Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 47
Văn bản gốc(Tây Tạng)
Trang 2 / 16 (50.000 ký tự/trang)
ས་དེ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་གཉིས་པ་དང་། ནང་དང་ཕྱི་རོལ་གྱི་ གཟུགས་མེད་པའི་འདུ་ཤེས་ཀྱིས་གཟུགས་རྣམས་མངོན་སུམ་དུ་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་ཞེས་བྱ་བ་གསུམ་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བཞི་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ལྔ་པ་དང་། ཅི་ཡང་ མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དྲུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བདུན་པ་དང་། འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། འདི་དག་རྣམས་དག་པ་ནི། སྣ་ཚོགས་རྡོ་རྗེའི་ཟུར་བཞི་དང་ལོགས་བཞིའོ། །རྡོ་རྗེ་ཐེག་པའི་ ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་གི་རིམ་པ་དང་། འབྲེལ་པའི་རྡོ་རྗེའི་ཐིག་དང་ཡང་དག་པར་ལྡན་པའོ། །འབྲས་བུ་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཤིན་ཏུ་མཐོ་བའི་བྱེ་བྲག་གིས་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཉི་ཤུའོ། །རྟེན་དང་བརྟེན་པའི་དབྱེ་བས་ས་ལྔ་ནི་ངོས་ རྣམས་དང་སྟེང་ངོ་། །གོས་པ་མེད་པའི་ཆོས་གཅིག་དང་། དུ་མ་ཇི་ལྟར་རིགས་པ་རབ་ཏུ་སྟོན་པ་ནི། ལྷའི་གནས་ཀྱི་སྣ་ཚོགས་པདྨའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན་པར་བྱེད་པས་ཉི་མའི་གདན་དང་ལྡན་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་འཕེལ་བར་བྱེད་པས་ཟླ་བའི་གདན་དང་ལྡན་པའོ། ། སྙིང་རྗེའི་བདུད་རྩིས་ཡོངས་སུ་གང་བས་ན་བུམ་པ་བརྒྱད་དོ། །ཆོས་ཀྱི་འོད་ཀྱི་སྒྲོན་མའི་གྲགས་པ་ནི་དྲི་ཞིམ་པའོ། །ཆོས་ཀྱི་ཟས་ནི་བཤོས་གཙང་སྟེ། དེ་ལྟ་བུ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང་། ཞེ་སྡང་ཆེན་པོ་ཤིན་ཏུ་རྣམ་པར་ དག་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་བཅོམ་ལྡན་འདས་སོ། །འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་བསྡུས་པས་གནག་པ་ནི་ནག་པོའོ། །བརྟགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་གཤིན་རྗེ་མཐར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་དོ། །ཤིན་ཏུ་གདུག་པ་ཅན་དྲག་པོ་ཞི་བས་ མི་འདུལ་ལ་ཁྲོ་བོ་ཆེན་པོའོ། །རྣམ་ཐར་སྒོ་གསུམ་རྣམ་པར་དག་པ་ཞལ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཕྱག་དྲུག་གོ། །སེར་སྣ་ལ་སོགས་པ་འཇིག་པར་མཛད་པས་རྡོ་རྗེ་ལ་སོགས་པ་དྲུག་ཕྱག་ན་བསྣམས་པའོ། །ཞེ་སྡང་གི་ཆའི་ཉེ་བའི་ཉོན་མོངས་པ་འཇིག་པས་ སྦྲུལ་གྱིས་བརྒྱན་པའོ། །ཚོགས་གཉིས་ཡོངས་སུ་རྫོགས་པས་རང་དང་མཚུངས་པའི་ཡེ་ཤེས་ལ་འཁྱུད་པའོ། །རྟག་ཏུ་སེམས་ཅན་གྱི་དོན་མཛད་པས་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོའོ། །ཆོས་ཀྱི་སྐུ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་མཛད་པའོ། །གཟུགས་ཀྱི་ཕུང་ པོ་དང་གཏི་མུག་ཆེན་པོ་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ནི་བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དོ། །གཞན་ནི་སྔ་མ་བཞིན་ནོ། །གཏི་མུག་གི་ཆའི་ཉེ་བའི་ཉོན་མོངས་པའི་ཕྲ་མ་ཆེན་པོ་དང་། ཚོར་བའི་ཕུང་པོ་རྣམ་པར་དག་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ བཅོམ་ལྡན་འདས་ཕྲ་མ་གཤིན་རྗེ་གཤེད་དོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ང་རྒྱལ་གྱི་ཆའི་ཉེ་བའི་ཉོན་མོངས་པ་དང་། འདོད་ཆགས་ཆེན་པོ་དང་། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། བཅོམ་ལྡན་འདས་འདོད་ཆགས་གཤིན་རྗེ་གཤེད་དོ། །འདོད་ ཆགས་ཀྱི་ཆའི་ཉེ་བའི་ཉོན་མོངས་པ་དང་། ཕྲག་དོག་ཆེན་པོ་དང་། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེ་གཤེད་དོ། །ཕྲག་དོག་གི་ཆའི་ཉེ་བའི་ཉོན་མོངས་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཤེས་ བྱའི་སྒྲིབ་པ་དང་། ཕུང་པོའི་བདུད་ལ་དད་པ་རྣམ་པར་དག་པ་ནི། བཅོམ་ལྡན་འདས་ཐོ་བ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་དང་། མཐར་འཛིན་པར་ལྟ་བ་དང་། འདོད་པའི་སྒྲིབ་པ་དང་། ཉོན་མོངས་པའི་བདུད་ལ་བརྩོན་འགྲུས་རྣམ་པར་ དག་པ་ནི་བཅོམ་ལྡན་འདས་དབྱུག་པ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པར་ཉེ་བའི་ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། འཆི་བདག་གི་བདུད་ལ་དྲན་པ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་པདྨ་གཤིན་རྗེ་གཤེད་དོ། །མི་ མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་དང་། སྐྱེ་བའི་སྒྲིབ་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལྷའི་བུ་རྣམ་པར་གཡེང་བྱེད་བདུད་ལ་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བཅོམ་ལྡན་འདས་རལ་གྲི་གཤིན་རྗེ་གཤེད་དོ། །སའི་ཁམས་ དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱམས་པ་ཆེན་པོའི་ངོ་བོ་ཉིད་རྡོ་རྗེ་ཙརྩི་ཀའོ། །ཆུའི་ཁམས་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྙིང་རྗེ་ཆེན་པོའི་ངོ་བོ་ནི་རྡོ་རྗེ་ཕག་མོའོ། །མེའི་ཁམས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དགའ་བ་ཆེན་པོའི་ངོ་བོ་ནི་རྡོ་རྗེ་དབྱངས་ཅན་མའོ། །རླུང་ གི་ཁམས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཏང་སྙོམས་ཆེན་པོའི་ངོ་བོ་ནི་རྡོ་རྗེ་གཽ་རཱི་མའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པ་དག་པ་ནི་ཐོད་པ་བཞིའོ། །ནང་དྲི་ཞིམ་པོས་ཀྱང་བཀང་བ་ནི། ཆོས་ཀྱི་དབྱིངས་ཀུན་དུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ས་དང་སྦྱར་བ་ཡང་བརྟག་པར་བྱའོ། ། སྟོབས་དང་མ་འདྲེས་པ་ལ་སོགས་པ་མ་བྲིས་པ་ནི་གཞུང་མངས་ཀྱིས་དོགས་པས་འཇིགས་པས་སོ། །དེ་ལྟ་བུ་ནི་ལྷའི་དེ་ཁོ་ན་ཉིད་དོ། །དེ་ནས་སློབ་དཔོན་གྱི་ལས་ཏེ་བསྲུང་བའི་དམ་ཚིག་དང་། བཟའ་བའི་དམ་ཚིག་བསྒྲུབ་པ་རྒྱུད་དེ་དང་དེ་དག་བསྟན་པའོ། །བདག་བསྲུང་བ་ནི་སོ་སོ་འབྲང་ མའི་དཀྱིལ་འཁོར་དང་སྒྲུབ་ཐབས་བསྟན་པས་སོ། །སློབ་དཔོན་འཇུག་པ་ནི་གཏོར་མ་བྱིན་ཏེ། དེ་ལ་རྣལ་འབྱོར་བཞི་དང་ལྡན་པའི་སློབ་དཔོན་གྱིས་བཅའ་བ་དང་། མྱང་བ་དང་། བཏུང་བ་བལྡག་པ་ལ་སོགས་པ་སྣ་ཚོགས་དང་ལྡན་པ་དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་ དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་ལ་སོགས་པའི་སྒྲ་ཆེན་པོ་ཀུན་རྫོབ་ཏུ་རྫོགས་པ་དང་བཅས་པའི་གཏོར་མ་ཤིང་རྟ་བཀང་བའམ། མ་འབྱོར་ན་ནས་ཀྱི་ཁུར་བའམ། འབྲས་ཆན་ཉུང་ཤས་ཙམ་དང་བཅས་པའི་ཆུ་ཁྱོར་བ་གསུམ་ཙམ་ཡང་རུང་ངོ་། །དེ་ནས་ཁྲོ་བོ་ཞགས་པ་ དང་ལྕགས་ཀྱུ་ལ་སོགས་པ་ཐོགས་པ་སྤྲོས་ཏེ། ཕྱོགས་སྐྱོང་བ་རྣམས་སྙིང་ག་ནས་ལྕགས་ཀྱུས་བཟུང་ཞིང་། མགྲིན་པ་ཞགས་པས་བཅིངས་ནས་དྲངས་པར་བསམ་མོ། །དེ་ལ་ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་དུཥྚཱན་ས་པ་རི་ཝཱ་ར་མཱ་ཀཱཪྵ་ཡ་ཛཿཞེས་བྱ་བས་དབང་པོ་ མིག་སྟོང་པ་མདོག་དམར་སེར་གླང་པོ་ཆེའི་སྟེང་ན་འདུག་པ། ལག་པ་གཡས་དང་གཡོན་རྡོ་རྗེ་དང་སྡིགས་མཛུབ་བྱས་པ་བཀུག་ལ་གཞག་གོ། །སྔགས་དེ་ཉིད་ཀྱིས་ཉེ་དབང་ནམ་མཁའ་ལྡིང་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་ཅན། གཡས་ན་བསྲུབ་ཤིང་དང་། འཁོར་ལོ། གཡོན་ན་ དུང་དང་ནོར་བུ་ཀཽ་སྟུ་བྷ་ཐོགས་པ། དེའི་གཡོན་དུ་ཧ་ཅང་མི་རིང་བར་གཞག་གོ། །གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་སྐྲ་སེར་པོ་གྱེན་དུ་འབར་བ། ལག་པ་ན་དབྱུག་པ་དང་། སྡིགས་མཛུབ་ཅན་གཤིན་རྗེའི་ཕྱོགས་སུའོ། །ཆུ་བདག་དཀར་པོ་བྲང་འགྲོ་ལ་ཞོན་པ། ལག་ན་ཀླུ་ཞགས་ཐོགས་ པ་ནུབ་ཕྱོགས་སུའོ། །ཀུ་བེ་ར་ནོར་གྱི་སྟེང་ན་འདུག་པ་སེར་པོ་ས་བོན་གྱི་གྲོང་ཁྱེར་དང་། ནེའུ་ལེ་ལག་ན་ཐོགས་པ་བྱང་ཕྱོགས་སུའོ། །དེ་ཉིད་དུ་སྣ་ཅན་དཀར་པོ་བྱི་བ་ལ་ཞོན་པ་ལག་པ་གཡས་ན་ཕྲེང་བ་དང་། སྟ་རེ། གཡོན་ན་ལ་ཕུག་དང་ལ་དུ་ཐོགས་པའོ། །དབང་ལྡན་དཀར་པོ་གླང་ལ་ ཞོན་པ་རལ་པ་ཅན། མིག་གསུམ་པ་རྩེ་གསུམ་དང་། ཐོད་པ་ཐོགས་པ་ལག་པ་གཉིས་ཀྱིས་གཽ་རཱི་ལ་འཁྱུད་པ་དང་དབང་ལྡན་ཕྱོགས་སུའོ། །མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ལག་ན་ཕྲེང་བ་དང་སྤྱི་བླུགས་ཐོགས་པ། མེའི་ཕྱོགས་སུའོ། །སྲིན་པོ་རོ་ལ་ཞོན་པ་གྲི་གུག་དང་། ཐོད་ པ་ལག་ན་ཐོགས་པ་ཁྲོ་ཞིང་རྔམ་པ་སྔོན་པོ་བདེན་བྲལ་དུའོ། །རླུང་ལྷ་དུ་བའི་མདོག་ཅན་རི་དགས་ལ་ཞོན་པ་ལག་པ་གཉིས་ཀྱིས་གོས་ཐོགས་པ་རླུང་གི་ཕྱོགས་སུའོ། །ཟླ་བ་དཀར་པོ་ཀུ་མུ་དའི་སྟེང་ན་འདུག་པ་ཀུ་མུ་ད་ལག་ན་ཐོགས་པ་སྟེང་དུའོ། །ཉི་མ་དམར་པོ་ ལག་ན་པདྨ་ཐོགས་པ། རྟ་མཆོག་བདུན་ལ་ཞོན་པ་སྟེང་དུའོ། །ཚངས་པ་དམར་པོ་གདོང་བཞི་པ་ལག་ན་ཐལ་བའི་སྣོད་དང་། མི་འཇིགས་པ་སྦྱིན་པ་དང་། དབྱུག་པ་དང་། ཕྲེང་བ་ཐོགས་པ་ཅན་ངང་པ་ལ་ཞོན་པ་ཡང་སྟེང་དུའོ། །སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ་གཡོན་ན་བུམ་ པ་ཐོགས་པ། གཡས་པ་ཁས་ལེན་པའི་ལག་པ་ཅན་འོག་ཏུའོ། །གཞན་དུ་སེར་པོ་ཡོད། ཐགས་བཟངས་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ། ལག་པས་རལ་གྲི་དང་སྡིགས་མཛུབ་ཅན་དེ་ཉིད་དུ་དགོད་དོ། །དེ་དག་ཐམས་ཅད་དགུག་པའི་སྔགས་ལ་སོགས་པ་ནི་སྔ་མ་དེ་ཉིད་དོ། །དེ་ ནས་ཡང་རང་གི་སྙིང་ག་ནས་ཁྲོ་བོའི་ཕུར་བུ་མགྲིན་པ་ནས་བཟུང་ནས། ཐོགས་པའི་ཁྲོ་བོ་རྣམས་རྣམ་པར་སྤྲོས་ལ། དེ་དག་གི་སྙིང་ག་དང་། མགྲིན་པ་དང་། མགོ་དང་། རྐང་པའི་བར་དུ་གདབ་བོ། །སྔགས་ནི་ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སརྦ་དུ་ཥྜཱནྡྲ་ཨཱ་དི་ས་པ་ རི་ཝཱ་ར་ན་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་བྱའོ། །དེའི་རྗེས་ལ་གྲུབ་པའི་བཅུད་ཀྱིས་ལེན་གྲུབ་པ་བཞིན་དུ་ཀུན་ཀྱང་། གཤིན་རྗེ་གཤེད་ཀྱི་རྣམ་པར་སྒྲུབ་པའམ། བྱང་ཆུབ་ཀྱི་སེམས་ཁུ་བའི་ངོ་བོར་སྒྲུབ་བོ། །གལ་ཏེ་ཁུ་བའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་ས་བོན་དང་ཕྱག་མཚན་གྱི་རིམ་པས་ བསྐྱེད་པར་བྱའོ། །དེ་ལ་ཨོཾ་དང་རྡོ་རྗེ་ལས་བྱུང་བའི་དབང་པོ་དམར་སེར་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དང་པོ་གཉིས་ན་གྲི་གུག་དང་ཐོད་པ། ལྷག་མ་བཞི་ན་རྡོ་རྗེ་དང་། རལ་གྲི་དང་། པདྨ་དང་འཁོར་ལོ་བསྣམས་པ། རི་བོང་ཅན་ལ་བཞུགས་པའོ། །ཧྲཱིཿདང་དབྱུག་པ་ལས་གཤིན་རྗེ་ སྔོན་པོ་གཡས་དང་གཡོན་པའི་ཞལ་དཀར་པོ་དང་དམར་པོ་གཡས་རྣམས་ནི་གྲི་གུག་དང་། དབྱུག་པ་དང་རལ་གྲི་དང་། ཕྱག་གཡོན་རྣམས་ན་ཐོད་པ་དང་པདྨ་དང་འཁོར་ལོ། སྐྲ་སེར་པོ་གྱེན་དུ་འགྲེང་བ། ཉི་མ་ལ་བཞུགས་པ་ཁྲོ་བོའི་གཟུགས་ཅན་ནོ། །ཥྚྲྀཿདང་ཀླུ་ཞགས་ལས་ ཆུ་ལྷ་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་། དམར་པོ་གཡས་ན་གྲི་གུག་དང་ཀླུ་ཞགས་དང་། རལ་གྲི། ཕྱག་གཡོན་ན་ཐོད་པ་དང་། པདྨ་དང་། འཁོར་ལོ་རིན་པོ་ཆེའི་ཅོད་པན་ཟླ་བ་ལ་བཞུགས་པའོ། །ཝི་དང་ས་བོན་གྱི་གྲོང་ཁྱེར་ལས་ཀུ་བེ་ར་སེར་པོ་གཡས་དང་གཡོན་ པའི་ཞལ་སྔོན་པོ་དང་། དཀར་པོ་གྲི་གུག་དང་། ས་བོན་གྱི་གྲོང་ཁྱེར་དང་། རལ་གྲི་ཕྱག་གཡོན་ན་ཐོད་པ་དང་། པདྨ་དང་། འཁོར་ལོ་བསྣམས་པ་རིན་པོ་ཆེའི་ཅོད་པན་ཅན་རི་བོང་ཅན་ལ་བཞུགས་པའོ། །ཀྲྀ་དང་རྩེ་གསུམ་པ་ལས་བིཛ་པཱུ་ར་དབང་ལྡན་དཀར་པོ་ཞལ་གཡས་དང་ གཡོན་སྔོན་པོ་དང་། དམར་པོ་གཡས་ན་གྲི་གུག་དང་། རྩེ་གསུམ་པ་དང་། རལ་གྲི་དང་། ཕྱག་གཡོན་ན་ཐོད་པ་དང་། ནོར་བུ་དང་། འཁོར་ལོ་གཽ་རཱི་ལ་འཁྱུད་པ། ཐོད་པའི་ཕྲེང་བ་ཅན་རི་བོང་ཅན་ལ་བཞུགས་པའོ། །ཏ་དང་ཐལ་སྣོད་ལས་མེ་ལྷ་དམར་པོ་ཞལ་གཡས་ དང་། གཡོན་སྔོན་པོ་དང་། དཀར་པོ། གཡས་ན་གྲི་གུག་དང་ཐལ་སྣོད་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་པདྨ་དང་ནོར་བུ། ཉི་མའི་གདན་ལ་བཞུགས་པའོ། །ཨཱཿདང་རྩེ་གསུམ་ལས་བདེན་བྲལ་སྔོན་པོ་ཁྲོ་བོའི་གཟུགས་དང་། ཞལ་གཡས་དང་གཡོན་དཀར་ པོ་དང་། དམར་པོ་དང་། གཡས་ན་གྲི་གུག་དང་དབྱུག་པ་དང་། རལ་གྲི། ཕྱག་གཡོན་ཐོད་པ་དང་པདྨ་དང་འཁོར་ལོ། ཉི་མའི་གདན་ལ་བཞུགས་པའོ། །ན་དང་གོས་ལས་རླུང་ལྷ་དུ་བའི་མདོག་ཅན། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་ གུག་དང་བ་དན་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་པདྨ་དང་ཟླ་བ་ལ་བཞུགས་པའོ། །ན་དང་ཀུ་མུ་ད་ལས་ཟླ་བ་མདོག་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དམར་པོ། གཡས་གྲི་གུག་དང་ཀུ་མུ་ད་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་འཁོར་ལོའོ། ཧཱུྃ་དང་པདྨ་ལས་ཉི་མ་དམར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ། གཡས་ན་གྲི་གུག་དང་པདྨ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་འཁོར་ལོ། ཧཱུྃ་དང་ཕྲེང་བ་ལས་ཚངས་པ་དམར་པོ་ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་ དང་ཕྲེང་བ་དང་། རལ་གྲི། ཕྱག་གཡོན་ན་ཐོད་པ་དང་། ནོར་བུ་དང་། པདྨ་ཟླ་བ་ལ་བཞུགས་པའོ། །ཕཊ་དང་པདྨ་ལས། སའི་ལྷ་མོ་སེར་བ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་བ། གཡས་ན་གྲི་གུག་དང་བུམ་པ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་ དང་ནོར་བུ་དང་། པདྨ་ཟླ་བ་ལ་བཞུགས་པའོ། །ཕཊ་དང་རལ་གྲི་ལས་ཐགས་བཟངས་རིས་སྔོན་པོ། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། གཡས་ན་གྲི་གུག་དང་། རལ་གྲི་དང་རྡོ་རྗེ་དང་། ཕྱག་གཡོན་ན་ཐོད་པ་དང་། འཁོར་ལོ་དང་པདྨ་ཉི་མ་ལ་བཞུགས་པའོ། །སྭཱ་དང་དུང་ ལས་ཁྱབ་འཇུག་སྔོན་པོ། ཞལ་གཡས་དང་། གཡོན་དཀར་པོ་དང་། དམར་པོ། གཡས་གྲི་གུག་དང་དུང་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་། འཁོར་ལོ་དང་པདྨ་ཟླ་བ་ལ་བཞུགས་པའོ། །ཧཱ་དང་དགྲ་སྟ་ལས་སྣ་ཅན་དཀར་པོ། ཞལ་གཡས་དང་གཡོན་སྔོན་པོ་དང་། དམར་པོ། གཡས་ན་གྲི་གུག་དང་དགྲ་སྟ་དང་། རལ་གྲི། ཕྱག་གཡོན་ན་ཐོད་པ་དང་འཁོར་ལོ་དང་པདྨ། རི་བོང་ཅན་ལ་བཞུགས་པའོ། །དེ་དག་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི། སྐུ་དང་གཉིས་སུ་མེད་པར་གྱུར་པ། ཕྱག་དང་པོ་གཉིས་ན་ཐོད་པ་ཐོགས་པ་འཁྱུད་པའི་ཚུལ་གྱིས་ འཛིན་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། སྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པ། དེ་ལྟ་བུར་བསམས་ལ། དེ་དག་གི་མིག་ལ་སོགས་པ་ལ་ཇི་སྐད་བཤད་པའི་རྡོ་རྗེ་མིག་ལ་སོགས་པ་བསྐྱེད་དེ། ལུས་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་དང་། ཇི་སྐད་བཤད་ པས་དབང་བསྐུར་ལ། ཅོད་པན་ལ་གཤིན་རྗེ་མཐར་བྱེད་བསམས་ཏེ། ཡོན་ཆབ་དང་ཞབས་བསིལ་དང་། བསང་གཏོར་དབུལ་ལོ། །དེ་ནས་གཏོར་མ་ཐམས་ཅད་བསྟབ་པར་བྱ་སྟེ། བདུད་རྩི་སྒྲུབ་པའི་ཐབས་ཀྱིས་བསྒྲུབས་ལ། དེ་ཉིད་གསུམ་གྱིས་བསྔགས་ཏེ། དེའི་ལྕེའི་སྦྱོར་བ་རྣམ་ པར་བསམས་ལ། བདུད་རྩི་དབུལ་ལོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཨིནྡྲཱ་ཡ་ཧྲཱིཿ། ཡ་མ་ཡཥྚྲྀ། བ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲི། ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་ཪྼྀ་ཏ་ཡེ་མ། བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུྃ། ཨརྐ་ཡ་ཧཱུྃ། བྲཧྨ་ཎེ་ཕཊ། བ་སུ་དྷ་རཱ་ཡཻ་ཕཊ། བེ་མ་ཙི་ཏྲ་ཎེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧི་ཧི་ཧཱུྃ་ཧུྃ་ཕེཾ་ཕེཾ་ ཕཊ་ཕཊ་སྭཱ་ཧཱ། དེ་ནས་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་བཤོས་གཙང་ལ་སོགས་པ་ཕུལ་ལ། དེ་དག་གིས་ཀྱང་སྒྲུབ་པ་པོ་མངོན་པར་དགའ་བའི་མྱང་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པར་གྱུར་ཏོ། །དེ་ནས་དེ་དག་ལ་བསྟོད་པ་སྟེ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས། གཏི་མུག་ རྡོ་རྗེའི་ངོ་བོ་ཁྱོད། །ཅེས་བྱ་བ་ལ་སོགས་པས་བསྟོད་ནས། མངོན་པར་འདོད་པ་བླངས་ལ་གཤེགས་སུ་གསོལ་ཏེ། ཨོཾ་ཨཱཿཧཱུཾ་མུཿཞེས་བྱ་བས་སོ། །སྒྲུབ་པ་པོ་དེ་ཇི་ལྟར་འདོད་པ་དེ་དང་། དེ་སྒྲུབ་ཅིང་མདུན་དུ་རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་འགྲོ་བའི་དོན་མཛད་དོ། །འདི་ནི་གཏོར་མའི་དེ་ཁོ་ན་ ཉིད་དོ། །དེའི་རྗེས་ལ་སློབ་མ་གཤིན་རྗེ་འདུལ་བའི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྦྱིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་། །རིན་ པོ་ཆེ་དང་པདྨ་དང་། །ལས་ཀྱི་སྒྲ་བཅུག་པའི་རིམ་པའི་ཚིགས་སུ་བཅད་པ་ལྔ་ནི་རྗེས་སུ་གནང་བ་སྦྱིན་པའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཞེས་བྱ་བ་ནི་རྡོ་རྗེ་སྦྱིན་པའོ། །ཨོཾ་སརྦ་ཏ་ ཐཱ་ག་ཏ་སིདྦྷ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུྃ་ཞེས་སློབ་མ་ལ་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསམས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་སྙིང་གར་བཟུང་བའི་ཚུལ་དང་། གཡས་པ་མཆོག་སྦྱིན་པ་བྱས་ལ། ཨོཾ་ཨེ་ཥོ་ཧཾ་བྱཱ་ཀ་རོ་མི་ཏྭཾ། བཛྲ་སཏྭ་ཏ་ཐཱ་ག་ཏཿ། བྷ་བ་དུརྒ་ཏི་ཏི་ཏོ་ཨུདྦྲྀ་ཏྱ། ཨ་ཏྱནྟ་བྷ་བ་ཤུདྡྷ་ཡེ། ཀྱེ་ཆེ་གེ་མོ་ཞེས་བྱ་བ་ཏ་ཐཱ་ག་ཏ་སིདྡྷཿས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿཞེས་ཚིག་འདི་དང་ཕྱག་རྒྱ་འདིས་ལུང་བསྟན་པ་བྱས་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མགྲིན་གཅིག་གིས་བླ་ན་ འདིར་ནི་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །སྲིད་མཐའ་ཤིན་ཏུ་དག་པས་ན། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། མངོན་པར་མཐོ་བའི་ཕྱག་རྒྱ་འདིའི་མཐུ་དང་སྔགས་འདི་ཡི་སྟོབས་ལ་དད་པར་གྱིས་ཤིག་ཅེས་བྱ་བ་སློབ་མ་ལ་བརྗོད་དེ། འདི་ནི་ ལུང་བསྟན་པའོ། །དེ་ནས་གསང་བ་བརྗོད་པར་བྱ་བ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །གཞན་ནི་ཁམས་གསུམ་ན་མེད་དེ། །དེས་ན་རྟག་ཏུ་ཁྱོད་ཀྱིས་ནི། །འདོད་ཆགས་བྲལ་བར་མི་བྱའོ། །དམ་ཚིག་སྦྱིན་པ་ནི་ཧཱུྃ་ཕཊ་གསང་བ་བརྗོད་པའོ། །དེ་ནས་གསང་ བའི་དཀྱིལ་འཁོར་མཆོག །མཐོང་བ་དང་ནི་རེག་པ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་གནས་པར་གྱུར། །ཁྱོད་ནི་ཡང་ཡང་མི་འཆི་བས། །དེ་ཕྱིར་བདེ་ཆེན་ཐེག་པ་མཐོང་། །སྲིད་པའི་སྡུག་བསྔལ་ལས་འདས་པའི། །སྲིད་པ་ཁྱོད་ཀྱིས་ཤིན་ཏུ་འགྲུབ། ། རྡོ་རྗེ་ཕྱག་རྒྱ་ཞེས་བྱ་གང་། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འཐོབ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །གང་ཕྱིར་རྡོ་རྗེའི་ཕྱག་རྒྱའི་ཕྱིར། །དམ་པའི་ཆོས་ནི་སྨད་མི་བགྱི། །ནམ་ཡང་སྤང་བར་མི་བྱའོ། །མ་རིག་པའམ་གཏི་མུག་གིས། །རྟག་ཏུ་ སྐུར་པ་མི་གདབ་བོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་གཏང་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །དེ་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་མི་སྤང་སྟེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང་། །འདི་ནི་མ་འོངས་ སངས་རྒྱས་ཉིད། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱིས། །ཁྱོད་ཀྱི་སྔགས་དང་རྒྱུད་ཀྱང་ཟུང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་འདོད་པ་ཡིན། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཆོ་ག་བཞིན་དུ་ཁྱོད་ཀྱིས་ནི། །འབད་པས་དཀྱིལ་འཁོར་བྲི་བར་བྱ། ། སྒྲུབ་པ་པོས་ནི་རྒྱུད་ལ་སྦྱོར། །ཞེས་བྱ་བ་ནི་དབུགས་དབྱུང་བའོ། །འདི་དང་རྗེས་སུ་གནས་པ་བཞི་པོ་ནི། དབང་བསྐུར་བའི་རྗེས་ཐོགས་སམ་དབང་བཞི་པའི་རྗེས་ཐོགས་སུ་ཡང་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ། འདི་ནི་སློབ་དཔོན་གྱི་དབང་ བསྐུར་བའོ། །ད་ནི་གོས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་ཕྱོགས་གཅིག་ཏུ་སློབ་མར་ཟིན་པ་མཛེས་པ་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དམ་ཚིག་གི་སྡོམ་པ་ཅན་སྦྱོར་བ་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བླ་མ་ལ་གསང་བའི་དབང་གི་དོན་དུ་དབུལ་ལོ། ། དེ་ནས། །བྱང་ཆུབ་རྡོ་རྗེས་སངས་རྒྱས་རྣམས། །ཇི་ལྟར་མཆོད་ཆེན་སྩོལ་མཛད་པ། །བདག་ལའང་སྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བའམ། གཞན་གྱིས་ཀྱང་གསོལ་བ་གདབ་བོ། །དེ་ནས་བླ་མས་སྦྱོར་བ་བཞི་མངོན་དུ་བྱས་ལ་ཆོས་ཉིད་ཀྱི་པདྨའི་ནང་ དུ་རྡོ་རྗེ་ཞུགས་པའི་མཐའ་བསྐྱོད་པས། རང་རིག་པའི་མཐར་ཕྱིན་པ་སྲིན་ལག་དང་མཐེ་བོས་བླངས་ཏེ་སློབ་མའི་ཁ་རུ་བཅུག་ནས། བཏུང་བ་རིན་ཆེན་འདི་དེ་ནི། །རྡོ་རྗེ་ལུས་སུ་རབ་སྒྲུབ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འདི་འཐུང་། །ཞེས་བྱ་བས་སྦྱིན་ནོ། །དེས་ ཀྱང་། ཨེ་མ་བདེ་བ་ཆེན་པོ་ཞེས་བརྗོད་ཅིང་མིད་པར་བྱའོ། །དེས་ཀྱང་རང་གི་པདྨའི་ལྷག་མ་ཡང་དེར་གཞུག་པར་བྱ་སྟེ། འདི་ནི་གསང་བའི་དབང་ངོ་། །དེའི་རྡོ་རྗེ་ལ་དེ་ཉིད་དམ་གཞན་ཡང་རུང་། །རང་རིག་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། སྔར་བསྟན་པའི་ཚིགས་སུ་བཅད་པས་གསོལ་ བ་བཏབ་པའི་སློབ་མའི་ལག་པར་དེའི་ལག་པ་གཏད་ལ། མཛེས་པ་འདི་ནི་གཟུང་བ་དང་། །བསྟོད་བྱ་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རྗེས་ཆགས་སྦྱོར་བ་ཡིས། །དེ་ཕྱིར་བདེ་བ་དམ་པ་མྱང་། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་དག་དག་པ་སྟེ། །དེ་ ཕྱིར་འཁོར་བ་སྤོང་བ་ནི། །ཁྱོད་ནི་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །གླེན་པ་གང་ཞིག་འདས་གྱུར་ན། །དངོས་གྲུབ་མཆོག་ནི་དེ་ལ་མེད། །ཅེས་བརྗོད་ལ་སྦྱིན་ནོ། །དེ་ཡང་གུར་ཀུམ་ལ་སོགས་པས་བྱུགས་ལ་དྲི་ཞིམ་པོའི་མེ་ ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་དང་བྲལ་བས་ཆུ་སྐྱེས་རབ་ཏུ་རྒྱས་པར་གསལ་བར་སྟོན་ཅིང་། སློབ་མ་ལ་འདི་སྐད་བརྗོད་དོ། །བུ་ཁྱོད་དགའ་བ་གང་ལ་ཡིན། །དྲི་ཆེན་དྲི་ཆུ་ལ་སོགས་ཟས། །དེ་བཞིན་ཁྲག་དང་ཤུ་ཀྲ་དང་། །ཤ་དང་བུད་མེད་གུས་དང་གཞན། །དེ་བཞིན་བྷ་གའི་པདྨ་ལ། ། འོ་བྱེད་སྨྲོས་ཤིག་བདེ་བ་ཅན། །ཞེས་བརྗོད་པར་བྱའོ། །དེས་ཀྱང་། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དྲི་ཆེན་དྲི་ཆུ་ཁུ་སོགས་འཚལ། །བུད་མེད་ལ་ཡང་རྟག་དད་བགྱིས། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་དོ། །དེ་ནས་དེས། ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ ལྡན། །གང་དག་ཆོ་གས་སྟེན་བྱེད་པ། །བདག་ནི་དེ་ཡི་མདུན་ན་གནས། །སངས་རྒྱས་མཉེས་པ་ལ་སོགས་པ། །ཇི་ལྟ་བ་བཞིན་པདྨར་བྱས། །བདེ་ཆེན་རྒྱལ་པོ་རང་ཉིད་ཀྱང་། །འདི་ཉིད་ལ་ནི་རྟག་ཏུ་བཞུགས། །ཀྱེ་ཐར་པ་བསྟན་ཅིག་ཅེས་བརྗོད་ནས། དེས་ ཀྱང་བླ་མའི་མན་ངག་གིས། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར། །དམིགས་པ་བསྟན་པའི་ཆོ་གའི་བྱེ་བྲག་གིས། །རྣལ་འབྱོར་པས་ནི་ཇི་སྲིད་དུ། བྱང་ཆུབ་སེམས་ནི་འབྱུང་འགྱུར་བ། །དེ་སྲིད་རྒྱུན་མི་འཆད་ཐོབ་པ། །དགའ་བའི་བདེ་ལས་གཞན་ཅི་ཡོད། །དངོས་གྲུབ་ཀུན་གྱི་གཏེར་ གྱུར་ཏེ། །བྱང་ཆུབ་སེམས་ནི་འབབ་གྱུར་པས། །ཕུང་པོའི་རྣམ་ཤེས་བརྒྱལ་གྱུར་པ། །སྨད་པས་དངོས་གྲུབ་ག་ལ་ཡོད། །རྡོ་རྗེ་ནམ་མཁའི་ཁམས་སྦྱོར་བས། །དེར་རེག་པ་ལས་ངོ་མཚར་ཆེའི། །བདེ་བ་གང་གང་དེ་ལས་བསྐྱེད། །མཆོག་ཏུ་དགའ་བ་བྱེད་པའོ། །དགའ་བྲལ་ གྱི་ནི་དབུས་དག་ཏུ། །ལྟོས་ལ་བསྟན་པ་མཚོན་པར་གྱིས། །པདྨའི་རྡོ་རྗེ་ལ་རྡོ་རྗེའི་བར་ཏ་ཀས་མནན་པའི་གནས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས། སེམས་ནོར་བུའི་ནང་དུ་སོང་བས་བལྟས་ལ། གང་གི་ཚེ་ཡེ་ཤེས་སྐྱེས་པ་དེའི་ཚེ། དེའི་གཟུགས་སུ་འགྱུར་ཏེ། འདོད་ཆགས་མ་ཡིན་ཆགས་བྲལ་ མིན། །དབུས་ཀྱང་དམིགས་པར་མི་འགྱུར་རོ། །རྣལ་འབྱོར་གང་ཚེ་ཤེས་མིག་གིས། །ཟད་མེད་བདེ་ལ་གནས་པ་ནི། །ཐུན་ནམ་ཡང་ན་ཉིན་མཚན་ནམ། །ཟླ་ཕྱེད་ཟླ་གཅིག་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དག་ཏུ། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །དེ་ལྟར་ བརྟགས་ནས་ནུས་པ་ཇི་ལྟ་བ་བཞིན་སེམས་པ་བཏང་སྟེ། བཅུད་ཀྱིས་ལེན་གྱིས་རྟོགས་པ་བཟུང་ལ། ཆུ་སྐྱེས་ཀྱི་མཐའ་དེ་ཉིད་དུ་མཐོང་བའི་བྱང་ཆུབ་ཀྱི་སེམས་བླངས་ནས། རོ་མཉམ་པར་གྱུར་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གལ་ཏེ་འདིར་དབང་ལྔ་དང་། ཤེས་རབ་ཡེ་ཤེས་ ཀྱི་དབང་མ་གསུངས་པར། དང་པོ་རྩ་བའི་དབང་ཡིན་ཏེ། །གཉིས་པར་རལ་གྲི་སྦྱིན་པར་བྱ། །གསུམ་པ་རྡོ་རྗེ་དྲིལ་བུ་སྟེ། །བཞི་པ་ཟླ་བ་བཟའ་བའོ། །བཞི་པོ་དེ་ནི་དབང་ཆེན་ཏེ། །ནག་པོའི་ཞལ་ནས་བྱུང་བ་ཡིན། །ཞེས་རྒྱུད་ལས་གསུངས་པ་མ་ཡིན་ནམ་ཞེ་ན། དབང་ལྔ་པོ་དེ་ཉིད་རྩ་བའི་ དབང་ཞེས་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་ཙརྩི་ཀཱ་ལ་སོགས་པ་རྩ་བའི་དབང་གི་བྱེད་པར་ལྡན་པའི་ཕྱིར་དང་། འདིས་ཐམས་ཅད་དུ་ལས་རང་དབང་དུ་གཙོ་བོར་གྱུར་པའི་ཕྱིར་རོ། །རྡོ་རྗེའི་དམ་ཚིག་སྦྱིན་པ་ནི་རལ་གྲིའི་དབང་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པའི་ཕྱིར་རོ། །ཕྱིར་ མི་ལྡོག་པའི་དབང་བསྟན་པ་ཉིད་ཀྱིས་རྡོ་རྗེ་དང་། དྲིལ་བུ་སྤྱི་བོར་བཞག་པས་རྒྱུད་ལས་ཐུན་མོང་དུ་གསུངས་པའི་བརྟུལ་ཞུགས་དང་ལུང་བསྟན་པ་དང་དབུགས་དབྱུང་བ་བསྟན་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམས་ནས། བཙུན་མོ་ཐམས་ ཅད་བླང་བར་བྱའོ། །དེ་ནས་བཙུན་མོས་རྡོ་རྗེ་བལྟ། །དེར་ནི་འོ་མ་བསྒྲུབ་པར་བྱ། །རྩེ་གཅིག་སེམས་ཀྱིས་འོ་མ་བསྒོམས། །ཕྱག་རྒྱ་ཆེན་པོར་རབ་བསྒྲུབ་པས། །ཞེས་བྱ་བས་བསྒྲུབས་པ་ཉིད་ནི་བླ་ན་མེད་པའི་འགྲོ་བའི་དོན་མ་ལུས་པའི། སྒྲུབ་པ་བརྟགས་པའི་ངོ་བོ་དང་བྲལ་ བས་ཡང་རང་གི་རིག་པ་དང་། ཐ་མི་དད་པ་ཐུབ་པའི་འཁོར་ལོའི་བདག་ཉིད། ཡིད་བཞིན་ནོར་བུ་ལྟ་བུའི་འོད་འཕྲོ་བ་བསྟན་པའི་རང་བཞིན་སློབ་མ་ལ་སྦྱིན་ནོ་ཞེས་བྱ་བ་འདི་ཡང་སྦྱིན་པའོ། །སློབ་མ་དེ་ལ་ཕན་ཡོན་གྱིས་སྤྲོ་བར་བྱ་སྟེ། མཐོ་དང་རེག་པས་མཆོག་ཉིད་ཀྱི། ། སྙིང་པོ་མཆོག་གི་དཀྱིལ་འཁོར་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱོད་ནི་ལེགས་པར་གནས། །ཁྱོད་ལ་ཡང་ཡང་འཆི་བ་མེད། །བདེ་བ་ཆེན་པོའི་ཐེག་པ་འདི། །ཀུན་དུ་བཟང་པོ་ཡིན་པས་ན། །གར་ཡང་མི་འཇིགས་ཁྱོད་རོལ་ཅིག །ཁྱོད་ནི་སྲིད་པའི་སྡུག་བསྔལ་རྒལ། ། སྲིད་པ་ཤིན་ཏུ་དག་པའི་ཕྱིར། །རྫོགས་སངས་རྒྱས་པའི་མཆོག་གི་མཆོག །འདི་ནི་རྟག་ཏུ་བསྲུང་བར་གྱིས། །དངོས་གྲུབ་དམ་ཚིག་སྡོམ་པས་ཡིན། །སངས་རྒྱས་ཀུན་དང་མཉམ་པར་གསུངས། །བཀའ་འདི་རྟག་པ་མཆོག་ཡིན་ནོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་ བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་དཔུན་ཟླ་ཡི། །སྐྱོན་རྣམས་བསྒྲག་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་གཏང་བར་མི་བྱའོ། །བྱང་ཆུབ་སེམས་ཀྱང་སྤང་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །སེམས་ཅན་ཡོངས་སུ་མ་སྨིན་ལ། ། གསང་བ་ཉིད་ནི་བསྒྲག་མི་བྱ། །བདག་ཉིད་སྨད་པར་མི་བྱའོ། །རང་གི་ཆོས་ལ་སྨད་མི་བྱ། །གདུག་པ་བྱམས་པས་རྟག་ཏུ་སྤང་། །ཆོས་ལ་ཚད་བཟུང་བར་མི་བགྱི། །སེམས་ཅན་དད་པ་ཅན་མི་སླུ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཤེས་རབ་རང་བཞིན་བུད་ མེད་རྣམས། །སྐྱོན་འདི་ཞེས་ཀྱང་སྨད་མི་བགྱི། །རྣལ་འབྱོར་སློང་མོས་མི་འཁོར་ཞིང་། །རྣལ་འབྱོར་ཉིད་ནི་སྤང་མི་བྱ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །དམ་ཚིག་ལ་སོགས་རྟག་ཏུ་བསྟེན། །དེ་བཞིན་བླ་མའི་དམ་ཚིག་ལ། །གནོད་ན་དཀྱིལ་འཁོར་བྲི་བྱས་ལ། །བདེ་གཤེགས་ རྣམས་ལ་སྡིག་པ་བཤགས། །དེ་རིང་སྐྱེ་བ་འབྲས་བུར་བཅས། །དེ་ཕྱིར་འདི་ནི་ལེགས་པར་མནོས། །མི་མཉམ་པ་ཡི་ལྷ་རྣམས་དང་། །མཉམ་ནས་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེར་བཅས་ཀུན་གྱིས། །ཚེ་དང་ལྡན་ཁྱོད་དེང་དབང་བསྐུར། །ཁམས་གསུམ་རྒྱལ་པོ་ཆེན་པོ་སྟེ། ། དེ་རིང་བདག་པོར་རབ་ཏུ་བརྟན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །གྱུར་པ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བས་རང་གི་རྡོ་རྗེ་དམ་ཚིག་མི་ཟད་པའི་བདེ་བ་བྱིན་ལ། བསྟེན་ཅིག་འགྲོ་བ་མྱུར་བ་ཡི། །རྡོ་རྗེ་སེམས་དཔའ་ བདེ་བས་དིང་། །རབ་ཏུ་མཚུངས་པར་རྟག་ཏུ་གྱུར། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །སློབ་མ་གུས་པ་གསལ་བ་ཡི། །གསུངས་ཤིག་དེ་བཞིན་བདག་གིས་བགྱི། །གཙོ་བོས་ཇི་ལྟར་བཀའ་སྩལ་བཞིན། །གལ་ཏེ་ཡོད་པར་གྱུར་ན་དེའི་ལག་པ་གཡོན་པའི་སོར་མོ་ཐམས་ཅད་ ཀྱིས་བླངས་ལ་སྦྱིན་སྲེག་གིས་ཞི་བར་བྱའོ། །སྲེག་རྫས་གཅིག་གམ་གཉིས་སམ། བདུན་གྱི་བར་གྱིས་སོ། །དེས་ཀྱང་མགུ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་དང་། གླང་པོ་དང་། རྟ་དང་། གསེར་དང་། རྒྱན་དང་། བུ་དང་། ཆུང་མ་ལ་སོགས་པའི་འདོད་པའི་དངོས་པོའམ། བདག་ ཉིད་ཀྱང་དངོས་གྲུབ་ལ་སོགས་པ་བསྒྲུབ་པའི་ཕྱིར་དབུལ་ལོ། །ཡོན་བཟའ་བ་དང་། རང་དང་གཞན་གྱི་འཁོར་ལོ་མཆོད་པར་བྱའོ། །སྦྱོར་བ་དང་ལྡན་པའི་སློབ་མ་བཟུང་ལ། མཆོག་སྣ་ཚོགས་ཀྱིས་དེ་དག་ཚིམ་པར་བྱས་ཏེ། གཤེགས་སུ་གསོལ་ལོ། །དེ་ནས་མཆོད་པ་དང་། བསྟོད་ པ་དང་། བདུད་རྩི་མྱང་བ་བྱས་ལ་གསོལ་བ་བཏབ་སྟེ། བརྟན་པོས་ལྷའི་ང་རྒྱལ་བྱའོ། །ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བརྗོད་དོ། །རྡོ་རྗེ་རྩེ་མོས་འཁོར་ལོ་གཤེགས་སུ་གསོལ་ལོ། །དེ་ནས་འདོད་པ་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ། ཆུ་ཆེན་ པོར་གཤེགས་སུ་གསོལ་ལོ། །སྙིང་པོ་གྲོང་དུ་གང་བཅུག་དང་། །སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་དག་ཐམས་ཅད་སློབ་དཔོན་ནི། །རྡོ་རྗེ་འཆང་མཆོག་བསྐུར་བར་བྱ། །བཟང་པོ་ཞབས་སོགས་ཀྱིས་མཛད་པ། །གསང་བ་འདུས་པའི་ཆོ་གར་གསལ། །འདིར་ནི་ གསང་བའི་རླབས་འཁོར་ལོ། །ཆོ་ག་ལ་འབད་ཉིད་ཀྱིས་ངལ། །དེ་ཕྱིར་དབང་པོ་མཆོག་རྣམས་ནི། །སྐྱེ་བོ་བཟང་ལ་བཟོད་པར་གསོལ། །གང་ཕྱིར་རང་ཉིད་དྲན་པའི་ཕྱིར། །དཔལ་ལྡན་གཤིན་གཤེད་དཀྱིལ་འཁོར་གྱི། །ཆོ་ག་སེམས་ཅན་དོན་བསྒྲུབས་བྱས། །དེ་ལས་དགེ་བ་ གང་ཐོབ་པ། །རང་གི་ཤེས་ལས་གཞན་མིན་པའི། །ལས་འཇོམས་ཤེས་རབ་དང་ལྡན་པ། །སྤྱོད་ཡུལ་མི་ཤེས་མུན་ཀུན་སེལ། །སྲིད་པ་མི་འཇིགས་སད་བྱེད་པའི། །ལེགས་པའི་ཚོགས་གང་ཐོབ་པ་དེས། །བདག་དང་འགྲོ་བ་བློ་སྟེར་ཤོག །གཤིན་རྗེ་གཤེད་ནག་པོའི་དཀྱིལ་ འཁོར་སྒྲུབ་པའི་ཐབས། སློབ་དཔོན་མཁས་པ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཀཱིརྟི་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ས་ར་སྭ་ཏཱི་ སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་མངའ་བདག་རྡོ་རྗེ་དབྱངས་ཅན་མ། །ཡང་དག་ལམ་སྟོན་བླ་མ་རྗེ་བཙུན་ལ། །དད་ཅིང་མོས་ལ་གུས་པར་ཕྱག་འཚལ་ལོ། །བློ་གྲོས་སྤེལ་ཕྱིར་བསྟོད་པ་ཅུང་ཟད་བྲི། །དཔལ་ ལྡན་རྡོ་རྗེ་དབྱངས་ཅན་མ། །རང་དོན་གྲུབ་ནས་གཞན་དོན་ནི། །མཆོག་ཏུ་གཞོལ་མཛད་རྗེ་བཙུན་མ། །དབྱངས་ཅན་དེ་ལ་སྤྱི་བོ་ཡིས། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །ཞལ་གསུམ་རྣམ་ཐར་གསུམ་གྱི་དངོས། །ཕྱག་དྲུག་ཕ་རོལ་ཕྱིན་དྲུག་རྫོགས། །ཞབས་གཉིས་བདེན་གཉིས་ དོན་རྟོགས་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེས་འགྲོ་བ་སྨིན་མཛད་པས། །རྟག་ཏུ་པདྨ་རཱ་གའི་མདོག །དབྱངས་ཅན་དེ་ལ་སྤྱི་བོ་ཡིས། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །འདོད་པའི་འདམ་གྱིས་མ་གོས་པས། །རྟག་ཏུ་ཆུ་ སྐྱེས་སྟེང་ན་བཞུགས། །དབྱངས་ཅན་དེ་ལ་སྤྱི་བོ་ཡིས། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །རྩ་བའི་ཞལ་ནི་པདྨ་རཱ་གའི་མདོག །འདོད་ཆགས་རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །གཡས་ཀྱི་ཞལ་ནི་ཨིནྡྲ་ནཱི་ལའི་མདོག །ཞེ་སྡང་རྣམ་དག་ཐུགས་ལ་ཕྱག་འཚལ་བསྟོད། །གཡོན་ པའི་ཞལ་ནི་ཀུན་ད་ཟླ་བའི་མདོག །གཏི་མུག་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོ་པདྨ་བསྣམས། །མ་ཆགས་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །བར་པ་མ་རིག་གཅོད་མཛད་རལ་གྲི་བསྣམས། །ཤེས་རབ་རྣམ་གསུམ་གསོལ་ལ་ཕྱག་འཚལ་ བསྟོད། །ཐ་མ་རྣམ་རྟོག་གཅོད་མཛད་གྲི་གུག་བསྣམས། །རྟོག་མེད་ཏིང་འཛིན་གསོལ་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་གཡོན་གྱི་དང་པོ་བྷནྡྷ་བསྣམས། །བདག་མེད་དོན་རྟོགས་མངའ་ལ་ཕྱག་འཚལ་བསྟོད། །བར་པ་དབུལ་བ་གཅོད་མཛད་རིན་ཆེན་བསྣམས། །འགྲོ་ཀུན་རེ་ འདོད་སྐོང་ལ་ཕྱག་འཚལ་བསྟོད། །ཐ་མ་འཁོར་བ་གཅོད་མཛད་འཁོར་ལོ་བསྣམས། །འཁོར་བ་རྩད་ནས་གཅོད་ལ་ཕྱག་འཚལ་བསྟོད། །མཚན་དང་དཔེ་བྱད་སྐུ་ལ་ཕྱག་འཚལ་བསྟོད། །ཀ་ལ་པིངྐའི་གསུང་ལ་ཕྱག་འཚལ་བསྟོད། །ཤེས་བྱ་ཀུན་མཁྱེན་ཐུགས་ལ་ཕྱག་ འཚལ་བསྟོད། །མ་རིག་མུན་སེལ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་མར་དོ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱ་ རི་མཎྜ་ལ་ནོ་པི་ཀ་ཡ་མཱནྟ་ཀོ་ད་ཡ་ནཱ་མ། བོད་སྐད་དུ། གཤིན་རྗེ་དགྲའི་དཀྱིལ་འཁོར་གྱི་ཆོ་ག་གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ། དཔལ་རྡོ་རྗེ་ཁྲག་འཐུང་ལ་ཕྱག་འཚལ་ལོ། །རབ་ཏུ་མཛེས་པའི་སྐུ་འབར་ཐུབ་དབང་འོད་ཚོགས་ཅན། །རང་འོད་གཉིས་མེད་འཁྲིལ་ཞིང་དཔེ་བྲལ་བདེ་ བས་གང་། །རབ་ཆགས་མཛེས་པས་ལྷ་དང་ཁྲོ་བས་འཁྲུགས་ལྟ་ལ། །བློ་མཉམ་འཇུག་མཛད་གཤིན་རྗེ་གཤེད་དེར་མངོན་ཕྱོགས་ཏེ། །རྒྱུད་རྒྱལ་ཡོན་ཏན་མང་ལྡན་མཁས་པའི་སྤྱོད་ཡུལ་བ། །གཤིན་རྗེ་དགྲ་ཡི་དོན་ལ་བདག་བློ་བླུན་གྱུར་ཀྱང་། །ཞལ་གྱི་པདྨ་ལས་རྙེད་དེ་ཡི་རྗེས་ འབྲངས་ནས། །དབང་བསྐུར་སྒྲུབ་བཅས་ལོ་འདབ་རྩེ་ཙམ་བྱ་བར་འདོད། །དེ་ལ་དང་པོར་སྔགས་པ་ནི། །རང་ལུས་འཇིག་ནའང་གཞན་དོན་འདོད། །རྙེད་དང་བཀུར་སྟི་ལ་མ་ཆགས། །རྒྱུད་འདིར་གསང་སོགས་དབང་བསྐུར་བས། །རི་བོའི་ཕྱོགས་སོགས་འབྱོར་པ་ཡོད། །ལྗོན་ཤིང་ གིས་བཀླུབས་ཡིད་དུ་འོང་། །སྐྱེ་བོ་འདུས་ནས་རྣམ་བྲལ་ཞིང་། །དྲིས་བྱུགས་མེ་ཏོག་ལེགས་བཀྲམ་པར། །དང་པོར་གདོང་སོགས་དག་བྱས་ལ། །སྤྲོ་བས་བདེ་བའི་སྟན་འདུག་ནས། །སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། །ཡ་སྔོན་འོད་དང་ལྡན་པ་བསམ། །དེ་འོད་ལས་བྱུང་རིགས་ ཚོགས་ཀྱིས། །བླ་མ་རྫོགས་སངས་རྒྱས་བཀུག་ནས། །རྣམ་ཐར་གྱི་སྒོ་དག་བྱས་ཏེ། །དག་པར་གྱུར་པས་མངོན་སུམ་བལྟ། །གཤིན་རྗེ་གཤེད་པོར་སྒྲུབ་པ་ཡང་། །བསོད་ནམས་མེད་པར་མི་འགྲུབ་ལ། །སྦྱིན་སོགས་བསོད་ནམས་བྱ་བ་ཡང་། །དབུལ་ཕྱིར་བདག་གིས་ མི་ནུས་པས། །ཚེ་རབས་སྔོན་ནས་ཚངས་སྤྱོད་བཞི། །འབྲས་བུ་ཡིད་བཞིན་ནོར་བུ་ལྟར། །འགྲོ་བ་ཀུན་གྱི་དོན་བྱེད་པའི། །ཡ་ཉིད་རབ་ཏུ་དྲན་པར་བྱ། །དེ་ལས་བདག་ཉིད་མཱཾ་སྤྲུལ་ཏེ། །ལན་གསུམ་བསྐོར་ཞིང་ཕྱག་འཚལ་བསམ། །དེ་སྤྲུལ་རིག་མའི་ཚོགས་རྣམས་ ཀྱིས། །མ་ལུས་མཆོད་པས་མཉེས་པར་བྱ། །ལུས་ངག་ཡིད་ཀྱིས་སྡིག་བགྱིས་དང་། །བགྱིད་དུ་སྩལ་དང་ཡི་རང་གང་། །སྒྱུ་མ་སྒྱུ་མ་ལ་སོགས་བཞིན། །ཐུགས་རྗེ་ཅན་རྣམས་མདུན་དུ་འཆགས། །སྔོན་བྱས་མ་ལུས་བཤགས་ནས་ནི། །ཕྱིན་ཆད་དེ་ལ་མི་འཇུག་ཅིང་། །བྱང་ ཆུབ་སྙིང་པོར་གནས་ཀྱི་བར། །མི་དགེ་ཀུན་ལས་ལྡོག་པར་བགྱིད། །སངས་རྒྱས་དེ་སྲས་འཕགས་རྣམས་དང་། །སྲིད་པ་མཐར་ཕྱིན་དམ་པའི་ཆོས། །སྐྱབས་ཀྱི་དམ་པ་དེ་གསུམ་ལ། །དེང་ཉིད་གུས་པས་སྐྱབས་སུ་མཆི། །རྣམ་རྟོག་རྒྱ་མོས་རབ་བཅིངས་ཤིང་། ། འཁོར་བའི་རྒྱ་མཚོར་ནུབ་པ་ཀུན། །བསྒྲལ་ཕྱིར་བདེ་གཤེགས་ཉིད་ཐོབ་པར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བདེ་གཤེགས་སྲས་བཅས་འཕགས་སྐྱེས་པོ། །ཀུན་གྱི་དགེ་བ་ཀུན་བསྡུས་ལ། །སེལ་མེད་རབ་ཏུ་ཡི་རང་ཞིང་། །ལེགས་སོ་ ཞེས་ཀྱང་བསྔགས་པར་བྱ། །དུས་གསུམ་བདེ་གཤེགས་སྲས་བཅས་ཀུན། །གཤེགས་ཤིང་གཤེགས་དང་གཤེགས་འགྱུར་བའི། །སྦྱིན་སོགས་ལམ་གྱི་རང་བཞིན་གང་། །ཅི་ཡོད་སྟོབས་ཀྱིས་ཡང་དག་བསྟེན། །ཡོན་ཏན་རྒྱ་མཚོ་ལྡན་རྣམས་ལ། །བདག་ ཉིད་བདག་གིས་དབུལ་ལགས་ཀྱིས། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །སོ་སོར་ནང་འཁོར་སྤྱོད་དུ་བཞེས། །གང་ཞིག་མྱ་ངན་འདའ་བཞེད་པ། །ཇི་སྲིད་འཁོར་བ་གནས་བར་དུ། །དེ་སྲིད་མྱ་ངན་མི་འདའ་བར། །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བྱང་ ཆུབ་ཤིང་ལ་གཟིགས་རྣམས་ལ། །ཐེག་ཆེན་བདུད་རྩི་རབ་བཤད་པར། །འགྲོ་བའི་ཡབ་ཏུ་གྱུར་རྣམས་ལ། །འཁོར་ལོ་བསྐོར་བར་གསོལ་བ་གང་། །ལུས་ངག་ཡིད་ཀྱི་དགེ་བ་གང་། །བགྱིས་པ་མ་ལུས་ཀུན་བསྡུས་ནས། །འགྲོ་བ་ཀུན་གྱི་བདེ་ཆེན་ཉིད། །ཐོབ་པའི་རྗེས་ སུ་མཐུན་གྱུར་ཅིག །དེ་ལྟར་བསོད་ནམས་ཚོགས་བསགས་ལ། །གཞན་དོན་ལྷུར་མཛད་ཐུགས་མཉེས་ནས། །རིགས་ཀྱི་བུ་ཁྱོད་ལེགས་སོ་ཞེས། །གཏང་རག་གནང་ནས་མི་སྣང་གྱུར། །རྣམ་རྟོག་རྒྱ་མཚོ་གཏིང་ཟབ་པར། །ཡང་དག་ལྟ་བའི་གྲུ་ཤོར་ཅིང་། །སྣ་ཚོགས་ ལྟ་བས་གཡེངས་རྣམས་ལ། །ཐུགས་རྗེ་ཆེན་པོས་དམིགས་ནས་སུ། །རང་བཞིན་མེད་པས་སྟོང་པ་ཉིད། །རྒྱུ་དང་བྲལ་བས་མཚན་མ་མེད། །རྣམ་རྟོག་མེད་པས་རྣམ་བྲལ་བར། །བྱང་ཆུབ་སེམས་མཆོག་བསྒོམ་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔགས་འདི་བཟླས་ནས་འགྲོ་ཀུན་གྱི། །ལུས་ངག་ཡིད་རྣམས་ངོ་བོ་གཅིག །སྟོང་ཕྱིར་དེ་རྣམས་བརྟགས་པ་ཙམ། །བརྟགས་པ་ཡིན་ཕྱིར་ལུས་ངག་ཡིད། །ཨོཾ་ཨཱཿཧཱུྃ་ཡིག་གསུམ་བྱས་ལ། །འོད་འབར་ཧོཿགཉིས་པར་གནས་པ། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ ནི། །ནམ་མཁའ་ལ་གནས་བསམ་པར་བྱ། །དེ་ལས་ཨཱཿཆད་བྱུང་ཉི་མ། །དེ་དབུས་ཡི་གེ་ཧཱུྃ་མཐིང་ལས། །སྣ་ཚོགས་རྡོ་རྗེ་འོད་འབར་བ། །ལྟེ་བར་ཡི་གེ་ཧཱུྃ་བཅས་བསམ། །དེ་འོད་ཕྱོགས་བཅུར་རབ་འཕྲོས་པས། །འོད་འབར་རྡོ་རྗེའི་གུར་དུ་བསམ། །དེ་དབུས་པདྨ་ཟླ་སྟེངས་སུ། །སཾ་དཀར་ལས་བྱུང་རྡོ་རྗེ་ ལས། །ཀུན་བཟང་ཡུམ་བཅས་བསམ་པར་བྱ། །འབྲུ་ལྔས་དེ་ཞུ་ལས་བྱུང་བ། །ཆོས་དབྱིངས་དཀར་པོ་གྲུ་གསུམ་པ། །གྱེན་དུ་གནས་པ་ཕྱོགས་འོད་བསྐོར། །པདྨོ་སྣ་ཚོགས་པཾ་ལས་སྐྱེས། །འདབ་མ་འབུམ་ལྡན་དེ་དབུས་བསམ། །གེ་སར་དབུས་སུ་ཁཾ་ཡིག་ལས། །སྣ་ཚོགས་རྡོ་རྗེ་འོད་ཚོགས་ཅན། ། ལྟེ་བར་བྷྲཱུཾ་སེར་ལས་བྱུང་བའི། །རིག་བཅས་རྟག་པ་ལས་བྱུང་བ། །གཞལ་ཡས་ཁང་མཆོག་གྲུ་བཞི་པ། །སྒོ་བཞི་རྟ་བབས་མུ་ཁྱུད་བཅས། །རྡོ་རྗེ་ར་བ་འོད་ཕྲེང་བསྐོར། །དབུས་སུ་རྡོ་རྗེ་རྒྱ་གྲམ་མཛེས། །པདྨ་ཉི་མའི་གདན་ལྡན་བསྒོམ། །གཞིའོ།། །།ལྟེ་བའི་གདན་སྟེངས་བསམ་བྱ་བ། །ཨ་དང་ ཨཱཿམཐར་ཐུག་ཕྲེང་གཉིས། །དེ་ལས་ཟླ་བ་དེ་ཡིས་བརྒྱན། །ཀ་སོགས་དཔེ་བྱད་འོད་ལྡན་པ། །ཟུང་གཅིག་ལས་བྱུང་གཉིས་པ་སྟེ། །དབུས་སུ་འདོད་ཆགས་ཡི་གེ་རཾ། །དེས་བཞུ་འོད་ཀྱི་གོང་བུ་ལས། །དཀར་དམར་ཧཱུྃ་ནི་རབ་ཏུ་བསམ། །དེ་མདོག་རྡོ་རྗེ་དེ་ཡིས་བརྒྱན། །བཛྲོད་ཀོ྅ཧཾ་ང་རྒྱལ་བསྐྱེད། །རྡོ་རྗེ་ འཆང་མཆོག་འོད་ཚོགས་ཅན། །ཞལ་གསུམ་སྔོ་དཀར་དམར་བ་ལ། །རྡོ་རྗེ་རལ་གྲི་གཡས་གཉིས་ན། །གཞན་གཉིས་འཁོར་ལོ་པདྨ་འཆང་། །གྲི་གུག་བནྡྷས་རང་འོད་འཁྱུད། །བདེ་བས་གང་བ་བསམ་པར་བྱ། །རྣམ་པ་ལྔ་ཡི་རང་བཞིན་གང་། །དེ་ནི་སངས་རྒྱས་གཟུགས་བརྙན་ནོ། །རྣལ་འབྱོར་རོ། །འདོད་ ཆགས་ཆེན་པོས་འདུལ་བ་ཡི། །སྣོད་དུ་འཇིག་རྟེན་མཐོང་ནས་སུ། །རང་སྙིང་ལས་བྱུང་འོད་ཟེར་གྱིས། །ཁྱབ་སྟེ་སྣ་ཚོགས་སངས་རྒྱས་བྱས། །བཀུག་ནས་བདག་ལ་ཞུགས་པ་ཡི། །བདེ་བ་ཆེན་པོ་ཉིད་དུ་གྱུར། །མཁའ་ལ་གནས་པའི་ཡིག་འབྲུ་ལྔ། །ཇི་ལྟར་སྐར་མདའ་འཕོ་བ་ལྟར། །ཁར་ཐིམ་ཁུ་བར་རབ་ འཕྲོས་པས། །རིག་དང་བཅས་པའི་ཀུན་བཟང་ཞུ། །འོད་ཀྱི་གོང་བུར་གྱུར་པ་ལས། །ཐིག་ལེ་ཕྲ་མོ་བཞི་ཆད་དེ། །བྱམས་སོགས་ཙརྩི་ཀཱ་སོགས་ཀྱིས། །སྙན་པའི་གླུ་ཡིས་བསྐུལ་བར་བསམ། །རྗེ་བཙུན་ཐུགས་རྗེས་ཁྲོ་བཞེངས་ལ། །གནས་གསུམ་ཀུན་གྱི་གཏི་མུག་སྤོངས། །གཙོ་བོ་བདུད་རྣམས་ཀུན་ ལས་རྒྱལ། །རྗེ་བཙུན་ཁྲོས་པའི་ཐུགས་ཀྱིས་བཞེངས། །འཇིག་རྟེན་མགྲོན་གཉེར་སྟོང་གནས་ཤིང་། །རྗེ་བཙུན་འཇིག་རྟེན་བསོད་ནམས་བཞེངས། །ཀྱེ། ཁྱོད་ནི་སྟོང་དམིགས་ཅི་སྟེ་བཞུགས། །འཇིག་རྟེན་བྱང་ཆུབ་རང་བཞིན་མགྲོན། །འདོད་ཆགས་ལ་ནི་དགའ་བ་ཡིས། །ཞུ་བ་ལ་ ནི་བསྐུལ་ནས་སུ། །དེ་ཉིད་ལ་ཐིམ་ཡང་སྔོན་གྱུར། །རྡོ་རྗེ་ལས་བྱུང་མི་བསྐྱོད་པ། །གཡས་གཡོན་དཀར་དང་དམར་བ་ལ། །འོད་འབར་མཐིང་ག་སྔོན་མཚུངས་ཕྱག །རྒྱན་ཀུན་བཀླུབས་པའི་སྦྲུལ་གྱིས་བཅིངས། །ཡུམ་ལྡན་ཐུབ་པའི་འོད་ཀྱིས་འཁྲིགས། །འཁོར་དང་མྱ་ངན་འདས་དངོས་ཀྱི། །སྐུ་དེ་བྱང་ ཆུབ་སེམས་མཆོག་གོ། །ཨོཾ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྗེས་སུ་རྣལ་འབྱོར་རོ། །གསང་བྱིན་བརླབ་དང་རྗེས་ཆགས་ནི། །རྒྱུད་འདིར་བདག་གིས་མཐོང་མེད་ཀྱང་། །རྒྱུད་རྒྱལ་དོན་འདིར་མི་འགལ་ཕྱིར། །བྱིན་རླབས་རྗེས་ཆགས་བྱ་བར་འོས། །རང་སྙིང་ས་བོན་འོད་ཟེར་གྱིས། །མཁའ་ཁྱབ་བདེ་གཤེགས་ཀུན་ བཀུག་ནས། །རྡོ་རྗེ་ལས་བྱུང་པད་ལྟེ་ལ། །བདེ་བའི་རྒྱུན་དུ་འཕྲོས་པར་བསམ། །དགའ་བའི་ཐིག་ལེ་ས་བོན་ནི། །འོག་ནས་འཆད་པ་ཉིད་དུ་གྱུར། །དེ་ལས་ཐུགས་ཀྱི་ཕྱག་རྒྱ་སྟེ། །དེ་ལས་ཕྱག་རྒྱ་ཆེན་པོར་བལྟ། །སྣོད་ཆེན་བཞི་ཡང་རྫོགས་པ་དང་། །བློ་ལྡན་ཕྱི་རོལ་སྤྲོ་བར་བྱ། །ཧྲཱིཿཥྚྲྀཿལ་སོགས་ གསང་སྔགས་ཀྱིས། །ཞེ་སྡང་མཐིང་ག་རྡོ་རྗེ་དང་། །རལ་གྲི་འཁོར་ལོ་པདྨ་འཆང་། །སྤྲོས་ནས་སླར་བྱོན་བདག་ལ་ཐིམ། །ཛི་ན་ཛིཀ་ཅེས་བརྗོད་པ་ཡིས། །གཏི་མུག་དཀར་པོ་འོད་འབར་བ། །འཁོར་ལོ་རལ་གྲི་རིན་ཆེན་པད། །མཁའ་ལས་བཏོན་ནས་ཤར་ཕྱོགས་སུ། །ལྷོ་ཕྱོགས་རྡོ་རྗེའི་ར་ཉིད་ལས། ། རཏྣ་དྷྲྀཀ་གིས་སེར་སྣ་ནི། །བཙོ་མ་གསེར་དང་མཚུངས་པའི་མདོག །རིན་ཆེན་རལ་གྲི་འཁོར་ལོ་པད། །ཨཱ་རོ་ལྀཀ་གིས་ནུབ་ཕྱོགས་སུ། །འདོད་ཆགས་བྱུ་རུ་བཅག་འདྲ་བ། །པདྨ་དང་ནི་རལ་གྲི་དང་། །འཁོར་ལོ་རིན་ཆེན་འཆང་བ་མཆོག །པྲཛྙཱ་དྷྲྀཀ་ཅེས་བྱ་བ་ཡིས། །བྱང་དུ་ཕྲག་དོག་ ཆེན་པོ་སྟེ། །སྔོ་བསངས་རལ་གྲི་རྡོ་རྗེ་དང་། །འཁོར་ལོ་པདྨ་འཛིན་པའོ། །མུངྒར་དྷྲྀཀ་གིས་དེ་བཞིན་ཏེ། །སྔོན་པོ་ཐོ་བ་རལ་གྲི་དང་། །རིན་ཆེན་པདྨ་འཛིན་པ་ནི། །ཤར་གྱི་སྒོ་རུ་བསམ་པར་བྱ། །དཎྜ་དྷྲྀཀ་ཅེས་བྱ་བ་ཡིས། །བེ་ཅོན་འཛིན་པ་དཀར་བ་སྟེ། །བེ་ཅོན་རལ་གྲི་འཁོར་ལོ་པད། །ལྷོ་ཡི་སྒོ་རུ་ བསམ་པར་བྱ། །པདྨ་དྷྲྀཀ་གིས་ནུབ་སྒོ་རུ། །པདྨ་རཱ་གའི་མདོག་འདྲ་བ། །པདྨ་རལ་གྲི་རྡོ་རྗེ་དང་། །རིན་ཆེན་འཛིན་པ་བསམ་པར་བྱ། །ཁཌྒ་དྷྲྀཀ་གིས་བྱང་སྒོ་རུ། །ལྗང་གུ་རལ་གྲི་འཛིན་པ་སྟེ། །རལ་གྲི་རྡོ་རྗེ་འཁོར་ལོ་ཅན། །རིམ་བཞིན་འཆང་བ་འཁྲུགས་པའོ། །དྭེ་ཥ་ར་ཏི་ཞེས་དེ་ཉིད། །ཙརྩི་ཀཱ་ མདོག་དཀར་མོ་ལ། །གཙོ་བོ་དང་མཚུངས་ཕྱག་མཚན་ཅན། །མེ་ཡི་ཕྱོགས་སུ་ལེགས་པར་གཞག །མོ་ཧ་ར་ཏི་ཞེས་པ་ཡིས། །ཕག་མོ་སྐུ་མདོག་སྔོན་མོ་ལ། །རང་གི་གཙོ་བོའི་ཕྱག་རྒྱ་ཅན། །སྤྲོས་ནས་བདེན་བྲལ་གྲྭ་ལའོ། །རཱ་ག་ར་ཏི་ཞེས་སྔགས་ཀྱིས། །དབྱངས་ཅན་མ་ནི་དམར་མོ་ལ། །པདྨ་ ལ་སོགས་འཛིན་པའི་ཕྱག །རླུང་མཚམས་ན་ནི་འགྲོ་དོན་མཛད། །བཛྲ་ར་ཏི་ཞེས་པ་ཡིས། །མཛོད་ལྡན་ལྗང་གུ་ཨུཏྤལ་ཅན། །ཕྱི་མ་གཙོ་བོའི་མཚན་འཛིན་མ། །དབང་ལྡན་གྲྭ་རུ་བསམ་པར་བྱ། །གཏི་མུག་གཤིན་རྗེ་ལྷ་མོ་བཞི། །པདྨ་ཟླ་བའི་གདན་ལ་བཞུགས། །ལྷག་མ་པདྨ་ཉི་མ་ལ། །ལྔ་ཕྲག་ གཉིས་དང་དྲུག་ཕྱེད་ལྷ། །གྲི་གུག་བནྡྷའི་ཕྱག་ཟུང་ཅིག །མཐུན་པར་རང་གི་རིག་མ་འཁྱུད། །བཞིར་གྱུར་དབུས་སུ་དེ་འོད་བསམ། །སྔོན་པོའི་གཡས་དཀར་གཡོན་པ་དམར། །དཀར་པོའི་གཡས་སྔོ་གཡོན་པ་དམར། །དམར་པོ་སེར་པོ་ལྗང་གུ་ཡི། །གཡས་སྔོ་གཡོན་པ་དཀར་པོ་ཡིན། །རལ་པའི་ཐོར་ ཚུགས་འོད་ཕྲེང་ཅན། །མ་ལུས་འཁྲུགས་པ་སྦྲུལ་གྱིས་བརྒྱན། །མེ་མཚམས་ལ་སོགས་བྷནྡྷ་བཞི། །ཟླ་བས་གང་བ་ཨོཾ་གྱིས་མཚན། །པདྨ་ཟླ་བའི་དཀྱིལ་འཁོར་ལ། །དེ་ཉིད་གསུམ་གྱིས་རིམ་བཞིན་གདོན། །རྫོགས་པའི་རྣལ་འབྱོར་རོ། །དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ཀྱི། མིག་དང་རྣ་བ་ སྣ་དང་ལྕེ། །ལུས་ཡིད་སྐྲ་མཚམས་བྲང་རྩེ་རུ། །ཀྵིཾ་ཛི་ཁཾ་གཾ་ཀཾ་སཾ་ལས། །གཏི་མུག་གཤིན་དགྲ་སོགས་རིམ་བཞིན། །རྡོ་རྗེ་ཅན་སོགས་ཁ་དོག་རྒྱ། །མངོན་པར་ཤེས་པའི་དོན་དུ་ནི། །རྡོ་རྗེ་སྐྱེ་མཆེད་རྣམ་པར་བསྒོམ། །སྙིང་མགྲིན་དཔྲལ་བའི་ཟླ་སྟེངས་སུ། །རྡོ་རྗེ་པདྨ་འཁོར་ལོ་ལ། །ཧཱུྃ་ཨཱཿཨོཾ་ཡིག་ བཀོད་བྱས་ཏེ། །དེ་ལས་ཕྱག་རྒྱ་དེ་བྱུང་སྐུ། །ཞེ་སྡང་འདོད་ཆགས་གཏི་མུག་དང་། །འདྲ་བར་ཐུགས་སོགས་བསྒོམ་བྱས་ཏེ། །དེ་དག་ཐམས་ཅད་རང་རང་རྒྱ། །མཚན་མའི་ལྟེ་བར་ཧཱུྃ་ཨཱཿཨོཾ། །དེ་ལས་ཙརྩི་ཀཱ་སོགས་སྤྲོ། །མཁར་བཀུག་སངས་རྒྱས་མཉེས་བྱས་ནས། །སྤྱན་དྲངས་ཐུགས་གསུང་སྐུར་ བཅུག་ལ། །བྱིན་གྱིས་བརླབ་པའི་སྔགས་འདི་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡེ་ཤེས་སེམས་དཔའི་ཐུགས་ཀ་ཡི། །ས་བོན་ལས་འོད་ལྷ་ མོར་སྤྲོ། །ཕྱོགས་བཅུའི་མགོན་པོ་མཆོད་བྱས་ནས། །དབང་བསྐུར་བ་ཡང་བླང་བར་བྱ། །དེ་ནས་དེ་བཞིན་གཤེགས་དག་ལས། །སྤྲུལ་པའི་ཙརྩི་ཀ་ལ་སོགས། །ཕྱག་ན་ཡེ་ཤེས་ཆུས་གང་བའི། །བུམ་པ་ཟླ་འོད་ལེགས་ཐོགས་ཏེ། །ཡིད་འོང་བཀྲ་ཤིས་གླུ་ལེན་ཅིང་། །སིལ་སྙན་སྤོས་ ཀྱི་སྤྲིན་དག་དང་། །དྲི་མེད་དབང་བསྐུར་སྤྲིན་ཕབ་པས། །སོ་སོའི་གཙོ་བོས་དབུ་བརྒྱན་ནོ། །རང་སྙིང་འོད་ཀྱི་ཙརྩི་ཀཱ། །བསྐུལ་ནས་དེ་ཡི་ཐུགས་ཀ་ནས། །རང་འདྲ་འཕྲོས་ཏེ་ཁྲོ་མོ་བཀུག །རྡོ་རྗེའི་གུར་སྟེངས་བཞུགས་བསམས་ལ། །ཁྲོ་བོ་རྣམས་ཀྱིས་མངོན་བསྐྲད་དེ། །རྡོ་རྗེའི་ར་བ་བཤིག་ བྱས་ནས། །ཞུགས་ཏེ་རང་མདུན་པདྨར་བསམ། །དེ་ནས་སྙིང་འཕྲོས་ཁྲོ་བོ་ཡིས། །ཕུར་བཤིག་ཕྱིར་བརྩིགས་སྙིང་ཞུགས་བསམ། །རང་མདུན་དུང་ཆོས་སོགས་གསུམ་བཞག །མེ་ཏོག་དཀར་ལྡན་དྲི་ཆུས་བཀང་། །དེ་མདུན་མན་འཇི་གཉིས་སྟེངས་སུ། །གསེར་སོགས་གསོལ་བའི་སྣོད་ གཉིས་བཞག །གཡས་ཕྱོགས་དུང་ནི་གསུམ་པ་ལ། །འོག་ནས་འབྱུང་བའི་ཆོ་གས་སུ། །བྱིན་བརླབས་བདུད་རྩི་བཅུ་བྱེད་བླུགས། །ཧྲཱིཿཥྚྲིཿཝི་ཀྲྀའི་སྔགས་བཟླས་ལ། །ཀུ་ཤའི་བམ་པོས་དང་པོའི་ཆུ། །བཟེད་ཞལ་དང་པོར་ལན་གསུམ་གཏོར། །གཉིས་པ་ཆུ་དང་མེ་ཏོག་བཅས། །གཟུང་སྟེ་དེ་ཡི་ སྣོད་ཉིད་ལ། །ཕྱོགས་སུ་དུང་ནི་གསུམ་པ་ལ། །ལན་གསུམ་ཉེ་རེག་སྦྱིན་པར་བྱ། །གསུམ་པ་བདུད་རྩི་དང་ལྡན་པས། །གཉིས་པར་མཆོད་ཡོན་ཆུ་ཡང་སྦྱིན། །དེ་ནས་མེ་ཏོག་གཟུང་བྱས་ལ། །ཞབས་བསིལ་ཕྱག་རྒྱ་དང་ལྡན་པས། །དེ་ཡི་སྣོད་ལ་ཞབས་བསིལ་སྦྱིན། །རང་སྙིང་འོད་ཀྱིས་ཐོ་བ་བསྐུལ། ། མུངྒར་ཛཿཞེས་བརྗོད་ནས་དགུག །དེ་བཞིན་བེ་ཅོན་བསྐུལ་བ་ཡིས། །དཎྜ་ཧཱུྃ་ཞེས་བརྗོད་ནས་གཞུག །སྙིང་པོས་པདྨ་བསྐུལ་ནས་སུ། །པདྨ་བཾ་ཞེས་བརྗོད་ནས་བཅིང་། །དེ་བཞིན་རལ་གྲི་འཛིན་བསྐུལ་ཏེ། །ཁཌྒ་ཧོཿཞེས་བརྗོད་མཉེས་བྱ། །རང་སྙིང་ཡེ་ཤེས་འོད་ཟེར་གྱིས། །མཁའ་ཁྱབ་སངས་ རྒྱས་ཀུན་བཀུག་ནས། །ཁར་ཐིམ་ལུས་ཀྱི་བཅུད་གྱུར་ཏེ། །རྡོ་རྗེ་ལམ་བྱུང་ཤེས་རབ་ཀྱི། །པདྨའི་སྙིང་པོར་རབ་འཕྲོས་ལས། །ལྷ་མོའི་ཚོགས་ནི་མཛེས་གྱུར་ཏེ། །བ་སྤུའི་བུ་ག་ལས་འཕྲོས་ནས། །མེ་ཏོག་སྣ་ཚོགས་མཛེས་རྣམས་ཀྱི། །སྡོང་བུ་ལག་པས་ལེགས་བཟུང་ནས། །སྒེག་དང་ བཅས་པས་མཆོད་བྱས་ཏེ། །རབ་སྙན་ཡིད་འཕྲོག་གླུ་དང་ནི། །སྣ་ཚོགས་མཛེས་པའི་གར་གྱིས་སུ། །བདེ་བ་ཆེན་པོ་རབ་ཏུ་སྟེར། །ཀྱེ་ཀྱེ་གཤིན་རྗེ་དགྲ་ནག་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །བདག་གིས་ཁྱོད་མཐོང་རྣམ་པར་འཇིགས། །ཁྲོ་བོའི་རང་བཞིན་ཉིད་སྤོངས་ཏེ། ། བདག་པོ་ཡིས་ནི་གར་བྱས་པས། །མཐོ་རིས་མི་ཡུལ་ས་འོག་འདིར། །ནག་པོ་ཁྲོ་བོ་ཡིད་ཀྱིས་འཇིགས། །གར་བྱེད་ཁྱོད་ནི་འཇིགས་པ་ཆེ། །ནག་པོ་མིའུ་ཐུང་གཤིན་དགྲ་ནག། །གཟུགས་ནི་རྣམ་པ་སྣ་ཚོགས་སྤྲུལ། །རྡོ་རྗེ་དབྱངས་ཅན་མས་ཞུས་པ། །གར་བྱེད་ཁྱོད་ནི་བདེ་བ་ཆེ། ཧྲཱིཿཥྚྲྀཿའི་ སྔགས་ཀྱིས་གར་བྱེད་ཁྱོད། །གནས་གསུམ་ཀུན་གྱི་ཐེ་ཚོམ་སྤོངས། །རྗེ་བཙུན་གཤིན་རྗེ་ཁྲོ་བོ་ཁྱོད། །འགྲོ་བ་ཀུན་གྱིས་གར་བྱེད་མཐོང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྒྲ་ཡུལ་ཐམས་ཅད་བྲག་ཅ་དང་། །འདྲ་བར་རབ་ཏུ་བལྟ་བྱས་ཏེ། །རང་ཉིད་ལྷག་པའི་ལྷར་གནས་ལ། ། ཡོན་ཏན་ཀུན་ནི་སྒྲོགས་པར་བསམ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་དགྲ་ནག་པོ་རབ་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་གྱི་བདག །མི་འཇིགས་སངས་རྒྱས་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་དགྲ་ནག་པོ་ཤིན་ཏུ་འཇིགས། །ཐུགས་ཀྱི་རྡོ་རྗེ་རབ་སྣང་བ། ། རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །གཙོ་བོ་འདོད་ཆགས་ཆོས་འབྱུང་བ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །ཐམས་ཅད་ལས་ཀུན་གཤིན་རྗེའི་དགྲ། །ལས་ཀྱི་རྡོ་རྗེ་རབ་སྣང་བ། །རལ་ གྲིའི་ཕྱག་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་བདག་ལ་ཕྱག་འཚལ་བསྟོད། །ཡཾ་ལས་བྱུང་བ་སྔོན་པོ་ལ། །གཞུ་འདྲའི་བ་དན་མཚན་པ་སྟེ། །ཡཾ་གིས་བྱིན་བརླབས་རླུང་ དཀྱིལ་འཁོར། །གཡོ་མེད་སྟེང་ན་མེ་ཉིད་ནི། །དམར་པོ་གྲུ་གསུམ་རཾ་ལས་བྱུང་། །དེ་སྟེང་ཨ་ལས་བ་དན་ནི། །མཚན་ཉིད་ཐམས་ཅད་རྫོགས་པའོ། །དེ་ནང་བདུད་རྩི་རྣམ་ལྔ་ནི། །གཤིན་རྗེ་ལྔ་ཡི་ཡི་གེ་ལས། །ལྕགས་ཀྱུ་ལྔ་ནི་དེ་ཉིད་ཀྱི། །མིང་གི་ཐོག་མའི་ཡི་གེ་ལས། །ཧཱུྃ་ དཀར་ལས་བྱུང་རྡོ་རྗེ་ཡིས། །དེ་ལ་ཁ་ནི་བཀབ་པར་བསམ། །མཐོ་གང་སྤགས་པའི་བར་སྣང་ལ། །ཟླ་བའི་སྟེང་དུ་ཨོཾ་དཀར་བསམ། །ཁ་བཀབ་རྡོ་རྗེའི་ལྟེ་བ་ཡིས། །ཧཱུྃ་ལས་འོད་འཕྲོས་བ་དན་བསྐུལ། །དེ་ཡིས་རླུང་བསྐྱོད་དེས་མེ་བསྐུལ། །རྫས་ཀུན་ཞུ་ཞིང་ཁོལ་བ་ལ། །རྡོ་རྗེས་འཁྲུག་ཅིང་ཞུ་གྱུར་ པས། །ཤིན་ཏུ་དྲི་མེད་བདག་མཐོང་ནས། །ཨོཾ་ལས་འོད་བྱུང་ཡེ་ཤེས་ཀྱི། །བདུད་རྩི་བསྡུས་ནས་དེར་ཐིམ་པས། །གངས་ཆུ་འདྲ་བར་བསིལ་གྱུར་ཏེ། །ཡི་གེ་གསུམ་བརྗོད་བསྲུངས་ལ་བཞག །གཤིན་རྗེ་གཤེད་ཀྱི་ལྷ་རྣམས་ཀྱི། །ལྗགས་ལ་རྡོ་རྗེ་དཀར་པོ་རེ། །བསམས་ཏེ་དེ་ལས་འོད་ཟེར་ནི། ། སྦུ་གུར་གྱུར་པ་རབ་འཕྲོས་ཏེ། །བདུད་རྩིར་ཟུག་ལ་རང་རང་སྔགས། །བརྗོད་པས་སྦུ་གུས་བཏུང་ནས་ཚིམ། །སྙིང་འོད་འཕྲོས་པས་ཕྱོགས་བཅུར་ཁྱབ། །དངོས་ཀུན་གཤིན་རྗེ་དགྲར་བྱས་ནས། །བསྡུས་ཏེ་བདག་ལ་ཐིམ་གྱུར་པས། །བདག་ཉིད་ཡར་ཐིམ་ཐིག་ལེར་གྱུར། །ཐིག་ལེར་འཁོར་ལོ་ རྫོགས་པར་བསྐྱེད། །དེ་ཡི་འོད་ཀྱི་ཕྲེང་བ་ཡིས། །བདག་སོགས་ལྷ་རྣམས་བསལ་བྱས་ཏེ། །སྙིང་གར་དཀྱིལ་འཁོར་ཕྲ་གནས་པས། །བརྟན་པར་གྱུར་ནས་སྤྲོ་དང་བསྡུ། །ལས་དང་ཆོས་དང་ཆེན་པོ་དང་། །གསང་གསུམ་དམ་ཚིག་ཕྱག་རྒྱ་སྟེ། །ཐུགས་གསུང་སྐུ་ཡི་རྡོ་རྗེ་ལ། །རང་རང་ས་བོན་ཐུགས་ཀར་ བསམ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །ཧྲཱིཿཥྚྲྀཿལ་སོགས་གསང་སྔགས་བསམ། །གསང་སྔགས་བཟླས་པས་གནས་བཞི་ནས། །ཁྲོ་བོའི་རྒྱུན་རྣམས་སྤྲོ་བསྡུ་བ། །རིམ་པའམ་ལྷན་ཅིག་བྱ་བར་འདོད། །དབུགས་དབྱུང་འཕྲོ་བར་བསམ་བྱ་སྟེ། །དབུགས་བསྡུ་སྔགས་ཀྱང་བསྡུ་བར་བྱ། ། བགྲང་ཕྲེང་དུང་ཆེན་ལ་སོགས་ལ། །བདུད་རྩི་ལྔ་སོགས་མཆོད་བྱས་ནས། གཤིན་རྗེ་དགྲ་ཡི་སྐུར་བསམས་ཏེ། །མཐེ་བོ་ལྕགས་ཀྱུས་དྲང་ཞིང་བཟླས། །རང་སྙིང་དེ་བཞིན་དམིགས་ཉིད་པས། །སེམས་ལ་ཉམས་སུ་ཆུང་འགྱུར་ཞིང་། །བཟླས་པས་སྐྱོ་ན་ལག་གཡས་ཀྱིས། །བསྒྲིམས་ཏེ་རྡོ་རྗེ་གསོར་ ནས་ཀྱང་། །གཡོན་པས་རྡོ་རྗེ་དྲིལ་གསིལ་ཞིང་། །རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་། །མཆོད་པ་སྣ་ཚོགས་རྣམས་ཀྱིས་མཆོད། །དཀྱིལ་འཁོར་བཞེངས་ལ་ཡང་བཟླས་སོ། །བདག་ཉིད་གཏོང་བར་འདོད་གྱུར་ན། །འགྲོ་བའི་དོན་ལ་འགྲོ་བསམས་ཏེ། །མཆོད་བསྟོད་བདུད་རྩི་མྱང་བྱས་ལ། ། ཡིག་གསུམ་མཐའ་རུ་མུཿབཞག་པའི། །སྔགས་ཀྱིས་ཡེ་ཤེས་གཤེགས་པར་བསྐུལ། །ཏིང་ངེ་འཛིན་གྱི་ལྷ་རྣམས་ནི། །ཨོཾ་ཨཱཿཧཱུྃ་མུཿབདག་ལ་བསྡུ། །བདག་ཉིད་ཡེ་ཤེས་སེམས་དཔའ་ལ། །ཡེ་ཤེས་སེམས་དཔའ་ཕྱག་རྒྱ་སྟེ། །དེ་ཡང་ཡི་གེ་དེ་སྟོང་བསམ། །བཟོད་པ་གསོལ་དང་གསོལ་བ་གདབ། ། བསྔོ་དང་སྨོན་ལམ་གདབ་པར་བྱ། །འདི་ནི་རྣལ་འབྱོར་ཆེན་པོའོ།། །།རང་གི་ལྷ་ཡི་ང་རྒྱལ་གྱིས། །ཡང་དག་ལངས་ལ་སྤྱོད་ལམ་ཀུན། །གཤིན་རྗེ་དགྲ་ཡི་ངོ་བོར་བྱས། །ཟབ་ཅིང་རྒྱ་ཆེའི་རང་བཞིན་ནོ། །ཁ་ཟས་ཅི་ཟ་བདུད་རྩིར་བརླབ། །ཁ་ཡི་ཧོམ་ཁུང་སྲེག་ཁང་དུ། །ལྷ་རྣམས་ཚིམ་བྱ་སྲེག་རྫས་ རྣམས། །ལག་པའི་གཟར་བུས་བསྟབ་པར་བྱ། །ཕྱི་ཡི་ཁྲུས་རྣམས་བྱེད་པ་ནི། །འགྲོ་བ་རང་བཞིན་དག་བསམས་ལ། །དབང་བསྐུར་བ་ཡི་ཆོ་ག་བཞིན། །ལྷ་མོའི་བུམ་ཆུས་བཀྲུས་པར་བསམ། །ཕྱི་ཐུན་ལ་ཡང་དེ་བཞིན་དུ། །དཀྱིལ་འཁོར་བསྡུ་བའི་བར་དུ་བྱ། །བཟའ་བ་ཟོས་ནས་ཉལ་བའི་ ཚེ། །ཤེས་རབ་སྙིང་རྗེར་ལྡན་པས་ཉལ། །ལྡང་བའི་དུས་ན་དཔལ་ལྡན་པའི། །ལྷ་མའི་དབྱངས་ཀྱིས་བསྐུལ་བར་བསམ། །འདི་ལྟར་འདི་ལས་དང་པོ་པའི། །རྣལ་འབྱོར་པ་ཡི་བྱ་བ་ཡིན། །ཡེ་ཤེས་འགའ་སོགས་རྣལ་འབྱོར་པས། །སྦྱོར་བ་རྣམ་གསུམ་རིམ་བཞིན་བྱ། །སྤྱོད་ལམ་དག་ གི་ཚེ་ན་ཡང་། །ལུས་ངག་ཡིད་ཀྱི་བྱ་བ་ཀུན། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་དུ། །བསམས་ཏེ་བྱ་བ་ཀུན་བྱའོ། །དཔའ་མི་གཅིག་ཅིག་མཐོང་བ་ལ། །བདེ་སྡུག་རྣམ་པར་གྲོལ་འགྱུར་བ། །སེམས་ཉིད་ཁོ་ན་ཡིན་པའི་ཕྱིར། །རྟོག་མེད་སེམས་གནག་ག་ལ་འགྱུར། །སྔོན་དུ་བསྙེན་པ་བྱ་བའི་ཆོ་གའོ།། །། བསྙེན་པས་བགེགས་ཀྱི་ཚོགས་བཅོམ་ལ། །གཞན་གྱི་དོན་ལ་བརྩོན་བྱ་བའང་། །མཚན་མ་བརྟན་པོ་ཡང་དང་ཡང་། །མཐོང་ཞིང་གནང་བ་ཐོབ་ནས་བྱ། །ཡིད་དགའ་བ་ཡི་ས་ཕྱོགས་ནི། །ཤར་དང་བྱང་གི་ཆ་ཉིད་དོ། །དབུས་མཐོ་ཤར་དང་བྱང་གཞོལ་བར། །བགེགས་བསྐྲད་ཕུར་བཏབ་གཏོར་མ་སྦྱིན། གསོལ་བཏབ་རྣལ་འབྱོར་གསུམ་བྱས་ནས། །སངས་རྒྱས་ལ་ཡང་གསོལ་བ་གདབ། །མཆོད་ཡོན་ཞབས་བསིལ་ཕུལ་ནས་སུ། །སྦྱིན་སྲེག་གིས་ཀྱང་རབ་ཚིམ་བྱ། །དེ་ནས་མཁའ་ལ་བཀོད་ནས་སུ། །བགེགས་མེད་ས་ནི་ལེགས་བརྐོས་ནས། །སླར་ཡང་ས་ཡིས་ རབ་ཏུ་དགོང་། །སྔོན་དུ་དུས་རིང་བསྙེན་བྱས་པའི། །གཤིན་རྗེ་གཤེད་ཀྱི་སྦྱོར་ལྡན་པས། །དཀྱིལ་འཁོར་ས་ནི་རྫོགས་བྱས་ཏེ། །ཨོཾ་བྷུ་ཁཾ་ཞེས་སྔགས་ཀྱིས་ནི། །མཁའ་ལ་རི་ནི་བསྐྱེད་པར་བྱ། །ཧཱུྃ་ལཾ་ཧཱུྃ་ཞེས་རྡོ་རྗེའི་བདག །ཉིད་དུ་ས་བྱས་དེ་བྱིན་བརླབ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་ བཛྲ་བནྡྷ་ཧཱུྃ། སྔོན་བཞིན་ལྷ་ཡི་ཏིང་འཛིན་ནི། །ས་ཡི་དབུས་སུ་རྣལ་འབྱོར་བཞི། །རིམ་བཞིན་བྱས་ནས་རྫོགས་པ་དང་། །སངས་རྒྱས་ཀུན་བདག་གཤིན་རྗེ་ནི། །རྡོ་རྗེ་དྲིལ་འཛིན་གཙོ་བོ་ལ། །གྲོགས་པོ་རྡོ་རྗེ་དྲིལ་འཛིན་བཞི། །གཏི་མུག་སོགས་བདག་ལྷན་ཅིག་ཏུ། །སྤྲུལ་པས་ དཀྱིལ་འཁོར་གསུམ་ལ་ནི། །མཆོད་ནས་གསོལ་བ་གདབ་པར་བྱ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ཡང་དག་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་ བཞིན་དག་པས་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་གཤིན་རྗེ་གཤེད་ལངས་ཏེ། །མ་དང་ཊ་ཡི་ཡི་གེ་ལས། །གཡས་དང་གཡོན་གྱི་མིག་གཉིས་སུ། །ཉི་མ་དང་ནི་ཟླ་བ་བསམ། །བློ་ཅན་འགྲོ་བ་ཀུན་བལྟས་ནས། །དཀྱིལ་འཁོར་ས་ ལ་སྟང་སྟབས་བསྐོར། །རྐང་མཐིལ་ཨ་ལས་རྡོ་རྗེར་བསྒོམ། །གཡས་པས་རྡོ་རྗེ་གསོར་བྱེད་ཅིང་། །གཡོན་པས་དྲིལ་གསིལ་འགྱིང་བག་ཏུ། །གནས་ཏེ་མཆེ་གཙིགས་ཧཱུྃ་བརྗོད་དོ། །ལྷ་དང་ལྷ་མིན་ལ་སོགས་པ། །གདུག་པའི་ཚོགས་རྣམས་བསྐྲད་པར་བྱ། །ཉོན་ཅིག་བགེགས་ཀྱི་ཚོགས་རྣམས་ ཀུན། །སྐུ་གསུང་ཐུགས་ལ་གནས་པ་ཡི། །བདག་ནི་དཔལ་ལྡན་རལ་གྲི་འཛིན། །སྲུང་བའི་འཁོར་ལོའི་དོན་བྱེད་པ། །རལ་གྲི་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གིས་བདག་ཚིག་འདས། །ལུས་ངག་གསུམ་ལས་སྐྱེས་པ་བཅད། །འཇིག་པར་འགྱུར་བར་གདོན་མི་ ཟ། །དེ་ནས་ས་ལ་བསྐོར་བྱས་ཏེ། །བགེགས་མེད་བྱ་ཕྱིར་ཕུར་བུས་གདབ། །ཕུར་པ་སྟོད་ནི་ཁྲོ་བོ་ལ། །སྨད་ནི་རྡོ་རྗེ་རྩེ་གཅིག་པ། །ཕུར་པའི་གསང་སྔགས་བཟླས་པ་ལྔ། །མཚམས་དང་དབུས་སུ་གདབ་པར་བྱ། །འོད་ཟེར་རྣོན་པོ་རབ་འཕྲོ་བས། །ཕྱོགས་བཅུར་ཡང་དག་གནས་པ་ ཡི། །བགེགས་ཀྱི་ཕུང་པོ་ཀུན་གཞོམ་མོ། །ཤིན་ཏུ་བགེགས་མེད་རབ་མཐོང་ནས། །མཚམས་བཅད་ཕྱོགས་བཅིང་སྔོན་བཞིན་དུ། །བློ་ཡིས་བྱས་ནས་ས་རྫོགས་ནས། །སྟ་གོན་གནས་པའི་རིམ་བཞིན་བྱ། །བཾ་སེར་ལས་བྱུང་ལྷ་མོ་ནི། །འོད་དང་བཅས་པ་བཀུག་ནས་སུ། །མཆོད་པ་ཕུལ་ནས་ གསོལ་བ་གདབ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་བཙུགས་ཏེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་ བྲི། །དྲི་ཞིམ་ཆུ་ཡིས་ས་བྱུགས་ནས། །མེ་ཏོག་མཛེས་པ་སྣ་ཚོགས་དགྲམ། །བདུད་རྩི་དང་ལྡན་དྲི་ཆུ་ཡིས། །ལྷ་རྣམས་མཎྜལ་རབ་ཏུ་བྱ། །དེ་ལ་དཀྱིལ་འཁོར་རང་སྔགས་ཀྱིས། །བཀུག་ལ་མཚམས་སོགས་བཅིང་བྱས་ནས། །མཆོད་བསྟོད་བདུད་རྩི་མྱང་བར་བྱ། །དེ་ནས་བུམ་པའི་སྟ་གོན་ནི། ། རིན་ཆེན་བུམ་པ་མི་གནག་པ། །མགྲིན་པ་རས་ཀྱིས་བཅིངས་པ་ལས། །ལྡུམ་བུ་མཆོག་གིས་ཁ་ལ་བརྒྱན། །རིན་ཆེན་སྨན་འབྲུ་སྣ་ལྔ་དང་། །དྲི་ཆུས་བཀང་བ་མངོན་པར་བསྔགས། །སྣ་ཚོགས་མེ་ཏོག་བརྒྱུས་པ་ཡི། །སྐུད་པའི་རྩེ་མོར་རྡོ་རྗེ་གདགས། །བུམ་ཁར་བཞག་ལ་ལག་པས་བཟུང་། ། རྒྱལ་བའི་དཀྱིལ་འཁོར་གཙོ་ལ་སོགས། །སྔགས་བཟླས་ནས་ནི་མཆོད་ཡོན་འབུལ། །མེ་ཏོག་དབུལ་དང་སྤོས་སོགས་མཆོད། །དྲི་སོགས་པདྨའི་སྣོད་ལེགས་གཞག །ཉིན་དང་མཚན་མོ་ཐུན་གསུམ་དུ། །གཏོར་མ་སྦྱིན་ཞིང་དེ་བཞིན་བཟླ། །དེ་དག་དཀྱིལ་འཁོར་ཕྱི་རོལ་ལ། །གནས་ནས་རྒྱལ་བ་ གཙོ་བོ་ཡིས། །དེ་ནས་གཡོན་གྱི་སྣོད་ལ་ཆུ། །བླུགས་ནས་དེ་ཡིས་གཏོར་བས་ན། །བདག་དང་སློབ་མ་ཐམས་ཅད་ཀྱི། །ཆུ་ཡིས་དབང་བསྐུར་གྱུར་པ་ཡིན། །དེ་ནས་རང་གི་ལྕེ་བརླབས་ལ། །གཡས་པས་སྤོས་ཕོར་བཏེག་ནས་སུ། །པུས་མོ་བཙུགས་ནས་བློ་ལྡན་པས། ། དཀྱིལ་འཁོར་གཙོ་དང་སངས་རྒྱས་ཞུ། །མགོན་པོ་ཞེ་སྡང་གཤིན་རྗེ་ཡི། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །བདག་གིས་གཤིན་རྗེའི་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འདོད་པ་སྟེ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་བས་བཅོམ་ལྡན་གུས་ལྡན་ ལ། །བྱིན་གྱིས་བརླབ་པ་མཛད་པར་གསོལ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འགྲོ་བ་འཁོར་བའི་དོན་བྱེད་རྣམས། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་ཀྱི་ནི་ལྷ་གཞན་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་ཡང་དག་རྫོགས་པ་ཡི། །སངས་རྒྱས་ བསྟན་པར་མངོན་དགའ་དང་། །གང་སུ་ལྷ་ཡི་མིག་ཅན་རྣམས། །ཆེ་གེ་ཞེས་པའི་རྡོ་རྗེ་ཡིས། །དཀྱིལ་འཁོར་གཤིན་རྗེ་ལས་བྱུང་བ། །ཇི་ལྟར་ཉེ་བར་སྤྱོད་ནུས་པས། །འགྲོ་དག་དོན་དུ་བྲི་བར་བྱ། །སློབ་མ་དང་བཅས་བདག་ལ་ནི། །ཐུགས་རྗེས་ཉེ་བར་བཟུང་ནས་སུ། །ཐམས་ཅད་དཀྱིལ་འཁོར་ལ་ བཅུག་ནས། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ལྟར་སྙན་གསན་ལན་གསུམ་དུ། །བྱས་ནས་གཙོ་ལ་ཡོན་ཆབ་སོགས། །ཕུལ་ནས་བསྲུངས་ཏེ་ཕྱིར་བྱུང་ནས། །སློབ་མ་བརྟགས་པ་གཟུང་བར་བྱ། །བྱས་པ་གཟོ་དང་ཁེངས་པ་མེད། །རིགས་མདོག་ན་སོར་ལྡན་པ་དང་། །ཐེག་པ་ མཆོག་ལ་མངོན་དགའ་བའོ། །དེ་ལས་བཟློག་པའི་སློབ་མ་ནི། །དམན་པས་སྟ་གོན་གནས་མི་བྱ། །ཚེ་འདིར་འབྲས་བུ་འདོད་པ་ཡིས། །ཕྱི་མའི་ཚེ་ལ་མི་འབྱུང་ངོ་། །སྐྱེས་བུ་ཚེ་ཕྱི་མར་འདོད་པས། །འདིར་ཡང་འབྲས་བུ་རྒྱས་པར་འགྱུར། །དེ་ལྟར་སློབ་མ་ལ་སྨྲས་ནས། །བློ་ལྡན་རང་གིས་ནང་དུ་འགྲོ། ། ཡོན་ཏན་དེ་ལྡན་སློབ་མ་ཡིས། །སྒོ་ནས་གསོལ་བ་གདབ་པར་བྱ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དེ་ཉིད་དམ་ཚིག་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་བགྱིད། །དེ་ལྟར་ལན་གསུམ་བརྗོད་ནུས་པའི། །སློབ་མ་རབ་ཆགས་མཛེས་པ་ལ། །སློབ་དཔོན་རྩེ་གཅིག་ཏུ་བྱས་ལ། །ཚིག་འདིས་གནང་བ་སྦྱིན་པར་བྱ། ། འདིར་ཤོག་བུ་འདི་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཚུལ་ཆེན་ལ་ཁྱོད་བསྙེན་པ་གྱིས། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་ཞུགས་པ་ ཀུན། །དེ་དག་གིས་ནི་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་བརྙེས་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །གསང་སྔགས་ཆོ་ག་མཉམ་མེད་དེ། །ཤཱཀྱ་སེང་གེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ ཀྱང་དེ་ཡིས་བཅོམ། །འཇིག་རྟེན་འཇུག་པར་རབ་ཤེས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་བཤགས་དང་ཡི་རང་སོགས། །བྱས་ནས་བྱང་ཆུབ་སེམས་བསྐྱེད་ལ། །སྲུང་བ་བྱས་ཏེ་དེ་ནས་ནི། །ཐུགས་ གསུང་སྐུ་ཡི་བྱིན་བརླབས་ལ། །ཡི་གེ་གསུམ་དང་ལྡན་པ་དེར། །མཆོད་པ་རྣམས་ཀྱིས་མཆོད་པར་བྱ། །དེ་ནས་ལྷ་ཡི་སྔགས་བཟླས་པའི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མེ་ཏོག་རྩེར་ལྡན་སྦྱིན་པར་བྱ། །ཐོ་རངས་ལངས་ནས་ཤར་བལྟས་ཏེ། །ས་ལ་མ་ལྷུང་ལྕི་བ་ཡིས། །ས་ལ་བ་ཀོ་ཙམ་ བྱུགས་ཏེ། །རྩེ་མོ་བཅའ་ཞིང་དེ་རུ་དོར། །ཞི་དང་རྒྱས་སོགས་གར་གྲུབ་བལྟ། །དེ་ནས་ཁ་བཤལ་ཧུབ་གསུམ་ཆུ། །བྱིན་ལ་སྔགས་འདི་བཟླས་པར་བྱ། །ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཿསརྦ་པཱ་པཾ་ནི་ཙ་སྱ་ཤོ་དྷ་ཡ་སརྦ་བི་ཀལ་པཾ་ཨ་པ་ན་ཡ་ཧཱུྃ། གཤིན་རྗེའི་སྔགས་བཟླས་ཀུ་ཤ་ནི། །སྟན་དང་སྔས་སུ་ སྦྱིན་པར་བྱ། །མདུད་པ་གསུམ་ལྡན་སྲུང་སྐུད་ནི། །དཔུང་པ་གཡོན་པར་བཅིང་བར་བྱ། །དེ་ནས་སེམས་ཀྱི་སྦུངས་བསྐྱེད་ཕྱིར། །ཟབ་ཅིང་རྒྱ་ཆེའི་ཆོས་བཤད་དེ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །དེ་ཕྱིར་ཁྱོད་རྣམས་དོང་བས་ན། །རབ་བྱུང་སྐལ་བ་ ཆེན་པོ་པ། །ཡོད་དང་མེད་ལས་རྣམ་འདས་ཤིང་། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོགས་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ལས་དང་བྱ་བ་སོགས་དང་བྲལ། །བདེན་པ་གཉིས་ལ་ གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ཡི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཀུ་ཤའི་མལ་དུ་ཉལ་བཅུག་ལ། །རྨི་ལམ་མཐོང་བ་དགེ་མི་དགེ། །ཐོ་རངས་བདག་ལ་མ་འཛེམ་པར། །སྨྲོས་ཤིག་ཅེས་ནི་བསྒོས་ལ་བཏང་། །དེ་ནས་སྡོམ་པ་བཟུང་ནས་སུ། །དཀྱིལ་འཁོར་སྦྱོར་བ་བསྒོམ་བྱས་ ཏེ། །མཆོད་ཅིང་གསོལ་བ་བཏབ་བྱས་ལ། །ནམ་མཁའ་ལ་ནི་དགོད་པར་བྱ། །ཁ་དོག་ལྔ་ཡི་སྐུད་པ་ལ། །ཡཀྵེ་མ་མེད་བཀོད་དེ། །གཤིན་རྗེ་དགྲ་ལྔའི་སྐུ་རུ་བསམ། །ཞེ་སྡང་གཤིན་རྗེར་བདག་བལྟས་ལ། །ཛ་ལས་བྱུང་བའི་ཉི་ཟླའི་མིག །འབར་མིག་ལྕགས་ཀྱུས་དྲངས་ནས་སུ། །རང་ མདོག་སྐུད་པའི་ནང་དུ་ཐིམ། །གཏི་མུག་རལ་གྲི་དང་ལྷན་ཅིག །ཐིག་སྣ་དྲངས་ལ་བསྒྲིལ་བར་བྱ། །ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ མཐའ་མ་དཀར་ལྡན་ལག་པ་ཡིས། །གཟུང་ལ་སྔགས་འདི་བཟླས་པར་བྱ། །ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། རིང་ ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །དྲི་ཞིམ་བདུད་རྩི་ལྔ་ཡིས་ནི། །བྱུགས་ནས་བསྲུངས་ལ་སྣོད་གཙང་བཞག །དེ་ལ་མཆོད་པ་རྣམས་ཀྱིས་མཆོད། །དེ་ནས་སྐུད་པ་བསྔགས་བྱས་ལ། །ཛྫ་ཡིག་གསུམ་གྱིས་གཏང་བར་བྱ། །དེས་ཀྱང་ཛྫ་ཡིག་གསུམ་གྱིས་དྲངས། །ལྟེ་བར་ཁུ་ཚུར་ གཡོན་གྱིས་བཟུང་། །ནུབ་ཏུ་གནས་ནས་ཤར་བལྟས་ཏེ། །མཁས་པས་ནམ་མཁར་ཐིག་གདབ་བོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། སེམས་ཅན་དོན་བྱེད་དུས་དག་ཏུ། །མཁའ་ཁྱབ་པ་ཡི་དེ་བཞིན་གཤེགས། །འདིར་གཤེགས་པ་ཡི་དོན་གྱི་ཕྱིར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བསམ། །ལྷོ་ནས་བྱང་དུ་ཁ་བལྟས་ ཏེ། །ཤར་གྱི་ཐིག་ནི་རབ་ཏུ་གདབ། །དེ་བཞིན་བྱང་ནས་ལྷོར་བལྟས་ཏེ། །ནུབ་ཀྱི་ཕྱོགས་ཀྱི་སྐུད་པ་བརྟག །དེ་ནས་ཤར་དུ་དྲངས་པ་ཡིས། །བྱང་ཕྱོགས་ཀྱི་ནི་ངོས་གདབ་བོ། །ཤར་ནས་བདེན་བྲལ་མཚམས་བལྟས་ཏེ། །ལྷོ་ཡི་ཐིག་ནི་གདབ་པར་བྱ། །དེ་ནས་མེ་ཡི་མཚམས་གནས་ཏེ། །རླུང་གི་མཚམས་སུ་ གདབ་པར་བྱ། །བདེན་བྲལ་མཚམས་ནས་དབང་ལྡན་དུ། །དྲངས་ཏེ་གྲྭ་ཡི་ཐིག་གདབ་བོ། །དེ་ནས་ཐིག་རྣམས་ཅི་རིགས་པར། །ལྷག་ཆད་མེད་པ་ཉིད་དུ་གདབ། །དེ་ནས་དབུས་སུ་ཕུར་བཏབ་སྟེ། །དེ་ལ་བརྟོད་པའི་སྲད་བུ་ནི། །དཀྱིལ་འཁོར་ཉིས་འགྱུར་དག་གིས་སོ། །རྡོ་རྗེ་ར་བ་ལ་ སོགས་བསྐོར། །འདི་ཡི་ཕྱི་ཡི་འཁོར་ལོ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རབ་ཏུ་མཛེས། །ཁ་ཁྱེར་བཞི་དང་ལྡན་པ་ལ། །རྡོ་རྗེ་དྲིལ་བུ་ལ་སོགས་བརྒྱན། །སྒོ་ཡི་མཚམས་དང་གྲྭ་བཞི་རུ། །ཟླ་ཕྱེད་རྡོ་རྗེ་མཛེས་པར་བྱ། །དེ་ཡི་ནང་གི་འཁོར་ལོ་ནི། །སྣ་ཚོགས་རྡོ་རྗེ་འཇིགས་པ་ སྟེ། །རྡོ་རྗེ་ཕྲེང་བས་རབ་མཛེས་པས། །ཀུན་ནས་ཡོངས་སུ་བསྐོར་བར་བྱ། །ཧཱི་ལས་ཉི་མ་ཟླ་བ་དག །མིག་ཏུ་བསམས་ཏེ་ཁྲོ་བོ་ཡི། །བལྟ་བར་བཅས་པས་ཀུན་བལྟས་ནས། །སྒོ་རྣམས་དག་ནི་ལེགས་བྱ་བ། །སྒོ་ནི་འཁོར་ལོའི་བརྒྱད་ཆར་བྱ། །སྒོ་ཁྱུད་ཆེན་པོ་སྤངས་པ་ཡིན། །སྒོ་ཡི་ཚད་དུ་ ཁྱམས་བྱ་སྟེ། །དེ་བཞིན་ལྷ་ཡི་སྣམ་བུའོ། །ཁ་ཁྱེར་སྒོ་ཡི་ཕྱེད་དུ་སྟེ། །འགྲམ་དང་གཤོག་པ་དེ་ཡི་ཚད། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །རྔ་དང་རྡུང་དཀྲོལ་ལ་སོགས་རྒྱན། །དེ་ཕྱེད་ཚོན་སྣ་ལྔ་ཡི་ས། །རྡོ་རྗེ་ར་བའང་དེ་ཡི་ཚད། །རྟ་བབས་སྒོ་ཡི་སུམ་འགྱུར་ལ། །བ་དན་དྲིལ་བུ་ལ་སོགས་རྒྱན། ། རིན་ཆེན་ཀུན་དང་ལྕགས་རྣམས་དང་། །འབྱུང་ཁུང་དག་གི་ཕྱེ་མ་ལ། །ཡི་གེ་ལྔ་བཀོད་བྱིན་བརླབ་བྱ། །འབར་བར་གྱུར་དང་གསང་སྔགས་བཟླས། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། སེམས་ཅན་ཁམས་རྣམས་གྲོལ་མཛད་ཅིང་། །དེ་ནི་ཆོས་དབྱིངས་རོ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་འདྲི་བའི་ཚེ། །རླུང་ ལ་སོགས་པ་བྱུང་གྱུར་ན། །ཁྲོ་བོའི་སྦྱོར་དང་ལྡན་པ་ཡིས། །རླུང་སོགས་བཅིང་བ་ཚུལ་བཞིན་བྱ། །གཤིན་རྗེ་གཤེད་པོ་རྒྱལ་ཀུན་གཙོ། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །སྐྱོན་ཀུན་ལས་ནི་རྣམ་གྲོལ་བ། །དེ་ཡི་དབུས་སུ་ལེགས་གནས་ཏེ། །དབང་ལྡན་མཚམས་ནས་མཉམ་པོ་རུ། །བླ་ མས་གཡོན་གྱི་ཁུ་ཚུར་གྱིས། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་སྔོན་པོ་དེ་བཞིན་ནོ། །མཉམ་དང་གཡས་སྐོར་ཚད་ལྡན་པར། །དཀྱིལ་འཁོར་རི་མོ་བྲི་བར་བྱ། །མཉམ་པོ་བྲི་བར་རི་མོ་ནི། །སྒོ་ཡི་ཉི་ཤུ་ཆ་ཡིན་ཏེ། །དེ་ལས་སྦོམས་ན་ནད་འབྱུང་ལ། །ཕྲས་ན་ནོར་རྣམས་ཟད་པར་ འགྱུར། །ཀྱག་ཀྱོག་བྱུང་ན་འཐབ་མོ་འབྱུང་། །ཆད་ན་སློབ་མ་བླ་མ་འཆི། །གཡས་སྐོར་དུ་ནི་མ་བྲིས་ན། །རྡུལ་ཚོན་གྱི་ནི་དངོས་གྲུབ་ཉམས། །རྡོ་རྗེ་རྩེ་མོ་དཀར་པོའི་ངོས། །གཞན་སེར་བ་ཡི་མདོག་ཡིན་ཏེ། །གཞན་ནི་པདྨ་རཱ་གའི་ངོས། །དེ་བཞིན་མ་ར་ཀ་ ཏ་སྟེ། །ནང་དུ་སྔོན་པོར་ཤེས་པར་བྱ། །དེ་ནི་རྡུལ་ཚོན་རིམ་པར་བཤད། །ཤར་གྱི་ཕྱོགས་སུ་དཀར་པོ་སྟེ། །ལྷོ་ཡི་ཕྱོགས་སུ་སེར་པོ་ཡིན། །ནུབ་ཕྱོགས་དམར་པོ་བྱ་བ་སྟེ། །བྱང་ཕྱོགས་ལྗང་གུ་དག་ཏུ་འདོད། །དབུས་མའི་ས་ཡི་ཆ་ཉིད་ནི། །ཨིནྡྲ་ནཱི་ལ་རབ་ཏུ་འབར། །རྟག་ཏུ་ཤེས་ རབ་ཐབས་ལྡན་པས། །ཤིན་ཏུ་མཉམ་གཞག་ཡང་དག་བྲི། །ཟླ་བ་ཉི་མའི་གདན་དག་ལ། །རྡོ་རྗེའི་འོད་ཀྱིས་ཀུན་འཁྲིགས་པའི། །རྡོ་རྗེ་དབུས་སུ་ཡང་དག་བྲི། །འཁོར་ལོ་འོད་འབར་རབ་འཇིགས་པའི། །འཁོར་ལོ་ཤར་གྱི་ར་ལ་བྲི། །རིན་ཆེན་འོད་འབར་རབ་འཁྲིགས་པའི། ། རིན་ཆེན་ལྷོ་ཡི་ཕྱོགས་སུ་བྲི། །ནུབ་ཏུ་པདྨའི་སྤྲིན་འཁྲིགས་པའི། །པདྨ་དམར་པོ་སྡོང་བུར་བཅས། །རལ་གྲིའི་འོད་ཀྱི་རབ་འཁྲིགས་པའི། །རལ་གྲི་བྱང་གི་ར་ལ་བྲི། །ཐོ་བ་འབར་འོད་གསལ་བ་ནི། །ཤར་གྱི་སྒོ་རུ་བྲི་བར་བྱ། །བེ་ཅོན་འབར་འོད་འཁྲིགས་པ་ཡི། །བེ་ཅོན་ལྷོ་ཡི་སྒོ་ རུ་དགོད། །པདྨ་འབར་བ་རབ་འཇིགས་པའི། །འོད་དང་ལྡན་པ་ནུབ་སྒོར་བྲི། །རལ་གྲི་འབར་བའི་སྤྲིན་ལྡན་པ། །བྱང་གི་སྒོ་རུ་བྲི་བར་བྱ། །མེ་མཚམས་ལ་སོགས་གྲྭ་བཞི་རུ། །གོ་རིམས་བཞིན་དུ་འཁོར་ལོ་དང་། །རྡོ་རྗེ་པདྨ་ཨུཏྤ་ལ། །འོད་དང་ལྡན་པ་བྲི་བར་བྱ། །ཕྱི་ཡི་མེ་མཚམས་ལ་ སོགས་པར། །ཟླ་བས་གང་བའི་སྣོད་བཞི་བྲི། །དེ་ལྟར་འཁོར་ལོ་རྫོགས་པ་དང་། །མཁའ་ལ་བཀོད་པ་ཕབ་བྱས་ལ། །དེ་ནས་སྔོན་བཞིན་ཤེས་རབ་དང་། །སྦྱོར་བྱས་འཁོར་ལོ་བསྐྱེད་ནས་གདོན། །དེ་ལ་སྤྱན་སོགས་བྱིན་བརླབ་དང་། །ཐུགས་གསུང་སྐུ་ཡི་རྡོ་རྗེ་དང་། །དབང་བསྐུར་ལ་ སོགས་བྱ་བ་ཡིན། །དེ་ནས་སྔོན་བཞིན་ཡེ་ཤེས་ཀྱི། །འཁོར་ལོ་དགུག་དང་བགེགས་བསྐྲད་སོགས། །བྱས་ལ་སྒོ་བཞིའི་ཁྲོ་བོ་ཡི། །སྔགས་ལ་ཛཿསོགས་མཐར་ལྡན་པས། །དགུག་གཞུག་བཅིང་དང་དབང་བྱ་དང་། །ར་བ་དྲ་བ་ལ་སོགས་བྱ། །དེ་ནས་ལྷ་མོས་སྔོན་བཞིན་མཆོད། །བསྟོད་ དང་བདུད་རྩི་མྱང་བ་དང་། །རྡུལ་ཡབ་སྦྲང་ཡབ་བསིལ་ཡབ་དང་། །ཁམས་དང་སྐྱེད་མོས་ཚལ་དག་དང་། །གཟིམས་མལ་དང་ནི་གདན་ཁྲི་དང་། །མྱུར་འགྲོ་རྟ་དང་གླང་པོ་དང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །རྟ་བབས་དང་ནི་བླ་རེ་སོགས། །བཟའ་བཏུང་བྲོ་མཆོག་སྣ་ཚོགས་དང་། །གླུ་ གར་ལ་སོགས་མཐའ་ཡས་མཆོད། །དེ་ནས་ཅི་འབྱོར་གཞན་དག་ལ། །བཟླས་པ་བྱས་ཏེ་མཉེས་པར་བྱ། །བདུད་རྩི་དང་ལྡན་དྲི་ཆུ་ཡིས། །མཎྜལ་ལེགས་པར་བྱས་ནས་སུ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྱུང་པོ་འཁོར་དང་བཅས་པ་ཐམས་ཅད་ཨཾ་ཀུ་ཤ་ཛཿཨོཾ་ཧྲཱིཿཥྚྲྀཿ ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྱུང་པོ་འཁོར་དང་བཅས་པ་ཐམས་ཅད་ཀཱི་ལ་ཡ་ཧཱུྃ་ཕཊ། དགུག་དང་ཕུར་བུས་གདབ་པ་སྟེ། །དེ་ལྟར་བྱས་པས་འོད་ཉིད་དུ། །གྱུར་ལས་རང་རང་ཡི་གེ་སྟེ། །དེ