ནས་བསྐྲད་པར་འདོད་ན་ཞེས་བྱ་བ་ནི་གང་གི་ཚེ་བསྐྲད་པར་འདོད་པ་དེའི་ཚེ། ཁྲུ་དོའི་ཚད་ལ་ཁྲུ་གང་ཙམ་བརྐོས་ལ། རྡོ་རྗེའི་ཕྲེང་བས་བརྒྱན་པ་སྔོན་པོ་སྟེ། དེར་གསུངས་པ་ཡི་
རིམ་པ་ཡིས། །ཐམས་ཅད་ལས་ལ་སྦྱིན་སྲེག་བྱའོ། །དེ་ནས་ཞི་བར་འདོད་ན་ཡང་ཞེས་བྱ་བ་ནི། ཡར་ངོའི་ཚེས་གཅིག་ལ་ཁྲུ་གང་བའི་ཚད་ལ་ཁྲུ་ཕྱེད་བྲུས་པ་ཟླུམ་པོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པའི་མེ་ཐབ་བྱས་ནས་ནད་སོགས་ཞི་བར་བྱ་བར་འདོད་པས་ཞེས་བྱ་བ་ནི་ཞི་བ་དགེ་བའི་སེམས་
ཀྱིས་རྡོ་རྗེ་འཇིགས་བྱེད་ཁ་དོག་དཀར་པོའི་རྣལ་འབྱོར་གྱིས་སྔར་བཞིན་དུ་ཐམས་ཅད་མེ་ཐབ་བྱས་ལ། གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །དེ་ནས་རྒྱས་པར་འདོད་ན་ཞེས་བྱ་བ་ནི་དེའི་ཚེ་ཟུར་བཞི་པའི་སེར