Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 47

Văn bản gốc(Tây Tạng)

Trang 12 / 16 (50.000 ký tự/trang)
། ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ལ་རེ་མིག་བཅུ་དྲུག་པ་ལ། ཡི་གེ་འབྲུ་སུམ་ཅུ་གཉིས་པ་དང་། བསྒྲུབ་བྱའི་མིང་སྤེལ་ཏེ་དགོད་པར་བྱའོ། །དང་པོ་ལ་དབུས་སུ་རླུང་གི་ས་བོན་གཞག །
དེའི་མདུན་དུ་དྲུག་པའི་ལྔ་པ་དགོད། གཡས་སུ་དྲུག་པའི་ལྔ་པ་ལ། དང་པོའི་བཅུ་གཅིག་པ་སྟེང་དུ་སྦྱར་ལ་དགོད། རྒྱབ་ཏུ་ལྔ་པའི་གསུམ་པ་གཞག །གཡོན་དུ་ཡི་གེ་གཅིག་པ་ལ། དང་པོའི་བཅུ་གཅིག་པ་སྟེང་དུ་སྦྱར་ལ་གཞག་གོ། །གཉིས་པའི་དང་པོ་ལ། མེའི་ས་བོན་ལ་དང་པོའི་གཉིས་པ་
འོག་ཏུ་སྦྱར་ལ་དགོད། གཉིས་པ་ལ། གསུམ་པའི་གསུམ་པ་ལ་དང་པོའི་འོག་ཏུ་སྦྱར་ལ་གཞག །གསུམ་པ་ལ་བརྒྱད་པའི་གསུམ་པ་དགོད། བཞི་པ་ལ་ལྔ་པའི་གསུམ་པ་ལ། དང་པོའི་བཅུ་པ་སྟེང་དུ་སྦྱར་ལ་དགོད། ལྔ་པ་ལ་བདུན་པའི་གཉིས་པ་ལ་དང་པོའི་ལྔ་པ་འོག་ཏུ་སྦྱར་ལ་
དགོད། དྲུག་པ་ལ་བཞི་པའི་ལྔ་པ་དགོད། བདུན་པ་ལ་བདུན་པའི་དང་པོ་ལ་དང་བཅུ་གསུམ་པ་སྟེང་དུ་སྦྱར་ལ་དགོད། བརྒྱད་པ་ལ་ལྔ་པའི་ལྔ་པ་དང་པོའི་གསུམ་པའི་སྟེང་དུ་སྦྱར་ལ་དགོད། དགུ་པ་ལ་བདུན་པའི་གཉིས་པ་དགོད། བཅུ་པ་ལ་རླུང་གི་ས་བོན་གཞག །བཅུ་གཅིག་པ་ལ་གསུམ་

པའི་དང་པོ་ཉིས་བརྩེགས་དགོད། བཅུ་གཉིས་པ་ལྔ་པའི་ལྔ་པ་ལ་དང་པོའི་གསུམ་པ་སྟེང་དུ་སྦྱར་ལ་གཞག །ནང་གི་བར་གྱི་སྟོང་པ་ལ་རཾ་གཉིས་ཀྱི་བར་དུ་བསྒྲུབ་བྱའི་མིང་གཞུག་གོ། །ཐ་མ་ལ་ཡི་གེ་བཅུ་པའི་སྔགས་ཇི་ལྟ་བ་བཞིན་ཤེས་པས་མིང་དང་སྤེལ་ཏེ་བསྐོར་བར་བྱའོ། །ཧཱུཾ་
བརྒྱད་ཀྱིས་བསྐོར་རོ། །དེ་ལྟར་བྲིས་ནས་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་དང་སྤྲུལ་པར་ལྡན་པས། བསྒྲུབ་བྱ་ལྷ་དང་དབྲལ་བ་མན་ངག་ཇི་ལྟ་བ་བཞིན་བྱས་ནས། བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་ལ་བཞག་ནས་ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་
ཡ་ཙ་ནི་རཱ་མ་ཡ། ཨཱ་ཀཪྵ་ཡ་ཛཿཧཱུཾ་ཧཱུཾ་ཕཊ་ཕཊ། ཡང་ན་ཡི་གེ་བཅུ་པ་དང་སྤེལ་བར་བྱའོ། །དེ་ལྟར་བརྗོད་པས་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྙིང་ག་ནས་བཟུང་ནས་འོངས་ཏེ། འཁོར་ལོ་ལ་གཞུག་པར་བྱའོ། །གཞུག་པ་གསལ་བར་གྱུར་ནས་དྲིལ་ཏེ། དུར་ཁྲོད་ལ་སོགས་པའི་བདུན་པོ་
དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་ཆུ་དང་། དུར་ཁྲོད་ཀྱི་སོལ་བ་རྣམས་ཀྱིས་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པའི་ཚད་བྱས་ལ། དེའི་སྙིང་གར་འཁོར་ལོ་གཞུག་པར་བྱའོ། །ཕུར་བུ་གནས་ལྔར་བཏབ་ཅིང་། ཚིགས་ཐམས་ཅད་དུ་ཚེར་མ་རྣོན་པོས་གདབ་བོ། །དེ་ནས་ཐོད་པ་
གཉིས་ཀྱི་ནང་དུ་བཅུག་ལ། སྐྲའི་སྐུད་པས་དཀྲིས་ཏེ། སྔགས་ཀྱི་འཁོར་ལོ་རྣམ་པ་གཉིས་ཀྱིས། མན་ངག་ཇི་ལྟ་བའི་རིམ་པ་བཞིན་དུ་རྣལ་འབྱོར་བཞིའམ། གཅིག་གང་ཡང་རུང་བས་རིམ་པ་བཞིན་དུ་གསད་པར་བྱའོ། །དེའི་གསང་སྔགས་ནི། གོང་གི་བསྟན་པ་དང་། མཱ་ར་ཡ་སྤེལ་བ་
ཡིན་ནོ། །དེ་ནས་ས་བདུན་པོ་དེ་དག་་ལ། གཤིན་རྗེའི་གཟུགས་ཁྲུ་གང་བའི་ཚད་ལ་ཞལ་རྣམ་པར་བསྒྱུར་བ་དང་། ཕྱག་གཉིས་པ་ཞལ་གཅིག་པ། ཕྱག་ན་རལ་གྲི་དང་། ཞགས་པ་སྡིགས་མཛུབ་ཅན། གཅེར་བུ་སྐྲ་གྲོལ་བར་གྱུར་པའོ། །དེའི་ཐུགས་ཀར་ཐོད་པ་བཅུག་སྟེ། ནམ་
ཕྱེད་ནའམ། ཉི་མ་ཕྱེད་དུར་ཁྲོད་དུ་ཤིན་ཏུ་རིང་བར་བརྐོས་ཏེ། དེར་ལས་ཀྱི་གཤིན་རྗེའི་དམ་ཚིག་སེམས་དཔའ་བསྐྱེད་ལ། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ། གཉིས་སུ་མེད་པར་བྱས་ཏེ། མཆོད་པ་དང་གཏོར་མ་བཏང་བས་མཉེས་པར་བྱས་ནས་མགོ་ལྷོ་ཕྱོགས་སུ་ཁ་འོག་ཏུ་

བསྟན་ལ། གོང་དུ་བསྟན་པའི་སྔགས་དང་སྟཾ་བྷ་ན་ཡ་སྤེལ་བས་མནན་པར་བྱའོ། །ཁྱིམ་དུ་ལོག་སྟེ་ཤིན་ཏུ་ཁྲོས་པའི་སེམས་དང་ལྡན་པས། ཡི་གེ་བཅུ་པའི་སྔགས་བཟླས་ན། གདོན་མི་ཟ་བར་འཆི་བར་འགྱུར་རོ། །སྤུང་སྟེ་བཀྲུས་ན་གྲོལ་བར་འགྱུར་རོ། །བསྟན་པ་བསྲུང་ཕྱིར་གསད་པ་ཡི། །
འཁོར་ལོ་ལས་ཀྱི་རིམ་པ་ཞིག །བྱས་པའི་དགེ་བ་ཅུང་ཟད་དེས། །འགྲོ་རྣམས་འཁོར་བ་ལས་བརྒལ་ནས། ཁྲོ་ཆེན་དེ་ཉིད་ཐོབ་པར་ཤོག །ལ་ལི་ཏས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཏཏྟྭ་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན་ཉིད་གྲུབ་པ། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྡོ་རྗེ་ནི། །ཚེ་འདིས་འགྲུབ་ཀྱི་གཞན་དུ་མིན། །ལུས་དང་ངག་ཡིད་ལེགས་གནས་པ། །མེད་པར་འགྲུབ་པར་མི་འགྱུར་རོ། །འདོད་པའི་ལོངས་སྤྱོད་རྒྱུན་མི་འཆད། །མེད་ན་དེ་ཡང་འགྲུབ་མི་འགྱུར། །དེ་ཡང་ཇི་ལྟར་འདོད་
པ་བསྟེན། །གཉིས་མེད་ཡེ་ཤེས་དག་པ་ལས། །དེ་ལྟར་མིན་ན་ལོག་པར་ལྟུང་། །དེ་ནས་སྡུག་བསྔལ་བརྒྱུད་མར་འབྱུང་། །དེ་ཕྱིར་སྔགས་ཀྱིས་བྱིན་བརླབས་པའི། །མཁས་པ་དག་པས་སྔོན་འགྲོ་སྤྱད། །ཇི་ལྟར་ཆུ་ཡི་ཐིགས་པ་ནི། །རྒྱ་མཚོར་བབས་ན་ལན་ཚྭར་འགྱུར། །ལན་ཚྭ་
འོ་མའི་མཚོར་ཞུགས་ནས། །དེ་ཉིད་སླར་ཡང་བདུད་རྩིར་འགྱུར། །ཇི་ལྟར་དུག་སྦྲུལ་དེ་ཉིད་ཤེས། །ནུས་པ་འཕྲོག་པར་བྱེད་ནུས་མེད། །དེ་ཉིད་རྒྱུད་གཞན་དག་ལ་ནི། །ལྔ་པོའི་གནས་སྐབས་ལས་མི་འདའ། །གཞན་ཡང་འདོད་པས་ཟིལ་ནོན་ན། །འདོད་པ་ཉིད་ནི་སྨན་ཡིན་ནོ། །
ཇི་ལྟར་དུག་གིས་གདུངས་པ་ལ། །དུག་ཉིད་སྨན་དུ་ཆེ་བ་ཡིན། །ཇི་ལྟར་མེ་ཡིས་ཚིག་ལ་མེ། །ཚེར་མས་ཟུག་ལ་ཚེར་མ་ཉིད། །དེ་བཞིན་ཉོན་མོངས་ཀྱིས་ཉེན་ན། །ཉོན་མོངས་ཉིད་ནི་བདུད་རྩིར་ཆེ། །དཔེར་ན་དུག་གི་དེ་ཉིད་ཤེས། །དུག་ཟོས་ཀྱང་ནི་གནོད་མི་འགྱུར། །དེ་བཞིན་ཡུལ་
གྱི་དེ་ཉིད་ཤེས། །འདོད་པ་སྤྱད་པས་གནོད་པ་མེད། །ཇི་ལྟར་འདམ་གྱི་པདྨ་ནི། །འདམ་ལ་གནས་ཀྱང་དེས་མི་གོས། །དེ་ཉིད་རིག་པས་རྟག་ཏུ་ནི། །འདོད་པ་རོལ་པས་སྤྱད་པར་བྱ། །དེ་ཕྱིར་ཀུན་ནས་དོགས་མེད་པར། །ཁྱད་པར་དུ་ནི་ལོངས་སྤྱོད་འགྱུར། །འདོད་པ་ལྔ་ལ་བརྟེན་

བྱས་ན། །དངོས་གྲུབ་མྱུར་དུ་ངེས་ཐོབ་འགྱུར། །དཀའ་ཐུབ་བརྟུལ་ཞུགས་སྨྱུང་བ་ཡིས། །ཁམས་རྣམས་སྐམས་པར་འགྱུར་བ་ཡིན། །སྐམས་པས་སྡུག་བསྔལ་འགྱུར་བ་སྟེ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་འགྱུར། །གཡེངས་པས་བྱང་ཆུབ་གཞན་དུ་འགྱུར། །དེ་ཕྱིར་དངོས་གྲུབ་
མཆོག་གཉེར་ན། །དཀའ་ཐུབ་བརྟུལ་ཞུགས་སྤྱད་མི་བྱ། །ཇི་ལྟར་བདེ་བས་དེ་བཞིན་གནོས། །བདེ་བ་སྤངས་ན་དངོས་གྲུབ་མེད། །དེ་བས་ཡིད་འོང་གནས་སུ་ནི། །ཉམས་དགའི་བུ་མོ་བཅུ་གཉིས་མ། །ཡིད་འོངས་མིག་གི་དཀྱུས་རིང་མ། །གཟུགས་དང་ལང་ཚོས་རྣམ་པར་མཛེས། །བརྟན་
ཞིང་མི་གཡོ་དམ་ཚིག་ཅན། །འདམ་ལས་སྐྱེས་པའི་དྲི་འབབ་མ། །ཆགས་པ་ཆེན་པོའི་རོས་རོལ་པ། །མཆོག་ཏུ་མཁས་ཤིང་སྒེག་པ་དང་། །ཉམས་དང་ལྡན་པའི་རྣལ་འབྱོར་པས། །རང་ཉིད་འཁོར་ལོའི་དབུས་སུ་གནས། །དམ་ཚིག་ཅན་ནི་རྒྱུད་དག་པའི། །ནང་དུ་ཉིན་མཚན་འདུ་བར་བྱ། །
སྤུ་ལྡང་འདར་ཞིང་ཆེར་འདར་ལ། །འཛུམ་དང་དགོད་དང་རབ་ཏུ་དགོད། །མྱོས་པ་དང་ནི་བཅས་པ་ཡི། །འབེབས་པ་རྣམ་པ་བདུན་དུ་བཤད། །རེངས་དང་མྱོས་དང་འགྱུར་བ་སྟེ། །རོལ་དང་ཡུར་དང་ཤིན་ཏུ་འཕེལ། །རྐང་པ་འདོར་དང་ལག་པ་བསྒྱུར། །ཕྱག་རྒྱ་མཚན་མ་ལྟ་སྟངས་དང་། །སྔགས་
དང་རྒོད་དང་དྲག་པོ་སོགས། །ཀི་ལི་ཀི་ལི་ཕྲེང་སྒྲོགས་བྱེད། །རོལ་པ་དཔའ་བོ་རྣམ་པར་ཉེད། །ས་བསྐྱོད་ཅ་ཅོའི་བྱེ་བྲག་ལྡན། །བརྒྱལ་བ་རབ་ཞི་ངུ་བས་རྟོགས། །བྱམས་ཤིང་དགའ་བ་རྒྱ་མཚོ་ནི། །བདེ་བའི་རྟགས་ལས་སྐྱེས་པའི་འོད། །ངོ་བོ་ཉིད་ཀྱིས་གསལ་བའི་ཡིད། །གཉིས་མེད་
རྣམ་པར་གསལ་བ་ཡི། །རྫུ་འཕྲུལ་མངོན་ཤེས་དག་དང་ལྡན། །དེ་ལྟར་བདེན་དོན་རབ་ཞི་བའི། །བྱེ་བྲག་བཅུ་གཉིས་དག་གིས་མཛེས། །ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གནས་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེར་ནི་དགའ་བ་
སྐྱེ་འགྱུར་ཏེ། །སྐད་ཅིག་དབྱེ་བས་ཕྱེ་བ་ནི། །དགའ་བའི་གྲངས་ཀྱི་རིམ་པ་ཡིས། །དེ་དག་སོ་སོར་གསལ་བར་བྱས། །སྟོང་ཉིད་གསུམ་གྱིས་ཉམས་སྦྱར་བས། །ཐམས་ཅད་སྟོང་ཉིད་རབ་ཏུ་གསལ། །དེ་ཉིད་གསལ་བས་དག་པ་ནི། །མཆོག་གི་གོ་འཕང་དེ་གསལ་འགྱུར། །དེ་ཕྱིར་

མི་གཡོ་ཕྲ་བའི་ཡིད། །ལྡན་པའི་རྣལ་འབྱོར་བས་མཚོན་བྱ། །ཇི་སྲིད་གསལ་བར་མ་གྱུར་པ། །དེ་སྲིད་སྒོམ་པ་ལ་འཇུག་བྱ། །རབ་ཏུ་གསལ་བ་ཐོབ་ནས་ནི། །རང་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེར་ནི་སྐད་ཅིག་མ་བཞི་དང་། །དེ་བཞིན་དུ་ནི་དགའ་བ་བཞི། །དེ་ལ་སྣ་ཚོགས་སྐད་ཅིག་
དང་། །རྣམ་པར་སྨིན་པ་རྣམ་པར་ཉིད། །མཚན་ཉིད་མེད་པར་བརྗོད་པ་ཡི། །བྱེ་བྲག་མཁས་པས་ཤེས་པར་བྱ། །སྣ་ཚོགས་དུ་མའི་རྣམ་པ་ཅན། །འཁྱུད་དང་འོ་བྱེད་ལ་སོགས་པའོ། །རྣམ་སྨིན་དེ་ལས་གྱུར་པ་སྟེ། །བདག་གི་བདེ་བ་ལ་དཔྱོད་མཛེས། །རྣམ་ཉེད་དཔྱོད་པའི་བདག་ཉིད་དེ། །བདག་གི་
བདེ་བ་ལ་དཔྱོད་མཛེས། །དེ་དག་ལས་གཞན་མཚན་ཉིད་བྲལ། །དགའ་བ་དང་པོ་མཆོག་དགའ་དང་། །དགའ་བྲལ་ལ་སོགས་ལྷན་ཅིག་སྐྱེས། །དགའ་བའི་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་ཆགས་པ་བྲལ་བ་སྟེ། །ལྷན་ཅིག་སྐྱེས་པ་དེ་དག་སྤངས། །
བརྒྱལ་དང་ཕྱི་མོ་ཕྱེད་ཙམ་དང་། །ཕྱི་མོ་ཞེས་བྱ་སྐད་ཅིག་གསུམ། །དམ་པའི་བདེ་བ་རྣམ་པར་རོལ། །དབྱེ་བས་ལྷན་ཅིག་སྐྱེས་པ་ཤེས། །བརྒྱལ་བ་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱི་མོ་ཉིད་དུ་འགྱུར། །དེ་ཕྱིར་དེ་
ཉིད་ཡེ་ཤེས་ནི། །གཉིས་མེད་ཡེ་ཤེས་རབ་ཏུ་གསལ། །དེ་ལ་ཆགས་དང་ཆགས་བྲལ་མེད། །གཉི་ག་མ་ཡིན་སྟོང་ཉིད་མིན། །ཀུན་མིན་ཐམས་ཅད་མིན་པ་མིན། །ཡང་ན་ཐམས་ཅད་རྣམ་པར་ཐིམ། །ཇི་ལྟར་ཆར་གྱི་རྒྱུ་སྣ་ཚོགས། །རོ་གཟུགས་དུ་མ་གཞན་ཡིན་ཀྱང་། །སྣོད་
གཅིག་ཏུ་ནི་ཞུགས་པ་ན། །ཞུ་ནས་རོ་ཅིག་ཉིད་དུ་འགྱུར། །དེ་བཞིན་ཡེ་ཤེས་བདེ་ཆེན་པོ། །རྣམ་པར་ངོ་བོ་ཉིད་ཀྱིས་གསལ། །གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས། །ཆོས་ཀུན་རྣམ་པར་བཅོམ་པས་ན། །ཡེ་ཤེས་རྒྱུན་འབབ་གཏོང་བའི་བློ། །མཁས་པས་དེ་ལྟ་བུ་ཉིད་མཚོན། །
མི་གཡོ་སྒྲིབ་བྲལ་ཕྲ་བ་ཡི། །ཐིག་ལེའི་གཟུགས་ཅན་རྟོག་པ་མེད། །ཐོག་མཐའ་མེད་པའི་དེ་ཉིད་ནི། །མ་བྱུང་མ་བྱས་མཆོག་ཡིན་ནོ། །སྐྱེ་བོ་ཆོས་རྣམས་ཐམས་ཅད་ཀྱི། །གཞི་ནི་དེ་ཉིད་ཉིད་ཡིན་ནོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་པ་ཡི་དེ་ཉིད་ལ། །མཐོང་བ་

དེ་ཉིད་མ་མཐོང་བ། །དེ་ལ་ཕྱི་རོལ་ཅི་ཞིག་བསམ། །དེ་ཕྱིར་འཁྲུལ་པའི་མཆོད་པ་སོགས། །ཕྱི་རོལ་པ་ཡིས་ཅི་བྱར་ཡོད། །ཐམས་ཅད་སྤངས་ནས་དེ་ཉིད་བསྒོམ། །ཐམས་ཅད་འདི་ལས་འགྲུབ་པར་འགྱུར། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ལས། །གང་ཚེ་ནོར་བུར་ཆུད་པ་ན། །
མན་ངག་གིས་ནི་རླུང་བཟུང་སྟེ། །དེ་ཚེ་ཡེ་ཤེས་མཐོང་བས་འགྲུབ། །བསྐལ་པ་མཐའ་ཡས་བར་དུ་ནི། །དེར་ནི་འདོད་པ་ཡང་དག་གནས། །འོད་གསལ་བ་ཡི་གནས་ཐོབ་ནས། །སེམས་ཅན་ཀུན་གྱིས་ཕྱག་བྱས་པའི། །ཐ་མལ་སྣང་བའི་རྣལ་འབྱོར་གྱིས། །བཞི་པའི་དེ་ཉིད་ལ་བརྟེན་བྱ། །
སྔོན་དུ་གོམས་བྱེད་རྣལ་འབྱོར་པས། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །རྒྱུ་འབྲས་གཅིག་ཏུ་རྒྱས་བཏབ་པས། །ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར། །མཚན་མོ་སྣང་བའི་ཆ་སྟེ་གསལ་བའི་ཉི་མའི་འོད་ཟེར་འགྱེད་པ་
སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ། །མཚན་ཉིད་ཉིན་པར་མིན་པ་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །
ཇི་ལྟར་ནང་བཞིན་ཕྱི་རོལ་ཏེ། །གཉིས་སུ་མེད་པའི་རྣལ་འབྱོར་འདིས། །སྒྲུབ་པ་རུ་ནི་རིགས་པ་ཡིན། །སློབ་དཔོན་ཆེན་པོ་ཀེ་ར་ལི་པས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་ཝ་ས་མ་ཡ་མཎྜ་ལ་བི་དྷིཿ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་
བྱེད་ཀྱི་དམ་ཚིག་ལ་འཇུག་པའི་དཀྱིལ་འཁོར་གྱི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐོག་མར་ངེས་པར་རིམ་པར་བརྒྱུད་པ་དང་། །དེ་ཁོ་ན་ཉིད་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བླ་མ་ལ། ཐེག་པ་ཆེན་པོར་རིགས་ངེས་ཤིང་དད་པ་དང་ལྡན་པའི་སློབ་མས། གོ་
འཕང་མཆོག་ཐོབ་པར་འདོད་པའི་དོན་དུ། ཡང་དང་ཡང་དུ་གསོལ་བ་བཏབ་པ་དང་། བཀྲ་ཤིས་པའི་གནས་དང་། དུས་དེར་རྗེས་སུ་གཟུང་བར་བྱས་ནས། །བླ་མ་ལ་མཆོད་པ་རྒྱ་ཆེན་པོ་དང་བཅས་པས། དཔལ་རྡོ་རྗེ་འཇིགས་བྱེད་མཉེས་པར་བྱ་བའི་དོན་དུ། གནང་བ་རབ་འབྲིང་ཐ་མ་གང་ཡང་

རུང་བ་ཐོབ་པ་དེས། སློབ་མ་རྣམས་ཀྱང་ཇི་ལྟ་བ་བཞིན་སྦྱང་བ་བྱས་ལ། སྦྱིན་སྲེག་ལ་སོགས་པའི་ཡོ་བྱད་རྣམས་ཚུལ་བཞིན་དུ་ཚོགས་པར་གྱུར་པ་ནི། སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་ཇི་སྐད་དུ་གསུངས་པའི་གནས་སུ་སེམས་དཔའ་དང་བཅས་པས། ལས་ཐམས་ཅད་པའི་ཆུས་བསང་གཏོར་
བྱས་ལ། དེར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཤིང་མཆོད་ནས་གཏོར་མ་བཏང་བའི་བར་དུ་བྱ་སྟེ། དེ་ནས་སའི་ལྷ་མོ་ལ་ས་བླང་བ་ལ་སོགས་པ་བྱས་ལ། དེ་ནས་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་ལ་གནས་པས། གང་ལ་དམིགས་པའི་ས་དེ་ལ་ཚོན་ཐག་དང་། ཕུར་བུས་བསྐོར་ཏེ་ཇི་ལྟ་བར་
བརྐོ་ཞིང་སྦྱངས་ནས། མཎྜལ་བའི་ཀོ་བ་ཙམ་པ་བྱས་ལ། ཅི་རིགས་པའི་ས་གཏེར་གཞུག་ཅིང་བའི་རྣམ་ལྔ་སྤོས་དང་བཅས་པས་འཐས་པར་བཅགས་ཏེ། རྒྱན་གྱིས་བརྒྱན་པ་དང་། མཆོད་པའི་ཡོ་བྱད་ཀུན་བཀྲམ་ལ། རྒྱན་ཆ་དང་བཅས་པའི་སློབ་དཔོན་དེས། མཎྜལ་གྱི་སྟེང་དུ་རྣལ་འབྱོར་
རྫོགས་པར་བསྒོམས་པའི་རྗེས་ལ། ས་གཞི་ཐམས་ཅད་སྟོང་པའི་ངང་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་འབར་བར་གྱུར་པར་མཐོང་བ་དང་སློབ་མ་ལྷ་མོ་བཞིའི་ཏིང་ངེ་འཛིན་ལ་གནས་པས། ཕྱོགས་བཞི་ནས་དཀྱིལ་འཁོར་བྱིན་གྱིས་རློབ་པའི་དོན་དུ་བཞེངས་པར་གསོལ་བ་བཏབ་པའི་རྗེས་ལ། རྡོ་རྗེ་སློབ་
དཔོན་དེ་མཉམ་པར་བཞག་པ་ལས་ལངས་ཏེ། མིག་གཉིས་སུ་མ་དང་ཨ་ལས་ཉི་མ་དང་ཟླ་བ་གསལ་བར་བྱས་ཏེ། དེ་དག་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཟིལ་གྱིས་གནོན་པར་བསྒོམས་ཏེ། རྐང་པ་གཉིས་ཧཾ་ལས་རྡོ་རྗེ་རྒྱ་གྲམ་འབར་བར་བསམ་སྟེ། དབང་ལྡན་མཚམས་ནས་གཡས་
ཕྱོགས་སུ་བསྐོར་བ་ལན་གསུམ་གསུམ་ཙམ་དུ་བསྐོར་ཞིང་། ཧཱུཾ་བཞི་པ་དང་བཅས་པས་འབྱུང་པོ་ཀུན་ལ་འཇིགས་པ་སྦྱིན་པར་བྱ་སྟེ། དེ་ནས་དཀྱིལ་འཁོར་གྱི་སྟེང་དུ་འཇིགས་པ་ཆེན་པོས་གནས་ཏེ། ཕྱོགས་ཀུན་དུ་རྣམ་པར་བལྟ་བའི་གར་རྣམས་བྱས་ལ། དེ་ཉིད་དུ་འདུག་ནས་ནན་ཏན་དུ་བགེགས་བྱེད་
པར་འདོད་པ་རྣམས་གཞོམ་པར་འདོད་པའི་དོན་དུ། བདག་ཉིད་ཀྱི་སྙིང་ག་ནས་ངེས་པར་འཕྲོས་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྔ་བཏོན་པའི་ཕུར་པ་ལ་སྟོད་ཁྲོ་བོར་གྱུར་པ་དག །དཀྱིལ་འཁོར་དེའི་དབུས་དང་གྲྭ་བཞིར་གདབ་སྟེ། དེའང་གཡས་པས་ཐོ་བ་གཡོན་པས་ཕུར་པ་བཟུང་སྟེ། ཕྱོགས་སྐྱོང་བཅུ་ལ་

བཏབ་ཅིང་། ཐལ་ཕྱིན་པར་གྱུར་པར་དམིགས་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་བཛྲ་ཀཱི་ལ་ཡ་སརྦ་བིགྷྣཱན། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པས་གདབ་པར་བྱའོ། །བདུད་རྩི་འཁྱིལ་
པའི་སྔགས་ལ་སོགས་པས་ཀྱང་ཚར་གཅད་པའོ། །ས་ཡོངས་སུ་གཟུང་བའི་ཆོ་གའོ།། །།དེའི་རྗེས་ལ་སྟན་ལ་ལེགས་པར་འདུག་ནས། གཡས་པའི་རྩེ་གསུམ་ཕྱག་རྒྱས་ནི། །ས་ལ་བསྣུན་པ་ཙམ་གྱི་ཚེ། །པདྨ་དང་བཅས་ལྷ་མོ་ནི། །ལྟེ་བ་ཡན་ཆད་འཐོན་པ་ལ། །ཐལ་སྦྱར་བཀའ་ཉན་ཚུལ་
བསྒོམས་ནས། །མཆོད་ཅིང་གསོལ་གདབ་བཀའ་བསྒོ་ནས། །གནང་བ་བྱིན་ཏེ་ས་དེར་ཐིམ། །དེ་ནས་མཎྜལ་དེ་དབུས་སུ། །དྲི་ཡིས་བྱུགས་པའི་མཎྜལ་གྲུ་བཞི་པ་ཅིག་བྱས་ཏེ། མེ་ཏོག་གི་ཚོམ་བུ་བྱའོ། །དེ་བཞིན་དྲིའི་ཐིག་ལེ་རེ་རེ་དང་། མེ་ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཉམ་པ་དགོད་པར་
བྱའོ། །ཤྲཱི་བཛྲ་བྷཻ་ར་ཝ་ཨ་དྷིཥྛ་ན། ཞེས་པས་བསྙེན་པར་གྱུར་པའི་དཀྱིལ་འཁོར་དེ་ཉིད་འདིར་བརྟན་པར་གྱུར་པར་བལྟའོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། དེ་ཉིད་དུ་དབྱེར་མེད་པར་བཞུགས་པ་ལ་མཆོད་པ་དང་བསྟོད་པའི་སྒོ་ནས་གསོལ་བ་གདབ་སྟེ། བཅོམ་ལྡན་འཇམ་པའི་
རྡོ་རྗེ་དང་། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་གིས་གཤིན་རྗེ་གཤེད་དཀྱིལ་འཁོར། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །
སངས་རྒྱས་ཐམས་ཅད་བདག་ལ་དགོངས། །འཁོར་ལོས་འགྲོ་བའི་དོན་མཛད་དང་། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་ཀྱི་ནི་ལྷ་གཞན་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་ཡང་དག་རྫོགས་པ་ཡི། །སངས་རྒྱས་བསྟན་ལ་མངོན་དགའ་བའི། །
གང་སུ་ལྷ་ཡི་མིག་ཅན་ཀུན། །ཆེ་གེ་ཞེས་པའི་རྡོ་རྗེ་ཡིས། །གཤིན་རྗེའི་དཀྱིལ་འཁོར་ལས་བྱུང་བའི། །ཇི་ལྟར་ཉེ་བར་སྤྱོད་ནུས་པ། །འགྲོ་རྣམས་དོན་དུ་བྲི་བར་བྱ། །བདག་དང་སློབ་མར་བཅས་པ་ཀུན། །ཐུགས་རྗེས་ཉེ་བར་བཟུང་ནས་ནི། །ཐམས་ཅད་དཀྱིལ་འཁོར་ལ་བཞུགས་ཕྱིར། །

བྱིན་གྱིས་རློབ་པར་མཛད་དུ་གསོལ། །བདུག་སྤོས་རོལ་མོ་བཅས་པ་ཡིས། །ཀུན་གྱིས་པུས་བཙུགས་གསོལ་བ་གདབ། །དེ་དག་གིས་ཀྱང་རྗེས་གནང་བ། །འགྲོ་མགོན་སྐྱོབས་གནས་ཡིན་པར་བསྒོ། །དྲིས་ལན་ཚུལ་དུ་མཆོད་བསྟོད་བྱའོ། །ལྷ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་རིན་པོ་
ཆེའི་བུམ་པ་ཚད་དང་དབྱིབས་ཀྱིས་མཛེས་པ་དྲུག་གམ། བཅུ་གཉིས་ལ་སོགས་པ་ལ་དཀར་པོར་བསྒྱུར་ཞིང་། སྣ་ཚོགས་པདྨའི་སྟེང་དུ་རིགས་སོ་སོའི་ཕྱག་རྒྱ་བྲིས་ཏེ། ལས་ཐམས་ཅད་པ་ལ་རྡོ་རྗེ་རྒྱ་གྲམ་བྲིའོ། །སྙིང་པོའི་འབྲུ་ལྔ་དང་། རིན་པོ་ཆེ་དང་། སྨན་དང་། དྲི་དང་། སྙིང་པོ་རྣམས་ཀྱིས་དགང་
བར་བྱ་ཞིང་། སྤོས་རྣམས་དང་བཅས་པས་བཀང་ལ་མགུལ་ཆིངས་དང་། མེ་ཏོག་གི་ཕྲེང་བ་དང་། ཁ་རྒྱན་དང་། གཟུངས་ཐག་རྡོ་རྗེ་ལ་བཏགས་པ་དང་བཅས་པ། ཡོལ་བ་བྱས་ལ། དེ་དག་མི་དམིགས་པ་ལས། རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་པའི་ནང་དུ། པདྨའི་སྡོང་པོའི་སྟེང་
དུ་ཉི་ཟླའོ། །དེའི་སྟེང་དུ་ཆོ་ག་གསུམ་ལས་གཙོ་བོའི་སྐུ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བསྒྲུབས་ཏེ། མཆོད་ཅིང་བསྟོད་ནས། བཟླས་པ་བྱ་སྟེ། བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཟླས་པའི་རྗེས་ལ། མཆོད་ཡོན་ལ་ཡི་གེ་བརྒྱ་པ་ཅི་རིགས་པ་བཟླས་པའི་ཆུས་རེག་པའི་ཚེ་ན་ཞུ་བའི་
ཐིག་ལེའི་རང་བཞིན་དུ་བལྟའོ། །བུམ་པ་ཀུན་ལའང་དེ་བཞིན་དུ་སྦྱར་ཞིང་། ལས་ཐམས་ཅད་པ་ནི་པདྨའི་སྟེང་དུ་བསྐྱེད་པར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཤར་ཕྱོགས་སུ་མཎྜལ་བྱ་སྟེ། སློབ་མས་སློབ་དཔོན་ལ་ཉེ་བར་ལོངས་སྤྱོད་པ་རྣམས་ཀྱིས་མཆོད་པར་བྱ་སྟེ། ཡང་
སློབ་མ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱིན་པ་དེས་སློབ་དཔོན་ལ་གསོལ་བ་གདབ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་ལ་གསོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་
སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་གསོལ་བ་བཏབ་པའི་རྗེས་ལ། དེ་ནས་རྡོ་རྗེ་སློབ་དཔོན་དེས་སློབ་མ་རྣམས་སྤྲོ་

བ་བསྐྱེད་པར་བྱ་བ་ནི། འཇིག་རྟེན་འདིར་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱརའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། །གསང་སྔགས་སྤྱོད་པའི་ཆོ་ག་རྣམས། །དེ་བས་ཆེས་ཆེར་དཀོན་པ་སྟེ། །དེ་ལྟར་ཡིད་བཞིན་ནོར་བུའི་མཆོག །
དེད་དཔོན་བཟང་དང་བཅས་པས་བླང་། །གལ་ཏེ་བག་མེད་གང་གྱུར་ན། །དུཿཁ་རྒྱ་མཚོ་སྐྱེད་པར་བྱེད། །ཅེས་བརྗོད་ཅིང་། དེ་ནས་གསང་སྔགས་ཀྱི་ཆེ་བའི་ཡོན་ཏན་ཉེ་བར་བརྗོད་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་པའི་ཆོ་ག་རྣམས། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་
ཀྱིས་ཚུལ་ཆེན་བརྟེན་པར་བྱོས། །རྫོགས་པའི་སངས་རྒྱས་གང་འདས་དང་། དེ་བཞིན་གང་དག་མ་བྱོན་དང་། ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་གིས་ཀྱང་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་རྙེད་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་
དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་ཆོ་ག་མཉམ་མེད་དེས། །ཤཱཀྱ་སེང་གེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་
གྱིས་ཤིག །ཅེས་ལན་གསུམ་དུ་བརྗོད་ཅིང་། ཆོ་ག་ཇི་ལྟ་བ་བཞིན་དུ་རྒྱུན་བཤགས་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱས་ལ། དེའི་ཆོ་ག་ནི་སློབ་མའི་ལུས་ལ། འབྱུང་བ་བཞིའི་འཁྲུལ་འཁོར་གྱིས་འོད་ཀྱི་གོང་བུ་དེ་ལས་ཡི་གེ་འབྲུ་གསུམ་དུ་གསལ་བ་དང་། སྣ་གཡས་གཡོན་
གང་ནས་རྒྱུ་བའི་རླུང་གིས་བསྡུས་ཏེ། ཐུགས་ཀ་ནས་གསང་བའི་གནས་ནས་བཏོན་ཏེ། མདུན་དུ་རྡོ་རྗེ་སེམས་དཔར་གྱུར་པ་དེ་ལ། སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བྱིན་གྱིས་བརླབས་ལ། མཆོད་པ་རྣམས་ཕུལ་ཏེ། རང་གི་རིགས་ཀྱི་སྔགས་བརྒྱ་རྩ་བརྒྱད་ཟློས་སུ་གཞུག་གོ། །དེ་ནས་བྱ་བའི་
རྒྱུད་ལ་སོགས་པའི་སྡོམ་པ་དང་། དམ་ཚིག་ལ་སོགས་པ་ཅི་རིགས་པ་དབོག་ཅིང་། དགག་པ་དང་གནང་བ་ལ་སོགས་པའི་བྱེ་བྲག་དང་། ཉེས་དམིགས་ཀུན་ཀྱང་བསྒྲག་པར་བྱའོ། །དེ་ནས་སོ་ཤིང་སྦྱིན་ཞིང་དག་པ་བརྗོད་པར་བྱ་སྟེ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙཱ་སྱ་བི་ཤོདྷ་ཡ་སརྦ་བི་ཀལྤ་ན་

པཱ་པཾ་ཨ་པ་ནཱ་ཡ་ཧཱུཾ། ཞེས་ཀུན་ལ་མངོན་པར་བྱིན་གྱིས་བརླབ་པར་བྱའོ། །སྲུང་སྐུད་ལ་རིགས་ཀྱི་སྙིང་པོ་བཟླས་པར་རིག་པར་བྱའོ། །ཀུ་ཤའི་ཆུན་པོ་ལ་སྔས་དང་སྟན་ལ་ཡང་དག་པར་བསྔགས་ལ་ཡང་སྦྱིན་ཏེ། བྱ་བ་གཞན་གྱིས་བློ་མ་ཡེངས་པར། སྙིང་པོའི་དོན་དཔལ་གཤིན་རྗེ་གཤེད་པོ་འབའ་ཞིག་ལ་
སེམས་པར་གྱིས་ཤིག་ཅེས་པ་དང་། དེ་ནས་བསྒོ་བ་བྱས་ལ་ཅི་བདེ་བར་གནས་སོ། །མདུན་གྱི་དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་རང་བཞིན་དུ་གནས་པར་བསམ་མོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སྔ་དྲོའི་དུས་ཀྱི་ཚེ་ན། རྣལ་འབྱོར་དང་བཅས་པའི་སྔགས་པས། སྔར་གྱི་དཀྱིལ་འཁོར་
མངོན་སུམ་དུ་གསལ་བ་དེ་ལ་ཡང་དག་པར་མཆོད་ནས། བར་སྣང་ལ་གནས་པར་བལྟས་ལ། མཎྜལ་ལ་བྱི་དོར་བྱས་ཏེ། དེ་ནས་ཐིག་སྐུད་ནི། དོག་པ་ལྔ་དབུས་དང་། ཕྱོགས་བཞིར་བཀོད། དང་པོར་མི་དམིགས་པར་བྱའོ། །དེ་ནས་ཡིག་འབྲུ་ལྔ་དང་ཕྱག་མཚན་ལྔ་ཡོངས་སུ་གྱུར་པ་ལས་རིགས་ལྔར་
གྲུབ་པ་ལ། ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབ་ཅིང་། མཆོད་པས་མཆོད་ཅིང་། སླར་སྐུད་པར་གནས་པ་དེ་ལ་བསྒྲིལ་བར་བྱ་སྟེ། ཛའི་སྒྲ་ལས་བྱུང་བའི་སྒྲུབ་པའི་གྲོགས་ལ་སྐུད་པའི་སྣ་གཏད་དེ། རང་གི་སོར་མོ་ལྔའི་བར་ནས་སྐུད་པ་ལྔ་བཀོད་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་པ་ར་སྤ་ར་ཨ་
ནུ་པྲ་བིཥྚ་སརྦ་དྷརྨཱ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་བཛྲ་སིདྡྷི་ཧཱུཾ་ཨཿ། ཞེས་པས་སོར་མོ་བཅུའི་བར་དུ་བསྒྲིལ་བར་བྱ་སྟེ། དེ་ལྟར་ལེགས་པར་གྲུབ་པའི་ཐིག་སྐུད་དེ་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བཟླ་ཞིང་དྲི་དང་སྤོས་ཀྱིས་བསྒོས་པ་དེ་ལ་ཇི་ལྟ་བ་བཞིན་དུ་མཆོད་པར་བྱ་སྟེ། དེ་ནས་
སློབ་དཔོན་གྱིས་སྔགས་དང་བཅས་པས་ཐིག་སྐུད་བསྡོགས་ཏེ། ཛའི་སྒྲ་དང་བཅས་པས་ཐིག་སྣ་གཏད་དེ། རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བར་དམིགས་ཏེ། དེ་ནས་སློབ་དཔོན་ལྷོ་ནས་བྱང་དུ་བལྟས་ཏེ་ཐིག་གཅིག་གདབ་བོ། །དེ་ནས་ལྷོ་ནས་བྱང་དུ་བལྟས་ཏེ་ཤར་གྱི་ཁ་ཁྱེར་གྱི་ཐིག་
གདབ་བོ། །དེ་བཞིན་དུ་བྱང་དང་ལྷོར་བལྟས་ཏེ་ནུབ་ཀྱི་ཁ་ཁྱེར་གྱི་ཐིག་གོ། །དེ་བཞིན་དུ་ནུབ་དང་ཤར་དུ་བལྟས་པས་བྱང་གི་ཁ་ཁྱེར་གྱི་ཐིག་གོ། །དེ་ནས་ནུབ་དང་ཤར་དུ་བལྟས་པས་ལྷོའི་ཁ་ཁྱེར་གྱི་ཐིག་གདབ་བོ། །དེ་ནས་མེ་དང་རླུང་གི་མཚམས་སུ་གནས་པ་དང་། སྲིན་པོ་དང་དབང་ལྡན་དུ་

གནས་པས་མཚམས་ཀྱི་ཐིག་གདབ་བོ། །དེ་ནས་ཆ་ཆེན་བཅུ་དྲུག་ཏུ་ཕྱེ་བ་ལས། ཆ་ཕྲན་རྣམས་ཇི་ལྟར་རིག་པར་གདབ་བོ། །དེ་ནས་བསྐོར་ཐིག་གི་གྲངས་ངེས་པར་བྱའོ། །བཅུ་དྲུག་གི་ཕྱི་རོལ་དུ་ལྷག་པར་ཡང་ཡོངས་སུ་ཤེས་པར་བྱའོ། །དེ་ནས་ཚོན་རྩིའི་ཆོ་ག་ནི། དཀར་པོ། སེར་པོ།
དམར་པོ། ལྗང་གུ་མཐིང་ག་རྣམས་ཐོད་པའི་ནང་དུ་སོ་སོར་བཀོད་ལ། ཡེ་ཤེས་ལྔར་གསལ་བ་ལ་མཆོད་ཅིང་། སླར་ཚོན་རྩི་ཡོངས་སུ་གྱུར་པ་ལ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་པས་ཡེ་ཤེས་ལྔའི་རང་བཞིན་དུ་བལྟས་ལ། བྱང་ཤར་མཚམས་སུ་རེ་ཁཱ་ལྔ་བྲིའོ། །དེ་ནས་
ཐོད་པ་བཀབ་ལ་རྐང་པའི་འོག་ཏུ་མནན་ཏེ། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་མགོན་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་ཅིང་ཚོམ་བུ་བཏབ་ལ། དེ་ནས་ཕུར་པའི་ཤུལ་དགང་ངོ་། །དེ་ནས་ཡང་རྒྱུད་ནས་
ཇི་སྐད་གསུངས་པ་ལྟར་དུ་དབུས་ནས་བརྩམས་ནས་ཀྱང་། གོ་རིམས་མ་ནོར་བར་བྲི་བར་བྱ་བ་ནི། མཚན་མོ་ཕྱེད་ནི་དུས་དག་སྟེ། །མ་ཧེ་གདོང་གི་སྦྱོར་ལྡན་པས། །གཅེར་བུ་སྐྲ་གྲོལ་བདུད་རྩིས་བྱུག །དུར་ཁྲོད་སོལ་བ་རུས་ཕྱེ་སོགས། །སྣ་ཚོགས་ལྡན་པའི་ཚོན་རྣམས་ཀྱིས། །དཀྱིལ་འཁོར་
མཛེས་པར་བྲི་བར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་དྲ་བས་བརྒྱན། །དྲིལ་བུ་དྲིལ་བུ་གཡེར་ཀའི་ཕྱེད། །ཉི་མ་ཟླ་བ་རིན་ཆེན་ཕྲེང་། །རིན་ཆེན་གདུང་དང་མཛེས་པའི་ཐོག །ཏོག་གིས་བརྒྱན་ཞིང་འོད་ཟེར་སྤྲིན། །ངོས་རྣམས་འདོད་པའི་ཡོན་ཏན་ལྔས། །མཛེས་པར་
བལྟམས་ཤིང་འཁྲིགས་པར་སྤྲས། །མེ་ཏོག་ཕྲེང་བ་སྣ་ཚོགས་དང་། །རིན་ཆེན་རྒྱལ་མཚན་ལ་སོགས་བརྒྱད། །གྲུ་རྣམས་ཀུན་དུ་བསྒྲེངས་པས་བརྒྱན། །ས་གཞི་རྡོ་རྗེ་རྒྱ་གྲམ་འབར། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །འཁོར་ལོའི་མཆོག་གི་རྣམ་པ་ལ། །ཟླུམ་པོ་རེ་མིག་དགུ་པ་སྟེ། །
ཐོད་པ་སྐམ་རློན་ཕྲེང་གིས་བརྒྱན། །བར་ཁྱམས་གྲུ་ཆད་སྒོ་བཞི་མཛེས། །སྒོ་གཅིག་ཏུ་ནི་འདུག་ནས་ནི། །སྒོ་གཞན་ཡོངས་སུ་གཅད་པར་བྱའོ། །ཞེས་གསུངས་པས་ན། དེ་བཞིན་དུ་ཡང་དབུས་ནི་ཟླུམ་པོ་ལ་རེ་མིག་དགུ་པའོ། །དེའི་ཕྱི་རོལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལ་རྩེ་མོས་སྒོའི་ནང་དུ་སླེབས་

པ་ལ། རའི་མཐའ་མེ་ཟླུམ་བསྐོར་འོད་ཟེར་བཅས་པ་ནི་ཅི་རིགས་སུ་བྱའོ། །མཚན་མ་དངོས་སུ་དགོད་པར་བྱ་བ་ནི། དབུས་སུ་རོ་མགོ་ལྷོར་བསྟན་པའོ། །བར་ཁྱམས་ལ་ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པའོ། །ཤར་གྱི་གྲྭར་ཐོད་པ་ཁྲག་གིས་བཀང་བ། ལྷོའི་གྲྭར་
ཐོད་ཚལ་གྱི་ཕྲེང་བ། ནུབ་ཀྱི་གྲྭར་དུར་ཁྲོད་ཀྱི་རས་ཏེ་ཞིང་ལྤགས་བརྒྱངས་པ། བྱང་གི་གྲྭར་གསལ་ཤིང་ལ་བཙུགས་པའི་མི་སྟེ། འདི་དག་ནི་ནང་གི་མཚན་མ་དག་ཡིན་ལ། དེ་ནས་ཕྱི་རོལ་གྱི་ཕྱག་རྒྱ་དགོད་དེ་ཤར་གྱི་སྣམ་བུ་ལ་ནི་གྲི་གུག་དང་། །མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་།
ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། ལྕགས་ཀྱུ་ལ་སོགས་པ་བྲིའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་སྟ་རེ་དང་། མདའ་དང་། ཁ་ཊྭཱཾ་ག་དང་། དབྱུག་ཏོ་དང་། འཁོར་ལོ་དང་། རྡོ་རྗེའི་ཞགས་པ་ལ་སོགས་པ་བྲིའོ། །ནུབ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་དང་། རྔེའུ་ཆུང་དང་། ཕུབ་དང་། གཞུ་དང་།
དྲིལ་བུ་དང་། རླུང་གིས་འཕྱར་བའི་རས་ལ་སོགས་པ་བྲིའོ། །བྱང་ཕྱོགས་ཀྱི་སྣམ་བུ་ལ། སྡིགས་མཛུབ་དང་། འཕན་རྩེ་གསུམ་པ་དང་། གླང་པོ་ཆེའི་པགས་པ་དང་། རྡོ་རྗེའི་ཐོ་བ་དང་། མདུང་དང་། རྡོ་རྗེའི་མེ་ཐབ་ལ་སོགས་པ་བྲིའོ། །ཁྱད་པར་དུ་སྒོ་བཞི་དང་གྲྭ་བཞིར་རོ་ལངས་མ་རུངས་པའི་ཆ་
བྱད་ཅན་རེ་རེ་དགོད་དོ། །དབུས་ཀྱི་རོ་ལངས་ཀྱི་སྟེང་དུ་སྣ་ཚོགས་ཀྱི་པདྨ་ལ་གྲི་གུག་གམ། རལ་གྲི་འབར་བས་མཚན་པ་བཀོད་དོ། །དཀྱིལ་འཁོར་བྲི་བའི་རིམ་པའོ། །དེ་ནས་བུམ་པ་དགོད་དེ། གཙོ་བོའི་བུམ་པ་དབུས་སུ་དགོད་དོ། །གཞན་དགུ་དང་ལས་བུམ་དང་བཅས་པ་བྱང་ཤར་དུ་བཞག་ལ་
བིགྷཱན་ཏ་ཀྲྀཏ་ལ་བསྲུང་བའི་ལས་བཅོལ་ལོ། །དེ་ནས་མཆོད་པའི་ཡོ་བྱད་དགོད་པ་ནི། སྤྱིར་ཤ་དང་ཁྲག་ཐམས་ཅད་གཙོ་བོར་གསུངས་སོ། །མཆོད་པ་རྣམས་ནི་བཤམ་པ་དང་། གྲངས་དང་། གོ་རིམས་ནི་ཇི་ལྟར་གསུངས་པ་བཞིན་ནོ། །མར་མེ་ཆེན་པོ་བརྒྱད་ནི། ཕྱོགས་མཚམས་བརྒྱད་དུ་
དགོད་པ་ལ་སོགས་པ་དང་། སྒོ་བཞི་དང་གྲྭ་བཞིར་ནི་ཤ་ཁྲག་སྣ་ཚོགས་པས་བཀང་བའི་ཐོད་པ་ཆེན་པོའི་གཏོར་མ་བརྒྱད་དང་། གཞན་ཅི་རིགས་པར་བཤམས་པའི་ཚོགས་ཀྱི་ཡོ་བྱད་རྣམས་དང་། འདོད་པའི་ཡོན་ཏན་ལྔའི་ཡོ་བྱད་དེ། གོས་ཟུང་དུ་སྦྱར་བ་ལ་སོགས་པ་དང་། རྒྱན་གྱི་ཡོ་བྱད་ནི།

བླ་རེ་དང་། འཕན་དང་། གདུགས་དང་། ཡོལ་བ་ལ་སོགས་པ་དང་། བསྲུང་བའི་ཡོ་བྱད་ནི་གྲི་ཕུར་དང་། མདའ་བོ་ཆེ་དང་། སྒོ་མཚམས་མ་ལ་སོགས་པ་དང་། སྒྲུབ་པའི་ཡོ་བྱད་ནི་རྣལ་འབྱོར་དུ་འདུས་པ་རྣམས་ནི། ཏིང་ངེ་འཛིན་གཅིག་ཏུ་གྱུར་པའམ། མ་གྱུར་པའང་རུང་སྟེ། མཉམ་
པར་འཇོག་ནུས་པ་རྣམས་ཏེ། དེ་དག་གིས་ནི་དཀྱིལ་འཁོར་བརྒྱན་པར་བྱས་པའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། འབར་བའི་ལྟ་བ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང་། ནོར་བ་རྣམས་བཅོས་པར་བྱའོ། །སྲུང་བའི་འཁོར་ལོས་བྱིན་གྱིས་བརླབ་པར་
རིག་པར་བྱའོ། །དེ་ནས་ལྷོའི་སྒོར་སྟན་ལ་འདུག་ནས། སེམས་མཉམ་པར་བཞག་པས། ཆོ་ག་ཇི་ལྟ་བ་བཞིན་དུ་དམ་ཚིག་སེམས་དཔའི་འཁོར་ལོར་སྤྲུལ་ལ། བར་སྣང་ལ་གནས་པ་དེ་ཡང་འབར་བའི་ལྟ་བ་དང་། ཡི་གེ་ཇའི་སྦྱོར་བས། ཤྲཱི་བཛྲ་བྷཻ་ར་བ་མ་ཧཱ་མཎྜ་ལ་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཞེས་པས་གཉིས་
སུ་མེད་པར་གྱུར་པར་མཐོང་ནས། སྐྱེ་མཆེད་དྲུག་དང་། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་སྒྲུབ་སྟེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ཞིང་། དབྱེར་མེད་པར་གྱུར་པའི་ཚེ་ན། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་རིག་པར་བྱའོ། །དེ་ནས་བློ་ལྡན་སློབ་མ་གང་། །དཀྱིལ་འཁོར་མངོན་དུ་
གྱུར་འདོད་པས། །མཆོད་པ་ཀུན་གྱི་མཆོག་གྱུར་པའི། །བླ་མ་མཆོད་ལ་བརྩོན་བྱ་སྟེ། །དད་པས་རང་དང་ལོངས་སྤྱོད་བཅས། །ཇི་ལྟར་འབྱོར་ཞིང་ཡིད་འཐད་ཀུན། །རྗེ་བཙུན་ཞབས་ལ་བཏུད་དེ་འབུལ། །དེ་ནས་སྙིང་པོ་བྱང་ཆུབ་བར། །ཞབས་ཀྱི་པདྨ་ལ་བཏུད་ཅིང་། །ཐེག་མཆོག་བསྲུང་བར་བསྐུལ་
འདེབས་ཤིང་། །འགྲོ་བའི་མུན་སེལ་སྒྲོན་མེ་སྤྲོ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །རང་རིག་པའི་རྒྱལ་པོར་ངེས་པར་མཐོང་ནས། སྐྱེ་མཆེད་དྲུག་དང་ལུས་ངག་ཡིད་རྡོ་རྗེར་བྱིན་གྱིས་རློབ་ཅིང་། ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ། དབང་བསྐུར་བར་འདོད་པས། བསང་གཏོར་སྔོན་དུ་འགྲོ་
བས། མཆོད་ཡོན་དང་སྐུ་ཁྲུས་གསོལ་ཏེ། བདུག་སྤོས་ལ་སོགས་པའི་མཆོད་པའི་བྱེ་བྲག་དུ་མ་དང་། འདོད་པའི་ཡོན་ཏན་ལྔ་དང་། སྦྱང་བ་དང་། སྦར་ཞིང་རྟོགས་པར་བྱ་བའི་བདུད་རྩིའི་རོས་ནི་སངས་རྒྱས་ཐམས་ཅད་ལ་ཡང་དག་པར་མཆོད་ནས། དེ་བཞིན་དུ་འཇིག་རྟེན་པ་དག་ལ་ཡང་རྒྱ་ཆེ་བར་མཆོད་

པར་བྱས་ནས། དེ་དག་སྒྱུ་མའི་རྣམ་པར་ཤེས་པར་འགྱུར་བ་དང་། རང་གི་རྟོག་པ་ལས་ཇི་སྐད་དུ་གསུངས་པ་ལྟར་དུ་ཞི་བ་དང་རྒྱས་པའི་སྦྱིན་སྲེག་གིས་ཀྱང་དོན་ཐམས་ཅད་སྒྲུབ་པར་གསུངས་སོ། །དེ་ནས་སློབ་མ་དབང་བསྐུར་ཕྱིར། །འཁོར་ལོས་སྒྱུར་རྒྱལ་སྦྱོར་བས་འཇུག །བདག་ཉིད་གནང་བ་ཐོབ་གྱུར་ནས། །
གཞན་དོན་མཆོག་འགྱུར་ཐེ་ཚོམ་མེད། །དེ་ནས་ཡང་སློབ་མས་དབང་བསྐུར་བའི་དོན་དུ། སློབ་དཔོན་ལ་གསོལ་བ་གདབ་སྟེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བའི། །ཇི་ལྟར་བཤད་པའི་རིན་ཆེན་ལྟར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨ་
སྤངས་ནས་ནི། །མགོན་པོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་མགོན་པོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །དེ་ནས་ཡང་ཕྱོགས་བཞི་ནས་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་
མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་ཞི་བ་ཆོས་མཆོག་ཡང་དག་འབྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་
པོ་གསུང་གི་མཆོག །དཀྱིལ་འཁོར་སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོས་སྒྱུར། །དཀྱིལ་འཁོར་དེ་ནས་རིགས་ལྔའི་སྡོམ་པ་དང་། དམ་ཚིག་རྣམས་དབོག་ཅིང་། དེ་དག་གི་སྔོན་དུ་རྒྱུན་བཤགས་ལ་སོགས་པས་ལེགས་པར་སྦྱངས་ན།
སློབ་དཔོན་ཡོལ་བའི་ནང་དུ་གནས་ལ། ལས་ཀྱི་རྡོ་རྗེས་ཕྱི་རོལ་དུ་ལས་ཐམས་ཅད་པའི་བུམ་པ་དེས་ཅི་རིགས་སུ་བཀྲུ་ཞིང་། གོས་དམར་པོས་གདོང་པ་གཡོགས་ཏེ། རྣམ་པར་སྣང་མཛད་དུ་བསྐྱེད་དེ། ཨ་ཁཾ་བཱི་ར་ཧཱུཾ། ཞེས་མེ་ཏོག་གི་ཕྲེང་བ་སྙིམ་པར་གཏད་ལ། རྡོ་རྗེ་ནས་འཛིན་དུ་བཅུག་སྟེ། བསླབ་བྱ་
དང་བཅས་པ་ཡོལ་བའི་རྩར་ཕྱིན་པ་དང་། ཞལ་བཞི་པ་དང་། ཏ་ཀྲྀ་ཏ་བཞིའི་སྔགས་དང་བཅས་པས། བགེགས་ཀྱི་ཚོགས་ཀུན་བསྐྲད་དེ། ཁྱོད་ནི་གང་ཞིག་ཅི་ལ་དགའ། །ཞེས་བསྒོ་བ་དང་དད་པས་ལེགས་པར་བསྒྲུབས་པ་སྟེ། སྐལ་བ་བཟང་ལ་བདག་དགའ་འོ། །ཞེས་སྨྲ་བར་གྱུར་པ་

དང་། དེ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་སྟེ། ཡོལ་བའི་ནང་དུ་འོང་བ་ན། །བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བརྗོད་དོ། །དེའི་སྙིང་གར་རྡོ་རྗེ་དང་བདུད་རྩིར་བཅས་པས་རྒྱས་བཏབ་སྟེ། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་དེ་ཁོ་ན་ཉིད་ཀྱི་གནས་ཆེན་པོ་འདི་ནི། ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་སྟེ། གང་དག་ཁྱོད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། དད་པ་ཆུང་བ་དག་དང་། ཡོངས་སུ་མ་སྨིན་པ་རྣམས་ལ་སྨྲ་བར་མི་རིགས་སོ། །གལ་ཏེ་བག་མེད་
པར་སྨྲས་ན་མགོ་འགས་པར་འགྱུར་རོ། །དེ་ནས་ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབ་ཅིང་། རྡོ་རྗེ་དང་བཅས་པའི་བདུད་རྩིའི་ཐིག་ལེ་བྱ་ཞིང་། ཉི་ཟླ་ཁ་སྦྱར་རེ་རེ་བཀོད་པར་བསྒོམས་ནས། དེ་ནས་ཡང་འདི་སྐད་དུ་བསྒོ་སྟེ། དེང་ནས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཆུད་
པ་ཡིན་པར་ཤེས་པར་བྱོས་ཤིག །དེ་ལྟ་བས་ན། ངས་ཁྱོད་ལ་ཡེ་ཤེས་ཆེན་པོའི་རྡོ་རྗེ་ངེས་པར་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་ཏེ་དངོས་གྲུབ་གཞན་ལྟ་ཅི་སྨོས། འདི་དག་ནི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་དག་གི་དྲུང་དུ་
བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེའོ། །རྡོ་རྗེ་སེམས་དཔའ་འང་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་གནས་པར་བྱས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་སཏྭ་ཧཱུཾ། དེ་ནས་པདྨའི་སྣོད་དུ་བསྒྲུབས་པའི་འཆི་མེད་དེ་ལས་རྡོ་རྗེ་བླངས་ཏེ། དེའི་ལྕེ་ལ་བཞག་
སྟེ། འདི་ནི་རྡོ་རྗེའི་བདུད་རྩིའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཀུན། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿདེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་པས་ངས་ཇི་ལྟར་བསྒོ་བའི་དགེ་བའི་ལས་རྣམས་ཁྱོད་ཀྱིས་བྱ་དགོས་པས། ང་ལ་བརྙས་པར་
འགྱུར་བའི་ལས་དག་མ་བྱེད་ཅིག །ཇི་ལྟར་དུ་མི་བདེ་བ་དག་མ་སྤངས་པར་ཚེའི་དུས་བྱས་ནས། སེམས་ཅན་དམྱལ་བར་གྱུར་ཏ་རེའོ། །དེ་ནས་ཡང་སློབ་མས་འདི་སྐད་དུ་གསོལ་བ་གདབ་པར་བྱ་སྟེ། བདག་ནི་དེ་ནས་བཟུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས། རྡོ་རྗེ་སེམས་དཔའ་

བདག་ལ་འབབ་པར་གྱུར་ཅིག །ཅེས་བརྗོད་ལ། བྱིན་རླབས་རྒྱུད་ལྡན་བླ་མས་ནི། །རྡོ་རྗེའི་སློབ་མ་བྱིན་བརླབ་ཕྱིར། །སློབ་མའི་ལུས་དང་རྟེན་འབྲེལ་རྫས། །ཐུགས་ཀྱི་བྱིན་རླབས་དཀྱིལ་འཁོར་གྱིས། །གསུང་གི་རྡོ་རྗེའི་རྣལ་འབྱོར་དེས། །སེམས་ནི་བྱིན་གྱིས་བརླབས་ཙམ་གྱིས། །གཡོ་ཞིང་རྟོགས་ཐོབ་
གང་ཡིན་པ། །སྟོབས་སུ་གྱུར་ཕྱིར་ཀུན་གྱིས་ཀྱང་། །རོལ་མོའི་སྒྲར་བཅས་རྟོགས་པ་བསྐྱེད། །བརྟན་པའི་ཆོ་ག་ཅི་རིགས་སྤྱད། །དེ་ལས་ཤེས་པ་བརྟན་གྱུར་ནས། །ཁ་དོག་ལ་སོགས་སྣང་བ་དྲིའོ། །དེ་ནས་ལས་ཀྱི་རྡོ་རྗེ་དང་བཅས་པས་བསྟོད་པའི་ཚིགས་སུ་བཅད་པ་དང་། དཀྱིལ་འཁོར་ཆེན་པོ་ལ་བསྐོར་
བ་བྱས་ནས། ནུབ་ཀྱི་སྒོ་ནས་ཤར་དུ་བལྟ་བས། མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་བར་བྱ་སྟེ། མ་ཧཱ་པཱུ་ཛྱ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་དེ། སླར་ཡང་བླངས་ཏེ། གཙུག་ཕུད་དུ་བཅིངས་ལ། པྲ་ཏི་གྲྀཧྞ་བཛྲ་ཧོཿགང་ལ་བབ་པའི་ལྷ་དེ་ཉིད་ཡི་དམ་ལྷ་རུ་བསྐྱེད་ཅིང་དབོག་གོ། །དེ་ནས་མིག་གཉིས་
ཨོཾ་དུ་བསམ། །འོད་འཕྲོས་ཁམས་གསུམ་དག་པར་མཐོང་། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ལ་བརྩོན་པར་བྱེད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཡེ་ཤེས་མཆོག་ཏུ་གསལ་བར་བྱེད། །ཧེ་བཛྲ་པཱ་ཤ །གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྲ་ཙཀྵུ་མ་ཧཱ་མཎྜལ་པྲ་བེ་ཤ་ཡ་ཕཊ། ཆོས་
རྣམས་གཟུགས་བརྙན་ལྟ་བུའི་དངོས། །དག་ཅིང་གསལ་ལ་མ་རྙོགས་པར། །གང་རྟོག་ཞིང་ཁམས་རྣམ་དག་མཆོག །བླ་ན་མེད་པའི་གནས་མཆོག་ཡིན། །རྡོ་རྗེ་ཐུགས་རྗེའི་རྒྱུན་གནས་པས། །སྤྲུལ་པའི་དཀྱིལ་འཁོར་རྒྱུན་མི་འཆད། །བདེན་པའི་བྱིན་གྱི་རླབས་ཀྱིས་མཐོང་། །ཕུན་སུམ་
ཚོགས་ཀུན་འདིས་འགྲུབ་འགྱུར། །དངོས་གྲུབ་སྒྲུབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་དོན་ལ་བརྩོན་པར་གྱིས། །ཤར་སོགས་སྒོ་བཞི་ནས་བརྩམས་ཏེ། །ཇི་སྲིད་གཙོ་ཚོགས་རིམ་པར་བསྟན། །དེར་རྗེས་རྣལ་འབྱོར་ཐམས་ཅད་ཀྱིས། །མགྲིན་གཅིག་ཏུ་ནི་བསྔགས་པ་ཡིས། །བཀྲ་ཤིས་
གླུ་དབྱངས་དུ་མར་བཅས། །བུམ་པ་བླངས་ཏེ་དབང་བསྐུར་བྱའོ། །ཇི་ལྟར་བལྟམས་པའི་དུས་ཀྱི་ཚེ། །ལྷ་རྣམས་ཀུན་གྱིས་དབང་བསྐུར་ལྟར། །དེ་ལྟར་དེ་བཞིན་གཤེགས་ཀུན་གྱིས། །རིགས་ཀྱི་བུ་ཁྱོད་དབང་བསྐུར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུཾ། ཨ་ཁཾ་བཱི་ར་ཧཱུཾ།

ཞེས་པ་ཆོ་ག་གསུམ་ལས་རིགས་ལྔའི་སྐུར་གསལ་བས། སྔ་མ་བཞིན་དུ་དབང་བསྐུར་བྱ་སྟེ། སངས་རྒྱས་ཀུན་དངོས་ཅོད་པན་དབང་། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པན་མཆོག་གི་དབང་བསྐུར་བས། །འཁོར་ལོས་སྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་ལཱཾ་མཱཾ་པཱཾ་ཏཱཾ་
ཧཱུཾ། རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཆོག་གིས་དབང་བསྐུར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མི། ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པའི། །ཐམས་
ཅད་སྟོང་ཉིད་དོན་སྟོན་པའི། །དྲིལ་བུའི་དབང་བསྐུར་བླ་ན་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པ་ཏ་ལེ་དྷརྨ་དྷཱ་ཏུ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུཾ། དེ་ནས་རྟག་པ་ཆེན་པོའི་དོན། །མཉམ་ཉིད་བདེ་བ་ཆེན་པོའི་སྐུར། །རྡོ་རྗེའི་རྒྱལ་པོ་བྱིན་གྱིས་བརླབས། །ངེས་པར་མ་ཡེངས་རྒྱུན་དུ་བསྒོམས། །ཨོཾ་བཛྲ་ཨ་དྷི་
པ་ཏི་སྟྭཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་སཏྭ་སྟྭཾ། བཛྲ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡ་ཧཱུཾ། ལྷག་པའི་ལྷ་ནི་གང་གང་གི། །དེ་དང་དེ་ཡི་མཚོན་བྱེད་བརྡ། །ཤྲཱི་ཡི་སྒྲ་ཡིས་མཛེས་བྱས་མིང་། །མ་འོངས་ཞིང་དུ་ལུང་སྟོན་འགྱུར། །བརྟུལ་ཞུགས་དབུགས་ཕྱུང་ལུང་བསྟན་པས། །
ཆོ་གའི་རྗེས་འགྲོར་གསུངས་པ་སྟེ། །བརྟུལ་ཞུགས་སྐུ་གསུང་ཐུགས་ཡིན་ཏེ། །ཕྱག་རྒྱ་གསུམ་གྱི་ཐུགས་རྒྱས་གདབ། །ཕྱག་རྒྱ་ཆེན་པོར་གང་གྱུར་པ། །རྡོ་རྗེ་དྲིལ་བུ་བྱིན་རླབས་གཏད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧོ་ཧཱུཾ་ཨོཾ། ཐོག་མཐའ་མེད་པའི་སེམས་
དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བདག་སྙེམས་བདག་མཛོད་ཅིག །ཧོཿཆོས་ཀྱི་དྲིལ་བུ་གཟུང་བར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བའི། །རྟག་ཏུ་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་མཆོག་ཏུ་
རྒྱལ་བས་གསུངས། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ཏུ་སྒྲུབ་པར་བྱེད། །འཁོར་བའི་བདེ་བ་ཤིན་ཏུ་ཆུང་། །དུཿཁ་ཆེན་པོ་དག་བྱའི་ཕྱིར། །མཆོག་ཏུ་བདེ་

བ་དམ་པའི་ཐབས། །དམ་ཚིག་འདི་དག་རྟག་ཏུ་སྐྱོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་བདེ་བ་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱའོ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །ཐབས་མཁས་མཆོག་ཆེན་བཞུགས་པའི་ཚེ། །
དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་མཆོག་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབས་པའི། །དམ་ཚིག་འདི་དག་རྟག་ཏུ་བསྲུངས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །ཕྱག་རྒྱ་ཆེན་པོའི་བརྟུལ་ཞུགས་མཆོག །སངས་
རྒྱས་ཀུན་གྱི་གནང་བ་སྦྱིན། །དེ་ནས་བདུད་དཔུང་འཇོམས་བྱེད་མཆོག །འབར་བ་ཆེན་པོའི་སྐུ་དབང་བསྐུར། །གྲི་གུག་ལ་སོགས་ཕྱག་མཚན་བསྣམས། །ཡི་གེ་བཅུ་པའི་གསང་སྔགས་མཆོག །མངོན་པར་བཟླས་ཤིང་རིམ་གྱིས་གཏད། །སྟོད་གཡོགས་སྨད་གཡོགས་དག་ལ་ཡང་། །ཉེ་བའི་
སྙིང་པོས་བྱིན་བརླབས་ལ། །ཐེག་ཆེན་དོན་ལྡན་དབང་བསྐུར་ཏེ། །སྦྲུལ་སོགས་ཐོད་པའི་ཕྲེང་བ་ལ། །ཕྲེང་བའི་སྔགས་ཀྱིས་བྱིན་བརླབས་ལ། །ལོངས་སྤྱོད་རྫོགས་སྐུར་དབང་བསྐུར་རོ། །གསུང་གི་བརྟུལ་ཞུགས་བརྟན་པ་ནི། །གསང་སྔགས་སྒྲུབ་དང་ཉན་པ་དང་། །དམ་ཚིག་རྗེས་གནང་མཆོད་པ་
གནང་། །ལས་བཞི་གྲུབ་ཆེན་བརྒྱད་སྒྲུབ་གནང་། །ཆོ་ག་ཇི་བཞིན་རྒྱས་པར་གཏད། །དེ་ནས་རྡོ་རྗེ་སློབ་དཔོན་མཆོག །འཁོར་ལོས་སྒྱུར་བར་དབང་བསྐུར་ཏེ། །པདྨའམ་སེང་གེའི་ཁྲི་སྟེང་དུ། །རྒྱལ་པོར་དབང་བསྐུར་དོན་ཕྱིར་གཞག །སྟེང་ནས་རིན་ཆེན་གདུགས་དཀར་དབུབ། །དེས་ཀྱང་ཇི་བཞིན་
གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་བཏབ་ལྟར། །བདག་ཀྱང་ངེས་པར་གྲོལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དེ་ཡི་རྗེས་ལ་རྣལ་འབྱོར་པའི། །ཚོགས་ཀྱི་སྔགས་བཅས་བཀྲ་ཤིས་དང་། །བུམ་པ་ལ་སོགས་ཀྱིས་དབང་བསྐུར། །ཁྱད་པར་
དུ་ཡང་རྡོ་རྗེའི་མིང་། །ཀུན་གྱི་བཀྲ་ཤིས་བརྗོད་ནས་ནི། །དབང་རྣམས་ཇི་ལྟ་བར་ཡང་བསྐུར། །ཀུན་གྱིས་ཚིག་ཏུ་རྗོད་བྱེད་པ། །ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །སེམས་དཔའི་མཆོག་ཏུ་དེང་གྲུབ་མཛོད། །ཀུན་མཆོག་

དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་གྲུབ་པར་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་གྲུབ་པར་མཛོད། །
ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་མཆོག་ཏུ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །རྒྱལ་བ་བདག་ཉིད་ཆེ་རང་བཞིན། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་ཚུལ་བདག་མཛོད་ཅིག།
དེ་ནས་གཞལ་ཡས་ཁང་པ་དང་། །ལྷ་ཡི་མཚན་ཉིད་རྣམ་དག་ལམ། །མྱ་ངན་འདས་དང་འཁོར་བའི་དངོས། །མ་བཅོས་དོན་དམ་རང་བཞིན་མཆོག །སྐལ་བཟང་དེ་ལ་གསལ་བར་བསྟན། །དམ་ཚིག་མཆོག་ཏུ་གྲུབ་པར་བྱེད། །དེ་ནས་དབེན་ཞིང་བདེར་གནས་པས། །ཚོགས་ཀྱི་མཆོད་པ་
ལ་སོགས་ཀུན། །ཉེ་བར་སྟ་གོན་གནས་བྱས་ཏེ། །རང་བཞིན་དག་ཅིང་སྦྱངས་པས་མཛེས། །ཆོས་ཀུན་མཚན་ཉིད་བཤད་པ་དེས། །ནམ་གྱི་གུང་ལ་མཉམ་སྦྱར་ནས། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །དྲི་མེད་བདུད་རྩིར་བྱིན་བརླབས་པའི། །ལྕེ་ཡི་པད་སྟེང་རྡོ་རྗེའི་རྩེར། །བདེ་བ་
ཆེན་པོའི་སྙིང་པོར་སྦྱིན། །ངག་གི་སྒྲར་བཅས་དམ་ཚིག་བསྒྲགས། །དེ་ནས་རིགས་དང་རྒྱུད་སྦྱངས་ལ། །བརྡ་དང་གར་ལ་སོགས་པ་ཡིས། །ནམ་ཕྱེད་དུས་སུ་བུམ་དབང་བསྐུར། །ཕྱི་རོལ་སྦྱོར་བ་དག་པ་དང་། །རྩ་གནས་རླུང་གི་སྦྱོར་བ་མཁས། །བདེ་བ་ཆེ་ལ་ལྷག་པར་དང་། །དེ་ལ་སྒྱུ་མའི་
དཀྱིལ་འཁོར་དུ། །ཡེ་ཤེས་རྟོགས་ཕྱིར་དབང་བསྐུར་མཆོག །བག་ཡངས་ཉམ་ང་བློས་ཐོངས་ཚེ། །སྐད་ཅིག་སྐད་ཅིག་དབྱེར་མེད་པར། །བདེ་བ་ཆེན་པོའི་བདག་ཉིད་སད། །མ་ནིང་མཁན་པོ་སྒྲ་མཁན་དང་། །ཚད་མ་རྟོག་གེའི་སྤྱོད་ཡུལ་མིན། །དགག་ཅིང་སྒྲུབ་ལས་འདས་པས་ན། །བརྗོད་
བྲལ་ལྷན་ཅིག་སྐྱེས་དགར་གསུངས། །འདི་དག་བདེ་བར་སྐྱོང་བྱེད་རྣམས། །བསླབ་བཞི་འདུལ་སྒོམ་དམ་ཚིག་ཀུན། །ངེས་པར་བསྲུང་ཕྱིར་སེམས་བདག་ཉིད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དཀོན་མཆོག་གསུམ་གྱི་དགྲ་བསད་ཅིང་། །འདོད་ལ་ངེས་པར་ཆགས་ཕྱིར་སྤྱད། །

གཞན་གྱི་ལོངས་སྤྱོད་བག་མེད་བླངས། །དངོས་ཀུན་བརྫུན་སོགས་སྒྱུ་མར་སྨྲ། །ཚོགས་དྲུག་བདེ་ཆེན་ལོངས་སྤྱོད་སྤྱད། །གྲུབ་པ་ལྔ་དང་ལྕགས་ཀྱུ་ལྔ། །ལོངས་སྤྱོད་ལྔ་སོགས་རྒྱུན་དུ་སྤྱད། །རྟག་ཏུ་སེམས་ལས་དངོས་གྲུབ་བསྒྲུབས། །དུས་གསུམ་རྟག་པའི་སྐུ་རུ་གནས། །དེ་ལྟར་
དེ་བཞིན་གཤེགས་གྱུར་ནས། །སངས་རྒྱས་སྲས་སུ་ལུང་བསྟན་ཏེ། །བུ་ལ་སྟོན་པའི་ཕྱག་མཚན་བསྐོན། །གཡས་པ་སྐྱབས་སྦྱིན་གཡོན་མཉམ་གཞག །སེམས་ཅན་དོན་སྒྲུབ་ཚུལ་དུ་ལངས། །དེ་ལ་མགྲིན་ཅིག་ཚིག་འདི་བརྗོད། །ཨོཾ་ངས་ཁྱོད་འདི་ལྟར་ལུང་བསྟན་ཏེ། །སྲིད་པའི་ངན་
འགྲོ་རྣམས་ལས་བཏོན། །སྲིད་པ་མཆོག་ཏུ་བསྒྲུབ་པའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ་མཾ་བྷུར་བྷུ་ཝ་སྭཿ། དེ་ནས་དབུགས་དབྱུང་སྦྱིན་བྱ་སྟེ། །དེ་རིང་ཁྱོད་བདག་ལེགས་པར་རྙེད། །མི་ཡི་སྲིད་པ་དོན་དང་བཅས། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །
སེམས་ཉིད་རང་བྱུང་བ་ཡི་གཏེར། །ཕུན་སུམ་ཚོགས་པའི་ཉེ་བ་གནས། །གསང་སྔགས་མཉམ་མེད་སེམས་ལས་གྲུབ། །ཟག་པ་མེད་པའི་དཀྱིལ་འཁོར་ཆེ། །མཐོང་བའམ་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་མཆོག་རྨད་བྱུང་རྙེད། །འགྲོ་བ་ཀུན་
གྱི་སྐྱབས་གནས་མཆོག །བདུད་བཞི་འཇོམས་ཤིང་དུཿཁ་ཡི། །སྐྱེ་རྒ་ན་འཆི་འཇིག་པར་བྱེད། །སྲིད་པའི་ངོ་བོ་ཉིད་དག་པའི། །ཕྱག་ན་རྡོ་རྗེ་དེང་གྱུར་ཏོ། །དེ་ནས་དེའི་སེམས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། བྱང་ཆུབ་ཆེན་པོའི་རྒྱུར་གནས་པའི། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་
ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །ལྷ་དང་ལྷ་མོའི་དཀྱིལ་འཁོར་མཆོག །ཡེ་ནས་རང་བྱུང་ཡེ་ཤེས་ཆེའོ། །བདག་ཉིད་ཆེན་པོ་རྟག་པའི་ལྷ། །མ་བསྒྲུབས་རྡོ་རྗེ་སེམས་དཔར་གནས། །དེ་ནས་བློ་ལྡན་སློབ་མ་ཡིས། །བདག་ཉིད་མཆོག་ཏུ་གྱུར་ཤེས་ནས། །
བླ་མ་ལ་ནི་འབྱོར་པའི་མཆོག །ཅི་ནུས་དད་པས་དབུལ་བར་བྱའོ། །དེ་ནས་ཚོགས་ཀྱིས་མཆོད་པ་དང་། །ཞི་བའི་སྦྱིན་སྲེག་བརྒྱའམ་སྟོང་། །འབྱུང་པོ་ཀུན་ལ་གཏོར་མས་མཆོད། །སྐྱེ་བོ་གཞན་ཡང་མགུ་བྱ་ཡི། །ལོངས་སྤྱོད་ཅི་རིགས་མཁས་པས་སྦྱིན། །དེ་ནས་བཟོད་གསོལ་

བཤགས་པ་དང་། །ཡེ་ཤེས་དཀྱིལ་འཁོར་གཤེགས་སུ་གསོལ། །རྡུལ་ཚོན་མཚན་མ་ཀུན་བསྡུས་ཏེ། །བསྔོ་བ་དག་བྱས་ཆུ་བོར་དོར། །བླ་མ་མཉེས་བྱས་ཅི་རིགས་གཤེགས། །མཐར་ནི་དམ་ཚིག་མཆོག་གིས་བསྟན། །བདག་གཞན་དོན་རྣམས་རབ་བསྒྲུབ་ཕྱིར། །རྟག་
ཏུ་བདེ་བའི་མཆོག་གནས་པས། །རང་གི་དམ་ཚིག་བསྲུང་བར་གྱིས། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དམ་ཚིག་སྒྲུབ་པར་བྱེད་པའི་ཆོ་ག །དངོས་གྲུབ་མཉེས་པའི་སློབ་དཔོན་ཆེན་པོ་དཔལ་ལ་ལི་ཏ་བཛྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་མོ་གྷ་བཛྲ་དང་། །
ལོ་ཙཱ་བ་མར་པ་དགེ་བསྙེན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པ་ད་བི་བྷེ་ད་ནཱ་མ། བོད་སྐད་དུ། རྡོ་རྗེའི་ཚིག་རྣམ་པར་དབྱེ་བ་ཞེས་བྱ་བ། གང་ཞིག་ཁྲོ་བ་ལས་རྒྱལ་ལེགས་པ་དུ་མ་འབྱུང་བའི་གནས། །དུཿཁ་ཆེ་འཇོམས་བདེ་བ་རབ་
རྒྱས་བདེ་ཆེན་མ་ཧེའི་ཞལ། །ཆགས་ལས་རྣམ་རྒྱལ་ཆགས་བྲལ་རབ་འཇོམས་མཚན་མ་ལེགས་བསྒྲེངས་པའི། །བཅོམ་ལྡན་འཇིགས་མཛད་ཧེ་རུ་ཀ་ལ་ཀུན་ནས་གུས་ཕྱག་འཚལ། །གང་ཞིག་ཁམས་ཀྱི་སྙིང་པོ་བདེ་བ་འཛིན་བྱེད་དགེ་སློང་ཆེན་པོ་ཡིན་ཕྱིར་དམ་ཚིག་སྡོམ་པས་བརྒྱན། །རྒས་
པའི་འཇིགས་བྲལ་རྣམ་པར་མཛེས་ལྡན་གཟུགས་བཟང་དྲི་མེད་གཟི་འོད་རབ་རྒྱས་ཡུན་རིང་བདེ་བར་འཚོ། །རྡོ་རྗེའི་སྐུ་ཐོབ་མཚན་དཔེས་རབ་བརྒྱན་ལྷ་དང་ལྷ་མིན་གནོད་སྦྱིན་གདེངས་ཀ་མཁའ་འགྲོ་དབང་དུ་བསྡུ། །རྒྱལ་བའི་ཐུགས་མཐོང་དམྱལ་བའི་འཇིགས་འཇོམས་དེ་ཡི་མདུན་ན་རྡོ་རྗེ་འཆང་
གནས་གཤིན་རྗེའི་གྲོང་ལས་རིང་། །བྱང་ཆུབ་སེམས་ཉམས་མཁའ་འགྲོའི་གྲོང་ཁྱེར་བྱེ་བ་འཇིགས་འགྱུར་ལྷ་དང་བླ་མ་སྒྲུབ་ལ་སྤྱན་མི་བལྟ། །བདེ་བ་སྤངས་ཕྱིར་ཚུལ་ཁྲིམས་འཆལ་གྱུར་དམ་ཚིག་ལས་འདས་ཐུབ་དབང་བསླུས་པས་དམྱལ་བའི་དུཿཁ་མྱོང་། །གཟི་འོད་རབ་ཟད་རྒྱུད་
ལས་ཉེར་གཟིར་ཕྲིན་ལས་ཉམས་ཤིང་དངོས་གྲུབ་རིང་གྱུར་རྒས་དང་འཆི་བས་འཇོམས། །ལྟུང་བའི་བདེ་བས་ཡེ་ཤེས་མི་མཐོང་འདོད་ཆགས་དབང་གྱུར་རྣལ་འབྱོར་ལམ་མིན་ཚེ་འདིར་འབྲས་བུ་འགག །སོ་སོའི་སྐྱེ་བོ་ཉམས་ཕྱིར་འབྲས་ཆང་ཟག་དང་དོན་མེད་ཚངས་སྤྱོད་སྐམས་གྱུར་དོན་

ཆུང་གླ་རྩི་ངན། །རྣལ་འབྱོར་ཐབས་དང་ལྡན་པའི་ཐིག་ལེ་དོན་ལྡན་འགྱུར་ཏེ་མཛངས་པའི་ནོར་ཡིན་ཡོན་ཏན་རབ་ཏུ་འཕེལ། །སྦྱོར་ལམ་ལ་ནི་ཡུན་རིངས་འབད་ཀྱང་སྐད་ཅིག་གིས་ཉམས་ལོ་ཟླའི་འབྲས་བུ་སེར་བས་འཇོམས་པ་ལྟར། །རྫས་དང་ལམ་ཁ་ཁ་ཟས་འཁྲུལ་འཁོར་རླུང་དང་
དམིགས་པས་རང་ལུས་སྣ་ཚོགས་འདི་འཕེལ་བྱ། །ཚད་མེད་སྙིང་རྗེ་རབ་རྒྱས་སྐྱབས་འགྲོ་སེམས་བསྐྱེད་རྒྱ་ཆེན་སེམས་དཔའ་གསུམ་ལྡན་སྔོན་དུ་སྟོང་པར་སྒོམ། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལག་གཉིས་མཉམ་གཞག་ལུས་བསྲང་མགྲིན་པ་དགུག་ཅིང་དཔུང་མགོ་ལེགས་པར་བརྐྱང་། །སྣ་
རྩེར་མིག་གཏད་ཕྱིར་ལ་རླུང་བུད་ནང་དུ་བསྡུ་དང་བསྐྱར་ཏེ་དགང་ཞིང་མཇུག་ཏུ་གྱེན་ལ་འཕང་རོ་རྐྱང་། །མི་ཕྱེད་ཕྲ་གཟུགས་བརྟན་འཛིན་རྟོག་མེད་གང་བའི་དབུས་དེར་འབར་བའི་ཨ་ཐུང་ལ་སེལ་བྱ། །མེ་དང་ཉི་མ་ལན་ཚྭ་སྤངས་ལ་མཐུན་པའི་ཟས་བརྟེན་ཐོག་མར་རང་ལུས་བསྒོམ་བྱ་དགེ་བ་
བསྔོ། །ཚ་ཞིང་གཟེར་ཟུག་འཐེམས་འཆུས་ལྷགས་པས་ལུས་དང་རྩ་ཡིན་སྟོང་དང་བུག་པ་རླུང་མེ་ཆུ་ས་སྒོམ། །ནམ་མཁར་སྡིགས་མཛུབ་རྡོ་རྗེ་རོལ་པ་སེང་གེ་རྣམ་གྲོལ་བརྐྱང་བསྐུམ་རོལ་སྟབས་རི་བོང་གྱད་འཛིན་དང་། །ཀ་ར་ན་ཏེ་འཁྲུལ་འཁོར་འདི་དྲུག་མདུན་རྒྱབ་གཡས་གཡོན་རྡོ་རྗེ་
གར་བྱ་དྲག་པོའི་རླུང་གི་བུ། །སྟེང་དང་འོག་ཏུ་བལྟ་ཞིང་འདུག་སྟེ་བརྩོན་པས་འབད་ན་རྩ་ཡི་སྟོབས་རྒྱས་ལུས་ཀྱི་ནད་རྣམས་འཇོམས། །དབུག་རྔམ་རྒོད་འགག་བཟློག་འཚུབ་གཏོར་བ་རླུང་དང་ངག་སྟེ་གཡས་གཡོན་མདུན་རྒྱབ་སྟེང་འོག་བུག་པ་སྒོམ། །སྟག་མོའི་སྐྱུག་སྟངས་
སྦྲུལ་གྱི་བྱ་བ་བསྙེངས་དང་རྒོད་ཀྱི་ལྡིང་ཐབས་རི་བོང་མཆོག་འགྲོས་རྨ་བྱའི་མཇིང་སྐོར་དང་། །སེང་གེའི་སྤྲུག་སྟངས་འཁྲུལ་འཁོར་འདི་དྲུག་ཧ་རིངས་ཧི་ཐུང་ཧཱུཾ་ཞེས་དྲག་པའི་རླུང་དང་བཅས་ཏེ་བུ། །དེས་ནི་བཟློག་འཚུབ་གཏོར་བའི་སྐྱོན་སྤོང་རླུང་གི་སྟོབས་རྒྱས་ངག་གི་ནད་རྣམས་འཇོམས་པར་
བྱེད། །འབྱོངས་འདུས་ལྟེངས་པ་ཡིད་ཀྱི་སྐྱོན་ནི་ཉམས་ཤིང་སྐམ་གྱུར་ཆག་དང་ཟུག་རྔུ་སྐྱེས་པ་ཐིག་ལེའི་གགས། །སེམས་ནི་བསྡུས་ཕྱིར་ཧཱུཾ་གྱུར་སླར་ཞུགས་དབུ་མར་ཐིམ་སྟེ་གསང་ཞིང་འཕང་བྱ་གང་འདོད་ཡིད་ལ་བསམ། །གུ་གུལ་ཡུངས་ཀར་ཐལ་ཆེན་གྲི་ཁྲག་དུག་དང་རུས་པ་

སྦྲང་མར་གཅན་གཟན་པགས་པ་ཚ་བ་གསུམ། །འཁྲུལ་འཁོར་དྲུག་དང་རྫས་སྔགས་དམིགས་པ་གཟུང་བཟློག་དགྲམ་སྟེ་ཐིག་ལེའི་སྟོབས་རྒྱས་ཡིད་ཀྱི་ནད་རྣམས་འཇོམས། །མེ་ཕྲེང་སྡོང་པོ་གཙུབ་ཤིང་འཁོར་ལོ་སུམ་འགྱུར་ཀུན་ཁྱབ་མེ་ཡི་དཀྱིལ་འཁོར་དྲོད་ཀྱི་བོགས་སུ་
འགྱུར། །རླུང་གི་གཞུ་ཡིས་མེ་ཡི་མདའ་འཕངས་ཧཾ་གི་འབེན་བཅོམ་ལྟེ་བའི་སྙོམས་འཇུག་ཡིད་འཕྲོག་པདྨ་དང་། །སྟེང་འོག་རླུང་གི་འཁོར་ལོ་ཁ་སྦྱོར་འོག་མ་འབྱེད་འཛུམ་ཡིད་ཀྱི་རིག་མ་བདེ་སྟོང་བོགས་སུ་འགྱུར། །པདྨའི་ཕྲེང་བ་ཏིལ་གྱི་མར་མེ་མཐིང་གི་རྒྱ་མཚོ་རླུང་གི་བ་དན་གསལ་བའི་བོགས་སུ་
འགྱུར། །ལག་པའི་ཕྱག་རྒྱས་རིགས་ལྔའི་འཁོར་ལོ་གསང་བའི་རྡོ་རྗེ་ཞི་བས་གསོར་ཏེ་དཀར་བསིལ་རི་བོང་དབབ། །འོག་རླུང་འཐེན་ཞིང་སྒོ་གཅིག་བསྡམས་ཏེ་གླིང་བཞི་བསྡུས་ནས་རིག་བྱེད་སོར་མོས་ལམ་གཉིས་མཚམས་སུ་མནན། །ཡིད་ཀྱི་ཕྱག་རྒྱ་ཡིད་འོང་ལ་སེམས་སྙོམས་འཇུག་
ཏིང་འཛིན་གཡོས་པས་བདེ་སྟོང་དགའ་བ་དང་པོའོ། །མཆོག་གི་གཉེན་པོ་རྩོལ་བ་དོར་ལ་དབང་པོ་བཟློག་ཅིང་ལམ་གཅིག་གླིང་བཞི་རྩོལ་མེད་མགྲིན་པ་དགུག །སྟེང་དང་འོག་ལ་རླུང་ལ་འདོར་ལེན་བྱ་ཞིང་ཆགས་པས་མི་འཕྲོགས་ཏིང་འཛིན་རོ་མྱང་ཧཾ་ལ་གཏད། །རྡོ་རྗེ་ཁུ་ཚུར་གླིང་བཞི་བསྡུ་
ཞིང་ངན་འགྲོའི་ལམ་དག་རྒྱ་མཚོ་རི་རབ་ལ་སྦྱར་ལྷུན་པོ་དགུག །རོ་འཛིན་ཉི་ཟླ་སྟེང་ཕྱོགས་ཐུར་སེལ་གྱེན་ལ་འདྲེན་ཅིང་སེམས་དང་ཐིག་ལེ་ནམ་མཁའི་དབུས་སུ་གཏད། །ལྷ་དབང་ལྷུན་པོ་གླང་པོ་སྣར་འཛིན་རྣམ་འགྱིང་རོལ་པ་རྡོ་རྗེ་གཙུག་ཏོར་བརྒྱད་ཀྱི་འཛིན་སྟངས་དང་། །རྩེ་གསུམ་གདེངས་ཀ་འདི་དྲུག་
ཧིཀ་དང་ཧཱུཾ་གིས་སྟེང་འོག་རླུང་གཟུང་དྲག་ཏུ་འཐེན་པས་བདུན་གྱིས་འདྲོངས། །སྤྲུགས་པ་གར་དང་སེང་གེ་རྣམ་རོལ་རྣམ་འགྱིང་གཞོན་ནུ་ཀུན་སྤྱོད་ལྷ་མོའི་རོལ་སྟབས་ཀྱིས། །ལྡང་དང་འདུག་ཅིང་ཐམས་ཅད་བསྐྱོད་པས་སྣ་ཚོགས་ལུས་སྤྲུག་རབ་ཏུ་གསིག་ཅིང་སྐྱིལ་ཀྲུང་གདན་ལ་འཕགས། །
རླུང་དང་བཅས་པས་རོ་སྟོད་རོ་སྨད་མགོ་དང་དབང་པོ་ཡན་ལག་བཞི་སྟེ་གང་འདོད་རྣམས་སུ་དགྲམ། །ཐིག་ལེ་ཀུན་ཁྱབ་ཡེ་ཤེས་བདེ་ཆེན་རོས་གང་བསྒོམས་པས་བཞི་པའི་དགའ་བ་རྡོ་རྗེ་འཆང་དུ་འགྱུར། །སྒྲུབ་འདོད་སློབ་མ་ཐེག་ཆེན་རིགས་གྱུར་གསང་སྔགས་ལ་མོས་བླ་མ་བཟང་འཛིན་

ཐར་པ་འདོད་རྣམས་ཀྱིས། །དང་པོའི་དོན་དུ་རྣམ་བདུན་དབང་སྦྱིན་མཆོག་དབང་བསྐུར་ལ་སློབ་མ་སྨིན་བྱས་སྐལ་ལྡན་ཉིད་དུ་སྒྲུབས། །བླ་མ་ལ་གུས་བློ་བཟང་ལང་ཚོ་བརྩོན་བཅས་གྱུར་ན་གདམས་པ་མཆོག་སྦྱིན་དམ་ཚིག་དོན་དུ་བསྟན། །རྣལ་འབྱོར་རྟོག་བྲལ་དཀར་པོ་མི་ཉམས་ཏིང་འཛིན་རྒྱས་
བྱེད་ཀུན་མཁྱེན་ཐོབ་ཕྱིར་ཐབས་དང་ལྡན་པས་བྱ། །གང་ཞིག་དཀར་པོ་མི་འདོར་རྣལ་འབྱོར་པས་ནི་རྒྱལ་བའི་བདེ་བ་སྒྲུབ་ཅིང་ཕོ་ཉའི་ལམ། །དཔལ་ལྡན་འདུས་པ་མ་ལུས་རྒྱུད་དུ་ཐུབ་དབང་རྣམས་ཀྱིས་ཡང་དག་ལམ་དུ་ཐབས་འདི་ལེགས་པར་གསུངས། །སྒྲུབ་པོ་ལང་ཚོས་ལུས་དར་རྩ་
བཟངས་བརྩོན་བཅས་བློ་གྲོས་བཟང་ལྡན་དབང་གིས་རྣམ་པར་སྨིན། །གསུམ་པའི་དབང་ཐོབ་སྔགས་དང་རྒྱུད་ཀྱི་ཕ་རོལ་སོན་ཅིང་བླ་མའི་ལུང་གིས་སྒྲུབ་དང་སྐྱོན་སེལ་མཁས། །དབང་གི་ཡེ་ཤེས་མངོན་དུ་བྱས་ཏེ་རྩ་དང་རླུང་འབྱོངས་ཐིག་ལེ་ལ་དབང་གཉེན་པོ་འཛིན་ནུས་ཤིང་། །དབང་དང་དཀྱིལ་
འཁོར་ལྷ་སྔགས་རྫོགས་རིམ་ཐབས་ལམ་མཐར་ཕྱིན་སེམས་ཉིད་ངེས་རྟོགས་ས་བཅུ་མངོན་དུ་འགྱུར། །དཔལ་ལྡན་རྒྱུད་མཆོག་རྒྱ་ཆེན་བླ་མའི་མན་ངག་རབ་ཟབ་རྣམས་ལས་དྲི་མེད་བདུད་རྩིའི་བཅུད་བབས་པས། །ཐབས་ལམ་མན་ངག་རྡོ་རྗེའི་ཚིག་འབྱེད་མེ་ཏོག་ཕྲེང་འཛིན་སྦས་པའི་གནད་འདི་
དོན་ཡོད་རྡོ་རྗེས་ཕྱེ། །དེ་ཡི་དགེ་བ་མཐའ་ཡས་རྒྱ་ཆེན་མི་ཉུང་དེས་ནི་བདེ་ཆེན་དབུས་སུ་ལྷན་ཅིག་སྐྱེས་པས་རབ་ཏུ་འཁྱུད་གྱུར་ཅིག །འགྲོ་བ་ཀུན་གྱི་བསྐལ་པའི་ལམ་ཆེན་ཚེ་འདིར་བགྲོད་དེ་རྡོ་རྗེ་འཆང་དབང་སྔོན་དུ་བྱེད་པར་ཤོག །རྒྱུད་དང་མན་ངག་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་བསྡེབས་
མཚན་མ་གྱེན་འགྲེང་ཐིག་ལེའི་འཁྲུལ་འཁོར་གྱི་མན་ངག །རྡོ་རྗེའི་ཚིག་རྣམ་པར་དབྱེ་བ་ཞེས་བྱ་བ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་མོ་གྷ་བཛྲས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙཱརྩི་ཀཱ་ཀརྨ་སཱ་དྷ་ནཱཾ། བོད་སྐད་དུ། རྡོ་རྗེ་ཙཱརྩི་ཀཱའི་ལས་སྒྲུབ་
པའི་ཐབས། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་དང་ལྡན་པའི་སྒྲུབ་པ་པོས། དུར་ཁྲོད་དུ་ཕྱིན་ལ་དབེན་པར་བྱ་སྟེ། ཞག་བདུན་དུ་བསྒྲུབ་པར་བྱའོ། །མདུན་དུ་མཎྜལ་མདའ་གང་གི་ཚད་ཀྱི་གྲུ་བཞི་པ། དབུས་སུ་སོར་ཉི་ཤུ་པའི་

ཐབ་ཁུང་བརྐོ་ཞིང་། སྟེང་དུ་ཁ་ཁྱེར་བརྩིག་པར་བྱའོ། །དེ་ལ་དུར་ཁྲོད་ཀྱི་སོལ་བས་བྱུག །དེའི་གྲྭ་ལྷ་སྦྱིན་གྱི་ཕྱོགས་སུ་བསྟན། ལྕགས་ལས་བྱས་པའི་རྡོ་རྗེ་རྩེ་གཅིག་པ་སོར་བཅུ་གཉིས་པ་མདུན་དུ་དགོད། འབྲས་ཕྱེ་དང་ལྷ་སྦྱིན་གྱི་རྫས་ལ་བརྟག་པ་བྱས་ལ།
ཨརྒའི་ལོ་མ་ལ་རིགས་དང་མིང་བྲིས་ལ། སྙིང་གར་བཅུག་ལ། བྷི་ཀུའི་སྲད་བུས་བཏགས་ཏེ་མགོ་བོར་བཅིང་། དེའི་སྟེང་དུ་མན་ཇིའི་སྟེང་དུ། ཀོ་ཤ་ཀ་པཱ་ལར། ཤ་ཁྲག་གམ། གཏོར་མ་གཞག་གོ། །དེ་ལྟར་གཏོར་མ་རྒྱུན་དུ་བཏང་ངོ་། །དེ་ནས་བདག་ཉིད་གཤིན་རྗེའི་གཤེད་དམར་
པོ་རྣལ་འབྱོར་དང་ལྡན་པས། མདུན་གྱི་ཟུར་དེར། དཔལ་ལྷ་མོ་ཙཎྜི་ཀ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་ནག །གཡས་གྲི་གུག །གཡོན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། བདག་གི་བཀའ་ལུང་ཉན་པར་བསྒོམས་པ། དམ་ཚིག་གི་རྫས་ཕུལ་བས་མཉེས་པར་
བྱའོ། །ཨོཾ་ཤྲཱི་ཡ་མཱནྟ་བཛྲ། ཙཎྜི་ཀ །རཀྟ་ཛ་ཊི། ཨ་མུ་ཀཾ། ཀ་པ་ཏྲི་ཡན་ཏྲི་པ་ན་ཏྲི། ཀ་བིད་ཏྲཱི། མ་ཧཱ་ནི་ཏྲི། ཀ་ལ་ན་ཏྲི། པི་ཙོ་ཀ་ཡ། མ་ཙུ་ཁོ། ཨུ་ལ་ཙ་ཙུ་ཏྲི། ཁ་ན་ཨུ་མ་ཙོ། །ཁོ་ལ་ན་ཙོ། །བཛྲ་ཙ་མུཎྜི་ཧཱུཾ། པཱུ་ཙ་ཨུ་ཨ་ཁ་མུཎྜི། ཨི་ཙི་མི་ཙི། ཕུ་ལ་ཨུ་མ་ཙི། ཁོ་ཁུ་ལི། མི་ལི་ཙུ་
པ་ཙ་རོ། །ཙ་མུཎྜི། ཀ་ར་ཨི་ཀ་ར། སརྦ་དུཥྚཱན། ཨ་མུ་ཀཾ། མཱ་ར་ཡ་ཕཊ། ཨི་མཾ་བ་ལིཾ། རཀྟ་ཙིཏྟ། ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་དུཥྚཱན། ཨ་མུ་ཀཾ། མཱ་ར་ཡ་ཕཊ། ཅེས་པ་དང་། སྐབས་སུ་དྲག་པོའི་རྫས་ཀྱི་སྦྱིན་སྲེག་གིས་ལྷ་སྦྱིན་ལ་བརྡེག་པར་བྱའོ། །དཀྱིལ་འཁོར་དུ་སྲོག་ཆགས་མུན་ཊོ་
ཀ་ལ་ངར་སྒྲ་སྒྲོགས་པ་དང་། རཀྟ་ས་མུ་དྲ་བྱུང་བ་དང་། རྡོ་རྗེ་རྩེ་གཅིག་པས་ལྷ་སྦྱིན་ལ་བརྡུང་བ་དང་གདབ་པར་བྱའོ། །ལྷ་སྦྱིན་ཡི་དགས་དང་། མིང་ལ་སོགས་པ་ཐབ་ཁུང་དུ་སྦྱིན་སྲེག་བྱའོ། །གཏོར་མ་ཡང་ལྷ་སྦྱིན་གྱི་ཕྱོགས་སུ་དོར་རོ། །དེས་མ་གྲུབ་ན་ལན་གཉིས་གསུམ་དུ་བསྒྲུབ་
པར་བྱའོ། །དེས་ཀྱང་ལས་མི་བྱེད་ན། དཔལ་རྡོ་རྗེ་ཙཎྜི་ཀ་སྔོན་གྱི་ཐུགས་དམ་དྲན་དུ་གཞུག་པའི་མན་ངག་བྱ་སྟེ། གནད་ལ་དབབ་པས། མནའ་བསྐྱལ་བའི་དམ་ཚིག་དྲན་པའི་ཕྱིར་རོ། །དེ་ལྟར་བྱས་ན་སྒྲུབ་པ་པོའི་བསམ་པ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཙཎྜི་ཀའི་ལས་སྒྲུབ་པའི་ཐབས་

སློབ་དཔོན་ཆེན་པོ་བྲམ་ཟེ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་རྒྱལ་སྲས་བི་བྷཱུ་ཏི་ཙཎྜིའི་ཞལ་སྔ་ནས། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་སྐུ་མཁར་ཉི་གཟུངས་སུ་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་བྷཻ་ར་ཝ་སཱདྷ་
ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རབ་ཏུ་ཁྲོས་ཤིང་གདུག་པ་འདུལ། །མ་ལུས་ལོག་པའི་བདུད་འདུལ་བ། །ཞལ་དང་ཕྱག་དྲུག་མཚོན་ཆ་འཛིན། །མ་ཧེ་ཞལ་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་པའི་རིམ་པ་ཞིག །བདག་
གིས་དྲན་ནས་བརྩམ་པར་བྱ། །དང་པོར་ཡིད་དང་མཐུན་པའི་གནས་སུ་བདག་ཉིད་ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ནས། ཨོཾ་བཛྲ་བྷཱཻ་ར་བ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་པས་ལུས་བསྲུངས་ནས། བླ་མ་དཀོན་མཆོག་ལ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །
ཨོཾ་ཨ་བྷ་བཱ་སྭ་བྷ་ཝ་བི་ཤུདྡྷ་བཛྲ་ཙཀྲ་ཨ་ཨ་ཨཾ་ཨ། ཞེས་བྱ་བས་སྟོང་པ་ཉིད་བསྒོམ་མོ། །དེ་ནས་བདག་ཉིད་ཡི་གེ་ཨར་གནས་པ་ལས་དེའི་འོད་ཟེར་གྱིས་ཚངས་པ་དང་བརྒྱ་བྱིན་གྱི་སྟེང་དུ་ཨ་ཞུ་བ་ལས་ཨུཏྤལ་འཁོར་ལོས་མཚན་པ་དེ་ཞུ་བ་ལས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཞེས་བྱ་བ་སྐུ་མདོག་མཐིང་
ནག་གཡས་ན་རྡོ་རྗེ་གཡོན་ན་ཨུཏྤལ་འཛིན་པ། གཞོན་ནུའི་ཆ་ལུགས་ལ་རྒྱན་གྱིས་བརྒྱན་པ་བསམ་མོ། །དེའི་ཐུགས་ཀ་ནས་ཉི་མ་ལ་ཧཱུཾ་གནས་པ་ཅན་དུ་བསམས་ཏེ། ཧཱུཾ་ཞེས་བྱ་བའི་སྒྲ་རྒྱུན་མི་འཆད་པར་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད། །ཚུར་ཧཱུཾ་ལ་ཐིམ་པས། ཞེ་སྡང་གི་སྐུར་
གྱུར་པ་ནི། ཞལ་དྲུག་ཕྱག་རྣམ་པ་དྲུག་དང་ལྡན་པ། སྟོབས་ཆེ་བ། མ་ཧེའི་ཞལ་ཅན། སྐུ་མདོག་མཐིང་ནག །མི་མགོ་བརྒྱའི་དོ་ཤལ་ཅན། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཕྱག་དྲུག་གཡས་གཡོན་གྱི་དང་པོ་ཀེང་རུས་ཀྱི་དབྱུག་པ་དང་རྡོ་རྗེ་བསྣམས་པ། གཡས་གཡོན་གྱི་བར་པ་ན་
མདའ་གཞུ་དང་རལ་གྲི། ཐ་མ་ན་སྣ་ཚོགས་རྡོ་རྗེ་དང་མདུང་བསྣམས་པའོ། །དེ་ལས་ཚད་མེད་པ་བཞིའི་ཁྲོ་བོ་འཕྲོ་བ་ཅན་ནོ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ་བསྒོམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་བསམས་ལ། སྤྱན་དྲང་བ་ལ་སོགས་པ་རྫོགས་པ་དང་གསང་སྔགས་བཟླས་པ་

ནི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ། ཞེས་པའམ། ཨོཾ་དུཿཁ་ཚེ་ད་ཧཱུཾ་ཧཱུཾ། ཞེས་པ་བཟླས་པར་བྱའོ། །དེ་ནས་མཚན་གྱི་སྒོ་ནས་བསྟོད་དོ། །གཏོར་མ་བཏང་ནས་གཤེགས་སུ་གསོལ་ཏེ་ལྡང་བར་བྱའོ། །བདག་གིས་དགེ་བ་འདི་བྱས་པས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །རྡོ་རྗེ་
འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དྷརྨཱ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དཔལ་གཤིན་
རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །གང་ཞིག་སྒྲུབ་པ་པོས་གདུག་པ་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པའི་ཕྱིར། སྐལ་བ་དང་ལྡན་པའི་སྒྲུབ་པ་པོས་དབེན་པའི་གནས་སུ་སོང་སྟེ། སྟན་བདེ་བ་ལ་འདུག་ནས། མཆོད་པ་དང་གཏོར་མ་སྔོན་དུ་སོང་བས། རྡོ་རྗེ་ཕག་མོ་
བསྒོམ་པར་བྱའོ། །ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དམར་མོ། ཕྱག་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དེའི་སྟེང་དུ་གཡས་གྲི་གུག་འཇོག་པ། པདྨ་དང་ཟླ་བའི་སྟེང་དུ་གཡོན་བརྐྱང་བས་བཞུགས་པ། གཡས་བསྐུམ་པས་དེའི་བྱིན་པའི་སྟེང་དུ་རེག་པའི་
བརྐྱང་བསྐུམ་གྱིས་བཞུགས་པ། སྤྱན་གསུམ་པ། དབུ་སྐྲ་གྲོལ་བ་ཅུང་ཟད་ཁྲོ་བའི་རྣམ་པ་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། གར་གྱི་རོ་དང་ལྡན་པ་བསྒོམ་མོ། །དེའི་སྙིང་གའི་ཆུ་སྐྱེས་ལས་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་བལྟའོ། །ཆུ་སྐྱེས་འདབ་མ་བརྒྱད་པ་ཁ་ཕྱེ་བ་ལ། ཨཱ་ལི་བཅུ་དྲུག་
འདབ་མ་རེ་རེ་ལ་གཉིས་གཉིས་མདུན་ནས་བརྩམས་ཏེ། གཡས་སྐོར་དུ་མགོ་གྱེན་དུ་བསྟན་པ་མདོག་དམར་པོ་བསམས་ལ། ཇི་སྲིད་མི་སྐྱོའི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཧྲཱིཿསྭཱ་ཧཱ། ཞེས་
འབུམ་ཕྲག་ཉི་ཤུ་རྩ་གཅིག་པའི་སེམས་ཀྱིས་བཟླས་སོ། །དེའི་མན་ངག་ནི། རང་གི་སྙིང་གའི་ཧཱུཾ་ཧྲཱིཿལས་འོད་ཟེར་འཕྲོས་ཏེ་སོང་བས་བསྒྲུབ་བྱའི་སྙིང་ལ་ཕོག །བདག་ལ་མ་དད་པའི་དྲི་མ་ཕྱིར་བསལ་ཏེ། གུས་པའི་སེམས་གསལ་བར་སྐྱེས་པར་བསམ། དེ་ནས་བསྒྲུབ་བྱ་དེའི་སྙིང་

གར་སྔགས་ཀྱི་དབྱངས་ཀྱི་ཡི་གེ་བསམས་ལ། བདག་གི་སྙིང་ག་ནས་སྣ་བུག་གཡས་ནས་ཧྲཱིཿཐོན་ཏེ། སྣ་བུག་གཡོན་ནས་ཞུགས་ཏེ། སྙིང་གའི་དབྱངས་ཡིག་དང་རང་གི་སྙིང་གའི་ཡིག་འབྲུ་ལ་བསིལ་ལ་བདེ་བ་བསམ་ཁོའི་སྙིང་གའི་ཡིག་འབྲུ་རྣམས་དང་། མིང་ཡིག་དང་པོ་སྐོམ་དུངས་དུངས་
པར་བསམ་མོ། །ཧྲཱིཿལ་ཐིམ་པས་སྐོམ་པའི་གདུང་བ་སེལ་བ་དང་། བདེ་བ་སྐྱེས་པ་དེ་གཞིབས་ནས། ཡང་སྙིང་གར་བསྡུས་པ་ལ་འོག་གི་ཚིགས་བཅད་ཀྱི་དོན་དྲན་པར་བྱའོ། །དེ་ལྟར་ཞག་བདུན་གྱི་མཐར་མཚན་ཐོག་ཐག་བྱའོ། །དེས་འགྲུབ་པར་འགྱུར་རོ། །ཡང་རང་ཁ་ནུབ་ཏུ་བསྟན་
པའི་མདུན་དུ་མེ་ལོང་ལ་དྲིས་བྱུགས་ཏེ། སིནྡྷུ་ར་བཀྲམ་ལ། དེ་ལ་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་བྲིས་ཏེ། ལྟེ་བར་ཧྲཱིཿཤར་དང་ལྷོ་དང་ནུབ་དང་བྱང་དུ་ཡཾ་རཾ་བཾ་ལཾ་རིམ་པ་བཞིན་བཀོད་པ་དང་། ཇི་ལྟར་འབྱོར་པའི་མཆོད་པ་དང་། ནམ་མཁའ་ལ་ཡི་གེ་ལྔ་བྲིས་པ་ལྟ་བུ་སྟེ། ནག་པོ་དང་།
དམར་པོ་དང་། དཀར་པོ་དང་། སེར་པོའི་རྣམ་པར་བསམས་ལ། མེ་ལོང་གི་ཡི་གེ་རྣམས་ལ་བསྟིམ། ཡི་གེའི་རྣམ་པ་ཅན་གྱི་མཁའ་འགྲོ་མ་རྣམ་པ་ལྔ་ལ་སྔགས་དེ་ཉིད་བརྗོད་ཅིང་། མེ་ཏོག་དམར་པོ་དང་། ཆང་གི་མཆོད་པ་བྱའོ། །དེ་ནས་ཕྲེང་བ་དམར་པོ་བཟུང་སྟེ། ཡཾ་རཾ་བཾ་ལཾ་ཧྲཱིཿཞེས་བཟླས་
སོ། །ལྟེ་བའི་ཡི་གེ་ལས་འོད་ཀྱི་ཕྲེང་བ་སྤྲོས་ཏེ། མདུན་གྱི་སྔགས་ལ་ཐིམ་པ་ལ་སོགས་པ་སྤྲོ་བ་དང་བསྡུ་བའི་རྣམ་པ་བྱའོ། །དེ་ལྟར་ས་ཡ་ཕྲག་གཉིས་བཟླས་སོ། །དེ་ནས་ཉའི་ནུབ་མོ་མཚན་ཐོག་ཐག་བྱའོ། །དེ་ནི་བསྙེན་པ་བྱ་བའོ། །དེ་ནས་རང་བྱུང་གི་མེ་ཏོག་སིནྡྷུ་ར་དང་བཅས་པའི་མཎྜལ་སྔར་
བཞིན་བཀྲམ་སྟེ། ཤར་ལ་སོགས་པའི་ཡིག་འབྲུ་ཡཾ་ལ་སོགས་པ་བཀོད་ལ། སྔ་མ་ལྟར་ཡི་གེ་ལ་བསྟིམ། མཆོད་པ་རྒྱ་ཆེན་པོ་བྱ་ཞིང་། སྔགས་བཟླས་པས། ཆུ་སྐྱེས་ཀྱི་ཧྲཱིཿལས་འོད་འཕྲོས་ཏེ་བསྒྲུབ་བྱ་མདུན་དུ་བཀུག་སྟེ། འགྱེལ་བ་དང་། ཡང་ཧྲཱིཿའི་འོད་ཟེར་དམར་པོའི་སྙིང་
གར་ཐིམ་པས། དམར་ཁྲིག་སྟེ་ཁེངས་ནས་མྱོས་ཏེ། བདག་ལ་ཆགས་པས་བརྒྱལ་བར་བསམས་ལ། ཧྲཱིཿལ་ཐིམ་པ་དང་། ཡི་གེ་སྔགས་རྣམས་རྣམ་པར་ཡངས། །སྒྲ་དང་ཐིག་ལེ་སེམས་ཀྱང་མེད། །འདི་ནི་བདེ་བ་ཆེན་པོའི་མཆོག །བདག་དང་གཞན་དུ་ཡོད་མ་ཡིན། །ཞེས་

བརྗོད་དོ། །དེ་ལྟར་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྒྱལ་བའི་སྲས་བི་བྷཱུ་ཏི་ཙནྡྲའི་ཞལ་སྔ་ནས། དཔལ་ཆོས་
ཀྱི་དབྱིངས་ཀྱི་གཙུག་ལག་ཁང་རང་བྱུང་དུ་མཛད་པ་ལས་གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་སཱ་ར་སྭ་ཏི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་གཤིན་
རྗེ་གཤེད་ལ་ཕྱག་འཚལ་ལོ། །ཟླ་བ་ལྟར་གསལ་བློ་ངན་བསྲེག །དུག་འཇོམས་གཞན་དབང་བྱེད་མར་གྲགས། །བདེ་བ་ཕུན་སུམ་ཚོགས་སྟེར་མ། །དཔལ་ལྡན་མ་ལ་གུས་ཕྱག་འཚལ། །དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་སུ་དམ་ཚིག་ལ་སོགས་པ་དང་ལྡན་པའི་
སྔགས་པས་སྔ་བར་ལངས་ཏེ། མཎྜལ་བྱུག་པ་ལ་སོགས་པ་བྱས་ཏེ། སྟན་བདེ་བ་ལ་འདུག་པར་བྱའོ། །རང་གི་སྙིང་གའི་ཆུ་སྐྱེས་ལ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་བལྟའོ། །དེའི་སྟེང་དུ་ཧྲཱིཿདཀར་པོའི་འོད་ཟེར་གྱིས་ནམ་མཁར་བླ་མ་དང་རྡོ་རྗེ་དབྱངས་ཅན་མ་ལ་སོགས་པ་ཡང་
དག་པར་བལྟས་ལ། སྙིང་གའི་ས་བོན་ལས་ཨ་འཐོན་པའི་ལྷ་མོ་རྣམས་ཀྱིས་མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་ནས། སྡིག་པ་ལ་སོགས་པ་བཤགས་པར་བྱའོ། །ཡང་བྱམས་པ་ལ་སོགས་པ་ཡང་བསྒོམ་པར་བྱ་བ་ཉིད་དོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་རྟོགས་པར་བྱ་བའི་
ཕྱིར། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བྱ་བས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རང་གི་རིག་པས་ཤེས་པར་བྱའོ། །ཡང་སྙིང་གའི་ས་བོན་གྱིས་བསྡུས་ཏེ་དམིགས་པ་མེད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་
རྗེས་སུ་དྲན་པས་རང་གི་སེམས་བཾ་གྱི་རྣམ་པ། དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། དེའི་སྟེང་དུ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿདཀར་པོ་བལྟའོ། །དེ་ལས་འོད་ཟེར་འཕྲོས་ཤིང་བསྡུས་ཏེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་དབྱངས་ཅན་མ་སྟོན་ཀའི་ཟླ་བ་

ལྟར་དཀར་བ་པདྨ་དཀར་པོ་དང་ཟླ་བའི་སྟེང་ན་གཡས་བརྐྱང་གིས་བཞུགས་པ། ཕྱག་གཡས་རྡོ་རྗེ་གྲི་གུག་བསྣམས་པས་རྨོངས་པའི་དྲ་བ་གཅོད་པར་མཛད་མ། གཡོན་པ་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་བསྣམས་པ་སྤྱན་གསུམ་དམར་ལ་ཟླུམ་པ། ལོ་བཅུ་དྲུག་གི་ཆ་བྱད་ཅན།
ཅུང་ཟད་མཆེ་བ་གཙིགས་པའི་ཞལ། དབུ་སྐྲ་ཕྱེད་གྲོལ་ཞིང་། ཕྱེད་འཁྱིལ་བ། མེ་ཏོག་གི་ཐོད་ཅན། ཅོད་པན་རྡོ་རྗེ་ཐོད་ཅན་གྱིས་བརྒྱུས་པས་མཛེས་པ། འཁོར་ལོ་དང་རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། འོག་པག་གིས་བརྒྱན་པ། སུམ་ཁུགས་སུ་འཁྱོག་ཅིང་སྤྱོད་
པའི་བ་དན་གྱིས་དགྱེས་པ། རུས་རྒྱུ་མ་ལ་བརྒྱུས་པའི་མི་མགོ་རློན་པ་ཁྲག་དང་བཅས་པའི་ཕྲེང་བ་འཆང་བ། གཅེར་བུ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། སྒེག་པ་ལ་སོགས་པའི་ཉམས་ཅན། མེ་ལོང་གི་གཟུགས་བརྙན་དང་མཚུངས་པ། སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་
དོན་ལ་བརྩོན་པ། ཐུགས་ཀར་པདྨ་དམར་པོ་ལ་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་བསྒོམ་པར་བྱའོ། །དེ་ནས་བདག་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་བའི་ལྷ་མོ་མདུན་གྱི་ནམ་མཁའ་ལ་འདུག་སྟེ། མཆོད་ནས་བདག་ཉིད་ལ་གཞུག་པར་བྱའོ། །ཡང་ས་བོན་
དེས་བསྐུལ་བའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་མདུན་དུ་སྤྱན་དྲངས་ནས་དབང་བསྐུར་བར་བྱའོ། །སྤྱི་བོར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འོད་དཔག་མེད་ཀྱིས་རྒྱས་གདབ་པར་བྱའོ། །དེ་ནས་མཆོད་པ་རྣམས་ཀྱིས་བདག་ཉིད་ལ་ཡང་མཆོད་པར་བྱ་སྟེ། བདུད་རྩི་
མྱང་བར་བྱའོ། །དེ་བཅོམ་ལྡན་འདས་རྡོ་རྗེ་དབྱངས་ཅན་མ་ཉིད་དོ་ཞེས་ང་རྒྱལ་བརྟན་པ