Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 47
Văn bản gốc(Tây Tạng)
Trang 3 / 16 (50.000 ký tự/trang)
་ལས་མཚན་མ་དེ་ལས་སྐུ། །ཧྲཱིཿཥྚྲྀཿཝི་ཀྲྀ་རྣམ་བཞི་ནི། །དབང་པོ་གཤིན་རྗེ་ཆུ་ལུས་ ངན། །འབྱུང་པོ་མེ་ལྷ་སྲིན་པོ་རླུང་། །ཏ་ཨཱ་ན་ན་ལས་བྱུང་བའོ། །ཧཱུྃ་ཧཱུྃ་ཕཊ་དང་ཡི་གེ་གསུམ། །ཉི་མ་ཟླ་བ་ཚངས་པའོ། །ཕཊ་དང་སྭཱ་སྟེ་ཡི་གེ་གཉིས། །ས་བདག་དང་ནི་ལྷ་མ་ཡིན། །ཧཱ་ནི་ཁྱབ་འཇུག་ལ་སོགས་སོ། །ཐམས་ཅད་ཞལ་གསུམ་ཉིས་འགྱུར་ཕྱག །དང་པོ་རང་རང་ཕྱག་མཚན་ ལ། །ལྷག་མ་བདེ་བར་གཤེགས་དང་མཐུན། །ཞལ་མདོག་རིགས་ཀྱི་གཙོ་བོ་འདྲ། །མིག་སོགས་བརླབ་དང་ལུས་ངག་ཡིད། །དབང་བསྐུར་བ་ཡང་འདྲ་བྱས་ནས། །གཏོར་མ་བདུད་རྩི་བཞིན་བརླབས་ལ། །ལྕེ་ཡང་བརླབས་ཏེ་སྦུབས་ཀྱིས་སུ། །རང་སྔགས་བརྗོད་པས་བརྔུབ་པར་བྱ། །ཨོཾ་ ཨིནྡྲཱ་ཡ་ཧྲཱིཿཡ་མ་ཥྚྲཱྀཿཝ་རུ་ཎཱ་ཡ་ཝི། གུ་བེ་རཱ་ཡ་ཀྲྀ། ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་ཪྼྀ་ཏྱ་ཡ་ན། བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུྃ། ཨརྐ་ཡ་ཧཱུྃ། བྲཧྨ་ཎཱ་ཡ་ཕཊ། བ་སུ་དྷ་རཱ་ཡ་ཕཊ། བེ་མ་ཙི་ཏྲཱ་ཡ་སྭཱ། སརྦ་བྷུ་ཏེ་བྷྱོ་ཧཱ། ཧ་ཧ་ཧ་ཧ་ཧཱུྃ། ཧི་ཧི་ཧི་ཧི་ཧཱུྃ། དེ་ཡིས་ཕྱོགས་སྐྱོང་ཚིམ་བྱས་ནས། །འཐོར་འཐུང་ བྱས་པ་ནང་དུ་འགྲོ། །དེ་ནས་དཀྱིལ་འཁོར་ཞལ་བསྲོའི་ཕྱིར། །སྦྱིན་སྲེག་གིས་ནི་ཚིམ་བྱ་སྟེ། །སྦྱིན་སྲེག་ལས་ལས་འབྱུང་བ་ལྟར། །ཞི་དང་རྒྱས་པ་བྱ་བར་འདོད། །དེ་ནས་སློབ་མ་རྣམས་གཞུག་ཕྱིར། །དང་པོར་བདག་ཉིད་འཇུག་པར་བྱ། །བདག་ཉིད་སྐུ་སོགས་བྱིན་བརླབ་ཅིང་། །སྣང་བ་ཐོབ་ པར་གྱུར་པ་ཡིས། །སློབ་མ་གཞུག་པའི་དོན་དུ་ནི། །དེ་ཉིད་རབ་ཏུ་བརྗོད་པར་བྱ། །ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །དེ་ནས་བདེན་པའི་ བྱིན་རླབས་བརྗོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའི། །མགོན་པོ་བདེན་པ་འདི་ཡིས་ནི། །བདག་ལ་ཁྱེད་ཀྱིས་འདོད་རྫོགས་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་ སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །དེ་ཉིད་དེ་ཉིད་བསྐྱེད་པ་ནི། །དེ་དག་བདེན་པས་དཀྱིལ་འཁོར་ལ། །གཟུགས་བརྙན་གསལ་བར་སློབ་མ་ནི། །སྡིག་མེད་པར་ནི་ཐམས་ཅད་མཐོང་། །ཐུན་མོང་སྡོམ་བཟུང་སློབ་མ་ནི། ། སྔོན་བཞིན་སྐུ་སོགས་འོད་གསལ་བ། །ཡོལ་བས་བར་དུ་བཅད་ནས་སུ། །ཀུན་བྱེད་བུམ་པའི་ཆུ་ཡིས་སུ། །བཀྲུས་པའི་དར་རས་དམར་པོ་ཡིས། །བུ་སྡུག་དེ་ཡི་ངོ་བཀབ་ལ། །ཁྱོད་སུ་ཞེས་ནི་དྲི་བར་བྱ། །བདག་ནི་སྐལ་ལྡན་ཡིན་ཞེས་སྨྲ། །ཁྱོད་ཅི་དགའ་ཞེས་དྲིས་པ་ལ། །སྐལ་བ་བཟང་ལ་ བདག་དགའ་ཞེས། །འཇུག་པ་པོས་ཀྱང་སྨྲ་བར་བྱ། །དེ་ནས་ཕྲེང་བ་སྦྱིན་བྱ་སྟེ། །ཨུ་དུམྺཱ་ར་མནྡ་ར། །ཡོངས་འདུ་དག་ནི་མ་ལི་ཀ །ཀར་ནི་ཀ་ཡི་ཕྲེང་བ་ནི། །ལེགས་པར་མནོས་ཏེ་བུས་ཟུང་ཤིག །ཨོཾ་ཨཱཿཧཱུྃ། བླ་མ་སློབ་དཔོན་མགོན་རྗེས་སུ། །འབད་པ་ཆེན་པོས་དབང་གི་དོན། །ཇི་ལྟར་སངས་ རྒྱས་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ཀྱང་དབང་བསྐུར་ཏེ། །བདག་ལ་དོན་མཆོག་སྩལ་དུ་གསོལ། །གཙོ་ལ་ཡོན་སོགས་རབ་ཏུ་དབུལ། །གཏང་སེམས་ཡང་དག་བསྐྱེད་པར་བྱ། །དེ་ཡི་སྙིང་གར་རྡོ་རྗེ་ནི། །མེ་ཏོག་བཅས་པའི་སྙིང་པོར་བཞག ། ཨོཾ་སརྦ་ཡོ་ག་ཙིཏྟ། ཨུཏྤཱ་ད་ཡཱ་མི་སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་གསང་ཆེན་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་ བྱའོ། །དད་པ་མེད་པ་ལ་ཡང་མི་རུང་ངོ་། །ཞེས་བརྗོད་པར་བྱའོ། །ཐོ་སོགས་སྔགས་ཀྱིས་དྲང་བྱ་ཞིང་། །ཡི་གེ་གསུམ་གྱིས་གཞུག་པར་བྱ། །ནང་དུ་སྡོམ་པ་འཛིན་དུ་གཞུག །དེ་ནས་ཚིག་འདི་བརྗོད་པར་བྱ། །དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་རབ་ཏུ་ཆུད་དོ། །དེ་བས་ བདག་གིས་ཁྱོད་ཀྱི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བྱ་སྟེ། གཞན་ལྟ་སྨོས་ཀྱང་ཅི་དགོས། དངོས་གྲུབ་འདི་ནི་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཁྱོད་ནི་དམ་ཚིག་ལ་ འདའ་བར་མི་རུང་ངོ་། །དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་སཏྭ་ཧཱུྃ། པད་གནས་ཡིག་གསུམ་འབར་བ་ཡི། །བདུད་རྩི་ལྔ་ནི་འཐུང་བཅུག་སྟེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲོད་ཀ་ཋཿདེ་ནས་འདི་སྐད་སྨྲ་བར་བྱའོ། །དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་ཅི་སྨྲས་པའི་བྱ་བ་འདི་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་ཡང་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་ སྤངས་པར་ཤི་བའི་དུས་བྱས་ཏེ། དམྱལ་བར་ལྟུང་བར་མ་འགྲོ་ཤིག །དེ་ནས་དེ་ལྟར་སྨྲ་བ་ལ། སློབ་མས་འདི་ལྟར་སྨྲ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག །ཅེས་སྨྲ་བར་བྱའོ། །གསོལ་འདེབས་དེ་ཡི་ གནས་བཞི་རུ། །འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་ནི། །ཡི་གེ་བཞི་ལ་དབྱིབས་མདོག་ལྡན། །བ་དན་ལ་སོགས་མཚན་བྱས་པ། །བསམས་ཏེ་རླུང་ལ་སོགས་བསྐྱོད་པ། །རྡོ་བ་དག་ཀྱང་འབབ་གྱུར་ན། །སེམས་ལྡན་འབབ་པ་ཅི་ཞིག་སྨོས། །ཡེ་ཤེས་བབས་ནས་འཕར་གྱུར་ན། ། ཏིཥྛ་བཛྲས་བརྟན་པར་བྱ། །ལྕེ་ལ་ཡི་གེ་ཨ་བསམས་ཏེ། །དགེ་དང་མི་དགེ་དྲི་བར་བྱ། །དེ་ནས་མིག་གི་སྣང་བ་དྲི། །མེ་ཏོག་འཁོར་ལོ་ལ་དོར་ནས། །པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད། །སླར་ཡང་བླངས་ལ་མགོར་བཅིངས་ལ། །པྲ་ཏི་གྲྀཧྣ་ལ་སོགས་བརྗོད། །མཚན་མ་གང་ལ་བབ་པ་སྟེ། ། དེ་ནི་དེ་ཡི་ལྷ་རུ་སྦྱིན། །འོད་འབར་ཨོཾ་གཉིས་མིག་ཏུ་བསམ། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཁྱོད། །དེ་རིང་ནན་ཏན་མིག་ཕྱེའོ། །བླ་ན་མེད་པའི་རྡོ་རྗེའི་མིག །ཐམས་ཅད་རབ་ཏུ་ཕྱེ་བར་འགྱུར། །བཛྲ་པཱ་ཤ །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སངས་རྒྱས་ གདུང་གི་རིགས་སུ་འཁྲུངས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀྱང་། །ཁྱོད་ལ་མངོན་དུ་ཕྱོགས་པར་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །རལ་གྲི་གཤིན་དགྲ་ནས་བརྩམས་ནས། །ཇི་སྲིད་ གཙོ་བོའི་མཐར་ཐུག་པར། །བསྟན་པའི་དཀྱིལ་འཁོར་འཇུག་པ་ཡིན། །སྤྱི་བོར་ཆུ་ཡིས་གཏོར་བྱ་ཞིང་། །བཛྲ་ཨ་བྷི་ཥིཉྩ་བརྗོད། །དབུ་རྒྱན་དབང་ཡང་དེ་བཞིན་ཏེ། །དེ་ནས་རྡོ་རྗེ་སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ ཟུངས་ཤིག་རབ་གྲུབ་ཕྱིར། །རྡོ་རྗེ་དྲིལ་བུ་འཁྱུད་བྱས་ནས། །བདག་པོའི་དབང་ཡང་བསྐུར་བར་བྱ། །ཨོཾ་བཛྲ་ཨདྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མཱཾ། སྤྱི་བོར་གདབ་ཚུལ་མིང་དབང་བསྐུར། །ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་ཏྭ་ཏྭཾ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། སློབ་དཔོན་གང་དང་གང་དག་ གི། །ལྷག་པའི་ལྷ་ནི་གང་གང་གི། །དེ་ནས་དེ་ཡི་མཚན་དག་ནི། །དཔལ་དང་ཀྱེ་ཡིས་མཛེས་པར་བྱ། །རིག་པའི་དབང་ལྔ་བྱིན་ནས་སུ། །རིག་སྦྱོར་བརྟུལ་ཞུགས་ལུང་བསྟན་དང་། །དབུགས་དབྱུང་དང་ནི་གསུམ་དུ་འདོད། །ཧཱུྃ་གིས་རྡོ་རྗེ་དེ་བསྐྱེད་ལ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ཕྱག་ ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་རྟག་ཏུ་གཟུང་བར་བྱ། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་མཾ། ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུྃ། ཐོག་མ་ཐ་མ་མེད་པ་ཡི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་ སྙེམས་བདག་བདག་མཛོད་ཅིག །ཆོས་ཀྱི་དྲིལ་བུ་གཟུང་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་རྗེས་འགྲོ་བ་ཡི་དབྱངས། །རྟག་པར་ཁྱོད་ཀྱིས་ཀྱང་གཟུང་སྟེ། །རྒྱལ་བ་བྱང་ཆུབ་མཆོག་ཏུ་བཞེད། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །སྲིད་པ་རང་བཞིན་གྱིས་དག་ཕྱིར། ། རང་བཞིན་གྱིས་ནི་འབྱུང་བར་བྱེད། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་འགྲུབ་པར་བྱེད། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ ཐམས་ཅད་ལ། །ཅི་འདོད་པར་ནི་བསྟན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་བཞུགས་པར་གྱུར་གྱི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ ཕ་རོལ་ཕྱིན་པའི་ཐབས། །བསོད་ནམས་བྱིན་བརླབས་ཀྱིས་བསྒྲུབས་ལ། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །ཕྱག་རྒྱ་ཆེན་པོའི་བརྟུལ་ཞུགས་ནི། །དེ་ཡིས་རབ་ཏུ་སྦྱིན་པར་བྱ། །དེ་ནས་སྡོམ་བཟུང་ཡོན་ཕུལ་ཏེ། །ཕྱག་བྱས་ཚིག་འདིས་གསོལ་ བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །འཇུག་སྒོར་པདྨ་འདབ་བརྒྱད་པ། །དར་གྱིས་བཀབ་པར་འདུག་བྱས་ལ། །བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་། །རྡོ་རྗེ་དྲིལ་ བུ་གསིལ་བ་ཡིས། །སྐྱོབ་པ་ཀུན་གྱིས་མངོན་སུམ་དུ། །ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་སུ། །དེ་ཉིད་ལ་ནི་དབང་བསྐུར་བས། །དཀྱིལ་འཁོར་དེ་ཉིད་རིག་པར་བསམ། །ཆུ་དང་དབུ་རྒྱན་སྔོན་བཞིན་ཏེ། །རྡོ་རྗེ་དྲིལ་བུ་ཚིག་འདིས་སྦྱིན། །ཤེས་རབ་ཐབས་ཀྱི་རང་ བཞིན་དུ། །གྲུབ་པའི་རྡོ་རྗེ་དྲིལ་བུ་འདི། །ཁྱོད་ཀྱིས་དད་པས་རབ་ཟུང་ལ། །རྡོ་རྗེ་ཁྱོད་ཀྱིས་སློབ་མ་བསྡུས། །མིང་ཡང་སྔོན་དང་འདྲ་བར་སྦྱིན། །དེ་ནས་བླ་མས་ཚིག་འདི་བརྗོད། །སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ ཀྱི་རལ་གྲི་གཅིག་པུ་མཆོག །བདུད་རྣམས་ལས་ནི་རྒྱལ་བ་ཟུང་། །དཀྱིལ་འཁོར་དེ་བཞིན་ཉིད་བསྟན་པ། །མཉམ་པ་ཉིད་ཕྱིར་གྲུ་བཞི་སྟེ། །ཉེ་བར་བཞག་དང་ཡང་དག་སྤོང་། །རྫུ་འཕྲུལ་རྐང་པ་དང་དབང་པོ། །གོ་རིམས་བཞིན་དུ་སྒོ་བཞིའོ། །བསམ་གཏན་བཞི་ནི་རྟ་བབས་ ཏེ། །ཏིང་ངེ་འཛིན་བཞི་ཁ་ཁྱེར་ཡིན། །དེ་རྟེན་གཟུངས་ཀྱི་རང་བཞིན་ནོ། །འགྲོ་ཀུན་གདུལ་ཕྱིར་ཕྱོགས་སྒོ་ན། །རླུང་གིས་བསྐྱོད་པའི་དྲིལ་སྒྲ་སྒྲོགས། །བྱང་ཆུབ་ཡན་ལག་རྣམ་དག་ཕྱིར། །དྲ་བ་དྲ་ཕྱེད་ལ་སོགས་སྤྲས། །རྣམ་ཐར་བརྒྱད་ལྡན་ཀ་བ་སྟེ། །རྒྱན་བཀོད་བཀྲ་བས་མཛེས་པ་ནི། ། བསམ་པ་ཐམས་ཅད་ཡོངས་བསྐོང་ཕྱིར། །སྣ་ཚོགས་ལས་ཀྱི་མཐར་ཐུག་ཕྱིར། །ཕོ་བྲང་སྣ་ཚོགས་རྡོ་རྗེ་འབར། །ཐེག་ཆེན་འཁོར་ལོ་བསྐོར་བའི་ཕྱིར། །རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར། །སེམས་ཅན་སེམས་ནི་དགྲོལ་བྱའི་ཕྱིར། །ཚོན་རྣམས་ཡེ་ཤེས་ལྔ་ཡིན་ནོ། །དམ་པའི་ཚོགས་ གཉིས་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་གང་ཀ་པཱ་ལ། །བདུག་པ་མེ་ཏོག་མར་མེ་དང་། །བཤོས་དང་བྱུག་པ་ལ་སོགས་ནི། །སྙན་གྲགས་བྱང་ཆུབ་ཡན་ལག་དང་། །དགའ་དང་ཆོས་ཟས་ལུས་བདེ་ཡིན། །ངོ་ཚ་ཁྲེལ་ཡོད་སྡོམ་པ་ཡིས། །བདེ་བསྐྱེད་དབྱངས་དང་གར་སོགས་ ཡིན། །སངས་རྒྱས་བཞུགས་ཕྱིར་གཞལ་ཡས་ཁང་། །སྙིང་པོ་ལེན་ཕྱིར་དཀྱིལ་འཁོར་རོ། །ལྷ་ཡི་དེ་ཉིད་བསྟན་བྱ་བ། །དད་དང་བརྩོན་འགྲུས་དྲན་ཏིང་འཛིན། །སྟོབས་རྣམས་དག་པ་སྒོར་གནས་བཞི། །བྱམས་སོགས་ཚངས་པའི་གནས་པ་བཞི། །ཙརྩི་ཀཱ་སོགས་ལྷ་མོ་བཞི། །ཤིན་ ཏུ་རྣམ་དག་ལ་སོགས་ལྔ། །ཞེ་སྡང་གཤིན་རྗེ་ལ་སོགས་པའོ། །འཁོར་བས་མ་ཆགས་པདྨ་སྟེ། །ཉི་ཟླ་བྱང་ཆུབ་སེམས་མྱུ་གུ། །གསོ་དང་སྨིན་པར་བྱེད་པའོ། །དེ་ནས་བྱད་དང་ན་སོར་ལྡན། །རི་དགས་ལྟེ་བའི་དྲི་མནམ་དང་། །གསེར་གྱི་རྣ་ཆ་གཡོ་བ་ཞིག །གཅིག་ཅིག་ལེགས་བཙལ་ དབུལ་བར་བྱ། །བླ་མས་བཞེས་ཏེ་བྱིན་བརླབས་ལ། །སྦྱོར་བའི་ཆོ་གས་མཉེས་པར་བྱ། །བདེ་བ་མཐེ་བོང་སྲིན་ལག་གིས། །སློབ་མའི་ཁ་རུ་དབབ་པར་བྱ། །བདེ་བའི་བཏུང་བ་རིན་ཆེན་དེ། །བརྟན་པའི་བློ་ཡིས་བཏུང་བར་བྱ། །ཨ་ཧོ་སུ་ཁ་ཞེས་ཀྱང་སྨྲ། །དེ་ནས་བུ་མོ་མིག་ཡངས་ མོ། །མཛེས་ཤིང་ནུ་མ་རྒྱས་པ་ཞིག །རང་གི་བུ་ལ་སྦྱིན་པར་བྱ། །མགོ་བོར་ལག་བཞག་གསང་བ་གཏད། །དེ་ཡི་གཟུངས་མ་ལེགས་སྦྱིན་མོ། །དེ་དང་བདེ་བ་མྱང་བར་བྱ། །དེ་ནས་སློབ་དཔོན་ཤེས་རབ་དང་། །བཅས་པས་དཀྱིལ་འཁོར་ལྷ་དེ་ཉིད། །སློབ་དཔོན་ལས་རྣམས་ བསྟན་པར་བྱ། །ཇི་ལྟར་དབང་བསྐུར་ལ་སོགས་འདིས། །སངས་རྒྱས་སོགས་ཀུན་ཐོབ་པ་བཞིན། །བྱང་ཆུབ་སྤྱོད་སོགས་གཞན་དག་དང་། །འདུལ་སོགས་དགེ་བས་དེ་བཞིན་མིན། །དེ་བས་དམ་ཚིག་བུས་སྲུངས་ཤིག །རྟག་ཏུ་སྡོམ་པ་ཡང་བསྲུང་ངོ་། །ཤ་ལྔ་བདུད་རྩི་ལྔ་བཟའ་སྟེ། ། དེ་ལས་གཞན་པའི་དམ་ཚིག་བསྲུང་། །དཀོན་མཆོག་གནོད་པ་གསད་བྱ་སྟེ། །བུད་མེད་ཀུན་ཀྱང་སྤྱད་པར་བྱ། །ཕ་རོལ་ནོར་ཡང་བླངས་ནས་སུ། །རྟག་ཏུ་བརྫུན་གྱི་ཚིག་ཀྱང་སྨྲ། །རྣལ་འབྱོར་རྒྱུད་ལས་གང་གསུངས་པ། །དེ་ནི་ཆོ་ག་བཞིན་དུ་བསྲུང་། །དེ་ནས་དེ་བཞིན་གཤེགས་གྱུར་ནས། ། ལུང་བསྟན་པ་ནི་བྱ་བ་ཡིན། །གཡོན་གྱིས་སྙིང་གར་ཆོས་གོས་ཟུང་། །གཡས་པ་ཡིས་ནི་མཆོག་སྦྱིན་བྱ། །ཨོཾ། ངས་ཁྱོད་འདི་ལྟར་ལུང་བསྟན་ཡིན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །སྲིད་པའི་མཆོག་ཏུ་གྲུབ་པའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀྱེ་གཤིན་རྗེ་ མཐར་འབྱིན་པ་ནི་བྷུར་བྷུ་བ་སྭཿ དེ་ལྟར་ལུང་བསྟན་བསྔགས་པ་དེ། །བླ་མེད་ཉིད་དུ་ལུང་བསྟན་ཡིན། །དེ་ནས་དབུགས་དབྱུང་སྦྱིན་བྱ་སྟེ། །གསང་བའི་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་ཞིང་། །ཁྱེད་རྣམས་དེ་ཉིད་ལེགས་པར་ གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་འཆི་བ་ནི་ཡོད་མེད་དེ། །མི་ཚུགས་པ་དང་མི་སོང་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་བཏོན། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །རྟོག་པ་མཆོག་ཏུ་གྱུར་པ་ཡིས། །དམ་ཚིག་ སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །གང་ཞིག་བསྐྱེད་པ་ཙམ་གྱིས་སུ། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པའི། །དེ་ལ་སོགས་པའི་བཀའ་ སྩལ་ནི། །ཅི་རིགས་པར་ནི་བརྗོད་པར་བྱ། །དེ་ལྟར་བཀའ་སྩལ་ཐོབ་པ་དང་། །སློབ་མ་གུས་དང་ལྡན་པ་ཡིས། །བླ་མའི་རྐང་པར་ཕྱག་བྱས་ལ། །ཐམས་ཅད་བསྒྲུབ་པར་ཁས་བླང་ངོ་། །དེ་ནས་ཞི་བའི་སྦྱིན་སྲེག་ནི། །ཅི་ནུས་པ་ཡང་བྱ་བ་སྟེ། །སློབ་མ་གཡོན་ཕྱོགས་བཞག་ནས་སུ། ། དེ་ཡི་སྲིན་ལག་ནས་བཟུང་ལ། །སྦྱིན་སྲེག་བསང་དང་བསྲུང་བ་དང་། །མེ་ཏོག་བསྡུས་ཏེ་བླ་མ་ལ། །ཕུལ་ལ་མེར་དོར་སྨོན་ལམ་བྱ། །དེ་ལྟར་བྱ་བ་ཀུན་ཟིན་ནས། །དེ་ཉིད་གསུམ་མཐར་མུཿལྡན་པས། །ཡེ་ཤེས་སེམས་དཔའ་གཤེགས་པར་བསྐུལ། །དེ་དང་མཐུན་པར་བསྐྱེད་པར་ བསྡུ། །ཐོག་མར་ཨ་ལྡན་གསང་སྔགས་ཀྱིས། །རྡུལ་ཚོན་བསྒྲིམས་ཏེ་བསྡུ་བར་བྱ། །རོལ་མོ་བཅས་པས་སྤྱན་དྲངས་ལ། །ཀཱི་ལི་ཀཱི་ལིས་ཆུ་བོར་དོར། །རྡོ་རྗེའི་སྐམ་ཁས་ཕུར་བུ་གདོན། །རིག་པ་སྤྱན་བཟླས་འོ་མས་བཀྲུ། །བ་ཡི་ལྕི་བས་དཀྱིལ་འཁོར་བྱུག །དེ་སྟེང་དགའ་ སྟོན་ལ་སོགས་བྱ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །རྡོ་རྗེ་སློབ་དཔོན་དབང་བར་བཤད། །དེ་ལྟར་བྱ་བ་ལས་དང་པོའི། །རྣལ་འབྱོར་པ་ཡི་བྱ་བ་ཡིན། །གཞན་དག་དབབ་དང་སེམས་ཉིད་ཀྱིས། །བྱས་པ་རྨད་དུ་བྱུང་བ་ཡིན། །དེ་ལྟར་དབང་ཐོབ་སློབ་མ་དེ། །དེང་ཉིད་སློབ་དཔོན་གོ་ འཕང་འགྱུར། །དེ་ཡིས་བསྒྲུབ་པ་འབྲས་བཅས་ཕྱིར། །དེས་ནི་བསྒྲུབ་པ་བརྩམ་པར་བྱ། །ལས་ཀྱི་མཐར་ཐུག་རྒྱུད་འདི་རུ། །ཐུན་མོང་མ་ཡིན་འཁོར་ལོ་ནི། །དགོས་པ་མ་ལུས་ཀུན་བྱེད་པ། །དེ་འདིར་བདག་གིས་བྲི་བར་བྱ། །རྣམ་པར་སྣང་མཛད་ལ་སོགས་པས། །ལེགས་བྱུགས་ དུར་ཁྲོད་རས་མ་ལ། །དུག་དང་ནིམ་པའི་ཁུ་བ་དང་། །ཁྲག་དང་དུར་ཁྲོད་སོལ་བ་དང་། །ད་དུ་ར་སོགས་སྣག་ཚ་དང་། །རུས་པའི་སྨྱུ་གུས་བྲི་བྱ་བ། །གཅེར་བུ་སྐྲ་བཤིག་གདོང་བསྙེར་ཏེ། །ཁྲོས་པས་ལྷོ་རུ་མངོན་ཕྱོགས་ལ། །སྔགས་བཟླས་རྩེ་གཅིག་པ་ཡིས་བྲི། །ཟླུམ་པོར་བསྐོར་བ་ གསུམ་བྱ་སྟེ། །དགུ་དང་བཅུ་གཉིས་བཅུ་དྲུག་སྟེ། །ལེ་ཚེ་རྣམས་ནི་བྱས་པ་ལ། །ཡི་གེ་གསང་སྔགས་ས་བོན་བྲི། །དབུས་སུ་ཞེ་སྡང་རྡོ་རྗེ་ཉིད། །ཡང་། ཤར་དུ་གཏི་མུག་རྡོ་རྗེ་སྟེ། །ལྷོར་ནི་སེར་སྣ་རྡོ་རྗེ་ཡིན། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ལ། །བྱང་དུ་ཕྲག་དོག་རྡོ་རྗེའོ། །ཀྵེ་མ་མེ་ད་ གཉིས་པ་ཡི། །གཉིས་པའི་ཕྱོགས་བཞིར་ལྷོར་བརྩམས་ནས། །ཤར་གྱི་ཕྱོགས་ལ་ཐུག་གི་བར། །ཁྲོ་བོ་ཡུམ་དང་སྣོད་དག་གི། །རེ་རེའི་གོང་མ་མས་རིམ་བཞིན། །དོ་ཡོ་ཡ། མཚམས་ཀྱི་ལེ་ཚེ་བརྒྱད་པོ་ལ། །བདེན་བྲལ་མཚམས་ན་ལྷ་མོ་གཉིས། །རླུང་གནས་མཛོད་ལྡན་མེ་ མཚམས་སྣོད། །དབང་ལྡན་ན་ནི་ཐོད་པ་གཉིས། །མེ་མཚམས་ན་ནི་སྒོ་སྲུང་གཉིས། །ཛཱ། ས་རུ་ཎ་ནི་རཙྪ་ནི། །ཀུན་མིང་ཐོག་མ་དབུས་སུ་སྟེ། །ཨ། ལྷོ་རུ་སེར་སྣ་རལ་གྲི་འཛིན། །ནུབ་ཏུ་ཆགས་དང་དབྱངས་ཅན་མ། །བྱང་དུ་ཕྲག་དོག་བདེན་བྲལ་སྣོད། །ཤར་དུ་གཏི་མུག་དང་ ཐོ་བ། །མར་མེ་དོ་ཡོ་ཀྵེ་ཡ། །སྔགས་མིང་བསྐུལ་ཚིག་བཅས་པ་དང་། །ཡི་གེ་གཉིས་པར་མིང་བཅུག་པ། །སྤེལ་ཞིང་སྤེལ་ཞིང་བྲི་བར་བྱ། །དེ་ལྟར་བྲིས་པའི་འཁོར་ལོ་ནི། །ལུགས་དང་ལུགས་མིན་བར་བྱས་ལ། །དོ་ད་ཡོ་ཀྵེ་ཡ་གནས་ལ། །གནས་པ་ཕྱི་ནང་སོ་སོ་ཡི། །ཕྱོགས་ མཚམས་བྱེ་བྲག་བཀླག་པ་དང་། །ཕྱི་ནང་ཐུན་མོང་ཕྱོགས་མཚམས་སུ། །བཀླག་པ་དག་སྟེ་གཉིས་སུ་འདོད། །གནས་པ་སྡེ་ཚན་སོ་སོ་ནི། །གཙོ་བོ་ཁྲོ་བོ་ལྷ་མོ་དང་། །བནྡྷ་བཞི་རུ་ཤེས་བྱ་སྟེ། །སྡོམ་དང་སོ་སོར་བཀླག་པར་བྱ། །ཡཀྵེ་མ་མེད་པཱཙྪ་ནི་རཱ། །ཛཱ་ས་དོ་རུ་ཎ་ཡོ་ནིར། །ཡི་ གེ་བཅུ་བདུན་དབང་བྱས་ནས། །རྣམ་པ་དགུ་རུ་བཀླག་པ་ཡིན། །རྩ་བའི་སྔགས་སུ་གདོན་པ་ལ། །ཡི་གེ་སུམ་ཅུ་རྩ་གཉིས་ཀྱང་། །རྐང་པ་བཞི་རུ་གདོན་པ་དང་། །སོ་སོར་ཕྱེ་སྟེ་གདོན་པའོ། །ཡ་མ་རཱ་ཛ་ལ་སོགས་པའོ། །དང་པོ་དང་འོག་མཐའ་ལྟག་མཐའ། །གཙོ་བོ་ལྔ་རུ་བསྟན་ པ་ཡིན། །དང་པོ་ཐ་མ་ཡི་གེ་བརྒྱད། །གཤིན་རྗེ་དགྲ་ཉིད་ཤེས་པར་བྱ། །ཡ་ཡ་ཡ་ཡ། ཡ་ཡ་ཡ་ཡ། །དང་པོ་མགོ་མཐའ་མཐའ་མའི་ལྟག །སེར་སྣ་རྡོ་རྗེ་ཡིན་པར་འདོད། །མ་མ། དང་པོའི་མཐའ་ལྟག་གཉིས་དང་མགོ། །འདོད་ཆགས་རྡོ་རྗེའི་ཡི་གེ་ཡིན། །མེ་མེ། གཉིས་པའི་ མཐའ་ལྟག་གསུམ་དང་འོག །ཕྲག་དོག་ཉིད་དུ་བསྟན་པ་ཡིན། །ད་ད། གསུམ་པའི་མཐའ་ལྟག་བཞི་དང་འོག །གཏི་མུག་རྡོ་རྗེའི་ཡི་གེ་ཡིན། །ཀྵེ་ཀྵེ། རྐང་པ་དང་པོའི་དབུ་མ་བཞི། །ཁྲོ་བོ་གཅིག་དང་ལྷ་མོ་གསུམ། །རཱ་ཛ་ས་དོ། །རྐང་པ་གཉིས་པའི་དབུ་མ་ བཞི། །ལྷ་མོ་གཉིས་དང་ཐོད་པ་གཉིས། །དོ་རུ་ཎ་ཡོ། །རྐང་པ་གསུམ་པའི་དབུ་མ་བཞི། །སྣོད་ཆེན་གསུམ་དང་ཁྲོ་བོ་གཅིག །ཡོ་ནི་རཱ་ཡ། རྐང་པ་བཞི་པའི་དབུ་མ་བཞི། །ཁྲོ་བོ་བཞི་རུ་ཤེས་པར་བྱ། །ཡཙྪ་ནི་རཱ། །འཇུག་པ་དང་ནི་ལྡོག་པ་དང་། །འཕེལ་དང་འགྲིབ་དང་མུ་བཞི་དང་། །ཐུན་མོང་ དང་ནི་རྣམ་པ་དྲུག །གཅིག་གཉིས་གསུམ་བཞི་གོང་ནས་འཕེལ། །གསུམ་གཉིས་གཅིག་དང་ཟད་མཐར་ཐུག །རཱ་དོ་རུ་ཡོ། ནི་རཱ་ཡཙྪ་ནི་རཱ། ཛཱ་ས་དོ་ན་ཡོ་ཡ། མཐའ་མ་གཅིག་དང་གོང་མ་གསུམ། །འོག་མ་གཉིས་དང་གོང་མ་གཉིས། །འོག་མ་གསུམ་དང་དང་པོ་གཅིག །མ་ འདྲེས་བཞི་དང་མུ་བཞིའོ། །འཇུག་དང་ལྡོག་དང་ཐུན་མོང་ནི། །གོང་དུ་བསྟན་པས་ཤེས་བྱ་སྟེ། །འཇུག་ལྡོག་ཕྱོགས་ཀྱི་གཙོ་བོ་ལ། །ཐུན་མོང་ཕྱི་ཡི་ཕྱོགས་ལའོ། །དགུ་དང་བརྒྱད་ཀྱི་ཡི་གེ་ནི། །བཅུ་བདུན་དག་སྟེ་ལྷ་རུ་འདོད། །རེ་རེའང་མགོ་དང་མཐར་ལྡན་པར། །གསང་སྔགས་ གདོན་པར་བྱ་བ་ཡིན། །དབུས་ཀྱི་ཕྱོགས་མིན་སྟོང་པ་རུ། །ས་བོན་གཉིས་པར་མིང་སྤེལ་བྲི། །རིམ་པ་གསུམ་པའི་ལེ་ཙེ་ནི། །བཅུ་དྲུག་པ་ལ་བྲི་བྱ་བ། །སྔགས་མིང་བསྐུལ་ཚིག་བཅས་པ་དང་། །ཡི་གེ་གཉིས་པར་མིང་བཅུག་པ། །སྤེལ་ཞིང་སྤེལ་ཞིང་བྲི་བར་བྱ། །དེ་ལྟར་བྲིས་པའི་འཁོར་ ལོ་ནི། །ལུགས་དང་ལུགས་མིན་གཉིས་བྱས་ལ། །སོ་སོར་མཐུན་པར་མགོ་སྤྲད་ལ། །ཏིལ་ཏེ་ཕྱི་རོལ་མར་ཁུས་བྱུག །ཐོད་པ་གཉིས་ནི་ཁ་སྦྱར་བར། །མར་ཁུས་ཁྲག་བླུགས་དེར་བཅུག་ལ། །སྐུད་པ་སྔོན་པོས་ཁྲིས་བདུན་དཀྲི། །དེ་ལ་མེ་ཏོག་ནག་པོ་དང་། །དུས་སོགས་ནག་པོས་མཆོད་ པར་བྱ། །རྒྱལ་པོའི་སྒོ་ཁང་ས་དང་ནི། །གྲོག་ཁྱིམ་ལ་སོགས་ས་དག་ལས། །གཤིན་རྗེའི་དགྲ་ཡི་སྐུ་བྱ་བ། །འཁྲུགས་པ་ཞལ་གཅིག་ཕྱག་གཉིས་པ། །ཁྲུ་གང་ཙམ་གྱི་ཚད་བྱས་ལ། །དེ་ཡི་མདུན་དུ་དཀྱིལ་འཁོར་ནི། །གནག་པ་ཁྲག་གིས་ཆག་ཆག་ཅན། །བྱས་ལ་དེ་སྟེང་སྤོས་ཆེན་དབུལ། ། དེ་ནས་བདག་གི་གསང་སྔགས་ནི། །བསྐུལ་ཚིག་ལྡན་པར་རབ་ཏུ་བཟླས། །ཁྲོ་བོའི་རྒྱུན་ནི་རྣམ་སྤྲོས་ཏེ། །གཟས་པའི་ལུས་ལས་གོ་ཆ་དང་། །སྲུང་བ་ཕྲོགས་ནས་བདག་ལ་ཐིམ། །དེ་ནས་དེ་ནི་གོས་མེད་ཅིང་། །སྡུག་བསྔལ་སྣ་ཚོགས་པས་གཟིར་བསམ། །དེ་བཀུག་མཐར་བྱེད་ལྟོ་བར་ གཞུག །ཁྲོ་བོ་གཅན་གཟན་སྣ་ཚོགས་ཀྱིས། །གཤིན་རྗེ་གཤེད་ཀྱི་ལྟོ་བ་ནས། །རྐང་དང་རྒྱུ་མ་ཁྲག་ཚིལ་བུ། །ཕྱོགས་བཅུར་ཁྱེར་ནས་འགྲོ་བར་བསམ། །དེ་ལྟར་བརྟན་པར་གྱུར་པ་དང་། །ཤིང་གཅིག་དུར་ཁྲོད་ལ་སོགས་པར། །གཤིན་རྗེའི་ལྟོ་བར་བཅུག་ལ་སྦ། །འཁོར་ལོ་ དགོས་པ་ཀུན་བྱེད་འདི། །སོ་སོའི་བྱེ་བྲག་ཤེས་བྱས་ལ། །ཞི་སོགས་ལས་རྣམས་ཐམས་ཅད་ནི། །ཇི་ལྟར་མངོན་པར་དགའ་བར་བྱ། །ལ་ལི་བཛྲ་ཞེས་བྱ་ནུས་པ་ཀུན་དང་རྣམ་བྲལ་ཡང་། །བླ་མའི་རྗེས་འབྲངས་དད་པས་དེ་ཡི་ཕྱོགས་ཙམ་གཟུང་བྱ་སྟེ། །དཀྱིལ་འཁོར་ཆོ་ག་འདི་བྱས་དགེ་བ་དྲི་མེད་ གང་ཡིན་པ། །དེ་ཡི་འགྲོ་ཀུན་གཤིན་རྗེ་མ་ལུས་མཐར་ཕྱིན་བྱེད་གྱུར་ཅིག །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ཅོག་གྲུ་ཤེས་རབ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཙིནྟི་ཏི་ཀ །བོད་སྐད་དུ། མཆོད་རྟེན་བསྒྲུབ་པའི་ཆོ་ག་མདོར་བསྡུས་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དབང་ ཐོབ་གཞན་དོན་ལ་དགའ་བས། །དུར་ཁྲོད་ལ་སོགས་དབེན་གནས་སུ། །བྱམས་དང་སྙིང་རྗེ་སྔོན་བཏང་ལ། །ཡོན་ཏན་ཀུན་རྫོགས་མཆོད་རྟེན་གདབ། །དེ་ལ་དང་པོར་བདག་ཉིད་ཀྱིས། །ལས་དང་མཐུན་པའི་ས་བླངས་ལ། །ཁྲུས་དང་རྒྱན་རྣམས་ཅི་རིགས་བགོའོ། །དེ་ནས་རྡོ་རྗེ་རྣམ་བཞི་ ཡིས། །ཡང་ན་གར་མོས་ལྷ་ཡང་རུང་། །བདག་ཉིད་རྫོགས་ནས་འཇིམ་པ་བརྫི། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨཱ་པྲྀ་ཏེ་ཀུ་རུ་སྭཱ་ཧཱ། ཞེས་པས་བརྫིས་འཛིན་རྡོ་རྗེ་བཞི། །གང་བཞིན་ཅི་རིགས་སྤྱན་དྲངས་ལ། །མཆོད་བསྟོད་ལས་དང་བསྟུན་ལ་བྱ། །འོད་ཀྱི་གོང་བུར་གྱུར་པ་ལས། ། འབི་འབི་འོད་ཀྱི་ཐིག་བྲན་ཅན། །གོང་བུར་ཛ་ས་དོ་རུ་བཀོད། །ཡང་ན་ཨོཾ་བཀོད་ཡུམ་གྱི་མཁའ། །འབི་འབིའི་རྡུལ་ཕྲན་རེ་རེ་ལ། །ཡི་གེ་ཡ་ལ་སོགས་པ་བཀོད། །ཐབས་དང་ཤེས་རབ་གཉིས་མེད་གདབ། །སྒྲ་ཡིས་དམ་ཆོས་ལ་སོགས་སྒྲོགས། ། མཁའ་འབྱུང་བདེ་གཤེགས་ཀུན་དཔག་མེད། །རྡུལ་རེ་སྐུ་རེ་དེ་ལྟར་བརྟག །མཎྜལ་ལས་མཐུན་རས་དེ་བཞིན། །དང་པོ་སྙིང་པོ་ཕྱག་རྒྱ་དང་། །ཆེ་གེ་ལས་དང་བསྟུན་པར་གཞུག །དེ་ནས་རྒྱན་དབུལ་སྲོག་འཁོར་རོ། །དར་ཆེན་ཆུ་སྲིན་རྒྱལ་མཚན་གསོལ། །ལེགས་པར་ རྫོགས་ནས་གཞན་ཡང་ནི། །དེ་ནས་རང་སྙིང་འོད་ཟེར་གྱིས། །དུས་གསུམ་སངས་རྒྱས་སྤྱན་དྲངས་ལ། །མཆོད་བསྟོད་ལ་སོགས་རྫོགས་བྱས་ལ། །གཉིས་མེད་ཚུལ་དུ་བསྲེ་བར་བྱ། །དེ་ནས་སྙིང་གའི་འོད་ཟེར་གྱིས། །ཙརྩི་ཀཱ་སོགས་ལེགས་པའི་གླུས། །ལྷ་མོ་ཆུ་ཡིས་སྐུ་ཁྲུས་ གསོལ། །དེ་ནས་ལས་དང་མཐུན་པ་ཡི། །གསོལ་བ་བཏབ་པས་ཤེས་པར་བྱ། །གདབ་པའི་སྔགས་ནི་ཧྲཱིཿཥྚྲྀའམ། །ནང་གི་ཡི་གེ་བཅུ་བདུན་པའམ། འཁོར་ལོའི་སྔགས་སོགས་སོ་སོའམ། །སྡོམ་པ་ལ་ཡང་འགལ་བ་མེད། །རང་རང་ལས་དང་སྦྱར་བའི་སྔགས། །སྡིག་པ་ཞི་བར་བྱ་བ་ཡིས། །སརྦ་པཱ་པ་ཤཱནྟིཾ་ ཀུ་རུ་ཡཾ་ཀུ་རུ་སྭཱ་ཧཱ། ནོར་དང་བསོད་ནམས་རྒྱས་བྱེད་ན། །དབུས་སུ་པཥྚིཾ་ཀུ་རུ་སྭཱ་ཧཱ། དགྲ་ལ་སོགས་པ་དབང་སྡུད་ན། །པ་ཤྱཾ་ཀུ་རུ་སྭཱ་ཧཱ། གང་དག་གནོད་བྱེད་གསོད་འདོད་ན། །མཱ་ར་ཡ་ཧཱུྃ་ཕཊ། བསྒྲུབ་བྱ་ངན་བྱེད་པར་འདོད་ན། །བི་དྭེ་ཥ་ཡ་ཕཊ། གནས་ནས་སྤོ་བར་འདོད་པ་ན། །ཨུཙྪ་ཏ་ཡ་ཕཊ། གང་དག་མནན་པར་བྱ་ བར་འདོད་ན། སྟྭཾ་བྷ་ཡ་ཧཱུྃ་ལཾ། བསྒྲུབ་བྱ་དགུག་པར་འདོད་པ་ཡིས། །ཨཱ་ཀཪྵ་ཡ་ཛཿ དེ་ལ་སོགས་པའི་སྦྱོར་བ་ནི། །རྒྱུད་ལས་འབྱུང་བ་བཞིན་དུ་བརྟག །དེ་སྐད་དུ་ཡང་། ཉེ་བའི་ལས་ནི་གང་གྲུབ་པ། །ཕྱག་རྒྱ་སྙིང་པོ་བྲིས་བཅུག་ན། །གང་བསྒོམས་ཐེ་ཚོམ་མེད་པར་འགྲུབ། །དངོས་གྲུབ་གང་འདོད་སྦྱིན་པར་ རེས། །གཞན་ཡང་ནང་གི་སྦྱོར་བ་ནི། །ཏིང་ངེ་འཛིན་ལ་རག་ལས་པ། །གཞན་ནས་བྱུང་བ་ཡང་ཤེས་པར་བྱའོ། །བདག་གི་དགེ་བ་ཅུང་ཟད་འདི། །འགྲོ་བ་གཤིན་རྗེ་གཤེད་གནས་ཐོབ་པར་ཤོག །རྒྱ་གར་གྱི་མཁན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། རཀྵ་སཱ་དྷ་ནོ་པི་ཀ །བོད་སྐད་དུ། སྲུང་བའི་འཁོར་ལོ་སྒྲུབ་པའི་ཐབས། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཤིན་རྗེ་དགྲ་མགོན་ལ། །ཡང་དང་ཡང་དུ་ཕྱག་བྱས་ལ། །བར་ཆད་ཞི་བར་བྱེད་པ་ཡི། །སྲུང་ བ་དམ་པ་བཤད་པར་བྱ། །བསྙེན་པའི་ཆོ་ག་རྫོགས་པ་ཡི། །དེ་ཡིས་བསྒྲུབ་པ་འབྲས་བཅས་ཕྱིར། །ད་ནི་སྲུང་བའི་ལས་རྣམས་བྱ། །རབ་ཏུ་ཤིས་པའི་གནས་མཆོག་ཏུ། །ཁྲུས་བྱས་བྱུག་པ་དྲི་ཞིམ་བྱུག །མཆོག་གི་གོས་བགོ་རྒྱན་རྣམས་གདགས། །བདེ་སྟན་སྐྱིལ་ཀྲུང་ཤར་ བལྟས་ལ། །ཕན་པའི་སེམས་དང་བྱམས་པར་ལྡན། །སྤྲོ་བས་འདོད་པའི་ལྷར་བསྐྱེད་དེ། །བསོད་ནམས་ཚོགས་བསགས་གཉིས་མེད་བསྲེ། །མཚན་བཅས་སྔགས་བཟླས་གཏོར་མ་སྦྱིན། །གསར་ཞིང་དགེ་བའི་རས་དག་ལ། །ཙནྡན་ག་པུར་བྱུག་བྱ་སྟེ། །སྐྱེས་བུ་ཞི་བྱེད་གུར་ཀུམ་སྟེ། ། བུད་མེད་ལ་ནི་གི་ཝང་ངོ་། །སེར་བ་ལ་སོགས་ཞི་བྱེད་དང་། །ནད་དང་གནོད་པ་ཐམས་ཅད་ལ། །གུར་གུམ་དག་གིས་ཡང་དག་བྱ། །དེ་དག་བྲི་བའི་སྨྱུ་གུ་ཡང་། །གསེར་རམ་དངུལ་ལམ་ཤིས་པར་བྲི། །དེ་དག་བྲི་བའི་རིམ་པ་ཡང་། །ཕྱི་དྲོ་མཎྜལ་ལེགས་བྱས་ཏེ། །མཆོད་པར་ལྡན་པས་ ཡང་དག་བྲི། །བདེན་པ་བདར་ལ་བྲི་བར་བྱ། །ཐིག་ཆེན་བརྒྱད་ནི་ཡང་དག་གདབ། །ཟླུམ་པོར་བསྐོར་བ་གསུམ་བྱས་ཏེ། །ཐ་མ་ཐོད་པས་བསྐོར་བར་བྱ། །ཐིག་ཐུང་རྣམས་ཀྱང་གདབ་བྱ་སྟེ། །དགུ་དང་བཅུ་གཉིས་བཅུ་དྲུག་མིག །དབུས་ཀྱི་རེའུ་མིག་དགུ་པ་ལ། །དབུས་སུ་ཡ་ལ་ཤར་དུ་ཀྵེ། ། ལྷོ་རུ་མ་བྲི་ནུབ་ཏུ་མེ། །བྱང་དུ་ད་སྟེ་མཚམས་བཞི་རུ། །རཀྵ་རཀྵ་བར་མིང་གཞུག །རིམ་པ་གཉིས་པ་ཤར་བརྩམས་ནས། །ཡ་ཙ་ནི་ར་ཛ་ས་དོ་རུ། ཎ་ཡོ་ནི་རཱ། རིམ་པ་གསུམ་པའི་ཤར་བརྩམས་ནས། །ཤར་གྱི་རེའུ་མིག་དང་པོ་ལ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཆེ་གེ་མོ་ རཀྵ་རཀྵ། དེ་འོག་རེའུ་མིག་གཉིས་པ་ལ། །ཆེ་གེ་མོ་རཀྵ་རཀྵ། དེ་ལྟར་རེའུ་མིག་བཅུ་དྲུག་པ། །སྤེལ་ཞིང་སྤེལ་ཞིང་དགོད་པར་བྱ། །དེ་ལྟར་བྲིས་པའི་འཁོར་ལོ་ནི། །ལུགས་དང་ལུགས་མིན་གཉིས་བྱས་ཏེ། །ས་སྐོར་ལུགས་སུ་བྱུང་བ་ལ། །གནམ་སྐོར་དང་ནི་ལུགས་ལས་བཟློག །ཡིག་ སྔགས་མཐུན་མཐུན་མགོ་སྤྲོད་དེ། །སོ་སོར་མཉམ་པོར་བྲིས་ལ་དྲིལ། །ཁམ་ཕོར་ཡང་དག་གཙང་མའི་ནང་། །ཕྱི་རོལ་སྤྲ་ཚིལ་དྲིལ་བྱས་ཏེ། །རྩི་མར་སྦྲང་རྩིར་བཅས་པ་གཞུག །བས་བསྐྱེད་སྐུད་པ་དཀར་པོ་ཡིས། །ཁྲིས་བདུན་དག་ཏུ་དཀྲི་བར་བྱ། །མཎྜལ་དཀར་པོ་ ཁྲུ་གང་ཚད། །བ་ཡི་རྣམ་ལྔ་དྲི་ཡིས་བྱུག །དེ་སྟེང་ཁམ་ཕོར་ཁ་སྦྱར་བཞག །སྟོང་ཉིད་ངང་ལས་ཐིག་ལེ་སྟེ། །དེ་ལས་ཡིག་འབྲུ་ཕྱག་མཚན་སྐུ། །ཀུན་ཀྱང་ཞལ་གསུམ་ཉིས་འགྱུར་ཕྱག །རང་གི་རིག་བཅས་བདེ་བ་གང་། །སྐུ་མདོག་ཕྱག་མཚན་རྫོགས་པར་བསྐྱེད། །དབང་བསྐུར་བྱིན་ རླབས་ཚུལ་བཞིན་བྱ། །རང་ཉིད་ཧཱུྃ་གི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་རྫོགས་པ་དགུག །ཕྱག་དང་མཆོད་སོགས་སྡོམ་པ་གཟུང་། །དེ་ནས་གཉིས་མེད་འོད་ཟེར་གྱིས། །དམ་ཚིག་འཁོར་ལོ་གཉིས་མེད་བསྲེ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །དེ་ནས་ཐུགས་རྗེ་རྗེས་དྲན་ ནས། །བསྲུང་བའི་དོན་དུ་འོད་དུ་ཞུ། །ཐིག་ལེ་དག་ལས་ཡི་གེར་གྱུར། །ལྷ་རྣམས་སྔགས་ཀྱི་གཟུགས་ཀྱི་བཞུགས། །དེ་ལ་བྱིན་རླབས་འདི་དག་བྱ། །སྤྱན་གྱི་ཕྱག་རྒྱ་དང་ལྡན་པའི། །ཧཱུྃ་ཡ་མཱན་ཏ་ཀྲྀཏ་བཛྲ་དྷརྨཱ་ཙཀྵུ་པྲ་བེ་ཤ་ཡ་ཞེས་བརྗོད་དོ། །ཞལ་གྱི་ཕྱག་རྒྱ་ཤེས་པ་ཡིས། །ཨོཾ་ཡ་ མཱནྟ་ཀ་དེ་ཝ་ཤོ་དྷ་ཡ་ཏྲཾ་པྲ་བེ་ཤ་ཡ་ཕཊ་ཅེས་བརྗོད། གཙུག་ཏུ་ཕྱག་རྒྱ་རབ་བྱས་ལ། །ཨོཾ་ཡ་མཱནྟ་ཀ་བ། ཆེ་བའི་ཕྱག་རྒྱ་ལྡན་པ་ཡིས། །ཨོཾ་གུ་ཧྱ་གུ་ལཾ། དེ་ནས་མཆོད་དང་བསྟོད་བྱས་ལ། །སྤྲོ་བསྡུ་ལྡན་པས་གསང་སྔགས་བཟླས། །བསྲུང་བའི་དོན་དུ་རབ་ཏུ་སྦྱར། །དེ་ནས་ཁམ་ཕོར་དབྱུང་ བྱས་ལ། །སྤྲ་ཚིལ་དག་གིས་དྲིལ་བྱས་ལ། །ཡང་ན་རྒྱ་སྐྱེགས་བསྐུས་བྱས་པའི། །དྲི་དང་བསྲེས་ཏེ་བྱུག་པར་བྱ། །བསྒྲུབ་བྱ་ཁྲུས་བྱ་རྒྱན་བགོ་སྟེ། །དྲིས་བྱུགས་མཎྜལ་སྟེང་བཞག་སྟེ། །བདེན་པ་བདར་ཏེ་སྐྱེས་པ་གཡོན། །དཔའ་མིན་དག་ནི་གཡས་སུ་གདགས། །ཕས་ཀྱི་རྒོལ་ བའི་དམག་རྣམས་དང་། །མེ་དང་ཆུ་དང་ནད་ལ་སོགས། །གང་དག་རླུང་དང་སེར་བ་རྣམས། །བསྲུང་བར་འདོད་པའི་རྣལ་འབྱོར་པས། །ཤིན་ཏུ་གཙང་ཞིང་མཐོན་པོར་ནི། །མཎྜལ་ལེགས་བྱུགས་མེ་ཏོག་དགྲམ། །དེ་ནི་རྒྱལ་མཚན་རྩེ་ལ་གདགས། །ཉིན་རེ་དུས་གསུམ་ཡང་དག་མཆོད། ། བསྐུལ་ཚིག་ལྡན་པས་གསང་སྔགས་བཟླས། །གཏོར་མ་རྒྱུན་དུ་སྦྱིན་པར་བྱ། །སྦྱིན་སྲེག་ཐལ་བ་ཕྱོགས་བཅུར་གཏོར། །འཁོར་ལོ་འདོད་པའི་བསྐུལ་ཚིག་ལྡན། །དེ་དག་རབ་ཏུ་ཞི་བར་འགྱུར། །སྲུང་བ་ཀུན་གྱི་མཆོག་ཡིན་པས། །རྣལ་འབྱོར་པ་ཡིས་འབད་པར་བྱ། །སྲུང་བ་ཀུན་གྱི་ཆོ་ག་དམ་པ་ འདི། །སྒྲུབ་པ་པོ་དང་སེམས་ཅན་དོན་དུ་བྱས། །དེ་ཡིས་དགེ་བ་ཅུང་ཟད་གང་ཐོབ་དེས། །འགྲོ་ཀུན་བདུད་བཞི་ཀུན་གྱི་གནོད་པ་བསྲུང་བར་ཤོག །དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་ གཤེད་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་ཁྲོ་བོ་འཇིགས་པ་ཅན་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇམ་པའི་རྡོ་རྗེ་མཆོག །དྲག་ཤུལ་ཆེ་ཞིང་འཇིགས་པར་བྱེད། །ཁྲོ་ཆེན་དེ་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་པའི་ཐབས་བཤད་བྱ། །དེ་ལ་སྔགས་པ་དབང་དང་དམ་ཚིག་དང་ ལྡན་པ། སྙིང་རྗེ་ཆེ་བ། རྟུལ་ཕོད་པ། ཤེས་རབ་དང་ལྡན་པ་དེས། གནས་དུར་ཁྲོད་ལ་སོགས་པ་ཡིད་དགའ་བའི་གནས་སུ་གནས་ཏེ། བརྟུལ་ཞུགས་མཆོག་སྤྱད་པར་བྱའོ། །བདག་ཉིད་རྫོགས་པའི་ཚུལ་གྱིས་ལྷར་བསྐྱེད་དེ། །སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་བསམ་པ། །དེ་ལ་འོད་ ཟེར་གྱིས་བསྐུལ་ནས་སྤྱན་དྲངས་ཏེ། བཞུགས་པ་ལ། ཕྱི་ནང་གི་མཆོད་པའི་བྱེ་བྲག་དབུལ། དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བྱ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཚངས་པའི་གནས་བཞི་བསྒོམས་ནས། དེ་ནས་སྟོང་པ་ ཉིད་དུ་བསྒོམ་པར་བྱ་སྟེ། གང་གི་རྣམ་པར་ཡང་མི་བསྒོམ་མོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་རྗེས་ཧཱུྃ་ལས་འོད་འཕྲོས་པས། །སྡང་བ་ཐམས་ཅད་བསྲེག་པར་བྱ། །བསྡུས་པས་རྡོ་རྗེ་གུར་དུ་གྱུར། །ར་བ་དྲ་བ་བསམ་པར་བྱ། །དེ་ནས་ནམ་མཁའི་དབྱིངས་བསམ་བྱ། །དེ་ཡི་ ནང་དུ་གཞལ་ཡས་ཁང་། །རྡོ་རྗེ་རྒྱ་གྲམ་ཡང་དག་ལྡན། །རྟ་བབས་བཞི་དང་ལྡན་པར་བསྒོམ། །ཉི་གདན་མ་ཧེ་ཡི་དགས་ཏེ། །རྣམ་པ་ལྔ་པོ་བསྒོམ་པ་ནི། །ཨཱ་ལི་བསྒོམས་པས་ཟླ་བ་སྟེ། །ཀཱ་ལི་བསྒོམས་པས་རྟ་བདུན་ཉིད། །གཉིས་ཀྱི་བར་དུ་ཧཱུྃ་བསམས་ཏེ། །དེ་ནས་རྡོ་རྗེ་རྩེ་ལྔ་པ། །དེ་ལ་སྙིང་ པོས་ཡང་དག་བརྒྱན། །དེ་ལས་འོད་བྱུང་དོན་བྱས་ནས། །སླར་འདུས་དེ་དག་འོད་དུ་ཞུ། །དེ་ལས་རྡོ་རྗེ་སེམས་དཔའ་ནི། །ཞལ་གསུམ་ཕྱག་ནི་དྲུག་པ་ལ། །གཡས་དཀར་གཡོན་པ་དམར་བ་སྟེ། །རྩ་བའི་ལུས་མདོག་ནག་པོའོ། །རྡོ་རྗེ་རལ་གྲི་གྲི་གུག་གཡས། །འཁོར་ ལོ་པདྨ་ཐོད་པ་གཡོན། །རྡོ་རྗེ་རྒྱན་གྱིས་རྣམ་པར་བརྒྱན། །གཡོན་པ་བརྐྱང་བའི་ཞབས་ཀྱིས་གནས། །རང་རིག་ལྡན་པ་རབ་ཏུ་བསྒོམ། །རྡོ་རྗེ་པདྨ་དག་བྱ་སྟེ། །བདེ་གཤེགས་ཐིག་ལེ་ཟླ་བར་གྱུར། །དེ་ལས་ཡཀྵེ་མ་མེ་ད། །ཡ་ཙ་ནི་རཱ་ཛཱ་ས་དོ། །རུ་ཎ་ཡོ་ནི་ར་དག་སྟེ། །སོ་སོའི་ས་བོན་དག་ ཏུ་གྱུར། །དེ་ལས་སོ་སོའི་སྐུ་བསྐྱེད་དེ། །སྔགས་ཆེན་གྱིས་ནི་དབྱུང་བར་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཁྲུགས་པ་ཞལ་གསུམ་ཕྱག་དྲུག་སྟེ། །ཁ་དོག་ཨིནྡྲ་ནཱི་ལ་འདྲ། །ལག་ན་རྡོ་རྗེ་ཆེན་པོ་སྟེ། །ཞེ་སྡང་ཆེན་པོའི་དོན་མཛད་ནས། །སླར་འདུས་བདག་ཉིད་ལ་ཐིམ་ བྱ། །ཛི་ན་ཛིཀ་གིས་གཏི་མུག་གཙོ། །ཞལ་གསུམ་ཕྱག་དྲུག་པ་ལ་ཞི། །དངས་པའི་ཆུ་ཟླ་དང་མཚུངས་པའོ། །ལག་ཏུ་འཁོར་ལོ་ཐོགས་པ་དབྱུང་། །གཏི་མུག་ཆེན་པོའི་དོན་བྱས་ནས། །མདུན་གྱི་ཟླ་དཀྱིལ་དག་ལ་དགོད། །རཏྣ་དྷྲྀཀ་གིས་སེར་སྣའི་བདག །བཙོ་མ་གསེར་མཚུངས་ ཕྱག་དྲུག་སྟེ། །རིན་ཆེན་ཐོགས་པ་དབྱུང་བར་བྱ། །སེར་སྣ་དག་བྱས་དོན་ཆེན་བྱས། །གཡས་ཀྱི་ཉི་དཀྱིལ་དག་ལ་བསམ། །ཨཱ་རོ་ལྀཀ་གིས་འདོད་ཆགས་གཙོ། །ཞལ་གསུམ་ཕྱག་དྲུག་པདྨ་འདྲ། །ལག་ན་པདྨ་ཐོགས་པ་དབྱུང་། །འདོད་ཆགས་ཆེན་པོའི་དོན་བྱས་ཏེ། །གཙོ་བོའི་ རྒྱབ་ཏུ་བསམ་པར་བྱ། །པྲཛྙཱ་དྷྲྀཀ་གིས་ཕྲག་དོག་བདག །ཞལ་གསུམ་ཕྱག་དྲུག་མརྒད་མཚུངས། །ཕྱག་ན་རལ་གྲི་ཐོགས་པ་དབྱུང་། །ཕྲག་དོག་དོན་བྱས་རྡོ་རྗེར་གྱུར། །གཡོན་གྱི་ཉི་དཀྱིལ་དག་ལ་བསམ། །མུད་གར་དྷྲྀཀ་གིས་ཐོ་བ་དྲག །མདོག་གནག་ཕྱག་དྲུག་ཐོ་བ་བསྣམས། །དྲག་ པོ་ཆེན་པོའི་དོན་བྱས་ནས། །ཤར་གྱི་སྒོ་ལ་བསམ་པར་བྱ། །དཎྜ་དྷྲྀཀ་གིས་བེ་ཅོན་ཅན། །གསེར་མདོག་ལག་ན་བེ་ཅོན་ཐོགས། །ཁྲོ་བ་ཆེན་པོས་དོན་བྱས་ནས། །ལྷོ་ཡི་ཉི་དཀྱིལ་དག་ལ་བཞུགས། །པདྨ་དྷྲྀཀ་གིས་པདྨོ་སྟེ། །མདོག་དམར་ཞལ་གསུམ་ཕྱག་དྲུག་པ། །པདྨ་ཐོགས་པས་དོན་ བྱས་ཏེ། །ནུབ་ཀྱི་སྒོར་ནི་བསམ་པར་བྱ། །ཁཌྒ་དྷྲྀཀ་གིས་རལ་གྲི་དབྱུང་། །ཞལ་གསུམ་ཕྱག་དྲུག་ལྗང་གུའོ། །ཕྱག་ན་རལ་གྲི་ཐོགས་པ་སྟེ། །བྱང་གི་སྒོར་ནི་བསམ་པར་བྱ། །དྭེ་ཥ་ར་ཏིས་ཙརྩི་དབྱུང་། །འཁོར་ལོ་ལག་འཛིན་དཀར་མོ་སྟེ། །བྱམས་པ་ཆེན་པོས་དོན་བྱས་ཏེ། །མེ་ཡི་ ཟླ་དཀྱིལ་བསམ་པར་བྱ། །མོ་ཧ་ར་ཏིས་ཕག་མོ་དབྱུང་། །རྡོ་རྗེ་ལག་འཛིན་ནག་མོ་སྟེ། །སྙིང་རྗེས་དོན་བྱས་སླར་བསྡུས་ལ། །ལྷོ་ནུབ་ཟླ་དཀྱིལ་བསམ་པར་བྱ། །རཱ་ག་ར་ཏིས་དབྱངས་ཅན་དབྱུང་། །དམར་མོ་ལག་ན་པདྨ་བསྣམས། །དགའ་བ་ཆེན་པོས་དོན་བྱས་ནས། །ནུབ་བྱང་ ཟླ་དཀྱིལ་བསམ་པར་བྱ། །བཛྲ་ར་ཏིས་མཛོད་ལྡན་དབྱུང་། །ལྗང་གུ་ལག་ན་རལ་གྲི་འཛིན། །བཏང་སྙོམས་ཆེན་པོའི་དོན་བྱས་ནས། །བྱང་ཤར་ཟླ་དཀྱིལ་བསམ་པར་བྱ། །བདག་པོའི་ཕྱག་མཚན་འདྲ་བ་ལ། །རང་རྟགས་གང་ཡིན་དང་པོར་སྦྱིན། །ཞལ་མདོག་རིགས་ཀྱིས་ ཤེས་པར་བྱ། །ཡང་དག་དོན་གྱི་འོད་དུ་ཞུ། །འོད་ཀྱི་གོང་བུར་དེ་ཉིད་གྱུར། །ཙརྩི་ཀཱ་སོགས་ལེགས་པའི་གླུས། །འོད་ཀྱི་གོང་བུ་སད་པར་བྱེད། །ཀྱེ། རྗེ་བཙུན་སྙིང་རྗེས་ཁྲོ་བཞེངས་ལ། །གནས་གསུམ་ཀུན་གྱི་གཏི་མུག་སྦྱོངས། །བདུད་བཞི་རྣམས་ལས་གཙོ་བོ་རྒྱལ། །ཀྱེ། འཁྲུགས་པའི་སེམས་ཀྱིས་གཙོ་བོ་བཞེངས། །སྟོད་གནས་འཇིག་རྟེན་མགྲོན་གཉེར་ཅི། །འཇིག་རྟེན་སྐུ་མཆོག་རྗེ་བཙུན་བཞེངས། །ཀྱེ། སྟོང་པར་བསམས་ནས་ཅི་སྟེ་བཞུགས། །བྱང་ཆུབ་རང་བཞིན་འཇིག་རྟེན་བཞེངས། །དངོས་རྣམས་སྒྱུ་མར་བསམས་ནས་ནི། །འོད་ལས་ ཡི་གེ་ཧཱུྃ་དུ་བཞེངས། །དེ་ལས་གཏུམ་པོ་ཁྲོ་བོའི་གཟུགས། །འཇིགས་བྱེད་གསུས་པ་ཆེ་བ་ཡི། །གཤིན་རྗེ་ནག་པོའི་གཟུགས་སུ་གྱུར། །ཞལ་གསུམ་ཕྱག་དྲུག་གོང་དང་མཐུན། །གྱེན་དུ་སྐྲ་འབར་འཇིགས་པ་ཆེ། །དུམ་དང་དུམ་བུར་རྣམ་པར་བརྒྱན། །ཤིན་ཏུ་ཁྲོས་པའི་སྐུར་ བསམས་ཏེ། །བ་སྤུའི་བུ་ག་རྣམས་ལས་ནི། །རང་གི་ཁྲོ་བོ་འཕྲོ་བར་བསམ། །འཇིགས་པའི་མཆེ་བ་གཙིགས་པའི་ཞལ། །ཧ་ཧ་འབྱིན་པས་ཟ་བར་བྱེད། །བསྐལ་པའི་མེ་འབར་ལྟ་བུ་སྟེ། །བདག་ཉིད་དེ་ལྟར་བསམ་པར་བྱ། །དཀྱིལ་འཁོར་གསལ་བར་བསམས་ནས་ནི། །མིག་ ལ་སོགས་པ་བྱིན་གྱིས་བརླབ། །རྡོ་རྗེ་གསུམ་ནི་གནས་གསུམ་བསྒོམ། །སོ་སོའི་ཐུགས་ལས་འོད་བྱུང་སྟེ། །སྤྱན་དྲངས་མཆོད་པ་ཡང་དག་སྤྲོ། །སོ་སོའི་རིག་པའི་རིམ་པ་དང་། །སྐུ་གསུང་ཐུགས་ཀྱི་སྔགས་བརྗོད་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡེ་ཤེས་སེམས་དཔའ་སྙིང་བསམས་ཏེ། །དེ་ཡི་སྙིང་གར་ཉི་མ་བསམས། །དེ་ལ་སངས་རྒྱས་ཧེ་རུ་ཀ །དབང་བསྐུར་གཤིན་གཤེད་དབུ་ལ་བསམ། །ཡང་། དེ་ལས་འོད་ཟེར་འཕྲོས་པས་བསྐུལ། །ཐོ་བ་ལ་སོགས་བཞི་པོ་ཡིས། །དགུག་དང་གཞུག་དང་བཅིང་བ་དང་། །དབང་དུ་བྱས་ཏེ་མགུ་བར་བྱའོ། །ཟླ་བ་ཉི་མ་ཆུ་དང་སྨན། །དྲི་ནི་རླུང་མེའི་འཁོར་ལོར་གནས། །དེ་ལ་དཔའ་བོ་འབྲུ་ལྔར་བསམ། །དེ་སྟེང་ཧཱུྃ་ལས་རྡོ་རྗེ་བསམ། །ཨོཾ་གྱིས་བྱིན་ བརླབས་བདུད་རྩིར་བསྒོམ། །དེ་ཉིད་གསུམ་ནི་མངོན་པར་བཟླས། །ལྕེ་དག་པས་ནི་བཏུང་བར་བྱ། །དེ་ནས་འདོད་པའི་ལྷ་མོ་བསྡུ། །བདག་གི་བ་སྤུའི་བུ་ག་ལས། །མཆོད་པ་སྤྲོས་ཏེ་བདག་ཉིད་མཆོད། །དེ་ནས་འཁོར་རྣམས་མཆོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། ཆོས་རྣམས་ཀུན་གྱིས་དེ་ལ་བསྟོད། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དེ་འཇིགས་པ་པོ། །སྟོན་པ་སངས་རྒྱས་ཀུན་གྱི་བདག །མགོན་པོ་འཇིགས་བྱེད་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་དགྲར་གྲགས་འཇིགས་པ་པོ། ། ཐུགས་ཀྱི་རྡོ་རྗེར་རབ་སྣང་བ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །མངའ་བདག་འདོད་ཆགས་ལས་བྱུང་བ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་དེ་ལས་ཀུན་མཛད། ། སྐུ་ཡི་རྡོ་རྗེར་རབ་སྣང་བ། །རལ་གྲིའི་ཕྱག་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་རྣམས་ནི་ཀུན་བསྡུས་པ། །སངས་རྒྱས་ཀྱི་ནི་མཆོག་གི་མཆོག །དཀྱིལ་འཁོར་བདག་ལ་ཕྱག་འཚལ་ལོ། །དེ་ནས་རྫོགས་པའི་རིམ་པ་བསྒོམ། །རྣལ་འབྱོར་འདི་ལ་རྟག་ གནས་བྱ། །བསམ་གཏན་མ་ནུས་བཟླས་པ་སྟེ། །བཟླས་པ་བཞི་ལ་རབ་འབད་བྱ། །ཟླ་བ་དྲུག་གིས་མཚན་མ་འབྱུང་། །དེ་ནས་སྒྲུབ་པ་ཆེན་པོ་བརྩམ། །འཁོར་ལོ་ལ་སོགས་གཞུང་བཞིན་བྱ། །སོ་སོའི་དུས་ལ་གཏད་བྱ་སྟེ། །ཞག་བཞིར་བསྒྲུབས་ན་འདོད་པ་འགྲུབ། །ཨོཾ་ཧྲིཿཥྚྲྀཿཝི་ཀྲྀ་ཏཱ་ ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཡཀྵེ་མ་མེ་ད་ཡ་ཙ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་རཱ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། དྲག་པོའི་གསང་སྔགས་མན་ངག་བཞིན། །སོ་སོའི་ལས་དང་སྤེལ་བར་བྱ། །འབྱུང་པོ་ཀུན་གྱི་གཏོར་མ་བཏང་། ། དང་པོ་གཤིན་རྗེའི་དགྲ་ལ་དབུལ། །དེ་ནས་སོ་སོའི་འཁོར་ལ་སྦྱིན། །སྔགས་ཆེན་འདི་ཡིས་དབུལ་བར་བྱ། །ཨོཾ་ཨིནྡྲཱ་ཡ་ཧྲཱིཿ ཡ་མ་ཡེ་ཥྚྲཱྀཿ ཝ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤྭ་ནཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་ཪྼྀ་ཏ་ཡེ་ན། བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུྃ། སཱུརྱཱ་ཡ་ཧཱུྃ། བྲཧྨ་ཎཱ་ཡ་ཕཊ། བ་སུ་ དྷ་རཱ་ཡ་ཕཊ། བེ་མ་ཙི་ཏྲ་ཡེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧ་ཧཱ། ཧི་ཧཱི། ཧཱུྃ་ཧཱུྃ་ཕེཾ་ཕེཾ་སྭཱ་ཧཱ། སྒྲུབ་པ་ཆེན་པོའི་དུས་སུ་ནི། །སྐུ་གཟུགས་མདུན་དུ་གཞག་པར་བྱ། །མཆོག་གི་ཤ་ལ་སོགས་པ་དབུལ། །མར་མེ་ཆེ་ཡང་རྟག་ཏུ་བཏང་། །མཆོད་པའི་མཆོག་རྣམས་དབུལ་བར་བྱ། །མ་ཡེངས་ པ་ཡི་སེམས་ཀྱིས་དབུལ། །འཇིགས་པའི་སེམས་ནི་མ་ཡིན་ནོ། །སྔགས་པས་དཔའ་བོ་མཆོད་པར་བྱ། །སྤྱོད་ལམ་བྱེད་ན་འདི་ལྟར་བསྒོམ། །དངོས་པོ་ཐམས་ཅད་གཤིན་རྗེར་བསམ། །ཡང་ན་རང་རང་དག་པར་བྱ། །ཡང་ན་རྡོ་རྗེ་སེམས་དཔའ་བསྒོམ། །ལས་ཀྱི་མཐར་ཐུག་འཇམ་ དཔལ་མཆོག །རྩོད་པའི་དུས་སུ་བྱུང་བ་འདི། །བསྟན་པ་བསྲུང་བའི་དགོས་པ་དང་། །ལས་ཀྱི་བྱེ་བྲག་བསྒྲུབ་པ་དང་། །བློ་དམན་རྣམས་ལ་ཕན་པའི་ཕྱིར། །རྣལ་འབྱོར་བཞི་ཡི་ཚུལ་དུ་བྲིས། །བློ་དམན་དམ་ཚིག་ལ་གནས་པས། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །རྒྱུད་ཀྱི་དོན་ མཆོག་བསྡུས་པ་ཡི། །གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བྱས། །འདི་ལས་ངལ་བའི་དགེ་བ་གང་། །ཀུན་གྱིས་འཇམ་དཔལ་མཆོག་ཐོབ་ཤོག །གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་སློབ་དཔོན་ཉིན་མོར་བྱེད་པའི་གྲགས་པས་མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙཱ་བ་ འགོས་ལྷས་བཙས་ཀྱིས། རྒྱ་གར་གྱི་དཔེ་ཕྱི་མོ་དང་གཏུགས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་གཤིན་རྗེ་ གཤེད་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེ་གཤེད་ནག་ལ། །ཕྱག་འཚལ་ནས་ནི་དཔལ་འཛིན་གྱི། །གདམས་པ་ལ་བརྟེན་སྒྲུབ་ཐབས་ནི། །མདོར་བསྡུས་བྱིས་པས་རྟོགས་ཕྱིར་བྲི། །དེ་ལ་སྔགས་པ་ངེས་པར་འགྲོ་བ་ཐམས་ཅད་བསྒྲལ་བར་འདོད་པའི་བློ་དང་ལྡན་པས་དུར་ ཁྲོད་ལ་སོགས་པའི་བསམ་གཏན་གྱི་གནས་སམ། གནས་ལ་ལར་ཙནྡན་ལ་སོགས་པས་བྱུགས་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པའི་སེམས་ཅན་རྣམས། བསོད་ནམས་ཀྱི་ཚོགས་དང་མི་ལྡན་པས་འཁོར་བ་ལས་བསྒྲལ་བར་མི་ནུས་པས་ན། དང་པོར་བསོད་ ནམས་ཀྱི་ཚོགས་བསག་པར་བྱ་བའི་ཕྱིར་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། ཡ་སྔོན་པོ་འོད་ཟེར་དང་བཅས་པ་བལྟས་ལ། དེའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་དུ་བྱས་ནས་ཡང་འོད་ཟེར་དེས་བླ་མ་དང་སངས་རྒྱས་ལ་ སོགས་པ་མདུན་དུ་སྤྱན་དྲངས་ཏེ། དེ་དག་ལ་མངོན་པར་ཕྱག་བྱས་ལ་ས་བོན་གྱི་འོད་ཟེར་སྔོན་པོ་ལས་བྱུང་བའི་མཆོད་པའི་སྤྲིན་སྣ་ཚོགས་སྒེག་མོ་ལ་སོགས་པ་དང་། མེ་ཏོག་ལ་སོགས་པའི་ཞེན་པ་དང་བྲལ་བས་ཡང་དག་པར་མཆོད་དོ། །དེ་ནས་སྡིག་པ་བཤགས་ཤིང་བསོད་ ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེ་མ་ཐག་པའི་ཞིང་ལ་ཚད་མེད་པ་བཞི་བསྒོམ་མོ། །དེ་ནས་རྟེན་མུཿཡིས་གཤེགས་སོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ལ་ནན་ཏན་བྱ་སྟེ། སྣ་ཚོགས་སྟོང་པ་ཉིད་ དུ་བསྒོམ་ཞིང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། དེ་ནས་སྟོང་པའི་བདག་ཉིད་ལས། ཨཾ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཁ་གྱེས་པ་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་རྡོ་རྗེའི་ཚོགས་ཀྱིས་རྡོ་རྗེའི་ས་གཞི་དང་། ར་བ་དང་གུར་བསྒོམ་པར་བྱའོ། ། དེའི་དབུས་སུ་སྐད་ཅིག་གིས་ཆོས་འབྱུང་གྲུ་གསུམ་པ་དཀར་པོའི་ནང་དུ། སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་པཾ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡཾ་ཡིག་ལས་རྡོ་རྗེ་སྔོན་པོ་འོད་ཟེར་བཅས་པ་བསམས་ཏེ། དེའི་ འོད་ཀྱིས་ཐོག་མ་མེད་པ་ནས་གྲུབ་པའི་གཤིན་རྗེ་གཤེད་གསལ་བར་བྱས་ནས། སླར་བཀུག་སྟེ། དེ་དག་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ། །དེ་ཡང་སྐུ་མདོག་ནག་པོ་གཡས་དཀར་ཞིང་། གཡོན་དམར་བ། རྡོ་རྗེ་དང་རལ་གྲི་དང་། འཁོར་ལོ་དང་ པདྨ་དང་། གྲི་གུག་དང་ཐོད་པ་བསྣམས་པའི་ཕྱག་དྲུག་པ། མ་ཧེའི་སྟེང་ན་གཡོན་བརྐྱང་བས་བཞུགས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། མི་མགོ་རློན་པའི་ཕྲེང་བ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། དབུ་སྐྲ་དང་སྨ་ར་སེར་པོ་ གྱེན་དུ་ལངས་པ། ཞལ་མཆེ་བ་རྣམ་པར་གཙིགས་པ་བསམས་ལ། དེ་ནས་སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་རྣམས་བསམ་པར་བྱའོ། །དེ་ནས་མིག་ལ་སོགས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། མིག་ཏུ་ཀྵིཾ་ངོ་། །རྣ་བ་དག་ཏུ་ཛྲིཾ་ངོ་། །སྣ་ལ་ ཁཾ་ངོ་། །དཔྲལ་བར་ནི་ཀཾ་ངོ་། །ལྟེ་བར་ནི་སཾ་ངོ་། །དེ་ནས་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་དེ་བཞིན་གཤེགས་པའི་སྤྲུལ་པ་རྡོ་རྗེ་ཙརྩི་ཀཱ་ལ་སོགས་པས་བདུད་རྩི་རྣམ་པ་ལྔས་གང་བའི་བུམ་པ་བཟུང་ནས་དབང་བསྐུར་བར་བྱའོ། །དེ་ནས་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་རྡོ་རྗེ་ མདུན་དུ་བལྟས་ཏེ། དེ་ལ་མཆོད་པ་ལྔས་ཡང་དག་པར་མཆོད་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བའོ། །དེ་ནས་ཆོ་ག་བཞིན་དུ་མཆོད་པར་བྱའོ། །དེ་ནས་བསྒོམས་པས་སྐྱོན་བཟླས་པ་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལྡང་བའི་དུས་སུ་ཡང་མཆོད་པ་བྱས་ལ། ཨོཾ་ཨཱཿཧཱུྃ་མུཿཞེས་བྱ་བས་ཡེ་ཤེས་ཀྱི་རྡོ་རྗེ་གཤེགས་སུ་གསོལ་ལོ། །ཐུན་སོ་སོ་ལ་ཇི་ལྟར་རྙེད་པའི་གཏོར་མ་བདུད་རྩི་ལྔའི་ངོ་བོར་སྦྱངས་ལ། སྔགས་འདིས་ཕྱོགས་སྐྱོང་རྣམས་ལ་དབུལ་བར་བྱའོ། །ཨོཾ་ཨིནྡྲཱ་ཡ་ཧྲཱིཿ ཡ་མཱ་ཡཥྚྲིཿ ཝ་རུ་ཎཱ་ཡ་ཝི། ཀུ་བེ་རུ་ཡ་ཀྲྀ། ཨི་ཤྭ་ནཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་ཪྼྀ་ཏ་ཡེ་ན། བཱ་ཡ་བེ་ན། ཨཱརྐ་ཡེ་ཧཱུྃ། ཙནྡྲ་ཡེ་ཧཱུྃ། བྲཧྨ་ཎི་ཕཊ། བ་སུ་དྷ་ར་ཡེ་ཕཊ། བེ་མ་ཙི་ཏྲ་ཡེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧ་ཧཱ་ཧི་ཧཱི། ཧཱུྃ་ཧཱུྃ་ཕེཾ་ཕེཾ་སྭཱ་ཧཱ། དེ་ནས་ཟས་ཟ་བའི་ཚེ་ན། བདུད་རྩི་རྣམ་པ་ལྔས་སྦྱངས་ལ། དེ་ཉིད་ གསུམ་གྱིས་བྱིན་གྱིས་བརླབས་ཏེ། ལྕེ་རྡོ་རྗེའི་སྦྱོར་བས་བཟའ་བར་བྱའོ། །གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འདི། །བྱས་པས་དགེ་བ་གང་ཐོབ་པ། །འཇིག་རྟེན་གསུམ་ནི་མ་ལུས་པ། །ནག་པོའི་ལས་འདིས་འདའ་བར་ཤོག །གཤིན་རྗེའི་དགྲ་ནག་པོ་སྒྲུབ་པའི་ཐབས་སློབ་དཔོན་གྷོ་ ཥ་བཛྲས་མཛད་པ་རྫོགས་སོ།། །།བལ་པོའི་མཁན་པོ་སུ་མ་ཏི་ཙནྡྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཚོགས་ཆག་ཆུང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། ས་ཙཀྲ་ཨརྠ་བིསྟ་ར་བྱཱ་ཁྱཱ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་ཐབས། འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཁའ་ལྟར་སྤྲོས་མེད་ཆོས་སྐུ་རྣམ་དག་དངོས། །འགྲོ་མགོན་འཇམ་དབྱངས་ཁྲོ་རྒྱལ་ཕྱག་འཚལ་ཏེ། །གཤིན་ རྗེ་གཤེད་པོ་དཔལ་ལྡན་དེ་ཡི་ནི། །སྒྲུབ་པའི་ཐབས་བཟང་འཁོར་ལོ་བཅས་པ་བཤད། །བྱང་ཆུབ་ཀྱི་སེམས་གཉིས་ཤིན་ཏུ་བརྟན་པའི་སྔགས་པས་ཐོ་རངས་ལངས་ཏེ། ལུས་ཀྱི་བྱ་བ་མ་ལུས་པར་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་དང་། དཔལ་གཤིན་ རྗེ་འཇོམས་པ་རྣམས་འོད་ཀྱིས་བསྐུལ་བ་ལ། ཕྱག་འཚལ་བ་ལ་སོགས་པ་བདུན་དང་། ཚད་མེད་པ་བཞི་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ལ་སྟོང་པ་ཉིད་དུ་བསམ་མོ། །དེ་ནས་ཡུད་ཙམ་གྱིས་མ་ཧེའི་སྟེང་དུ་པདྨ་དང་ཉི་མར་བལྟས་ཏེ། དེའི་དབུས་སུ་ཧཱུྃ་ངཾ་ལཾ་གྱི་ས་བོན་གྱུར་པ་ལས་རྡོ་རྗེའོ། ། དེ་གྱུར་པ་ལས་གཤིན་རྗེ་འཇོམས་པར་བདག་ཉིད་བསམ་པ་ནི། ཞལ་གསུམ་པ་ཕྱག་དྲུག་པ་མི་བཟད་པའི་ཁྲོ་བོ་སྐུ་མདོག་མཐིང་ག་ཞལ་གཡས་གཡོན་དཀར་བ་དང་དམར་བ། ཕྱག་གཡས་གཡོན་ན་རྡོ་རྗེ་དང་། རལ་གྲི་དང་གྲི་གུག་དང་འཁོར་ལོ་དང་། པདྨ་དང་ཐོད་པ་འཛིན་པ། གཡོན་ བརྐྱང་བས་གནས་པའོ། །དེ་ནས་དེའི་ཕུང་པོ་ལྔ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལྔའོ། །ཁམས་བཞི་ནི་ཙརྩི་ཀཱ་ལ་སོགས་པ་བཞིའོ། །ལག་པ་གཡས་པའི་དཔུང་པ་དང་གཡོན་པའི་དཔུང་པ་དང་ཁའི་པདྨ་དང་། གསང་བའི་གནས་རྣམས་ནི་ཐོ་བ་གཤིན་རྗེ་གཤེད་ལ་སོགས་ པ་བཞིའོ་ཞེས་མོས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་བསྟིམས་ལ། ཡན་ལག་དྲུག་བསམས་ཏེ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་དབང་བསྐུར་ཏེ། སྤྱི་བོ་ལ་རྡོ་རྗེ་སེམས་དཔས་བརྒྱན་པར་བྱའོ། །དེ་ནས་སྙིང་གའི་ཡཾ་ལས་སྤྲོ་བ་དང་བསྡུ་བ་སྐྱོ་བར་མ་ གྱུར་གྱི་བར་དུ་བྱའོ། །སྐྱོ་བ་ན་ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་སོ། །ཡང་ན་རིམ་པས་བཟླས་སོ། །གལ་ཏེ་འཁོར་ལོ་བསྒྲུབ་པར་མི་འདོད་ན་ལས་ཀྱི་སྔགས་འབའ་ ཞིག་བཟླས་སོ། །གལ་ཏེ་ལས་ལ་མི་དམིགས་ན་སྙིང་པོའི་སྔགས་འབའ་ཞིག་ཀྱང་བཟླས་ཏེ། ཨོཾ་ཡ་མཱནྟ་ཀ་ཧཱུྃ། སྙིང་པོའོ། །བཟླས་པའི་ཚད་ནི་རེ་རེ་ལ་ཡང་བྱེ་བ་ཕྲག་གསུམ་དང་། འབུམ་ཕྲག་བཞི་བཟླས་སོ། །དེ་ནས་བཟླས་པས་སྐྱོ་བ་ན། ཡེ་ཤེས་སེམས་དཔའ་ལ་མཆོད་པ་དང་། བསྟོད་པ་བྱས་ཏེ། གཤེགས་པའམ་སླར་བསྟིམས་ལ། ཡན་ལག་དྲུག་གིས་སྲུང་བ་བྱས་ལ། ཡི་གེ་བརྒྱ་པ་བཟླས་ལ་ལྡང་ངོ་། །ལངས་ནས་ཀྱང་གསང་སྔགས་སྐུ་ལ་དམིགས་ཤིང་གྲངས་ལ་ཕན་མི་འདོགས་པ་བཟླས་པར་བྱའོ། །དང་པོ་རྣལ་འབྱོར་ལ་འཇུག་པ་ན། ཨོཾ་ ཨིནྡྲ་ཡ་ཧྲཱིཿཞེས་བྱ་བ་ལ་སོགས་པས་གཏོར་མ་སྦྱིན་པར་བྱའོ། །དུས་རྟག་ཏུ་བདག་དང་གཞན་ཆུ་ཟླ་ལྟར་གཅིག་དང་དུ་མ་དང་བྲལ་བར་བལྟའོ། །བསྙེན་པ་མ་རྫོགས་ཀྱི་བར་དུ་གནས་གཅིག་ཏུ་སྤྱད་པར་བྱའོ། །འདི་ནི་སྔོན་དུ་བསྙེན་པའི་རིམ་པ་མདོར་བསྟན་པའོ། །དེ་ལྟར་བསྙེན་པར་ གྱུར་པའི་སྔགས་པ་འཁྲུལ་འཁོར་བསྒྲུབ་པར་འདོད་པས། འདི་ལྟར་བལྟ་སྟེ། དང་པོ་ཁོ་ནར་འདི་ལ་མངོན་སྤྱོད་བྱ་བར་རིགས་སམ། ཅི་སྟེ་མ་ཡིན་ཞེས་གཞི་གཏན་ལ་དབབ་པར་བྱའོ། །དེ་ནས་བྱ་བར་རིགས་པ་ཞིག་ཡིན་ན། འདི་ལྟར་བདག་ནི་དམྱལ་བར་སོང་ཡང་བླའི། འདི་དམྱལ་བར་ མི་འགྲོ་བར་བྱ་ཞིང་དེའི་རྒྱུར་འདི་མྱུར་དུ་གསད་པས། འདིའི་སྡིག་པ་མང་དུ་མི་འཕེལ་བར་བྱའོ་སྙམ་དུ་ཡང་དག་པར་སྙིང་རྗེ་བཅོས་མ་མ་ཡིན་པ་བསྐྱེད་པ་ཡང་དང་ཡང་བྱ་བས་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པར་བྱའོ། །དེ་ནས་སྒྲུབ་པའི་གནས་ཁྱད་ པར་ཅན་དུར་ཁྲོད་དང་ཁང་སྟོང་དང་། མ་མོ་འདུ་བའི་གནས་དང་། གནོད་སྦྱིན་འདུ་བའི་ཕུག་དང་། ཤིང་གཅིག་པའི་དྲུང་ལ་སོགས་པར་འགྲོ་བར་བྱ་སྟེ། འདི་ནི་གནས་གཏན་ལ་དབབ་པའོ། །དེར་ཡང་བདག་གཅིག་པུས་བརྩམས་པ་དང་། ཡང་ན་གྲོགས་པོ་གསང་ཐུབ་པ། དམ་ཚིག་ བསྲུང་བ། འཇིགས་ཤིང་བག་ཚ་བ་མེད་པ། ལག་བཟོ་བ། སྒྲུབ་པ་པོ་ལ་སྙིང་ཉེ་བ། སྟོབས་ཆེ་བ། བློ་དང་ལྡན་པ་བཞི་མན་ཆད་དང་བརྩམས་ཏེ། འདི་ནི་ཟླ་གྲོགས་གཏན་ལ་དབབ་པའོ། །གནས་དེར་ཤ་ཆེན་པོ་དང་ཚིལ་ཆེན་པོ་ལ་སོགས་པ། གཏོར་མ་དང་ལྷ་བཤོས་སུ་བྱ་བ་དང་། མེ་ ཏོག་ནག་པོའམ་སྔོན་པོ་དང་། བདུད་རྩི་ལྔ་དང་། ཁྲག་ཆེན་པོ་དང་། རྔ་དང་གླིང་བུ་དང་། དུང་ལ་སོགས་པའི་མཆོད་པའི་ཡོ་བྱད་དང་། གཤིན་རྗེའི་གཟུགས་ཀྱི་རྒྱུ་དང་། ལིང་གའི་རྒྱུ་དང་། སྣག་ཚ་དང་། སྨྱུ་གུ་དང་། དུར་ཁྲོད་ཀྱི་རས་དང་། ཐོད་པ་དང་སྐུད་པ་ནག་པོ་ལ་སོགས་པ་ཡོ་ བྱད་ཐམས་ཅད་དང་ལྡན་པར་བྱས་ཏེ། འདི་ནི་རྫས་གཏན་ལ་དབབ་པའོ། །དེ་ནས་འཁོར་ལོ་བྲི་བར་བྱ་སྟེ། གཏོར་མ་བྱིན་ལ་མཆོད་པ་འཇིགས་སུ་རུང་བའི་ཚོགས་ཀྱང་དབུལ་ཏེ། མཎྜལ་རབ་ཏུ་འཐས་པ་ལྕི་བས་བྱུགས་པ་བྱས་ལ། སྔགས་པ་ཁ་ལྷོར་བལྟས་ཏེ། བདག་ཁྲོ་བོར་ གསལ་བས་རྩ་བའི་སྔགས་ཟློས་ཤིང་ཐོད་ལ་ཀོར་གྱིས་འཁོར་ལོ་བྲི་བར་བྱ་སྟེ། གནས་སྐབས་འདིར་ཡང་འཁོར་ལོ་བྲི་བ་དང་། ལིང་ག་བཅའ་བ་དང་། གའུར་གཞུག་པ་དང་། གའུ་བསྲོ་བ་དང་། གཤིན་རྗེ་ལ་གཏད་པ་དང་། ནང་གི་རྣལ་འབྱོར་དང་། འཁོར་ལོ་བཅའ་བ་དང་། རྗེས་ཀྱི་ རྣལ་འབྱོར་དང་། སླར་དབྱུང་བའི་ཆོ་ག་བྱ་སྟེ། རྣམ་པ་དགུས་བསྒྲུབ་པར་བྱའོ། །དེ་ལ་འཁོར་ལོ་བྲི་བ་ནི། རི་མོ་ལྔ་བསྐོར་བ་ལས་སྣམ་བུ་བཞི་དང་། ལྟེ་བ་སྟེ་ལྔར་བྱའོ། །ལྟེ་བ་ལེའུ་ཚེ་དགུ་པའོ། །སྣམ་བུ་དང་པོ་ལེའུ་ཚེ་བཅུ་གཉིས་པ། གཉིས་པ་བཅུ་དྲུག་པ། གསུམ་པ་དང་བཞི་པ་ ཕྱལ་བའམ། སུམ་ཅུ་རྩ་གཉིས་པའོ། །དེ་ལ་ལྔ་དང་བཅུ་གཉིས་ལ་རྩ་བའི་སྔགས་དགོད། བཞི་མཚམས་ལ་བསྐུལ་ཚིག །བཅུ་དྲུག་ལ་ཡང་བསྐུལ་ཚིག །ཕྱལ་བ་ནང་ངོས་ལ་ཨཱ་ལི། ཕྱི་ངོས་ལ་ཀཱ་ལི། ཡང་རེའུ་མིག་དང་འདྲ་བར་ཡི་གེ་སུམ་ཅུ་རྩ་གཉིས་གཉིས་ཏེ། ཨཱ་ལི་ཉིས་ འགྱུར་དང་ཀཱ་ལི་ལ་ང་ཉ་སྤང་བར་བྱ་བས་སོ། །ཡི་གེ་དག་རི་མོ་ལ་མ་རེག་པར་བྱའོ། །འདི་གཤིན་རྗེའི་ལྟོ་བར་བྲིའོ། །དེ་ནས་ཕྱིའི་འཁོར་ལོ་ལ་དཔེ་བྱས་ཏེ། ནང་གི་འཁོར་ལོ་རོ་རས་ལ་དཀར་རྩིས་བྱུགས་ལ། དུག་དང་ཁྲག་བསྲེས་པའི་སྣག་ཚ་བྱ་རོག་གི་སྒྲོ་སྨྱུག་གིས་བླངས་ཤིང་རྩ་བའི་སྔགས་ ཟློས་པས་ཁ་ལྷོར་བལྟས་པས་བྲིས་ཏེ། གཅིག་གཡས་སུ་བསྐོར་རོ། །གཅིག་གཡོན་དུ་བསྐོར་རོ། །ཟིན་པ་དང་ཕྱིའི་འཁོར་ལོ་ནང་གི་འཁོར་ལོ་ལ་ཐིམ་པར་བསམས་ལ་དབྱིའོ། །འདི་ནི་འཁོར་ལོ་བྲི་བའོ། །དེ་ནས་རྗེས་ཀྱི་ས་དང་། ཆུ་འགྲམ་གྱི་ས་དང་། དུག་དང་ཁྲག་དང་དགྲའི་བཤང་ གཅི་བྱས་པའི་ས་དང་། སྤྲ་ཚིལ་རྣམས་བསྲེས་ལ་ལིིང་ག་སོར་བཞི་པར་བྱ། དེའི་སྙིང་གར་ལས་ཀྱི་སྔགས་ཀྱི་མཇུག་ལ་མིང་རུས་མཱ་ར་ཡ་དང་བཅས་པར་གཞུག་གོ། །འདི་ནི་ལིང་ག་བཅའ་བའོ། །དེ་ནས་རབས་ཆད་ཀྱི་ཐོད་པའམ། ཆུ་འགྲམ་གྱི་ས་དང་། དུག་དང་ཁྲག་དང་། དགྲའི་བཤང་ གཅི་བྱས་པའི་ས་དང་། སྤྲ་ཚིལ་རྣམས་བསྲེས་ལ་ལིངྒ་སོར་བཞི་པར་བྱ། གའུ་གཉིས་ལ་གོང་མ་ལ་མེ་འབར་བ་བྲི། དབུས་སུ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་པ་བྲིའོ། །འོག་མ་ལ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྔགས་སྔ་མ་ལྟར་བྲི། གའུ་སྟེང་མའི་རྒྱབ་ཏུ་རི་རབ་ལ་དབང་ཆེན་ གྱི་དབུས་སུ་རྡོ་རྗེ་རྒྱ་གྲམ་སེར་པོ་བྲི། དེ་ནས་གའུ་གོང་མ་ལ་བུ་ག་སྨྱུག་མ་འབྲིང་པོ་ཤོང་བ་ཅིག་གདོད་དོ། །དེ་ནས་འཁོར་ལོ་གཡོན་དུ་བསྐོར་བ་འོག །གཡས་སུ་བསྐོར་བ་སྟེང་། དེའི་དབུས་སུ་ལིང་ག་བཅུག་ལ། ལེགས་པར་དྲིལ་ནས་སྐུད་པ་ནག་པོས་བཅིངས་ཏེ་གའུ་ཁ་སྦྱོར་དུ་བཅུག་ལ་ གའུ་སྐུད་པ་ནག་པོས་དཀྲིས་ཏེ། གའུའི་བུ་ག་ནས་དུག་སྣ་ཚོགས་པའི་ཕྱེ་མ་དང་། ཁྲག་བསྲེས་པ་བླུགས་པས་གང་བར་བྱའོ། །འདི་ནི་གའུར་གཞུག་པར་བྱའོ། །དེ་ནས་རྡོ་བ་ཟུར་རྔོམ་པ་ཟུར་གསུམ་དུ་འདུག་པའི་སྒྱེད་པུ་གསུམ་གྱི་ཁར་གའུ་བཞག་ལ། དུག་གི་མེ་ཏོག་འོག་ ནས་སྤོར་ལ་དྲོས་པ་ཙམ་དུ་བསྲོས་ཤིག །འདི་ནི་གའུ་བསྲོ་བའོ། །དེ་ནས་ཆུ་འགྲམ་གྱི་སའམ། སྤྲ་ཚིལ་ལས་གཤིན་རྗེའི་རྒྱལ་པོ་གཟུགས་ཁྲུ་གང་པ། རབ་ཏུ་སྦོམ་པ་མིའུ་ཐུང་འདྲ་བ་གསུས་པ་ཆེ་བ། མཆེ་བ་འཆང་བ་མདོག་གནག་པ། མཆེ་བ་ བཞི་པ། ཁྲོ་གཉེར་ཅན། སྐྲ་ཁམ་པ་འཛིངས་ཤིང་ཡེགས་ལ་འཕྱར་བ། ལག་པ་གཡས་ན་དབྱུག་པ་ལྕགས་ལས་བྱས་པ་ཐོགས་པ། གཡོན་ན་སྡིགས་པའི་མཛུབ་མོ་བསྒྲེང་བ་ལ་ཞགས་པ་བཀལ་བ་ཞིག་བྱས་ལ། དེའི་ལྟོ་བར་གའུ་དེ་བཅུག་ལ་སྦ་སྟེ། འདི་ནི་གཤིན་རྗེ་ལ་ གཏད་པའོ། །ད་ནི་ནང་གི་རྣལ་འབྱོར་བྱ་སྟེ། གཟུགས་དེ་ཁ་ལྷོར་བསྟན། རྣལ་འབྱོར་པ་ཁ་ལྷོར་བལྟས་ཏེ། རུས་སྦལ་གྱི་འདུག་སྟངས་སུ་གནས་པས། ལིང་ག་དེ་དེ་ཉིད་དུ་བསམ། འཁོར་ལོ་གཤིན་རྗེའི་གྲོང་ཁྱེར་དུའོ། །དེ་ལ་རྣམ་ཤེས་བཀུག་ཅིང་བསྟིམས་ལ། བཅིངས་ཏེ་ཡེ་ ཤེས་ཀྱི་ལྷ་དང་དཔྲལ་བ་དང་། ཁོའི་ཉེས་པ་བརྩི་བ་དང་། རང་གི་དགེ་བའི་སྟངས་བརྩི་བ་བྱས་ལ། དེ་ནས་རང་གི་བ་སྤུའི་བུ་ག་ནས། ཁྲོ་བོ་སྲིན་པོ་འདྲ་བ་གྲངས་མེད་པ་བྱུང་བ་དང་། དེ་དག་གིས་སྤྲུལ་ཅིང་བསྐུལ་བའི་བྱ་རྒོད་དང་ཁྱི་དང་སྤྱང་ཀི་དང་། ཡམ་པུ་རུ་ཥ་རྣམས་ ཀྱིས་དེ་གསོད་ཅིང་པགས་པ་བཤུ་བ་དང་། རྒྱུ་མ་འདྲེན་པ་དང་། ལུས་གཏུབས་པ་དང་། མིག་འབྲུ་བ་དང་། ཀླད་པ་འཐོག་པ་ལ་སོགས་པ་ཏནྟྲ་ནས་འབྱུང་བ་ལྟར་བསམ་ཞིང་། གསང་སྔགས་མཱ་ར་ཡ་དང་བཅས་པར་བཟླས་པ་བྱ་སྟེ། དེ་ཡང་རང་གི་སེམས་ཚོད་དང་རྟགས་དང་། བསྙེན་པའི་ ཚུལ་ལས་ཉི་མ་གཅིག་ནས་བདུན་གྱི་བར་དུ་བསྒྲིམས་ཏེ་བྱ། ཁྱད་པར་དུ་ནི་ཉིན་གུང་མཚན་གུང་ལ་བྱ་སྟེ། འདི་ནི་ནང་གི་རྣལ་འབྱོར་རོ། །དེ་ནས་འཁོར་ལོ་སྦ་སྟེ། གནས་དེར་རང་ཉིད་ཁ་ལྷོར་བལྟས་ལ། དོང་ཟུར་གསུམ་པ་ཟབ་རིངས་རབ་ལ་རྒྱར་ཁྲུ་གང་པ་ཅིག་བྲུས་ལ། དེར་གཤིན་ རྗེའི་གཟུགས་དེ་ཁ་སྦུབ་ལ་མགོ་ལྷོར་བསྟན་ཏེ་གཞག་གོ། །དེ་ནས་འབྱུང་པོ་ཐམས་ཅད་ལ་དེ་ཉིད་དུ་དྲག་པོའི་བ་ལིཾ་བྱིན་ལ་ལས་བཅོལ་དཔང་གཟུགས་སོ། །དེ་ནས་དེ་མ་ཐག་ཏུ་བསྒྲུབ་བྱ་ཡ་མའི་གྲོང་ཁྱེར་ན་ཡ་མ་རྣམས་ཀྱིས་བཟུང་སྟེ་གསོད་པར་བསམས་ལ། ཡ་མ་རཱ་ཛ་ལ་བསྐུལ་བ་བྱ་སྟེ། བདག་ཤིན་ཏུ་ཁྲོས་ཤིང་ལྷར་གསལ་བས་འདི་སྐད་བསྐུལ་ལོ། །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་ བསྐོས་ལ་འདེད་པ་པོ། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་ལྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ཉེས་ལེགས་ཆོས་བཞིན་གཅོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་དེང་འདིར་བདག་ལ་ དགོངས། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱུར་ནི་ཡེ་ཤེས་རྡོ་རྗེ་འཆང་། །གཟི་བྱིན་སྐུ་གསུང་ཐུགས་ཀྱིས་བསྐྱེད། ། དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །རྒྱལ་པོ་འཁོར་དང་བཅས་པ་ལ། །དྲག་པོའི་ལས་འདི་གཏད་པར་འདོད། །ཆེ་གེ་ཞེས་བྱའི་གདུག་པ་འདི། །གསོན་ན་འགྲོ་བ་ཡོངས་ལ་གནོད། །དཀོན་མཆོག་གསུམ་ ལ་རྣམ་པར་འཚེ། །དམིགས་ཀྱི་རྣལ་འབྱོར་ཡོངས་ལ་སྡང་། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཨོཾ་ཧྲཱིཿཥྚྲཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿཞེས་བརྗོད་པས། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་འདྲ་བ་བྱུང་བས། ཡ་མ་རཱ་ཛ་འཁོར་དང་བཅས་པ་གནས་དེར་འོངས་པར་བསམ། དེའི་ཚེ་ཕྱག་རྒྱ་སྦྱར་བ་ནི། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། མཐེ་བོང་ནང་དུ་བཅུག་ནས་མཛུབ་མོ་ཅུང་ཟད་བསྐྱེད་དེ། གདེངས་ཐབས་སུ་འཕངས་བསྟོད་པ་ནི་བེ་ཅོན་གྱི་ཕྱག་ རྒྱ་སྟེ་དེ་སྦྱར་རོ། །ཡ་མ་རཱ་ཛ་ནི་ཇི་ལྟར་གཟུགས་སུ་བྱས་པ་ལ་མ་ཧེ་ཞོན་པ་དེ་དུས་མཚན་དང་བཅས་པ། འཁོར་མ་མོ་དང་ཡ་མའི་སྐྱེས་བུ་མང་པོས་བསྐོར་བའོ། །དེ་ནས་ཕྱག་རྒྱ་བསྟན་ལ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ་ཞེས་བརྗོད་པས། དེ་དག་གིས་བདག་ ལ་གླགས་ཚོལ་མི་ནུས་པར་བསམས་ཏེ། ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་སྲིན་ལག་གཉིས་བརྐྱང་ནས་གཤིབས་ཏེ་བསྒྲེང་བའོ། །དེ་ནས་གདོང་གི་ཡ་མའི་གཟུགས་ལ་མེ་ཏོག་ནག་པོ་གཏོར་ལ། ཡ་མ་རཱ་ཛ་འཁོར་བཅས་པ། །དམ་ཚིག་དབང་གིས་འདིར་ བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །ཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །དེ་ནས་ལག་པ་གཡས་པས་བེ་ཅོན་གྱི་མུ་དྲ་བཅིང་། གཡོན་པས་རཀྟ་དང་ཆང་བསྲེས་པས་བཀང་བའི་བྷནྡྷ་ ཐོགས་ལ་ཨརྒྷ་དབུལ་ཏེ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ། ཨརྒྷ་གསོལ་བས་དམར་གྱི་ཨརྒྷ་ཞག་གི་མེ་ཏོག་རྒྱ་མཚོ་ལྟར་མི་ཟད་པ་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧོ་ཞེས་པས་སོ། །ཕྱག་རྒྱ་དེ་ཉིད་ལ་གནས་པས། གཡོན་ གྱི་མེ་ཏོག་བླངས་ཏེ་ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་མེ་ཏོག་ཕུལ་བས་མེ་ཏོག་གི་ཁང་པ་བརྩེགས་པ་ཏོག་དང་། ཁ་བད་དུ་ལྡན་པ་ཀ་བ་བརྒྱད་ཟུག་པ། མེ་ཏོག་གི་བླ་རེ་དང་། གདུགས་དང་། ཕྲེང་བས་བརྒྱན་པ། རིན་པོ་ཆེའི་རང་བཞིན་ཅན་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་ བཛྲ་པུཥྤ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་པས་སོ། །ཕྱག་རྒྱ་དེ་ཉིད་ལ་གནས་པས། གཡོན་གྱི་བདུག་པ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བདུག་པ་སྣ་ཚོགས་ཕུལ་བས། གཞལ་ཡས་ཁང་གི་མགུལ་དུ་བདུག་པའི་སྤྲིན་བཻ་ཌཱུརྱའི་མདོག་ལྟ་བུ་རིན་ཆེན་བརྩེགས་པ་འདྲ་བ་འབྱུང་བར་གྱུར་ ཅིག །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་བཛྲ་དྷཱུ་པ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་མར་མེ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་མར་མེ་ཕུལ་བས། གཞལ་ཡས་ཁང་གི་ཕྱོགས་མཚམས་སུ་མུན་པ་འཇོམས་པ་ནོར་བུའི་འོད་ལ་སོགས་པའི་སྣང་བ་འབྱུང་བར་གྱུར་ ཅིག །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་དཱི་པ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་བྱུག་པ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བྱུག་པ་ཕུལ་བས་ལུས་དང་གནས་ཀྱི་དྲི་མ་ཐམས་ཅད་དག་སྟེ། རེག་ན་བདེ་བའི་རེག་བྱ་དང་དྲི་བསྣམས་བཟོད་པ་དང་ལྡན་པས་ ཚིམ་པར་གྱུར་ཅིག །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་བཛྲ་གནྡྷ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་བཤོས་བཏེག་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བཤོས་ཕུལ་བས་ཁ་ཟས་དྲི་དང་རོ་དང་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། བདུད་རྩི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་སྔོན་པོ་དང་བཅས་པ། ཁམ་གྱི་ཟས་ལ་གནས་པ་རྣམས་ཚིམ་པར་བྱེད་པའི་མཐུ་དང་ལྡན་པ་རྣམས་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿཥྚྲཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་བཛྲ་ནཻ་ཝི་དྱ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་བ་ལིཾ་བཏེག་ལ་འདས་མ་ཐག་ པའི་ཚིག་རྗེས་ལ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ་མ་ཧཱ་བ་ལིཾ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་པས་བ་ལིཾ་དབུལ་ལོ། །དེ་ནས་སིལ་སྙན་སྣ་ཚོགས་བསྒྲགས་ལ་ནམ་མཁའ་མཛོད་ཀྱི་སྔགས་བརྗོད་དོ། །དེ་ནས་ལག་པ་གཡས་པ་དེ་བཞིན་དུ་གནས་པ་ལས་གཡོན་པའི་ཁུ་ཚུར་ཐོད་པའི་ཚུལ་དུ་ བྱས་ལ། ཚིགས་སུ་བཅད་པ་འདི་རྣམས་ཀྱིས་བསྐུལ་བར་བྱའོ། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་བཀའ། །ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་ཕྲིན་ལས་འདི། །ཁྱེད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་ གཅོད་པ་ཁྱོད། །གཤིན་རྗེ་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་བསྲུང་བ་ཁྱོད། །ལས་དང་རྐྱེན་གྱིས་འཆི་བ་ལ། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །དེ་ཕྱིར་ལས་འདི་ཁྱོད་ལ་གཏད། །ཁྱོད་ཀྱི་འཁོར་འདི་མི་སྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང་། །གཞན་གྱིས་ བསྐུལ་བར་མ་བྱས་པར། །གློ་བུར་ཕྲད་པ་འཛིན་བྱེད་ན། །ང་ཡིས་གཏད་པའི་ལས་འདི་རྣམས། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན། །དམ་ཚིག་སྙིང་པོ་རྣ་བར་བསྒྲགས། །རྡོ་རྗེ་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང་། །དམ་ ཚིག་ཕྲིན་ལས་གཉེར་དུ་གཏད། །ལས་འདི་མངོན་དུ་བསྒྲུབ་པའི་རིགས། །ཁྱོད་ཀྱིས་ལས་འདི་མ་བསྒྲུབས་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེ་གཤེད་པོའི་དམ་ཡང་དྲལ། །རང་གི་ཐ་ཚིག་རང་གིས་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གི། །རེ་བའི་བསམ་ པ་གཏིང་ནས་བཅད། །དེ་བས་ལས་འདི་གྲུབ་པར་གྱིས། །ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཱུ་ཏི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་ནག་པོ་ཐོགས། །གང་ཞིག་གཟུང་བར་འདོད་པ་དེ། །གཡུགས་པ་ཙམ་གྱིས་འཛིན་པར་བྱེད། །ཁྱོད་ལ་གཉེར་དུ་ གཏད་པ་ནི། །ཆེ་གེ་ཞེས་བྱའི་ཡུལ་ཁམས་ན། །ཆེ་གེ་མོ་ཞེས་བྱ་བའི་མིང་། །རུས་ནི་ཆེ་གེ་མོ་ཞེས་བྱ། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱོད་ཀྱིས་དེ་རིང་གཟུང་བར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་པཱ་ཤ་ཞེས་བྱ་བ། །ལག་ན་དུས་ཀྱི་ཞགས་པ་ ཐོགས། །གང་ཞིག་འཛིན་པར་འདོད་པ་དེ། །བཏབ་པ་ཙམ་གྱིས་འཛིན་པར་བྱེད། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྚྲི་ཞེས་བྱ་བ། །ལག་ན་བེ་ཅོན་ནག་པོ་ཐོགས། །གང་ཞིག་བསད་པར་འདོད་པ་ཀུན། །ཕྱར་བ་ཙམ་གྱིས་འཆི་བར་ བྱེད། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྚྲི་ཞེས་བྱ་བ། །ཟ་བྱེད་མཆེ་བ་འབར་བ་ཅན། །གང་ཞིག་ཟ་བར་འདོད་པ་དེ། །གཙིགས་པ་ཙམ་གྱིས་ཟ་བར་བྱེད། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ ན། །ཀཱ་ལ་རཱ་ཏྲི་ལ་སོགས་པའི། །གསོད་པ་མོ་དང་ནག་མོ་དང་། །ནམ་གྲུ་ཤ་ཀ་ལི་ལ་སོགས། །བུད་མེད་ཚོགས་ཀྱིས་བསྐོར་བ་ནི། །ལ་ལ་ལས་ཀྱི་མེ་ལོང་ཅན། །ལ་ལ་ནད་ཀྱི་རྐྱལ་པ་ཅན། །ལ་ལ་མཚོན་གྱི་དྲུ་གུ་ཅན། །ལ་ལ་བདུད་ཀྱི་ཁྲམ་བམ་ཅན། །ལ་ལ་ཤོད་རྡེའུ་དཀར་ ནག་ཅན། །ལ་ལ་ལྕགས་ཀྱི་དྲེའུ་རྟ་ཅན། །ལ་ལ་བོང་བུ་གྭ་པ་ཞོན། །ལ་ལ་རླུང་ནག་འཚུབ་མ་ཞོན། །ལ་ལ་ཆུ་བྱ་ནག་མོ་ཞོན། །ལ་ལ་ནམ་གྱི་གུང་ལ་རྒྱུ། །ལ་ལ་ཆུ་བོའི་གཞུང་ལ་རྒྱུ། །ལ་ལ་ཉི་མའི་ཟེར་ལ་རྒྱུ། །ཀུན་ཀྱང་གཞན་སྲོག་འཕྲོག་པ་སྟེ། །ཁྱེད་ལ་གཉེར་དུ་གཏད་པ་ནི། ། ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་བ་ཏི་དང་ཕྱྭ་བསངས་དང་། །རྨིག་པ་རལ་པ་དགུ་ལ་སོགས། །ལ་ལ་རྒྱལ་པོའི་ཚུལ་དུ་གནས། །ལ་ལ་བློན་པོའི་ཚུལ་དུ་གནས། །ཁ་ཅིག་དག་ནི་སྡེ་དཔོན་ཚུལ། །ལག་ན་བེ་ཅོན་འཁོར་ལོ་དང་། །གསལ་ཤིང་ལ་ སོགས་མཚོན་ཆ་ཐོགས། །སོ་སོའི་སྡེ་དཔོན་མངགས་པ་དང་། །ཕོ་ཉ་ཕྱག་བརྙན་བཅས་པ་ལ། །འཕྲིན་ལས་མྱུར་དུ་གཏད་པ་ནི། །ཆེ་གེ་ཞེས་བྱའི་ཡུལ་ཁམས་ན། །ཆེ་གེ་མོ་ཞེས་བྱ་བའི་མིང་། །རུས་ནི་ཆེ་གེ་མོ་ཞེས་བྱ། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱོད་ཀྱིས་དེང་འདིར་གཟུང་ བར་གྱིས། །ཞེས་བསྐུལ་ཞིང་དམར་གྱི་ཨརྒྷ་ལན་གསུམ་གསུམ་དུ་སྦྲེང་ཞིང་། གོང་གི་ཨརྒྷའི་སྔགས་བརྗོད་དོ། །དེ་ནས་མནའ་ཆུ་བླུད་པར་བྱ་སྟེ། དྲི་ཆབ་ཀྱི་ནང་དུ་བདུད་རྩི་ལྔ་བླུགས་ལ་ནང་དུ་རྡོ་རྗེ་བཅུག་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋ་ཞེས་ཅི་རན་ཅིག་བཟླས་ནས། དེ་ནས་ཡ་མའི་གཟུགས་ཀྱི་ ཁར་རྡོ་རྗེ་བཞག་སྟེ། སྟེང་ནས་དྲི་ཆབ་བླུགས་ལ། ཡ་མ་རཱ་ཛ་འཁོར་བཅས་ཀྱི་སྙིང་གར་ཡེ་ཤེས་ཀྱི་རྡོ་རྗེ་འོད་འབར་བ་རེ་རེར་གྱུར་པར་བསམས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་ འགྲུབ། །གལ་ཏེ་དམ་ཚིག་འདས་གྱུར་ན། །འཇམ་དཔལ་རྡོ་རྗེ་ཁྲོས་ནས་ཀྱང་། །སྙིང་ག་ནས་ནི་གཤེགས་པར་འགྱུར། །ཨོཾ་བཛྲོད་ཀ་ཧཱུཾ་ཋཿ སྔོན་གྱི་ཐ་ཚིག་དྲན་བྱའི་ཕྱིར། །རྡོ་རྗེའི་ཐ་ཚིག་འདི་བསྣན་པས། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར། །ཨོཾ་ བཛྲ་ས་མ་ཡ་ཏིཥྛ་ཞེས་བརྗོད་དེ། རྡོ་རྗེ་ཡ་མའི་སྙིང་གར་གཏུག་གོ། །དེ་ནས་གཟུགས་དེ་སས་རབ་ཏུ་དམ་པར་སྦས་ལ། སུས་ཀྱང་སྦས་པར་མི་ཤེས་པ་དེ་ལྟར་ནན་ཏན་བྱས་ལ། དེའི་སྟེང་དུ་ཁྲོ་བོའི་ཚམ་ངམ་གྱི་སྟང་སྟབས་བྱས་ལ་རང་གི་གནས་སུ་འགྲོ་སྟེ། འདི་ནི་འཁོར་ལོ་སྦ་བའི་ཚུལ་ལོ། ། གང་ཞིག་ཏིང་འཛིན་ཐོབ་པའམ། བཟླས་པའི་མཐུ་ཁྱད་པར་ཅན་ཡོད་པ་དེས་ནི། གའུ་བསྲོ་བ་དང་། གཤིན་རྗེ་ལ་གཏད་པ་དང་། འཁོར་ལོ་སྦ་བ་དག་ལ་འབད་པ་དེ་སྙེད་མི་བྱ་སྟེ། འཁོར་ལོ་བྲིས་པ་ལ་ནང་གི་རྣལ་འབྱོར་དང་བཟླས་པ་བྱས་ལ། ཐོད་པར་བཅུག་པ་དེ་ཉིད་སྦས་པས་ཆོག་གི་ ལས་ཀྱི་གཤིན་རྗེ་ལ་ཆེད་ཆེར་གཏད་པ་དེ་དག་བྱ་མི་དགོས་སོ། །དེ་ནས་རྗེས་ཀྱི་རྣལ་འབྱོར་ནི། འཁོར་ལོ་སྦས་པའི་རྟིང་ལ་རང་གི་གནས་སུ་གསང་སྔགས་རྗེས་སུ་བསྐུལ་ཞིང་། མ་མོ་དང་གིང་དང་། ཡ་མའི་སྐྱེས་བུ་རྣམས་ལ་ཡང་གཏོར་མ་བཟང་པོ་བྱིན་ལ་དྲག་ཏུ་བསྐུལ། རང་ གིས་བསྟེན་ཅིང་གཉེན་པའི་འཇིག་རྟེན་པ་ཡོད་ན་དེའི་ལས་ཀྱི་སྦྱོར་བ་ཡང་བྱ་ཞིང་། དེ་ཡང་དྲག་ཏུ་བསྐུལ་ཏེ་བཏང་། བསྲུངས་པ་འདྲ་ན་བར་དེར་ལྷ་དང་དབྲལ་བ་ཡང་བྱ་སྟེ། འདི་ནི་རྗེས་ཀྱི་རྣལ་འབྱོར་རོ། །སླར་དབྱུང་བའི་ཆོ་ག་ནི། ལས་གྲུབ་ན་འཁོར་ལོ་སླར་ཕྱུང་ ལ། ཡ་མཱནྟ་ཀ་ལ་མཆོད་པ་བྱས་ལ། ཡ་མ་རཱ་ཛ་ལ་ཡང་མཆོད་པ་སྔ་མ་ལྟར་ཕུལ་ལ། འཁོར་ལོ་འོ་མས་བཀྲུ་ཞིང་སངས་རྒྱས་སྤྱན་གྱི་སྔགས་བཟླས་ཏེ། ལྷ་རྣམས་ལ་བཟོད་པར་གསོལ་ནས། རྫས་རྣམས་ཆུ་ཀླུང་དུ་བཀྲུས་ལ་དེ་ཉིད་དུ་དོར་བར་བྱའོ། །འདི་ནི་འཁོར་ལོའི་དོན་རྣམ་པར་ བཤད་པ་ལས། དྲག་པོའི་འཁོར་ལོ་བསྟན་པ་སྟེ། ཞི་བ་ལ་སོགས་པ་