Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 28

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
ྙེམས་ཚུལ་བདག་པོའི་བདག །འདི་ནི་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་དེ་ཁོ་ནར་བཤད་དེ་རྡོ་རྗེའི་དམ་ཚིག་གོ། །དེ་ནས་ཡི་གེ་ཨཿལས་དྲིལ་བུར་བསྐྱེད་ལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུའི་དབང་གིས་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་
བཞེད། །དེ་ལྟར་བརྗོད་ཅིང་དེ་ཁོ་ནས་བླང་ངོ་། །དེ་ནས་སློབ་མས་འདི་ལྟར་བརྗོད་ཅིང་། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་བྱས་པ། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །དེས་དཀྲོལ་བར་བྱའོ། །འདི་ནི་དྲིལ་བུའི་དམ་ཚིག་
གོ། །དེ་ནས། ཕྱག་རྒྱའི་དམ་ཚིག་བཤད་བྱ་སྟེ། །ཡིད་ཀྱི་རང་བཞིན་བརྟན་བྱས་ལ། །ལུས་ཀྱང་ཐམས་ཅད་བརྟན་བྱས་པས། །དེ་ནི་ཕྱག་རྒྱར་བཤད་པའོ། །དེ་ལྟར་ཡེ་ཤེས་ཕྱག་རྒྱ་བྱིན་གྱིས་བརླབས་པས། འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་དང་། དངོས་
གྲུབ་ཐམས་ཅད་གྲུབ་པར་གྱུར་ཅིག་པར་མོས་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཁ་སྦྱོར་གྱི་རིམ་པར་བྱིན་གྱིས་བརླབས་ཏེ། འཁྱུད་པའི་ཚུལ་དབྱེར་མེད་པར་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་སྟེ། འདི་ནི་དམ་ཚིག་གསུམ་གྱི་ཆོ་གའོ།། །།དེ་ནས་དམ་ཚིག་གསུམ་བླང་བ་དེ་ཉིད་རྡོ་རྗེ་
སེམས་དཔའི་དབང་བསྐུར་བར་བསམས་ལ། ཆུའི་དབང་གི་སྐབས་སུ་བཤད་པའི་ཆོ་ག་བརྗོད་ནས། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་དགུག་གོ། །དེ་ནས་མི་བསྐྱོད་པ་དབུ་ལ་བསམས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ་ཞེས་
པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ། །དེ་ནས་བསྡུས་ལ་དཀྱིལ་འཁོར་གྱི་དེ་ཉིད་དང་རྣམ་པར་དག་པར་བཤད་དོ། །དཀྱིལ་འཁོར་གྱི་ནི་པདྨར་བཤད། །ཡིད་ཀྱི་དཀྱིལ་འཁོར་ངོ་མཚར་ཆེ། །གཞལ་ཡས་ཁང་ནི་ཤེས་པ་སྟེ། །

སེམས་ཀྱི་ཡར་ལ་ལངས་ཕྱིར་རོ། །ཕུང་པོ་ལྔ་པོ་བསྡུས་པ་ཡིས། །སངས་རྒྱས་ལྔ་རུ་རབ་ཏུ་བསྒྲགས། །ཞེས་པ་ལ་སོགས་པ་སློབ་དཔོན་གྱི་རིམ་པའོ། །དེ་ནས་དཔལ་ནག་པོ་ཆེན་པོའི་སྙིང་པོའི་སྔགས་གསུམ་མམ་བརྒྱ་རྩ་བརྒྱད་བཟླས་ལ། ང་ཡིས་བྱིན་པའི་
བཅོམ་ལྡན་འདས། །འདི་ལ་ཉེ་བར་གནས་པར་གྱིས། །ཞེས་བརྗོད་ལ་སྦྱིན་ནོ། །སློབ་མས་ཀྱང་འདི་ལྟར་བརྗོད་དོ། །ང་ཡིས་བླང་བྱ་རྗེ་བཙུན་ཀྱི། །བདག་ལ་ཉེ་བར་གནས་གྱུར་ཅིག །ཅེས་པ་ལན་གསུམ་བརྗོད་དེ་བླང་བ་སྔགས་ཀྱི་རྗེས་གནང་ངོ་། །དེ་ནས་གསེར་རམ་དངུལ་ལས་
བྱས་པའི་སྣོད་དུ་མར་དང་སྦྲང་རྩིའི་མིག་སྨན་བཟུང་ལ། གསེར་གྱི་ཐུར་མས་སློབ་མའི་མིག་ལ་བྲཾ་བསམས་ཏེ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བརྗོད་ཅིང་དབྱེའོ། །འདི་ནི་མིག་སྨན་གྱི་རིམ་པའོ། །དེ་ནས་ཨཿབརྗོད་ཅིང་མེ་ལོང་བཟུང་ནས་སློབ་མ་ལ་བསྟན་པ་ནི། ཆོས་
རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་འདྲེས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །མེ་ལོང་ལྟ་བུར་རྡོར་སེམས་ཁྱོད། །དག་ཅིང་གསལ་ལ་འདྲེས་མེད་པར། །སངས་རྒྱས་ཀུན་གྱི་རྗེ་བོ་དེ། །བུ་ཁྱོད་སྙིང་ལ་ཡང་དག་གནས། །
ངོ་བོ་ཉིད་ཀྱི་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སྐྱོབ་པའི་ཐུགས་ལས་བྱུང་བའོ། །ཞེས་བརྗོད་པ་ནི་མེ་ལོང་གི་དབང་བསྐུར་བའོ། །དེ་ནས་ཡི་གེ་ཧོཿལས་གཞུར་བསྐྱེད་ལ་དེ་ཉིད་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་
ལ། །འདི་ཡིས་བདེ་བ་བསྐྱེད་པར་གྱིས། །ཞེས་པས་སོ། །སློབ་མས་ཀྱང་ནི་བརྗོད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཕྱིར། །དེ་ཡིས་བདེ་བ་བསྐྱེད་པར་བགྱི། །ཞེས་པ་དང་བཅས་པས་བགེགས་ཐམས་ཅད་ལ་བསྣུན་པར་བསམ་ཞིང་ཕྱོགས་བཞི་དང་སྟེང་དང་འོག་ཏུ་མདའ་དང་
བཅས་པས་བསྣུན་ནོ། །འདི་ནི་མདའ་གཞུས་བསྣུན་པའི་རིམ་པའོ། །དེ་ནས་ཡོལ་བ་ལ་སོགས་པར་དབེན་པར་བྱས་ལ། གཞོན་ནུ་མ་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་གསང་བའི་དབང་གི་དོན་དུ་བླ་མ་ལ་ཕུལ་ལ། སློབ་མས་ཐལ་མོ་སྦྱར་ཏེ་བླ་མ་རྡོ་རྗེ་འཛིན་པར་བསམས་

ལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱེད་པ་ཐོབ། །དེ་ཕྱིར་གསང་བའི་དབང་བསྐུར་ལ། །མགོན་པོ་ཉིད་ཀྱིས་གཟུང་དུ་གསོལ། །ཞེས་པ་བརྗོད་ལ་གསོལ་བ་གདབ་པའོ། །དེ་ནས་བླ་མས་གཙོ་བོའི་ང་རྒྱལ་བྱས་ལ། དེས་ལྷ་མོའི་གཟུགས་སུ་བསྐྱེད་ནས་རྡོ་རྗེ་
དང་པདྨ་བྱིན་གྱིས་བརླབས་པ་སྔོན་དུ་སོང་བས་སྙོམས་པར་ཞུགས་ཏེ། ལྷན་ཅིག་སྐྱེས་པ་བརྟན་པར་བྱས་ནས། མཐེ་བོང་དང་སྲིན་ལག་གིས་བྱང་སེམས་བཟུང་སྟེ་གསུང་རྡོ་རྗེའི་གཟུགས་སུ་སློབ་མའི་ཁར་དབབ་པོ། །དེ་ནས་ཀྱང་ཀྱེ་མ་བདེའོ་ཞེས་བརྗོད་ལ་བཏུང་ངོ་། །དེ་ནས་
ཕྱག་རྒྱ་ལངས་ཏེ་པདྨའི་བཅུད་ཀྱི་ཐིག་ལེ་དེའི་ཁར་དབབ་པོ། །དེས་ཀྱང་དེ་ལྟར་བཏུང་བར་བྱའོ། །འདི་ནི་གསང་བའི་དམ་ཚིག་གི་ཆོ་གའོ།། །།དེ་ནས་དེ་ཉིད་དམ་གཞན་དམ་ཚིག་དང་སྡོམ་པ་གཟུགས་དང་ལང་ཚོ་དང་ལྡན་པ་བཙལ་ལ། བྱང་ཆུབ་རྡོ་རྗེས་ངས་རྒྱས་
ལ། །ཞེས་པ་ལ་སོགས་པས་སློབ་མས་གསོལ་བ་བཏབ་པ་ལ། །འདི་ནི་ཁྱོད་ཀྱིས་གང་འདོད་བཟུང་། །སངས་རྒྱས་རབ་བརྟགས་བརྟེན་པ་སྟེ། །འཁོར་ལོའི་རིམ་པ་རབ་སྦྱོར་བས། །རྡོ་རྗེའི་ལུས་གནས་བྱང་སེམས་དེ། །ནོར་བུ་གནས་ལ་སེམས་པའོ། །བདེ་བ་དམ་པའི་
དམ་ཚིག་མྱོང་། །ཞེས་བརྗོད་ལ་གཏད་དོ། །དེས་ཀྱང་གུར་གུམ་ལ་སོགས་པའི་དྲི་ཡིས་བྱུགས་ཏེ་གོས་སྤངས་ནས་པདྨ་བསྟན་ཅིང་། །ཀྱེ་མ་ང་ཡི་པདྨ་ལ། །བདེ་བ་ཐམས་ཅད་དང་ལྡན་པ། །གང་གིས་ཆོ་གས་བརྟེན་པ་ཡིས། །དེ་ནི་ང་ལ་གནས་པས་ན། །པདྨ་
ལ་ནི་ཇི་བཞིན་སྤྱོད། །སངས་རྒྱས་རྣམས་ནི་མཆོད་སོགས་ཕྱིར། །བདེ་ཆེན་རྒྱལ་པོའི་བདག་ཉིད་ནི། །གང་ཞིག་འདི་ལས་དུས་ཀུན་བསྟན། །བྷཉྫ་མོ་ཀྵ་ཧོཿཞེས་བརྗོད་དོ། །དེས་ཀྱང་རང་དང་ཕྱག་རྒྱ་གཉིས་ལྷ་དང་ལྷ་མོར་བསྐྱེད་ལ། ཧཱུཾ་གཉིས་ལས་པདྨ་དང་རྡོ་རྗེ་གཉིས་
སོ། །གེ་སར་དང་བུམ་པ་གཉིས་ཨཱཿདང་ཨོཾ་ལས་སོ། །རྡོ་རྗེའི་བུ་གར་ཕཊ་སེར་པོ་བསམས་ཏེ། རྡོ་རྗེ་དབྱིབས་ཀྱི་དབང་ཕྱུག་རྩ། །གཡོན་གྱི་བྷ་གའི་གཡོན་ན་གནས། །མཛུབ་མོ་ཅུང་ཟད་བསྐྱེད་པར་བྱ། །ཤེས་ནས་དེ་ནི་བླ་ཚིག་བླང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་

ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་བདེ་བའི་དོན་དུའོ། །ཤེས་རབ་དང་སྦྱར་དཔལ་དང་བཅས། །དེ་ཉིད་ཡང་དག་མཚོན་པར་བྱེད། །རྡོ་རྗེའི་ལུས་གནས་བྱང་སེམས་ཏེ། །ནོར་བུར་གནས་ལ་སེམས་པའོ། །དེ་ལྟར་བསམ་ཞིང་ཡང་དག་པར་བཟུང་ནས་དཀྱིལ་
འཁོར་གྱིས་བཏང་བ་པདྨ་ནས་ལྕེས་བླངས་ལ་དེ་ཁོ་ནར་བལྟས་ཏེ། དམ་ཚིག་གི་རང་བཞིན་དུ་བཏུང་བར་བྱའོ། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ།། །།དེ་ནས་ཚིག་དབང་བཞི་པ་བྱིན་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་བྱང་ཆུབ་སེམས་ཀྱི་མྱུ་གུ་སྐྱེས་པ་དེས་བསྒོམས་པས་
སྒྲིབ་པ་དང་བྲལ་བ་ནི་ཆོས་ཐམས་ཅད་བསམ་དུ་མེད་པ་ཕྱག་རྒྱ་ཆེན་པོའི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནི་དབང་བཞི་པའི་སྐུའི་ངོ་བོའོ། །འདི་ནི་དབང་བཞི་པའི་ཆོ་གའོ།། །།དེ་ནས་དེའི་ལག་པ་སློབ་མའི་ལག་པར་གཏད་ལ། དེ་ཕྱིར་སངས་རྒྱས་དངོས་བྱ་སྟེ། །ཐབས་གཞན་གྱིས་ནི་
སངས་རྒྱས་མེད། །འགྲོ་བ་འདི་ཡིས་དག་བྱེད་པས། །དེ་ཕྱིར་རྣམ་པར་སྦྱོར་བ་འདི། །ཁྱོད་ཀྱིས་ནམ་ཡང་འབྲལ་མ་བྱེད། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པས། །རྨོངས་པས་རིམ་འདི་འགལ་བྱེད་ན། །དངོས་གྲུབ་དམ་པ་དེ་ལ་མེད། །ཅེས་
བརྗོད་པ་འདི་ནི་རིག་པ་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་བསྐྱེད་པ་དེ། །འདི་ནི་སངས་རྒྱས་ཐམས་ཅད་བསྡུས། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྒྱུན་བཟུང་ན། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་པ་དང་། ཨོཾ་སརྦ་ཏ་
ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡ་མི། བཛྲ་སཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་བླང་བ་འདི་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།དེ་ནས་སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང་། ཌ་མ་རུ་དང་། ཐོད་པ་ལ་སོགས་པ་རྣམས་ལ་ལེན་གསུམ་བཟླས་ཏེ། ཁ་ཊྭཱཾ་ཌ་མ་རུ་ཐོད་པ་
རྣམས། །རྡོར་སེམས་ཕྱག་རྒྱ་འདི་ཡིན་པས། །གཏད་པས་འདི་བཟུང་དཔའ་བོ་ཀྱེ། །ཕྱི་དང་ནང་དུ་བརྟན་གྱུར་ཅིག །ཅེས་པ་བརྗོད་ཅིང་བཟུང་བ་དང་། རྣལ་འབྱོར་གྱི་བྱེ་བྲག་གིས་ཕྱག་མཚན་གྱི་བྱེ་བྲག་དང་། འཁོར་ལོ་ལ་སོགས་པའི་རྒྱན་རྣམས་ཀྱང་སྦྱིན་ནོ། །འདི་ནི་སྤྱོད་པའི་

བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །དེ་ནས་དེ་བཞིན་གཤེགས་པའི་སྤྱོད་པ་བྱས་ལ་ལག་པ་གཡོན་པས་སྙིང་གར་ཆོས་གོས་ཀྱི་མཐའ་མ་བཟུང་སྟེ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱས་ནས། འཁོར་བ་ཡང་དག་གཞོམ་པའི་ཕྱིར། །ངན་འགྲོའི་གནས་ནས་བཏོན་ནས་ནི། །དེ་
བཞིན་གཤེགས་པ་རྡོར་སེམས་སུ། །འདིར་ནི་ཁྱོད་ལ་ངས་ལུང་བསྟན། །ཧེ་ཨ་མོ་ཀ་བཛྲ་ཏ་ཐཱ་ག་ཏེ་སིདྷྱ་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿཞེས་པའི་སྔགས་དང་བཅས་པས་ལུང་བསྟན་པ་སྟེ། མེ་ཏོག་གར་བབ་པའི་དེ་བཞིན་གཤེགས་པའི་སྐུ་ལ་དེ་ལྟར་ལུང་བསྟན་པ་ནི། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལུང་བསྟན་པ་དེ་ལྟར་དད་པ་བསྐྱེད་དོ། །འདི་ནི་ལུང་བསྟན་པའི་ཆོ་གའོ།། །།དེ་ནས་སློབ་མ་ལ་དུང་དང་དྲིལ་བུ་དང་པུསྟི་རྣམས་གཏད་པ་དེ་ལ། །དེང་ནས་བརྩམས་ཏེ་མགྲིན་གཅིག་ཏུ། །ཀུན་ཏུ་ཁྱབ་པར་བྱས་
ནས་ནི། །ཆོས་ཀྱི་དུང་ནི་བླ་མེད་པའི། །འཁོར་ལོ་ཆེན་པོ་བསྐོར་བར་བགྱི། །ཞེས་བརྗོད་ཅིང་སྤྱིའི་རྗེས་སུ་གནང་བ་བྱིན་ལ། ལྷག་པའི་རྗེས་གནང་སྦྱིན་པའི་ཕྱིར་རིམ་པ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པར་སློབ་མ་བསྐྱེད་ལ། འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །
སེམས་ཅན་ཀུན་ལ་ཕན་ཕྱིར་དུ། །ཇི་ལྟར་འདུལ་བས་དེ་རྣམས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་པ་ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་རྣམས་བཅུག་ལ་ལེན་ལྔས་རྗེས་གནང་སྦྱིན་ནོ། །འདི་ནི་རྗེས་སུ་གནང་བའི་ཆོ་གའོ།། །།ཕྱི་ནས་ཡང་།
མགོ་ལ་གདུགས་ནི་ཕུབ་བྱས་ལ། །གཡས་ནས་བསྐོར་བ་བྱས་པ་དང་། །སྒོ་རུ་ཐལ་སྦྱར་འདུག་ནས་ནི། །གདུགས་ཕུབ་ནས་ནི་རྗེས་བརྗོད་བྱ། །འདི་རྟོགས་པ་ཡི་སློབ་མ་ཡིས། །རྒྱུད་འཛིན་པར་ནི་གྱུར་པའོ། །ཞེས་པ་དང་། དེ་ནས་སློབ་མའི་སེམས་ལ་གནས་པར་
བརྗོད་པ། དེང་ནས་དཀྱིལ་འཁོར་སློབ་དཔོན་གྱུར། །ཁྱོད་ཀྱིས་སྔགས་རྒྱུད་གཟུང་བར་གྱིས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀྱང་ནི་མཉེས་པར་འགྱུར། །ཞེས་པ་ལ་སོགས་པ་ནི་དབུགས་དབྱུང་བའི་ཆོ་གའོ། །དེ་ནས་དབང་བསྐུར་བ་དང་

དབུགས་དབྱུང་བ་ཐོབ་པས་གཟེངས་བསྟོད་པ་དེས་འདི་ལྟར། དི་རིང་བདག་ནི་འབྲས་བཅས་སྲོག་ལྡན་བསྐྱེད། བདག་ནི་བྱང་ཆུབ་སེམས་ལྡན་བསྐྱེད། །དི་རིང་སངས་རྒྱས་རིགས་སུ་བསྐྱེད། །དི་རིང་སངས་རྒྱས་སྲས་སུ་སྐྱེས། །ཞེས་བརྗོད་ལ། བླ་མ་ལ་གུས་
པས་གླང་པོ་ཆེ་དང་། རྟ་དང་། རིན་པོ་ཆེ་དང་། གསེར་དང་། དངུལ་དང་། གོས་དང་། རྒྱན་དང་། བ་ལང་དང་། མ་ཧེ་དང་། གཡོག་པོ་དང་། གཡོག་མོ་དང་། འདོད་པ་བྱེད་པ་ཡིད་དུ་འོང་བའི་བུ་དང་ཆུང་མ་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་དབུལ་པ་ནི་ཡོན་དབུལ་བའི་ཆོ་གའོ།། །།གཞན་ཡང་། །
སྦྱིན་སྲེག་མེད་ན་ཡང་དག་དངོས་གྲུབ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་བས། ཞི་དང་རྒྱས་སོགས་སྒྲུབ་པའི་དོན་དུ། སྦྱིན་སྲེག་སྔོན་དུ་འགྲོ་བར་བཤད་དོ་ཞེས་པ་བཤད་པས་སྦྱིན་སྲེག་བྱ་བར་བསྟན་པས། ཡང་། སེམས་ཅན་དབྱེ་ན་གྲངས་མེད་ཀྱང་། །རིགས་ཀྱི་དབྱེ་ན་ལྔ་རུ་བཤད། །
ལས་ཀྱི་དབྱེ་བས་བཞི་རུ་འདོད། །འདི་ལྟར་ཐབ་ཁུང་འདིར་ངེས་པར། །རྗེ་བཙུན་གྱིས་ནི་དེ་ལྟར་གསུངས། །ཞེས་པ་དང་། རྡོ་རྗེ་ཁྲོ་བོ་གསང་བ་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང་། ལས་ཀྱི་དབྱེ་བས་ཐབ་ཁུང་བརྒྱ་དང་བཅུ་གསུངས་པ་ལས། ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི།
དབང་ལ་རྡོ་རྗེའི་རྣམ་པ། མངོན་སྤྱོད་ལ་ཟུར་གསུམ་བྱ་བ་ལ་སོགས་པ་དང་། ཡང་ཞི་བ་ཟུར་གསུམ། མངོན་སྤྱོད་ཟུར་གསུམ་མམ་ཟླ་བ་ཕྱེད་པ་ཞེས་བཤད་པ་དང་། དཔལ་དུས་འཁོར་ལས། ཞི་བ་ལ་གཞུའི་རྣམ་པ་རྒྱར་ཁྲུ་ཕྱེད་པ་ཞེས་པ་དང་། དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ། ཞི་བ་ལ་གྲུ་བཞི། རྒྱས་པ་
ལ་ཟླུམ་པོ། དབང་ལ་ཟུར་གསུམ། མངོན་སྤྱོད་ལ་ཟླ་བ་ཕྱེད་པའི་རྣམ་པ་རྒྱ་དང་འཕངས་སུ་ཁྲུ་གང་ངོ་ཞེས་བཤད་པས་དེའི་ཕྱིར་ཞི་བ་ལ་སོགས་པའི་ཐབ་ཁུང་རྣམས་སོ་སོ་རིམ་པ་ལྟར་དབྱིབས་དང་། ཁ་དོག་དང་། མཚན་མ་གདབ་པའི་རིམ་པ་དང་། ས་གཞི་དང་། ཕྱོགས་ཀྱི་བྱེ་བྲག་
དང་། །སྦྱིན་སྲེག་གི་དུས་ཀྱི་བྱེ་བྲག་ལ་སོགས་པ་རྒྱུད་གཞན་དུ་བཤད་པ་ལྟར་འདིར་ཡང་གོ་བར་བྱའོ། །གང་ཞིག་སེམས་ཤིན་ཏུ་བརྟན་པའི་རྣལ་འབྱོར་གྱིས་སྣང་བ་དང་སྟོང་པ་རོ་གཅིག་པ་སྒྱུ་མ་ལྟར་ཐམས་ཅད་བསམས་ན། འདི་ཐམས་ཅད་ཀྱི་གང་འདོད་པ་ཐོབ་པའི་རྒྱུར་

འགྱུར་རོ། །དེས་དགོངས་པ་དེ་ལྟ་བུས་གདུལ་བྱ་གང་ལ་མོས་པ་རྣམས་ཀྱི་དོན་དུ་དེ་དག་ཐམས་ཅད་གོ་བར་བྱ་སྟེ། གདམས་ངག་ལྟར་ཐབ་ཁུང་གི་མཚན་ཉིད་ལ་སོགས་པ་སྦྱིན་སྲེག་གི་ཆོ་ག་བཤད་པ་ལྟར་གོ་བར་བྱ་ཞིང་འདིར་ཡང་གོ་བར་བྱས་ལ་སྦྱིན་སྲེག་བྱའོ། །འདི་ནི་སྦྱིན་སྲེག་
གི་ཆོ་གར་བཤད་པ་གོ་བར་བྱ་བའི་ཆོ་གའོ།། །།དེ་ནས་བདག་ཉིད་ཀྱིས་དཀྱིལ་འཁོར་མཆོད་ལ། སློབ་མ་ལ་སོགས་པས་མཆོད་དེ་ཚོགས་འཁོར་བྱས་པ་དང་། སློབ་མ་ལས་ནི་ཡོན་བླང་བྱ། །དེས་ཀྱང་གུས་པས་དབུལ་བ་ནི། །རིན་ཆེན་ཡིད་འོང་དཔལ་མོ་དང་། །རང་ལུས་དང་ནི་ས་
གཞི་དང་། །དེ་ལ་སོགས་པ་གཞན་ཡང་དབུལ། །བླ་མ་ཇི་ལྟར་མཉེས་པར་བྱས། །བླ་མ་མཉེས་ལས་དངོས་གྲུབ་འབྱུང་། །ཐུབ་པས་དེ་ལས་གཞན་མེད་བཤད། །དེ་ཕྱིར་བསོད་ནམས་ཅིས་མི་ཕྱེད། །བརྟུལ་ཞུགས་བརྙེས་པར་བྱ་ཕྱིར་རོ། །བླ་མེད་བྱེད་པའི་སློབ་དཔོན་དེ་
རྡོ་རྗེ་སེམས་དཔར་རབ་མཆོག་སེམས། །དེ་ལྟར་སེམས་དཔས་ཕྱི་ནས་གཏོར་མ་བྱིན་པ་དང་། འཁོར་ལོ་ལ་ཕྱག་བྱས་ཏེ། ཨརྒྷཾ་ལ་སོགས་པས་མཆོད་ལ། དགེ་བའི་རྩ་བ་བསྔོས་པར་བྱས་ནས་བཟོད་གསོལ་བྱས་ཏེ། ཨོཾ་དང་བཅས་པའི་གཤེགས་སུ་གསོལ་བའི་ཚིག་ལ་ཨོཾ་
ཨཱཿཧཱུཾ་བཛྲ་མུཿཞེས་པ་དང་ལྡན་པས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས། ལག་པའི་རྡོ་རྗེས་གཙོ་བོ་ལ་ཐུག་པའི་བར་དུ་གཞིག་པར་བྱའོ། །དེ་ནས་རྡུལ་ཚོན་བུམ་པར་བླུགས་ཏེ་མཆོད་པ་ཆེན་པོ་དང་སྟབས་ཅིག་ཏུ་ཁྱེར་ལ་ཆུ་བོ་ལ་སོགས་པར་དོར་བར་བྱའོ། །དེ་
ནས་ཐམས་ཅད་སློབ་དཔོན་གྱིས། །དེས་ཕུལ་ཡོ་བྱད་བསྡུས་བྱས་ཏེ། །ཉེ་བར་ལོངས་ནི་སྤྱད་བྱའོ། །སློབ་མ་སོགས་ལ་ཅུང་ཟད་མིན། །ས་གཏེར་གཞུག་དང་རབ་ཏུ་གནས། །སྦྱིན་སྲེག་དཀྱིལ་འཁོར་བཞེས་རྣམས་ཡོན། །དེ་རྣམས་ཐམས་ཅད་སློབ་དཔོན་དང་། །
ཞེས་པ་རྡོ་རྗེ་འཛིན་གྱིས་གསུངས། །ཞེས་སོ། །དེ་ནས་སློབ་དཔོན་དང་། ལས་ཀྱི་རྡོ་རྗེ་དང་རྣལ་འབྱོར་མ་རྣམས་ལ་གོས་ལ་སོགས་པས་མཉེས་པར་བྱའོ། །དགེ་འདུན་ལ་ཆོས་སྟོན་དང་རྣལ་འབྱོར་མ་ལ་ཚོགས་འཁོར་དང་། སྡུག་ཕོངས་ལ་བཟའ་བ་སྦྱིན་ནོ། །འདི་ནི་

དཀྱིལ་འཁོར་གཤེགས་པ་ལ་སོགས་པའི་ཆོ་གའོ།། །།དེ་ནས་འདིར་ཐོག་མ་དང་བར་དང་ཐ་མ་རྣམས་ཀྱིས་བགེགས་ཉེ་བར་ཞི་བར་བྱ་བ་ལ་གཏོར་མ་བྱ་བར་འདོད་པའི་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པའི་སྔགས་པས། རང་གི་ས་བོན་གྱི་འོད་ཟེར་གྱིས་
དཀྱིལ་འཁོར་གྱི་འཁོར་ལོ་དབང་པོ་ལ་སོགས་པ་དང་། ཀླུ་རྣམས་དང་། སེམས་ཅན་གཞན་དག་རྣམས་ཀྱང་སྤྱན་དྲངས་ཏེ། སྐད་ཅིག་གིས་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོར་བསམས་ལ། མདུན་དུ་ཟན་དང་སྲན་ཆེན་དང་ཉ་ཤ་དང་ཆང་ལ་སོགས་པའམ། ཡང་
ན་ཆུ་དང་ཟན་ཙམ་གྱིས་སྣོད་བཀང་ལ། ཡཾ་དང་རཾ་དང་ཨ་རྣམས་ལས་རླུང་དང་མེ་དང་མི་མགོའི་སྒྱེད་པུ་ཐོད་པ་དང་བཅས་པར་བསྐྱེད་དོ། །དེར་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྣམས་བུམ་པ་ལ་སོགས་པའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི། རླུང་གཡོས་པས་མེ་སྦར། མེའི་དྲོད་ཀྱིས་
ཡི་གེ་ལ་སོགས་པ་ཞུ། ཞུ་བའི་རླངས་པས་ཧཱུཾ་བྱུང་། དེ་ལས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་གར་ལན་གསུམ་དུ་བསྐྱེད་ཅིང་ཞུ་བ་ལས་བདུད་རྩིར་བྱིན་གྱིས་བརླབ་པ་ནི་སྟེང་དུ་ཟླ་བ་ལ་གནས་པའི་ཡི་གེ་གསུམ་བསམས་ཏེ་དེ་ཉིད་ཀྱིས་གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་ཧཿཀ་ཧ་མ་ལ་ནི་མུ་ཁ་པྲ་
སཱ་དྷ་ཡ། པྲ་སཱ་དྷ་ཡ། མ་ཧཱ་ཀཱ་ལ་བུདྡྷ་ཛྙ་པྲ་ཧི་ཏོ་སི། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། སརྦ་དུཥྚ་པྲ་དུཥྚཱ་ན། གྲྀཧྞ་གྲྀཧྞ། མཱ་ར་མཱ་ར། ཁ་ཁ་ཁཱ་ཧི་ཁཱ་ཧི། སཱི་གྷྲཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་རེ་ཧུ་རེ། མཾ་རཾ་ཧཱུཾ་ཕཊ་ཨི་དཾ་ལཾ་གྲ་ཧ་གྲ་ཧ་ཤྲཱི་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་དབུལ་ལོ། །དེ་ཡང་དེ་
རྣམས་ཀྱི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པར་བསམས་པའི་སྦུ་གུ་ནས་དྲངས་ཏེ་བདུད་རྩི་མྱངས་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱས་ལ། ཞལ་བསིལ་ལ་སོགས་པས་ཡང་དག་པར་མཆོད་ནས། བརྩོན་འགྲུས་དང་ལྡན་པས་བྱ་བ་སྒྲུབ་བོ། །དེས་འདོད་པའི་དོན་ལ་གསོལ་བ་གདབ། །
བཟོད་གསོལ་བྱས་པ་དང་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་ལོ། །འདི་ནི་གཏོར་མའི་ཆོ་གའོ།། །།ང་རྒྱལ་བྱ་ཕྱིར་མ་ཡིན་རང་འདོད་ཕྱིར་མ་ཡིན། །གུས་ལྡན་རྣམས་ཀྱི་ཕྱིར་ནི་ང་ཡིས་འདི་བྱས་པ། །དེ་རྣམས་ཉིད་ཀྱིས་འཁྲུལ་པ་མེད་པར་ཤེས་དོན་དུ། །

ཆོ་གའི་རིམ་པས་དཀྱིལ་འཁོར་བཞེངས་ཕྱིར་བྱས་པའོ། །རྟོགས་པ་ཆུང་ཞིང་བློ་དམན་གྱུར་ཀྱང་དོན་བསྡུས་འདིས། །རྣལ་འབྱོར་མ་ཡིས་དངོས་གྲུབ་མཆོག་ཏུ་སྟེར་བྱེད་པ། །རྒྱུན་དུ་མཆོག་ཏུ་བདེ་བ་བཟང་སྟེར་བདག་ཉིད་ཀྱིས། །གསོལ་གདབ་ཕྱིར་དང་སྙིང་རྗེ་ཅན་རྣམས་བདེ་
སྦྱོར་ཕྱིར། །དཔལ་ལྡན་ནག་ཆེན་མགོན་པོ་ཡི། །དཀྱིལ་འཁོར་བཞེངས་པའི་ཆོ་ག་འདི། །བྱས་པའི་དགེ་བའི་རྩ་བ་ཡིས། །འཇིག་རྟེན་རྡོར་འཛིན་ཐོབ་གྱུར་ཅིག །དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱ་བ། པཎྜི་ཏ་ཆེན་པོ་
ས་མནྟ་ཤྲཱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཛྙཱ་ནཱ་གྣ་ཛྭཱ་ལ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། ཡེ་ཤེས་ཀྱི་མེ་སྦར་བ་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་
ག །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པའི་སྐད་ཅིག་གིས། །འགྲོ་རྣམས་འཇིགས་བྱེད་འདོད་ཆགས་སོགས། །བུད་ཤིང་སྲེག་པའི་ནག་པོ་ཆེ། །ཡེ་ཤེས་མེ་ཆེན་ལ་ཕྱག་འཚལ། །གསལ་ལ་མ་ཚང་མེད་བསྡུས་པའི། །ཡང་དག་རིམ་བཞིན་བྲི་འདོད་
པས། །ཡེ་ཤེས་མེ་སྦྱོར་ཞེས་བརྗོད་པའི། །སྦྱིན་སྲེག་ཆོ་ག་བཤད་པར་བྱ། །དེ་ལ་ཆོ་ག་འདི་ནི་ཉི་མ་བཟང་པོ་ལ་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སྔོན་དུ་གཏོར་མ་བྱིན་ལ། ལག་པ་གཡས་པ་ཁ་སྦུབ་སྟེ་བརྐྱང་ནས་རང་གིས་སྔགས་བརྒྱ་རྩ་བརྒྱད་བཟླས་པ་ནི་ཀུན་
རྫོབ་ཡང་དག་པར་བྱ་བའི་ཐབས་སོ། །ཡང་ན་སྟོང་པ་ཉིད་ཀྱིས་སོ། །ཡང་ན་ཐབ་ཁུང་ཐམས་ཅད་བཅའ་བའི་དོན་དུ་སྦྱང་བའི་བྱེ་བྲག་དངོས་གྲུབ་རིན་ཆེན་འབྱུང་གནས་སུ་བཤད་པའི་ཆོ་ག་ལྟར་རྒྱས་པར་ས་སྦྱང་བ་ལ་སོགས་པ་བྱས་ལ། ས་བདག་ཀླུའི་ལྟོ་བའི་ཁ་ཕྱོགས་སུ་
ཐབ་ཁུང་རྣམས་བཅའ་བར་བྱ་སྟེ། དེ་རྣམས་ལས་ཞི་བ་ལ་ས་གཞི་དཀར་ལ་སྣུམ་པ་རྒྱར་ཁྲུ་གང་ཟླུམ་པོའོ། །དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཐབ་ཀྱི་སྟེང་དུ་ཁ་ཁྱེར་ལ་འཕང་དང་རྒྱར་སོར་བཞི་པའོ། །ཁ་དོག་དཀར་པོས་བྱུག་མེ་ཏོག་དཀར་པོས་ཆལ་པར་བྱས་ཏེ་བརྒྱན་ནོ། །

རྒྱས་པ་ལ་ས་གཞི་སེར་ལ་སྣུམ་པ་རྒྱར་ཁྲུ་དོ་ཟུར་བརྒྱད་པ་རིན་པོ་ཆེ་ལྟ་བུ། དབུས་སུ་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །ཐབ་ཀྱི་སྟེང་དུ་ཁ་ཁྱེར་ལ་འཕང་དང་རྒྱར་སོར་བརྒྱད་པ་ཁ་དོག་སེར་པོས་བྱུག །མེ་ཏོག་སེར་པོས་ཆལ་བར་བྱས་ཏེ་བརྒྱན་ནོ། །དབང་ལ་ས་གཞི་དམར་ལ་
འཇམ་པར་ཆོས་འབྱུང་ལྟ་བུ་རྡོ་རྗེས་མཚན་པ་ལ་སོགས་པ་ཞི་བ་དང་མཚུངས་པ་ལ་ཁ་དོག་དམར་པོས་བྱུག །མེ་ཏོག་དམར་པོས་ཆལ་པར་དགྲམ་མོ། །མངོན་སྤྱོད་ལ་ས་གཞི་རལ་བ་དང་ཚ་སྒོ་ཅན་དང་རྩུབ་ལ་གནག་པར་རྒྱར་ཁྲུ་གང་གྲུ་བཞི་པའི་དབུས་སུ་པདྨ་གནས་པའི་སྟེང་དུ་ཁྲོ་བོའི་རྡོ་རྗེས་མཚན་
པ་དགོད། ཐབ་ཁུང་གི་སྟེང་ཁ་ཁྱེར་ལ་འཕང་དང་རྒྱར་སོར་བཞི་པ་ཕྱིར་ཁ་བལྟས་པ་ལ་ཁྲོ་བོའི་རྡོ་རྗེས་སྤྲས་པའོ། །ས་ནག་པོ་དང་དུར་ཁྲོད་ཀྱི་ཐལ་བ་དང་། བོང་བུ་དང་རྔ་མོའི་སྦངས་ལ་སོགས་པ་དང་བདུད་རྩི་ལྔ་དང་ལྡན་པའི་ཆུ་ཡིས་བྱུགས་ལ། དྲི་མེད་པ་དང་དྲི་མི་ཞིམ་པའི་མེ་ཏོག་སྔོན་
པོའམ་ནག་པོའམ་སོ་བའམ་ནས་ཀྱིས་བསྐོར་བས་ཆལ་པར་དགྲམ་མོ། །འབར་བའི་ཕྲེང་བས་བསྐོར་བའི་འཇིགས་པར་བྱེད་པ་དང་བཅས་པ་མིའི་ཚིལ་ལ་སོགས་པའི་མར་མེས་བརྒྱན་པའོ། །ཡང་ན་རྡུལ་ཚོན་ཙམ་ལ་བརྟེན་ནོ། །འདི་ནི་ཐབ་ཁུང་གི་མཚན་ཉིད་བསྟན་པའོ།། །།ཤིང་པཱ་
ལ་ཤའམ་ཨུ་དུམྦཱ་ར་ལ་སོགས་པ་འོ་མ་ཅན་གྱི་སྟེང་གི་ཡལ་ག་གསར་པ་སོར་བཅུ་གཉིས་པ་མཉམ་པར་བཅད་པ་སྦོམ་ཕྲ་མཐེའུ་ཆུང་ཙམ་ལ་སྦྲང་རྩི་དང་འོ་མ་དང་མར་ལ་སྦགས་པའི་ཡམ་ཤིང་འདབ་མ་གཉིས་དང་ལྡན་པ། རྩེ་མོ་གཅིག་པ་མིང་མེད་དང་། མཐེ་བོང་གིས་བཟུང་ལ་
བསྣུན་ནོ། །རུལ་པ་དང་ཡོན་པོ་དང་ཕྲ་བ་ལ་སོགས་པ་སྤང་ངོ་། །ཀུ་ཤ་ཏིལ་མར་ལ་སྦགས་པ་དང་། འབྲས་སཱ་ལུའི་ཟན་དང་། འོ་མ་དང་། ནས་དང་། ཏིལ་དང་། ཞོ་དང་། པྲི་ཡང་ཀུ་དང་། ཙནྡན་དང་། དཱུར་བ་དང་། ཤིང་དྲི་ཞིམ་པོའི་ཁུ་བ་དང་། མེ་ཏོག་དང་། འབྲས་ཡོས་དང་
འབྲས་བུ་སྐྱུར་པོ་ཅན་གྱི་ལོ་མ་རྩེ་མོ་གཉིས་ཀ་སྦྲང་དང་འོ་མ་ལ་སྦགས་ལ། ཇི་ལྟ་བ་བཞིན་དུ་ཞི་བའི་སྦྱིན་སྲེག་བྱའོ། །འདིར་ཡང་སྔོན་གྱི་ཤིང་རྐེད་པ་ནས་སྐྱེས་པའི་ཡལ་ག་སྦོམ་ཕྲ་ཆང་པར་ཤོང་པ་ཁྲུ་རེ་བ་ཞོ་དང་འོ་མར་སྦགས་པའི་ཡམ་ཤིང་དང་། འབྲས་ཞོ་དང་མེ་ཏོག་བརྒྱ་པ་

ཞོ་དང་སྦགས་པ་དང་། བོ་ལིའི་འབྲས་བུ་དང་། འབྲས་སཱ་ལུ་དང་། པདྨ་གེ་སར་དང་། ནཱ་ག་གེ་སར་དང་། ཀརྞི་ཀ་དང་། འབྲུ་སྣ་ཚོགས་རྣམས་ཀྱིས་རྒྱས་པ་ལའོ། །ཞི་བའི་སྐབས་སུ་བཤད་པའི་ཤིང་ཡོན་ཏན་དང་ལྡན་པ་ལོ་མ་ཅན་སོར་ལྔ་པའམ། པྲི་ཡང་ཀུའམ། ཙམ་པ་ཀའི་
གེ་སར་ལ་སོགས་པས་ཡམ་ཤིང་ངོ་། །མེ་ཏོག་དང་འབྲས་བུ་དམར་ལ་སྐྱུར་བ་རྣམས་ཀྱིས་དབང་ལའོ། །ཤིང་རོ་ཚ་བ་དང་། ཁ་བ་དང་། ཚེར་མ་དང་ལྡན་པ་རྣམས་སམ། རོ་བསྲེགས་པའི་ཤིང་གསེས་པ་སོར་བཅུ་པ་རྩ་བའི་ཕྱོགས་ནས་བཟུང་སྟེ། དུག་དང་ཁྲག་དང་
ཏིལ་གྱིས་སྦགས་པ་རྩེ་མོ་རྣོ་བ་དང་ལྡན་པ་ཡམ་ཤིང་ངོ་། །ཡུངས་ཀར་དང་། ཚ་བའི་མར་དང་། ཁྲག་དང་། ཚྭ་དང་། སྐེ་ཚེ་དང་། ནིམ་པའི་ལོ་མ་དང་། རོ་བསྲེགས་པའི་ཐལ་བ་དང་། རྐང་རྗེས་ཀྱི་ས་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་སྦངས་དང་། ཁྱིའི་ཞག་དང་། བྱ་རོག་
ལ་སོགས་པའི་སྒྲོ་དང་། སྐྲ་དང་། དྲི་ཆེན་དང་། དྲི་ཆུ་དང་། ཚེར་མ་དང་། རུས་པའི་ཕྱེ་མ་ལ་སོགས་པ་གང་རྙེད་པ་རྣམས་ལ། དུག་དང་ཁྲག་དང་། ཚྭ་རྣམས་སྦགས་པས་སམ། ཡང་ན་ཐལ་བ་དང་སོལ་བ་དང་ཕུབ་མ་ལ་སོགས་པ་རྣམས་ལ་བསྒྲུབ་བྱའི་གཟུགས་བརྙན་
བྱས་ཏེ་དུག་ལ་སོགས་པས་སྦགས་པས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་རིམ་གྱིས་མཚོན་རྣོན་པོས་བཅད་ཅིང་བསྣུན་པ་ནི་གསད་པའི་སྦྱིན་སྲེག་གོ། །འདི་ནི་རྫས་ཀྱི་མཚན་ཉིད་བསྟན་པའོ། །སྦྱིན་སྲེག་གི་ཤིང་སྲོག་ཆགས་མེད་པ་ཐབ་ཁུང་བས་ཅུང་ཟད་དམའ་བའམ། །
བས་མཐའི་ལྕི་བ་ཞི་བ་ལའོ། །སྔོན་དུ་གསུངས་པའི་ཤིང་འབྲས་བུ་དང་བཅས་པ་རྒྱས་པ་ལའོ། །ནིམ་པའམ་ཤིང་རོ་སྐྱུར་བའམ། ཤིང་གཞན་མེ་ཏོག་དང་ལྡན་པ་རྣམས་དབང་ལའོ། །ཤིང་རོ་ཚ་བ་དང་། ཁ་བ་དང་། ཚེར་མ་དང་ལྡན་པ་དང་། དྲི་མི་ཞིམ་པ་དང་། དྲི་མེད་
པ་དང་། དུར་ཁྲོད་ནས་བྱུང་བ་རྣམས་གང་རུང་ངམ། བོང་བུ་དང་རྔ་མོ་ལ་སོགས་པའི་སྦངས་སྐམ་པོ་རྣམས་མངོན་སྤྱོད་ལའོ། །འདི་ནི་བུད་ཤིང་གི་མཚན་ཉིད་བསྟན་པའོ། །གསེར་རམ་ཟངས་སམ་མཆོད་སྦྱིན་གྱི་ཤིང་ལས་དགང་གཟར་བྱ་སྟེ། དེའི་ཡུ་བ་ནི་སྐྱེས་བུ་ཚད་

དང་ལྡན་པའི་སོར་ཉི་ཤུ་རྩ་བཞི་པའོ། །རྡོ་རྗེ་ལ་སོགས་པ་དང་སྟབས་ཅིག་ལོངས་སྤྱོད་དུ་མི་བཏུབ་པའོ། །སྟེང་གི་ཆ་པདྨའི་འདབ་མའི་རྣམ་པ་ཅན་སྲིད་དུ་སོར་བརྒྱད་པ་ཤིན་ཏུ་མཛེས་པ་ལ་ཆའི་སྨད་སོར་བཞི་ལྷམ་པ་ཟབས་སུ་སོར་གཉིས་དང་ལྡན་པའོ། །ནང་དུ་
རྡོ་རྗེ་རྩེ་གསུམ་པའམ་རྩེ་ལྔ་པས་བརྒྱན་པ། བཅུད་ཁུང་མཐེབ་ཆུང་ལྟོ་གང་བ། དེ་སྟེང་རྡོ་རྗེ་རྩེ་ལྔ་པས་སྤྲས་པ། ཡུ་བའི་འོག་གི་ཆ་རིན་པོ་ཆེ་རྡོ་རྗེས་བརྒྱན་པའོ། །བླུགས་གཟར་གྱི་ཡུ་བའི་འོག་ཆ་ལ་ཡང་དེ་ལྟར་གོ་བར་བྱའོ། །རྒྱ་སྔར་དང་མཚུངས་སོ། །ཡུ་བ་དག་དགང་
གཟར་སྲིད་དུ་མཉམ་པ་ལ་ཕྱེད་ཀྱིས་ཕྲ་བ་ཁ་ལ་རྒྱར་སོར་གཉིས་པ་པདྨའི་འདབ་མ་ལྟ་བུའོ། །ཟབས་སུ་སོར་གཅིག་དང་ལྡན་པ་ལ་རྡོ་རྗེ་རྩེ་ལྔ་པ་དགོད་དོ། །དགང་གཟར་དང་བླུགས་གཟར་མེད་ན་ལག་པས་དགང་བླུགས་དབུལ་བར་བྱའོ། །འདི་ནི་དགང་གཟར་དང་བླུགས་གཟར་གྱི་
མཚན་ཉིད་བསྟན་པའོ། །དེ་ནས་ཁྲུས་བྱས་ལ་གོས་གཙང་མ་དང་རྒྱན་དཀར་པོ་བཏགས་ནས་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་ངག་བཅད་ལ། བདེ་བའི་སྟན་གྱི་སྟེང་དུ་པདྨའི་སྐྱིལ་མོ་ཀྲུང་བཅས་ཏེ། དཀར་པོའི་ཚེས་གཅིག་གི་ནུབ་མོ་སྲོད་ཀྱི་དུས་སུ་ཁ་ཤར་དུ་
བལྟས་ནས་བསྒྲུབ་བྱ་དམིགས་ཏེ་ཞི་བའི་བསམ་པ་དང་ལྡན་པས་ཞི་བའི་ལས་བྱའོ། །དེ་ལྟར་གོས་ལ་སོགས་པ་གོང་ལས་ཁ་དོག་གི་དབྱེ་བས་ཤེས་པར་བྱས་ལ། ཚེས་བཅོ་ལྔའི་སྔ་དྲོའི་དུས་སུ་ལྷོ་རུ་བལྟས་ནས་སྟན་བཟང་པོར་བསྡད་དེ། འཕང་མཐོ་བའི་བསམ་པ་དང་
ལྡན་པས་རྒྱས་པའི་ལས་བྱའོ། །དེ་ལྟར་གོས་དམར་པོ་ལ་སོགས་པ་སྔ་མ་ལྟར་བྱས་ལ་ཚེས་བརྒྱད་ཀྱི་ནམ་ཕྱེད་ཀྱི་དུས་སུ་ནུབ་ཏུ་བལྟས་ནས་སྟན་མཐོན་པོའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བསྡད་དེ། ཆགས་པའི་བསམ་པ་དང་ལྡན་པས་དབང་གི་ལས་བྱའོ། །དེ་ལྟར་
གོས་ནག་པོ་ལ་ཁྲག་གིས་སྤྲས་པ་དང་། རྒྱན་ནག་པོ་གདགས། ནག་པོའི་དུས་གཉིས་གང་རུང་ཅིག་གིས་ཉི་མ་ཕྱེད་དམ་ནམ་ཕྱེད་ཀྱི་དུས་སུ་བྱང་དུ་ཁ་བལྟས་ནས། སྟན་སྤངས་ཏེ་མཁྲང་པའི་སྟེང་དུ་བསྒྲུབ་བྱའི་སྙིང་གར་ཙོག་ཙོག་པོར་གནས་ལ། ཤིན་ཏུ་ཁྲོ་བའི་བསམ་པ་དང་ལྡན་

པས་སོ། །མིག་བགྲད་ཁྲོ་གཉེར་བཅས་ཏེ། དཀོན་མཆོག་གསུམ་ལ་བྱ་བ་མ་ཡིན་པ་བྱེད་པ་རྣམས་ཐུགས་རྗེ་ཆེན་པོས་གསད་པའི་དོན་དུ་བསྒྲུབ་བྱའི་སྙིང་ག་ན་གནས་པའི་བསྲུང་བ་རྣམས་ཧཱུཾ་ལས་སྤྲོས་པའི་རྡོ་རྗེའི་ལྕགས་ཀྱུས་བཀུག་ནས་རང་གི་ས་བོན་ལ་བསྟིམ། ཁོ་རང་གི་ལྷ་
ཐམས་ཅད་ཀྱིས་ཀྱང་དོར་བར་བསམ་མོ། །བསྒྲུབ་བྱའི་སྡིག་པ་དང་ཕྲལ་ཏེ་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་འདོད་པས་མངོན་སྤྱོད་ཀྱི་ལས་བྱའོ། །འདི་ནི་སྒྲུབ་པ་པོའི་མཚན་ཉིད་བསྟན་པའོ། །གསེར་དང་དངུལ་དང་རྡོ་དང་ཟངས་དང་ཤིང་དང་ས་རྣམས་ལ་དུང་གི་དབྱིབས་སུ་
བྱས་པ་ལའམ། དུང་ངམ་ཤོ་མའི་སྣོད་དུ་ཡོན་ཆབ་ལ་སོགས་པའི་སྣོད་དོ། །ནས་དང་། འོ་མ་དང་། མེ་ཏོག་དཀར་པོ་དང་། ཏིལ་དང་། ཀུ་ཤ་དང་། འབྲས་ཡོས་རྣམས་དང་། དྲི་ཆབ་དང་། བདུད་རྩི་ལྔ་དང་ལྡན་པ་རྣམས་བླུགས་ནས་རང་འདོད་པའི་ལྷའི་སྔགས་ལ་སྭཱ་ཧཱ་སྦྱར་བ་
ལན་བརྒྱ་བཟླས་པས་ཞི་བ་ལའོ། །དེ་ལྟར་ཞོ་དང་མེ་ཏོག་སེར་པོ་དང་དྲི་ཆབ་ཁ་དོག་གིས་ཤེས་པར་བྱ། གཞན་གོང་དང་འདྲ། ཨོཾ་བཏགས་པས་རྒྱས་པ་ལའོ། །མེ་ཏོག་དམར་པོ་དང་དྲི་ཆབ་ལ་སོགས་པ་གོང་དང་འདྲ། ཧོཿབཏགས་པས་དབང་ལའོ། །གྱོ་མོ་དང་འདག་
པའི་སྣོད་ལ་སོགས་པར་ཁྲག་དང་ལྕི་བ་དང་བ་ལང་གི་གཅིན་དང་མེ་ཏོག་དང་དྲི་ཁ་དོག་ནག་པོ། དྲི་མེད་པ་དྲི་ང་བའི་དྲི་ཆབ་ལ་སོགས་པ་གོང་དང་འདྲ། ཕཊ་བཏགས་པས་མངོན་སྤྱོད་ལའོ། །འདི་ནི་ཡོན་ཆབ་ལ་སོགས་པའི་མཚན་ཉིད་བསྟན་པའོ། །ཞི་བ་དང་རྒྱས་པ་དང་དབང་
རྣམས་ཀྱི་དབྱེ་བས་ལས་ཐམས་ཅད་པའི་སྔགས་བཟླས་ལ། ལས་ཐམས་ཅད་པའི་ཆུ་སྣོད་དང་ཡོན་ཆབ་ལ་སོགས་པ་གཡོན་དུའོ། །དེ་རྣམས་ཀྱི་སྔོན་དུ་བཟེད་ཞལ་གསུམ་གཞག་གོ། །བསང་གཏོར་གྱིས་བསངས་ལ་སྦྱིན་སྲེག་གི་ཤིང་ལ་སོགས་པའི་རྫས་རྣམས་གཡས་
ཕྱོགས་སུ་གཞག་གོ། །སྤྲོས་པ་ལ་དགའ་ན་རྣམ་རྒྱལ་གྱི་བུམ་པ་དང་། ལས་ཐམས་ཅད་པའི་བུམ་པའི་ལྷག་གནས་ནི་དངོས་གྲུབ་རིན་ཆེན་འབྱུང་གནས་ལྟར་ཆོ་ག་བྱ། སྤྲོས་པ་ལ་མི་དགའ་ན་སློབ་དཔོན་ལ་ལ་དག་གིས་བུམ་པ་གཉིས་པ་མི་འདོད་དོ། །མངོན་སྤྱོད་ལ་གཡས་

སུ་ཡོན་ཆབ་ལ་སོགས་པ་བཞག་ཅིང་གཡོན་དུ་རྫས་རྣམས་གཞག་གོ། །འདི་ནི་རྫས་རྣམས་དགྲམ་པའི་མཚན་ཉིད་བསྟན་པའོ། །འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེ་ཞི་བ་ལའོ། །རྒྱལ་པོ་དང་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའམ། ནགས་ལས་བྱུང་བའམ། རིན་
པོ་ཆེ་ལས་བྱུང་བའམ། དགེ་འདུན་གྱི་ཚང་མང་ལས་བྱུང་བའི་མེ་རྒྱས་པ་ལའོ། །རྗེ་རིགས་དང་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེས་དབང་ལའོ། །མི་རུས་ལས་བྱུང་བའམ། རྡོ་ཐལ་ལས་བྱུང་བའམ། དུར་ཁྲོད་ལས་བྱུང་བའམ། རིགས་ངན་གྱི་ཁྱིམ་ལས་བྱུང་བའི་མེས་མངོན་
སྤྱོད་ལའོ། །འདི་ནི་མེའི་མཚན་ཉིད་བསྟན་པའོ། །དེ་ནས་དངོས་གྲུབ་རིན་ཆེན་འབྱུང་གནས་སུ་བཤད་པ་ལྟར་གཏོར་མ་སྦྱིན་ལ། བསྲུང་བ་དང་ལྡན་པས་སྣོད་དུ་མ་བཟུང་སྟེ། ཡི་གེ་གསུམ་གྱི་སྔགས་བཟླས་སོ། །དེ་ནས་ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་མར་མེས་མེ་
སྦར་བ་དང་། སྔགས་དེ་ཉིད་བརྗོད་ཅིང་བའི་ཆུས་མངོན་སྤྱོད་དང་གཞན་ལ་གཡོན་དང་གཡས་སུ་ལན་བདུན་བསྐོར་ཞིང་བསང་གཏོར་བྱས་ཏེ། ཐབ་ཁུང་དུ་དུ་བ་དང་བཅས་པའམ། དུ་བ་ཡང་སྦངས་པ་གཞག་སྟེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་པས་ཡང་དག་པར་སྦར་བ་དང་། འཁོར་
ལོའི་གཙོ་བོའི་སྙིང་པོ་བརྗོད་ཅིང་། བླུགས་གཟར་མར་གྱིས་བཀང་སྟེ་ལན་བདུན་གྱིས་བསྐྱར་བར་བྱའོ། །མངོན་སྤྱོད་ལ་ཚ་བའི་མར་གྱིས་སོ། །དེ་ནས་ཀུ་ཤ་རྣམས་དགྲམ་པ་ནི། ཨོཾ་བཛྲ་སཏྭ་ཨཿཞེས་པ་བརྗོད་ཅིང་དང་པོར་ཀུ་ཤ་གཉིས་སྒྲུབ་པ་པོའི་གཡོན་ཕྱོགས་སུ་ཤར་དུ་
བསྟན་ཏེ་གཞག་གོ། །རིམ་པ་བཞིན་དུ་ལྷོ་ཕྱོགས་སུ་དང་། ནུབ་ཕྱོགས་དང་བྱང་ཕྱོགས་རྣམས་སུ་བསྟན་པའོ། །ཐབ་ཁུང་དུ་དབུལ་བ་ནི་ཤར་དུ་བསྟན་པའོ། །གཞན་ཡང་རྒྱས་པ་དང་དབང་དང་མངོན་སྤྱོད་རྣམས་ཀྱི་ཐབ་ལ་རིམ་པ་ཇི་ལྟ་བ་བཞིན་ཤར་དང་ལྷོ་དང་ནུབ་རྣམས་སུ་ཤེས་
པར་བྱའོ། །དེ་ནས་ལྷའི་རང་བཞིན་ལ་གནས་པའི་རང་གི་ས་བོན་གྱི་ཐབ་བསྐྱེད་ལ་སྦར་བར་བལྟས་ནས་དེར་བདག་མེད་པར་བསམས་ལ། ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པའོ། །དེའི་སྟེང་དུ་པདྨ་དང་ཉི་མ་ལ་གནས་པ་ས་བོན་ཡི་གེ་རཾ་ལས་བྱུང་བའི་ལྟོ་བ་

འཕྱང་བ་ཤ་རྒྱས་པ་ཐུང་བ། ཞལ་གསུམ་པ་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་ཀྱིས་མི་འཇིགས་པ་དང་བགྲང་འཕྲེང་འཛིན་པ། གཡོན་གཉིས་ཀྱིས་དབྱུག་པ་དང་སྤྱི་བླུགས་འཛིན་པ། ལས་
ཀྱི་བྱེ་བྲག་གི་ཁ་དོག་དང་ན་བཟའ་དང་རྒྱན་བསམ་པའི་བྱེ་བྲག་དང་འོད་ཟེར་གྱི་འཕྲོ་འདུ་དང་རྒྱས་གདབ་རྣམས་གོ་བར་བྱའོ། །རལ་པ་དང་སྨྲ་ར་ཤིན་ཏུ་རྒྱས་པ། ས་བོན་རཾ་དང་བཅས་པའི་མེའི་དཀྱིལ་འཁོར་གྱིས་ཐུགས་ཀར་སྤྲོས་པའི་མེ་ལྷ་བསམ་ནས། ཐུགས་ཀའི་ས་བོན་
ལས་འོད་འཕྲོས་པས། དམ་ཚིག་པ་དང་མཚུངས་པའི་ཡེ་ཤེས་པ་འཁོར་དང་བཅས་པ་མེ་མཚམས་ན་གནས་པར་བལྟས་ལ། སྤྱན་དྲང་བའི་སྔགས་ནི། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧི་ཏཱ་ཧུ་ཏི་མ་ཧཱ་རཾ་ཨ་སྨིན་སནྣི་ཧི་ཏོ་བྷ་བཱ་ཞེས་པས་དགུག་སྟེ་བསྟིམ་མོ། །
དེ་ལ་ཨོཾ་ཨཱཿཧཱུཾ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་ཞེས་པའམ། ཨོཾ་ཨཱཿཧཱུཾ་པྲ་བ་ར་སཏྐཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ཨརྒྷཾ་དབུལ་ལོ། །ཨརྒྷའི་གནས་སུ་པཱ་ཏྱ་ལ་སོགས་པ་བཅུག་ལ། ཞབས་བསིལ་དང་། ཞལ་བསིལ་བསང་གཏོར་ཕུལ་ཏེ། ལས་ཀྱི་བྱེ་བྲག་གི་མེ་ཏོག་
ལ་སོགས་པས་མཆོད་པར་བྱའོ། །ཕྱི་ནས་ལག་པ་གཡོན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེང་དུ་ཁ་ཕྱོགས་པས་མར་གྱིས་གང་བའི་དགང་གཟར་བཟུང་ལ། ཡང་ལག་པ་གཡས་པ་འོག་ཏུ་ཁ་ཕྱོགས་པས་མར་གྱིས་གང་བའི་བླུགས་གཟར་སྟེང་དུ་ཁ་ཕྱོགས་པར་
བཟུང་སྟེ། མངོན་སྤྱོད་ལས་གཞན་པར་གོ་བར་བྱའོ། །པུས་མོའི་སྟེང་ནས་འཁྱུད་པ་བཞིན་པས་དགང་བླུགས་གཡས་དང་གཡོན་དུ་བསྐོར་ཞིང་དགང་བླུགས་གསུམ་མམ་བདུན་དབུལ་བ་ནི། མེ་ལྷའི་ལྕེ་ལ་རཾ་བཀོད་ལ། གསུམ་པོ་ཁ་ཅུང་ཟད་ཕྱེ་བར་དབུལ། མངོན་
སྤྱོད་ལ་ཁ་ཤིན་ཏུ་གདངས་པར་དབུལ་བ་ནི། ཨོཾ་ཧི་བཛྲ་ཕཊ་རྣམས་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་རྣམས་ཀྱིས་དབྱེ་བས། ཨོཾ་ན་མཿས་མནྟ་བྷཱུ་ཏ་ནཱཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པའི་སྔགས་ལ་རིམ་པས་སྦྱར་རོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པས་སྲེག་བླུགས་ཀྱི་སྔགས་སོ། །

ཕྱི་ནས་མེ་སྤྲ་བརྟག་པ་ནི་ཁ་དོག་གི་དབྱེ་བ་ལ་སོགས་པས་རིམ་པ་དང་རིམ་པ་མ་ཡིན་པས་གོ་བར་བྱས་ལ། བསང་གཏོར་དང་། བསྲུང་བ་བྱས་པ་དང་། ལས་ཐམས་ཅད་པའི་སྔགས་ཀྱིས་སྲེག་བླུགས་བདུན་བྱས་ཏེ། ཕྱི་ནས་དགང་བླུགས་གསུམ་ཕུལ་ལ། བླུགས་
གཟར་ལ་སོགས་པ་ལན་གཅིག་གམ་གསུམ་མམ་བདུན་དབུལ་བར་བྱའོ། །ཡམ་ཤིང་ལ་སོགས་པ་སྦྱང་བ་ནི། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པ་ཡམ་ཤིང་སྦྱང་བའི་སྔགས་སོ། །ཨོཾ་ཤྲཱི་སྭཱ་ཧཱ་ཞེས་པ་མར་སྦྱང་བའི་སྔགས་སོ། །ཨོཾ་སྭཱ་ཧཱ་ཞེས་པས་རྫས་རྣམས་བཀྲུ་བའི་སྔགས་སོ། །ཨོཾ་ཛྭ་
སྭཱ་ཧཱ་ཞེས་པ་འབྲུ་རྣམས་སྦྱང་བའི་སྔགས་སོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་པས་རྫས་གཞན་རྣམས་སྦྱང་བའི་སྔགས་སོ། །འདིར་བསྲེག་པའི་གོ་རིམས་ནི་དང་པོ་མེ་འབར་བཞིན་པ་ལ་ཡམ་ཤིང་བསྲེག་གོ། །དེ་ནས་རིམ་གྱིས་མར་དང་། ཏིལ་དང་། དཱུར་བ་དང་། འབྲས་
དང་། །འབྲས་ཡོས་དང་། ཀུ་ཤ་ལ་སོགས་པ་རང་རང་གིས་སྔགས་ཀྱིས་བསྲེགས་ཏེ། ཕྱི་ནས་ཞལ་བསིལ་དང་བསང་གཏོར་བྱས་ལ། མེ་ལྷ་དེ་འབར་བའི་རང་བཞིན་དུ་གྱུར་པ་ལ་སོགས་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ཡིག་གིས་ཡང་བསང་གཏོར་བྱས་ལ་ཞི་བར་འདོད་
པས་ཆོ་ག་ཇི་ལྟ་བ་བཞིན་ཞི་བར་བྱ་བ་ནི་འོད་ཟེར་འཕྲོ་བཞིན་པའི་དཔལ་ནག་པོ་ཆེན་པོར་བསྐྱེད་ལ། ཕྱག་ན་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩིས་བཀང་བ་ཐོགས་ཏེ་བསྒྲུབ་བྱ་ལ་ལྷ་མོས་དབང་བསྐུར་བས་དེའི་རིམས་ནད་ལ་སོགས་པ་ཞི་བར་བྱ་བ་ནི། རྒྱས་པར་འདོད་པས་རྒྱས་པར་
བྱ་བ་ནི་བསྒྲུབ་བྱའི་བང་མཛོད་དུ་སྔ་མ་ལྟར་གསེར་གྱི་བུམ་པ་ནས་རིན་པོ་ཆེའི་རྒྱུན་བབས་པས་དབུལ་བ་ལས་གྲོལ་བར་བྱའོ། །དབང་དུ་བྱ་བར་འདོད་པས་སྔ་མ་ལྟར་ཨུཏྤལ་ཁ་ཟུམ་པ་ལྟ་བུའི་མདེའུ་དང་ལྡན་པའི་མདའ་སྙིང་གར་སྤྲོས་ནས་དབང་དུ་བྱའོ། །གསད་པར་འདོད་པས་
ཁྲོ་བ་དང་བཅས་ཏེ་བསྒྲུབ་བྱའི་སྟེང་དུ་རྡོ་རྗེའི་མེའི་ཆར་པ་ཕབ་ནས་དེ་ཐལ་བར་སོང་བར་བསམ་ཞིང་གསད་པར་བྱའོ། །དེ་ནས་མངོན་པར་རྟོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་དམ་ཚིག་པ་བསྐྱེད་པ་དང་ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་བ་ཡན་ཆད་བྱས་ལ། མེ་ཏོག་

དཀར་པོ་དང་། དྲི་ཞིམ་པོ་ལ་སོགས་པའི་རང་སྔགས་དང་། ལྷ་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ལ་མཆོད་པ་ནི་ཞི་བ་ལའོ། །དེ་བཞིན་དུ་མེ་ཏོག་སེར་པོས་རྒྱས་པ་ལ་ཤེས་པར་བྱའོ། །དབང་ལ་དམར་པོ། །དྲག་པོ་ལ་དྲི་མི་ཞིམ་པ་དང་། དྲི་མེད་པའི་མེ་ཏོག་དང་དྲིའོ། །གུ་
གུལ་དཀར་པོས་སྤོས་སོ། །མི་དང་ཉ་ལ་སོགས་པའི་ཞག་ལས་མར་མེའོ། །ཚ་བ་དང་ཁ་བ་ལ་སོགས་པས་ལྷ་བཤོས་སོ། །ཨརྒྷཾ་དང་། ཞབས་བསིལ་དང་། ཞལ་བསིལ་དང་། བསང་གཏོར་རྣམས་ཀྱིས་ཡང་དག་པར་མཆོད་ནས། ལྕེ་ལས་ཀྱི་རྗེས་སུ་འབྲང་བའི་ཁ་དོག་
དང་ལྡན་པའི་རྡོ་རྗེ་རང་གི་ས་བོན་གྱིས་མཚན་པར་བསྐྱེད་ལ། རང་གི་སྔགས་ཀྱིས་སྔ་མ་བཞིན། དགང་བླུགས་རེ་རེ་ལ་མར་ལ་སོགས་པའི་རྫས་ཐམས་ཅད་ཀྱི་རེ་རེ་ལ། སྲེག་བླུགས་གསུམ་གསུམ་དབུལ་ལོ། །མར་གྱི་སྲེག་བླུགས་གཞན་པས་མང་བར་བྱའོ། །དེ་ནས་རང་གི་
སྔགས་ཀྱི་བར་དུ་ཞི་བ་ལ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་ཨོཾ། །དབང་ལ་ཝ་ཤཾ་ཀུ་རུ་ཧོཿགསད་པ་ལ་མཱ་ར་ཡ་ཕཊ་དམ། ཧཱུཾ་ཧཱུཾ་ཞེས་པ་རྣམས་ཀྱང་ལྡན་པའམ། རྐྱང་པར་ཟློས་བཞིན་པས་ཞི་བ་ལ་སོགས་པའི་བསམ་པ་དང་བཅས་པས་སྲེག་བླུགས་བརྒྱའམ།
སྟོང་ངམ། ནུས་ཚད་བསྲེག་པའི་སྔགས་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་དང་། ཏིལ་གྱིས་ཞི་བར་བྱ་བའི་ཕྱིར་རོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ཞེས་པ་དང་། དཱུར་བས་ཚེ་བསྲིང་བར་བྱ་བའི་ཕྱིར་རོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ་ཞེས་པ་དང་། འབྲས་མ་ཉམས་པས་རྒྱས་
པར་བྱ་བའི་ཕྱིར་རོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ་ཞེས་པ་དང་། འབྲས་ཡོས་ཀྱིས་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་རོ། །ཨོཾ་ཨ་པྲ་ཏི་ཧ་ཏ་ཏེ་ཧེ་བཛྲཱ་ཡ་སྭཱ་ཧཱ་ཞེས་པ་དང་། ཏིལ་གྱིས་བརླན་པའི་ཀུ་ཤས་བསྲུང་བའི་དོན་དུའོ། །ཨོཾ་མ་ཧཱ་བཱིརྱཱ་ཡ་སྭཱ་ཧཱ་ཞེས་པ་ནས་ཀྱིའོ། །ཨོཾ་བཛྲ་
གྷསྨ་རཱི་སྭཱ་ཧཱ་ཞེས་པ་གྲོའིའོ། །རང་རང་གི་ལྷའི་སྔགས་ཀྱིས་རྫས་གཞན་རྣམས་བསྲེག་གོ། །དེ་ལྟར་ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་བྱས་ལ། སྙིང་པོའི་སྔགས་ཀྱིས་གསུམ་མམ་བདུན་ནམ་ཉི་མ་ཉི་ཤུ་རྩ་གཅིག་གི་བར་དུ་མར་གྱི་སྲེག་བླུགས་བྱའོ། །ཕྱི་ནས་དགང་

བླུགས་ཕུལ་ཏེ། ཨརྒྷཾ་དབུལ་བ་དང་། བསང་གཏོར་བྱ་བ་དང་། ཞབས་བསིལ་དང་། ན་བཟའ་བསམ་པ་དང་། མཆོད་པ་དང་། བསྟོད་པ་དང་། ཕྱག་རྒྱ་རྣམས་ཕུལ་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ཏེ། ཆོ་ག་མ་ཚང་བ་ལ་སོགས་པའི་སྐྱོན་ཞི་བར་བྱེད་
པའི་དོན་དུ། བདག་ནི་རྨོངས་པའི་བློ་ཡིས་དབང་དག་གིས། །གང་དག་ཅུང་ཟད་ངན་པར་བགྱིས་པ་རྣམས། །མགོན་པོ་ཁྱོད་ལ་བཟོད་གསོལ་དེ་བགྱིས་པས། །སེམས་ཅན་རྣམས་ཀྱི་བསྐྱབ་པ་པོར་གྱུར་ཅིང་། །མ་ཐོབ་པར་བྱས་པ་དང་མི་ཤེས་པས། །མ་གུས་པ་ཡིས་གང་བྱས་གྱིས་
གཙོ་བོ། །བྱས་པ་བྱེད་པ་འདིར་ནི་གང་ཡིན་པ། །དེ་རྣམས་ཐམས་ཅད་བཟོད་གསོལ་བཞེས་པར་ཞུ། །ཞེས་པས་རྗེ་བཙུན་ལ་བཟོད་གསོལ་བྱའོ། །དེ་ནས་ཨོཾ་བཛྲ་སཏྭ་ཨཿཞེས་ཅུང་ཞིག་བརྗོད་ནས་ཡི་གེ་བརྒྱ་པ་དང་། ཨོཾ་ཏྲཾ་ཏོ་ཝ་ཞེས་པ་ལ་སོགས་པ་བརྗོད་ནས་ཡི་གེ་གསུམ་
གྱི་བར་དུ་རང་གི་སྙིང་པོ་མུཿདང་བཅས་པ་བཅུག་ལ་བཟླས་ཤིང་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །ཕྱི་ནས་མེ་ལྷ་ཐབ་ཁུང་དུ་སྤྱན་དྲངས་ལ་བསང་གཏོར་གྱིས་བསངས་ལ་མཆོད་པ་དབུལ། ཞལ་བསིལ་ནས་རས་གསར་པ་ཕུལ་བ་དང་། རྫས་ལྷག་རྣམས་བསྲེག་པ་ནི་དྲིལ་བུ་དཀྲོལ་
ཞིང་བསྟོད་པ་དང་བཅས་པས་སོ། །ཡང་ཞལ་བསིལ་དེ་བསངས་ལ་ཡང་དག་པར་མཆོད་ལ་འདོད་པའི་དོན་ལ་གསོལ་བ་གདབ། བཟོད་གསོལ་བྱས་ཏེ། ཨོཾ་བཛྲ་སཏྭ་ཨཱཿཞེས་པ་བརྗོད་ལ་སྔ་མ་ལྟར་བྱས་ནས་ཨོཾ་མུཿཞེས་པས་གཤེགས་སུ་གསོལ་ལོ། །དེ་ལྟར་ཉི་མ་རེ་རེ་ཞིང་གོང་
དུ་བཤད་པ་ལྟར་ལན་གསུམ་མམ་བཞིར་བྱའོ། །དེ་ནས་མེ་བསྡུ་བ་ནི་ཞི་བ་ལ་འོ་མས་སོ། །རྒྱས་པ་ལ་ཆུ་སེར་པོས་སོ། །དབང་ལ་ཡང་འོ་མས་སོ། །གསད་པ་ལ་ཁྲག་གིས་སོ། །དེ་ནས་ཐབ་ཁུང་གི་ཐལ་བ་དང་སོལ་བ་ལས་ཐམས་ཅད་པའི་བུམ་པར་བླུགས་ཏེ་ཆུ་བོ་ལ་
སོགས་པར་དོར་རོ། །འདིར་ནི་ལྷ་མཉེས་པར་བྱ་བའི་མཚན་ཉིད་བསྟན་པའོ།། །།སྦྱིན་སྲེག་ཆོ་ག་བྱས་པ་འདི་ཡིས། །དགེ་བ་དྲི་མེད་ཐོབ་པ་གང་ཡིན། །དེས་ནི་མྱུར་བར་སེམས་ཅན་ཐམས་ཅད། །བདེ་ཆེན་རྡོ་རྗེ་སེམས་དཔར་གྱུར་ཅིག །ཡེ་ཤེས་ཀྱི་མེ་སྦར་བ་ཞེས་བྱ་བའི་སྦྱིན་

སྲེག་གི་ཆོ་ག་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིས་མཛད་པའོ། །པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཨ་བྷི་ས་མ་ཡ། བོད་སྐད་དུ། ནག་པོ་ཆེན་པོའི་
མངོན་པར་རྟོགས་པ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོ་དཀའ་ཐུབ་ལ་གནས་པས། དུར་ཁྲོད་ལ་སོགས་པའི་གནས་སུ། གཅིག་ཏུ་དབེན་པར་གནས་པས། ལུས་ཡོངས་སུ་དག་པར་བྱས་ལ། སྔགས་འདི་བརྗོད་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་པཱུརྦ་ཨིནྡྲ་བནྡྷ།
དཀྵི་ན་ཡ་མོ་བནྡྷ། པཤྩི་མ་བ་རུ་ཎ་བནྡྷ། ཨུཏྟ་ར་ཀུ་བེ་ར་ཨ་དྷི་པ་ཏི་བནྡྷ། ཨཱི་ཤ་ན་བྷཱུ་ཏ་ཨ་དྷི་པ་ཏི་བནྡྷ། ཨགྣི་པཻ་ཤྭ་ར་ན། ནཻ་ཪྼྀ་ཏྱེ་རཀྵ་ས་བནྡྷ། བཱ་ཡ་བེ་བཱ་ཡུ་དེ་བ་ཏ། ཨུརྡྷེ་སི་ཏ་མ་ཧོ་བནྡྷ། ཨ་དྷྭ་པྲྀ་ཐྺཱི་ནཱ་གེནྡྲ། ཙནྡྲ་སཱུརྱ་དེ་བ་གྲ་ཧ། མཱ་ཏྲྀ་ཛྲ་མི་ཀ་བྷཱུ་ཏ། ཀ་ཊ་པཱུ་ཏ་ན་ཤྩ་ཛཱཀྵཱཥྚར་
གྷ་ཏེ། ཡེ་ཀ་ཙི་ཏ་དུཥྚཱ་ན། སརྦན། བནྡྷ་བནྡྷ། ཀཱི་ལ་ཡ་ཀཱི་ལ་ཡ། བཛྲ་མུངྒ་རེ་ཎ་ཀ་ཧ་ཀ་ཧ་ཤཔྟ་པ་ཏ་ལ། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདིས་བགེགས་བསལ་བར་བྱས་ལ། དེ་ནས་སྔགས་བསྒྲུབ་པ་ལ་སྔགས་པས་འབད་པར་བྱ་སྟེ། རང་གི་ལུས་
ཀྱི་སྙིང་གར་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་སྔོན་པོ་ལས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་སྤྱན་དྲངས་ལ། གླང་པོ་ཆེའི་ལྟ་སྟངས་ཙམ་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་ཏེ། ཐུགས་
ཀའི་ས་བོན་ལས། མེ་ཏོག་མ་དང་བདུག་སྤོས་མ་སོགས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ལ། སྡིག་པ་ཡང་བཤགས་ཏེ། འཁོར་བ་ཐོག་མ་མེད་པ་ནས། །སྐྱེ་བའི་བརྒྱུད་པ་ཐམས་ཅད་དུ། །ཇི་ལྟར་བྱས་པའི་སྡིག་པའི་ཚོགས། །བྱས་དང་རྗེས་སུ་ཡི་རང་བ། །ཐམས་
ཅད་སོ་སོར་བཤགས་པར་བགྱི། །ཕྱིན་ཆད་བདག་ནི་མི་བགྱིད་དོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མངོན་དུ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཚངས་པའི་གནས་རྣམས་

བསྒོམ་པ་ཡིས། །ཐོག་མ་མེད་པའི་འཁོར་བ་ནས། །བདག་གི་མ་དང་། ཕ་དང་། སྤུན་ཟླ་དང་། སྲིང་མོ་ལ་སོགས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་པ་ལྟར་བྱམས་པའི་སེམས་ལྟར་དུ་གནས་པས། འཁོར་བའི་ཕ་རོལ་དུ་བསྒྲལ་བར་
བགྱིའོ། །དེ་ལྟར་བྱམས་པ་ཆེན་པོའི་སེམས་དང་ལྡན་ལ། འཁོར་བའི་ནགས་ཁྲོད་ཉམ་ང་བའམ། སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་ཡོངས་སུ་བསྒྲལ་བའི་བློ་བསྐྱེད་ལ། སྡུག་བསྔལ་གྱི་རང་བཞིན་ལ་བསམ་སྟེ། སྙིང་རྗེ་ཆེན་པོ་བསྐྱེད་ལ། དགའ་བ་ཆེན་པོའི་
སེམས་ཀྱིས་ཐམས་ཅད་བདེ་བ་ཆེན་པོའི་སེམས་དང་ལྡན་པས། ཀུན་ལ་སྙོམས་ཤིང་ཁྱབ་པར་བྱ་སྟེ། དེ་ནས་གྲུབ་པའི་དཔལ་ནག་པོ་ཆེན་པོའི་གཟུགས་རྙེད་པ་དང་ལྡན་པར་བསམས་ལ། འཇིག་རྟེན་གྱི་ཆོས་བརྒྱད་རྣམ་པར་སྤངས་ཏེ། བཏང་སྙོམས་ཆེན་པོའི་སེམས་སུ་
གནས་པར་བྱའོ། །དེ་ལྟར་ཚངས་པའི་གནས་བཞི་རབ་ཏུ་གནས་པར་བྱའོ། །དེའི་ནང་དུ་རང་གི་ལུས་ཀྱི་ཀུན་དུ་སྤྱོད་པའི་རང་བཞིན་དུ་བལྟ་བར་བྱ་བ་དང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྐད་ཅིག་གིས་ནམ་
མཁའི་དཀྱིལ་དུ། སྣ་ཚོགས་པདྨའི་ལྟེ་བ་ལ། ཡི་གེ་རཾ་ལས་བྱུང་བའི་ཉི་མ་དང་ཧཱུཾ་ནག་པོ་ཡོངས་སུ་རྫོགས་པའི་ནག་པོ་ཆེན་པོ། བཟང་པོའི་དབང་ཕྱུག་ཕྱག་གཉིས་པ། ཞལ་གཅིག་པ། རབ་ཏུ་གནག་པ། སྤྱན་གསུམ་པ། མགོ་བོའི་ཕྲེང་བས་བརྒྱན་པ། དབུ་སྐྲ་དམར་སེར་
གྱེན་དུ་ལངས་པ། རོའི་གདན་ལ་གནས་པ། མཆེ་བ་རབ་ཏུ་གཙིགས་པ། འཇིགས་པའི་ཚོགས་རྣམས་ཀྱང་རབ་ཏུ་འཇིགས་པར་མཛད་པ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། མིའུ་ཐུང་གི་གཟུགས་ཅན། གཟི་བརྗིད་དང་ལྡན་པ། མི་བསྐྱོད་པས་རྒྱས་བཏབ་པ། གཡས་ན་
གྲི་གུག་འཛིན་པ། གཡོན་པ་ཐོད་པ་དང་མཆན་ཁུང་ན་ཁ་ཊྭཱཾ་ག་འཛིན་པ། རབ་ཏུ་རྔམ་པས་ཁྲག་གསོལ་ཞིང་འབོ་བའི་ཞལ་ཅན། ལྗགས་རྣམ་པར་རོལ་ཞིང་བསྒྱུར་བ། མཆེ་བ་རབ་ཏུ་གཙིགས་པར་རང་ཉིད་བལྟ་བར་བྱའོ། །རས་རིས་ལ་བྱས་པའི་སྐུ་རྣམས་ཀྱི་རང་བཞིན་

ཡང་དེ་ལྟར་ཡོངས་སུ་རྫོགས་པར་བྱའོ། །དེ་དག་མདུན་དུ་འདུག་པས་ཀྱང་མྱུར་དུ་འགྲུབ་པ་ཡིན་ཏེ། དུག་དང་། ཁྲག་དང་སྒོག་པ་དང་། ཡུངས་ཀར་དཀར་པོ་རྣམས་གཅིག་ཏུ་བསྲེས་ཏེ། བཏགས་པའི་སྤོས་ཀྱིས་བདུག་པར་བྱ་སྟེ། ལུགས་མ་དང་ཐང་སྐུ་ལ་སོགས་པ་
ཡང་བདུག་པར་བྱའོ། །སྲན་མ་དང་ལྷན་ཅིག་བཙོས་པའི་འབྲས་དང་། ཆང་དང་མེ་ཏོག་དང་། བདུག་པ་དང་། བྱུག་པ་དང་། ཤ་ལྔ་དང་། བདུད་རྩི་ལྔ་དང་། དེ་རྣམས་ཀྱིས་ནག་པོ་ཆེན་པོ་ལ་གཏོར་མ་སྦྱིན་པར་བྱའོ། །དེ་རྣམས་ཡོངས་སུ་རྫོགས་ནས། སྔགས་
བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་དཔག་བསམ་གྱི་ལྗོན་ཤིང་ངམ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །སྙིང་ག་དང་ཁ་ནས་མངོན་པར་འཐོན་ཏེ། ལྟེ་བའི་པདྨ་ལ་བབས་པར་བསམ་པར་བྱའོ། །དེ་ཡང་མྱུར་བ་མ་
ཡིན་ཅིང་བུལ་བ་ཡང་མ་ཡིན་ལ། ཡི་གེ་འབྲུ་ཡང་མ་ལུས་པར་མ་ཡེངས་པར་བཟླས་པར་བྱའོ། །དེ་ལྟར་སྔགས་པས་བྱའོ། །དེ་ལྟར་སྔགས་ཀྱི་སྐྱོན་ཐམས་ཅད་སྤངས་པའོ། །མཚན་མོའི་ཐུན་གསུམ་ལ་གཏོར་མ་བྱིན་ཏེ། སྲོད་དང་གུང་དང་ཐོ་རངས་ཀྱི་སྣང་བ་སྤངས་
པའོ། །བརྟན་པའི་སེམས་ཀྱིས་བཟླས་པས་ཟླ་བ་དྲུག་གིས་འགྲུབ་པོ། །གྲུབ་པ་རྣམས་ཀྱང་རབ་ཏུ་སྟེར་ཞིང་། གྲུབ་པ་རྣམས་གང་ཞེ་ན། དབང་དང་དགུག་པ་དང་པོར་འབྱུང་ངོ་། །གཉིས་པ་ལ་རེངས་པ་དང་བསྐྲད་པའོ། །གསུམ་པ་ལ་དབྱེ་བ་དང་བསད་པ། ཞི་བ་
དང་རྒྱས་པ། ལྔ་པ་ལ་དོན་ཐམས་ཅད་འགྲུབ་པོ། །དེ་ལྟར་གྲུབ་པ་བརྒྱད་གྲུབ་ནས། ཇི་ལྟར་ཆུ་ཀླུང་གི་རྒྱུན་འགྲོ་ཞིང་སྒྲ་སྒྲོགས་པ་ལྟར། རྟག་ཏུ་ནག་པོ་ཆེན་པོ་སྒྲུབ་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སེམས་མ་ཡེངས་པར་བསྒྲུབས་པས་ཐེ་ཚོམ་མེད་པར་འགྲུབ་པོ། །
སེམས་མི་གཡོ་བས་ནི་སངས་རྒྱས་ཀྱི་གྲུབ་པ་ཡང་སྟེར་རོ། །དེ་ནས་གཞན་བརྗོད་པར་བྱ་བ། བརྩོན་འགྲུས་ཀྱིས་སྔགས་པའི་འབྲས་བུ་བརྗོད་པར་བྱ་སྟེ། ཟླ་བ་དྲུག་ལ་རྩོལ་བ་བྱས་ཏེ་འབུམ་ཕྲག་གསུམ་བཟླས་པས། བློ་གྲོས་རབ་ཏུ་རྣོ་བར་འགྱུར་ཞིང་། དྲི་མ་མེད་ཅིང་ཀུན་དུ་

རྣོ་བའི་ཤེས་རབ་དང་ལྡན་པར་འགྱུར་རོ། །འབུམ་ཕྲག་དྲུག་བཟླས་པས། ལྷ་རྣམས་ཀྱང་དབང་དུ་འགྱུར་ན། དམན་པའི་མི་རྣམས་སྨོས་ཅི་དགོས་ཏེ། ཇི་ལྟར་བྱས་པ་བཞིན་དུ་དབང་དུ་འགྱུར་རོ། །འབུམ་ཕྲག་དགུ་བཟླས་པས་དུག་ཐམས་ཅད་ཀྱང་དབང་དུ་འགྱུར་
ཞིང་། བསོད་ནམས་དང་གྲགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །བྱེ་བའི་བར་དུ་བཟླས་ན་འཇིག་རྟེན་གསུམ་དབང་དུ་འགྱུར་རོ། །བྱེ་བ་གཉིས་བཟླས་ན་གྲུབ་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཇི་ལྟར་ཡིད་ལ་བསམས་པའི་ལྷ་ཐམས་ཅད་འགྲུབ་པར་འགྱུར་རོ། །ས་བརྒྱད་ཀྱི་
རྣལ་འབྱོར་ཀྱང་འགྲུབ་ན། གཞན་མང་དུ་བརྗོད་པས་ཅི་བྱ། ཆོས་དང་རྫས་དང་། དོན་དང་འདོད་པ་དང་། རྣམ་པར་གྲོལ་བའི་སྔགས་ཀྱི་རྒྱལ་པོ་འདི་བརྗོད་པའི་མོད་ལ་སྡིག་པ་ཐམས་ཅད་ཀྱང་ཟད་པར་བྱེད་ལ། རྟག་ཏུ་བརྒྱ་ཕྲག་རེ་བཟླས་པས་ཀྱང་གྲུབ་པ་སྟེར་རོ། །ཁྲི་ཕྲག་གཅིག་
གིས་བུད་མེད་དབང་དུ་འགྱུར་ཞིང་། འབུམ་ཕྲག་གཅིག་གིས་རྒྱལ་པོ་དབང་དུ་འགྱུར་ལ། འབུམ་ཕྲག་ལྔས་ལྷ་དང་གནོད་སྦྱིན་རྣམས་ངེས་པར་འགྲུབ་ན། མིའི་དཔའ་མོ་ལྟ་ཅི་སྨོས་དབང་གི་སྔགས་སོ། །དེ་ནས་ལས་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། ལས་ཐམས་
ཅད་ཀྱི་འབྲས་བུ་སྟེར་བ་ཇི་ལྟར་ཤེས་པའི་མོད་ལ་མྱུར་དུ་གྲུབ་པར་འགྱུར་རོ། །ཨོཾ་ཀྵི་ཧ་བུ་ཧ་ཨ་མུ་ཀ་ཙ་ཊ་ཡ་ཧཱུཾ་ཕཊ། ཁྲི་ཕྲག་གཅིག་བཟླས་པས་དུར་ཁྲོད་ཀྱི་རུས་པ་ལ་ལིངྒ་བྱས་ནས་དགྲ་བོའི་སྒོར་སྦས་ན་ཞག་བདུན་གྱིས་ངེས་པར་སྐྲོད་པར་འགྱུར་རོ། །ཨོཾ་མཾ་ཛྷཾ་ཀྵ་ཨ་མུ་
ཀཾ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། བརྒྱ་ཕྲག་བཟླས་པས་དགྲ་བོ་རེངས་པར་འགྱུར་རོ། །ཨོཾ་ཛྲ་ཧཱུཾ་ཧ་སྟཾ་སྟཾ་བྷ་ཡ་ཧཱུཾ་ཕཊ། བྱི་བའི་རྔ་མ་ལ་ལན་བདུན་བཏབ་སྟེ་བརྒྱབ་པས་གླང་པོ་ཆེ་རེངས་པར་འགྱུར་རོ། །ཨོཾ་ཁ་ཧ་ཕཊ། བ་གླང་གི་ཤ་ལ་བཏབ་སྟེ་བརྒྱབ་ན་རྟ་རེངས་པར་བྱེད་དོ། །ཨོཾ་མུ་
ཧཾ་སརྦ་ཤུ་ན་སྟྭཾ་བྷ་ཡ་མོ་ཧ་ཡ་ཧཱུཾ་ཕཊ། སྟག་གི་པགས་པ་ལ་ལན་བདུན་བསྔགས་ཏེ་བརྒྱབ་ན། སྟག་ལ་སོགས་པའི་ཕྱུགས་ཐམས་ཅད་རེངས་པར་བྱེད་དོ། །འདི་ལ་ཐེ་ཚོམ་མེད་དོ། །ཨོཾ་མ་ཧཱ་ནན་ཏ་ཧཱུཾ་གཏོར་མ་ལ་ལན་བདུན་བཟླས་ཏེ་བརྒྱབ་ན་སྦྲུལ་རེངས་པར་བྱེད་དོ། །

མིའི་ངག་བཅིང་བར་བྱེད་ན། ཨོཾ་མུ་ཁ་སྟྭཾ་བྷ་ཡ་ཨ་མུ་ཀ་ཤ་བྷཾ་ཕཊ། མིའི་ངག་འཆིང་བར་བྱེད་དོ། །དེ་ནས་གཏོར་མའི་སྔགས་ནི། ཨོཾ་ཧྲ་ཀ་ཧ་ཀ་ཧ་མ་ལི་ནི་མུ་ཁྲི་པྲ་ཤ་ཐ་ཡ་པྲ་ཤ་ཐ་ཡ། མ་ཧཱ་ཀཱ་ལ་བྷཱུ་ཏ་ཨ་ཛྲ་པྲ་ཧོ་ཏོ་ཥི་མཱ་ར་ཡ་ཀཱ་ར་ཡ་ཀཱ་ར་ཡ། སརྦ་དུཥྚ་པྲ་དུཥྚ་ན་གྲྀཧྞ་གྲྀཧྞ།
མཱ་ར་མཱ་ར། ཁ་ཁ། ཁཱ་ཧི་ཁཱ་ཧི། ཤཱི་གྷྲཾ་ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་ལུ་ཧུ་ལུ། མཾ་རཾ་ཧཱུཾ་ཕཊ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཤིཿསྭཱ་ཧཱ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་དང་། རྩོད་པ་དང་རབ་ཏུ་རྩོད་པར་བྱེད་པ་རྣམས། མིའི་ཐོད་པའི་ནང་དུ་གཏོར་མ་ཁྲག་གིས་བཏབ་ལ་
ཤའམ་ཤ་ཆེན་པོས་བརྒྱན་པ་ནག་པོའི་བརྒྱད་ལ་སྦྱིན་པར་བྱའོ། །དེ་མ་ཐག་ཏུ་དགྲ་བོ་འཁོར་དང་བཅས་པ་ཉམས་པར་འགྱུར་རོ། །གཞན་ཡང་མིག་ལོང་བ་དང་། རིམས་ཀྱིས་འདེབས་པའམ། མགོ་ཆག་པའམ། གནོད་པ་ཆེན་པོའི་གཏོར་མའི་ཆོ་གའོ། །དེ་ནས་ཤ་ཟའི་
སྒྲུབ་ཐབས་བརྗོད་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་མ་ཧཱ་ཀཱ་ལ་པི་ཤཱ་ཙཱི་ནི་སཱ་དྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཁྲི་ཕྲག་གཅིག་བཟླས་པས་སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་སྒྲུབ་ཐབས་ལ་འཇུག་པར་བྱ་སྟེ། ཨོཾ་ཁ་ར་མུ་ཁི་མ་ཧཱ་བི་ཤཱ་ཙཱི་ནི་དེ་ཧི་ད་དཱ་བྷྱཿསྭཱ་ཧཱ། སྔགས་
འདི་ཉི་ཤུ་རྩ་གཅིག་གིས་ལྷ་ལ་མངོན་པར་བསྔགས་ཏེ། ཟླ་བ་གཅིག་གི་བར་དུ་གཏོར་མའི་སྣོད་དུ་བྱིན་ན། འགྲོན་བུ་པ་ཎི་ཉི་ཤུ་རྩ་གཅིག་རྟག་ཏུ་སྟེར་བར་འགྱུར་རོ། །ཉིན་རེ་བཞིན་དུ་ཐོས་པ་རྟག་ཏུ་སྤྱད་པར་བྱ་སྟེ། འགྲོན་བུ་གཅིག་ལུས་ནའང་ཕྱིས་མི་ཐོབ་པར་འགྱུར་རོ། །
དེ་ནས་ཡང་། ཨོཾ་ཨ་ན་ལེ་ཀུཎྜ་ལེ་གྲྀཧྞ་པིཎྜ་པི་ཤཱ་ཙཱི་ནི་སྭཱ་ཧཱ། ལྷག་མ་ལ་ལན་བདུན་མངོན་པར་བསྔགས་ལ། ཞག་བདུན་གྱི་བར་དུ་བྱིན་ན། ཟླ་བ་གསུམ་གསུམ་ནས་གོས་ཟུང་རེ་སྟེར་བར་འགྱུར་རོ། །དེ་ནས་ཡང་། ཨོཾ་ཨ་ལ་གྷུས་ཏི་གྲྀཧྞཾ་པིཎྜ་པི་ཤཱ་ཙཱི་སྭཱ་ཧཱ།
སྔགས་འདི་ལན་བརྒྱད་མངོན་པར་བསྔགས་པས་ལྷག་མ་ཟླ་བ་གཅིག་ཏུ་བྱིན་ན། རྟག་ཏུ་གསེར་ཏི་ན་རེ་སྟེར་བར་འགྱུར་རོ། །རྟག་ཏུ་ཟད་པར་སྤྱད་པར་བྱའོ། །དེ་ནས་དཔའ་མོ་ལ་བྱ་བ་བརྗོད་པར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཧྲིཾ་ཧྲིཾ་ཧྲིཾ་ཧ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་པས།

སྔོན་དུ་བསྙེན་པར་འགྱུར་རོ། །ཨོཾ་ཙ་ལེ་ཙ་ལེ་ཙི་ཏེ་ཙེ་དོ་མུཉྩ་པ་ཡ་སྭཱ་ཧཱ། བརྒྱ་ཕྲག་བརྒྱད་བཟླས་པས། རེག་པའི་མོད་ལ་བུད་མེད་ཀྱི་ཁུ་བ་འཕོ་ཞིང་ཆགས་པ་རབ་ཏུ་རྒྱས་པར་འགྱུར་རོ། །ད་དུ་ར་དང་། བ་བླ་དང་། ཤིང་ཐོག་བི་ཛ་པཱུ་ར་དང་། བྱ་ཕོའི་རྟུག་
པ་དང་། དེ་ལྟར་རྫས་བཞི་མཉམ་པར་བཏགས་ལ། ནག་པོ་ཆེན་པོ་ལ་སྤོས་ཀྱིས་བདུག་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཨ་མུ་ཀཾ་མུན་མ་དཾ་ཀུ་རུ་ཛཿདགྲ་བོ་སྨྱོ་ཞིང་མྱོས་པར་འགྱུར་རོ། །སྐྲ་བཞར་ན་གྲོལ་བར་འགྱུར་རོ། །དེ་ནས་རྐང་པས་འགུགས་པ། ན་མཿསརྦ་བྷཱུ་ཏེ་བྷྱོ་ག་མི་
ནི་བྷ་མ་ཛི་ལཱ་ཡ་སྭཱ་ཧཱ། སྔགས་འདི་རྒྱབ་པའི་ཐལ་བས་བརྒྱབ་ན་དབང་དུ་འགྱུར་རོ། །ཐལ་བ་བཀྲུས་པས་ནི་གྲོལ་བར་འགྱུར་རོ། །དེ་ནས་མི་སྣང་བའི་ལས་ལ། ན་མོ་བོ་དྷི་སཏྭེ་བྷྱ་ཧཱུཾ་ཤི་གི་ནི་སྭཱ་ཧཱ། དེའི་རྗེས་ལ་བརྒྱ་ཕྲག་རེ་བཟླས་པས། རྒྱལ་པོ་ཐམས་ཅད་ཀྱི་ཐིག་
བྱས་པས་མགོ་རྨོངས་པར་འགྱུར་རོ། །དེའི་ཚེ་དབང་གི་རང་བཞིན་དུའང་འགྱུར་རོ། །སྔགས་འདི་བརྒྱ་ཕྲག་བདུན། ཡུངས་ཀར་ལ་མངོན་པར་བསྔགས་ཏེ་བརྒྱ་རྩ་བརྒྱད་ཀྱི་བཟླས་པ་སྒོ་ལ་བཏབ་ན་སྒོ་བྱེ་བར་འགྱུར་རོ། །དེ་ནས་རེངས་པའི་ལས་ལ། ན་མོ་བུདྡྷེ་བྷྱཿཏ་ཏ་སྟྭཾ་བྷ་
ཡ་ཛཾ་བྷ་ཡ་མོ་ཧ་ཡ་སྭཱ་ཧཱ། དེའི་རྗེས་སུ་ཁྱོ་པོ་དང་བཅས་པའི་བྲམ་ཟེ་མོ་ཤི་བའི་ཐལ་བ་བླངས་ཏེ། བརྒྱ་ཕྲག་གཅིག་གིས་ཐལ་བ་ལ་བསྔགས་ཏེ་སངས་རྒྱས་གང་ལ་གཏོར་བ་དེ། སངས་རྒྱས་རེངས་པར་བྱེད་ན་བསོད་ནམས་དམན་པའི་མི་རྣམས་ལ་ལྟ་ཅི་སྨོས། སྔགས་འདི་
བརྗོད་པ་ཙམ་གྱིས་གཡུལ་དུ་ཞུགས་པའི་མཚོན་ཆ་ཐམས་ཅད་ཀྱང་རེངས་པར་བྱེད་དོ། །དེ་ནས་མེ་བསིལ་བར་བྱ་བའི་ལས་ལ། ན་མོ་ཨརྷནྟེ་བྷྱོ། རུ་ཧ་ཡ་ས་ཙ་རུ་ཧ་ཛ་མི་ཛྭ་ལ་ནི། པྲ་བེ་ཤི་མ། སི་ཏ་ལོ་མོ་བྷ་བ་ཏུ་སྭཱ་ཧཱ། དེའི་རྗེས་སུ་མ་ཧེའི་མར་བླངས་ལ། ནགས་ཀྱི་
སྤོ་བ་རྩི་སྔོ་བླངས་ལ་གཅིག་ཏུ་བཏགས་ཏེ། རང་གི་ལུས་པོ་ལ་བྱུགས་ལ་སྔགས་ཀྱིས་མངོན་པར་བཏབ་སྟེ། མེའི་ནང་དུ་ཕྱིན་ཡང་ལུས་པོ་མི་འཚིག་པར་འགྱུར་རོ། །དེ་ནས་རྒྱལ་པོ་རེངས་པའི་ལས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཛ་ཡ་ཛ་ཡ་སྟཾ་བྷ་ནི་སྭཱ་ཧཱ།

སྨན་ཏྲི་ཤ་ག་ཏིའི་རྩ་བ་བླངས་ལ་བརྒྱ་ཕྲག་གཅིག་གིས་མངོན་པར་བསྔགས་ཏེ། རྒྱལ་པོ་རེངས་པར་བྱེད་དོ། །དེ་ནས་ཆུ་བཅིང་བར་བྱེད་པའི་ཆོ་ག་ལ། ན་མོ་བྷ་ག་ཝ་ཏེ། བིགྷྣཱན་དྲེ་ཛ་ལཾ་པྲ་བི་ཤ་མེ་སྭཱ་ཧཱ། ཆུ་ལ་འདུག་སྟེ་བཟླས་པས། ཉ་འུད་འུད་པའི་ཁ་རུ་རིན་པོ་ཆེ་བཅུག་ལ། རང་གི་
ལག་པར་བླངས་ཏེ། ཆུའི་སྟེང་དུ་ཕྱིན་པས་ཆུ་བཅིང་བར་འགྱུར་རོ། །དེ་ནས་བསྐྲད་པར་བྱ་བ་ནི་བྱ་རོག་གི་སྒྲོ་བླངས་ཏེ། བརྒྱ་བཟླས་ནས། གང་གི་སྒོ་རུ་སྦས་པས་སྐྲོད་པར་འགྱུར་རོ། །དེ་བཏོན་ན་ཞི་བར་འགྱུར་རོ། །དེའི་སྔགས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་བྷ་མི་
ནི་སྭཱ་ཧཱ། དེ་ནས་ཞེ་སྡང་བས། ན་མོ་རཏྣ་ཏྲ་ཡཱ་ཡ། དེ་བ་ཡ་མ་ཧཱ་པྲེ་ཤ་ཀ་མ་ཧཱ་བི་ལཾ་སུ་ཏུ་སྭཱ་ཧཱ། བྲམ་ཟེ་མོ་དང་དགེ་ཚུལ་དང་། བྱི་བའི་སྐྲ་བླངས་ལ། གཅིག་ཏུ་བཏགས་ཏེ། གང་གི་མིང་ནས་བཟུང་ཏེ་ས་ལ་སྦས་པ་དེ་ཐམས་ཅད་དང་འཁོན་པར་འགྱུར་རོ། །བཏོན་ན་ནི་གྲོལ་
བར་འགྱུར་རོ། །དེ་ནས་སྦྱིན་སྲེག་གི་ལས་སྤྱད་པར་བྱ་སྟེ། བ་གླང་གི་ཤ་ཆང་གིས་བསྲེས་ལ་ཐུན་གསུམ་དུ་བསྲེགས་པས། ཟླ་བ་གཅིག་གི་ནང་དུ་སངས་རྒྱས་ཀྱང་དབང་དུ་འགྱུར་ན། མིའི་དཔའ་མོ་ལྟ་ཅི་སྨོས། ཝའི་ཤ་ལ་བསྔགས་ཏེ། ལན་བརྒྱའི་བར་དུ་བསྲེགས་
ན། །ཟླ་བ་གསུམ་གྱིས་རིགས་དང་རྒྱུད་དུ་བཅས་པའི་ཕོངས་པ་སྤོང་བར་འགྱུར་རོ། །བྱ་རོག་གི་སྒྲོའི་སྦྱིན་སྲེག་ལ། མར་ཁུ་ཆེན་པོའི་ཞག་ལ་སྣག་ཚ་བྱས་ལ། ཨོཾ་མ་ཧཱ་ཀཱ་ལ་སིདྡྷི་ཨཉྩ་ཛྙཱ་ན་སཱ་དྷཱ་ཡ་སྭཱ་ཧཱ། ཁྲི་ཕྲག་གཅིག་བཟླས་ལ། རྟག་ཏུ་མིག་ལ་བསྐུས་ནས་
མིག་སྨན་དུ་བྱས་ན། ལྐོག་ཏུ་གྱུར་པའི་གཏེར་ལ་སོགས་པ་མཐོང་བར་འགྱུར་རོ། །དེ་ནས་རལ་གྲིའི་སྒྲུབ་པ་བརྗོད་དེ། འོད་དང་ལྡན་པའི་ལྕགས་ལས་གྲི་བརྡུངས་ལ། ལག་པ་གཡས་པས་བཟུང་སྟེ། ནམ་མཁའ་ལ་སྤྱོད་པའི་མིག་གིས་དཔྲལ་བར་ཐིག་བྱས་ལ། བྲམ་ཟེ་དཀར་
པོའི་ཤིང་འདབ་མ་བླངས་ལ། སྔོན་དུ་མཆོད་པ་རྒྱ་ཆེན་པོ་དབུལ་བར་བྱའོ། །ཤིང་གི་ཐིག་ལས་ལྷམ་བྱས་ལ། བ་གླང་གི་ཀོ་བས་སྒྲེགས་ཏེ། ཁྲི་ཕྲག་གཅིག་བཟླས་པས། དེའི་ཚེ་ཐིག་གྲུབ་པར་འགྱུར་རོ། །ཨོཾ་མ་ཧཱ་ཀཱ་ལ་སིདྡྷ་ད་ད་དུ་ཀ་སཱ་དྷ་ཡ་སྭཱ་ཧཱ། དེ་ལ་སོགས་ཏེ་

འཇིག་རྟེན་གསུམ་གྱི་གྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སོ། །འབད་པ་དང་རྩོལ་བ་ཆེན་པོས་མི་སྦྱིན་ཅིང་སྦ་བར་བྱའོ། །སྦས་ཤིང་མི་སྦྱིན་པར་རྩོལ་བ་ཆེན་པོས་འགྲུབ་པར་འགྱུར་རོ། །སྨྲས་ཤིང་བྱིན་ན་མི་འགྲུབ་
པར་འགྱུར་རོ། །དམ་ཚིག་ཉམས་པས་མི་འགྲུབ་པར་འགྱུར་རོ། །ཐམས་ཅད་རབ་ཏུ་མི་སྦྱིན་སྦ། །སྦྱིན་བྱ་རྡོ་རྗེ་ཐེག་པ་ཅན། །བྱེད་པར་ལྡན་པ་ལ་སྦྱིན་ཞིང་། །དེ་ལ་སོགས་པའི་ལས་རྣམས་ནི། །རྒྱུད་ཀྱི་ནང་ནས་འབྱུང་བ་བཞིན། །དེ་ཡི་རང་བཞིན་རྣལ་འབྱོར་པས། །རྣམ་གྲོལ་འགྲུབ་
ལྡན་རྣལ་འབྱོར་པ། །ཤེས་རབ་ནག་མོ་ལ་ནི་འཁྱུད། །ལེགས་པས་མཐུན་བྱེད་བདག་ལ་གུས། །རྡོ་རྗེ་པདྨ་རབ་སྦྱོར་བས། །འཇིག་རྟེན་གསུམ་པོ་སྟོང་པར་ལྟ། །སྟོང་ཉིད་ངོ་བོ་ཉིད་སྟོང་པས། །སྟོང་པ་ཆེན་པོ་ཐམས་ཅད་སྟོང་། །འཇིག་རྟེན་གསུམ་པོ་བདག་མེད་པས། །བདེ་བ་
ཆེན་པོ་བྱ་བ་ཡིན། །རྩོལ་བས་སངས་རྒྱས་ཐོབ་པར་འགྱུར། །རང་བཞིན་མེད་པས་སྒྲིབ་ཀུན་སྤངས། །ཡེ་ཤེས་སྐུ་སྟེ་སྤྲོ་བསྡུ་བ། །འགྲོ་བ་ཕ་རོལ་ཡིད་དང་སྦྱོར། །དེ་ནས་ལས་ཐམས་ཅད་འགྲུབ་པའི་གཏོར་མ་སྦྱིན་ཏེ། དེའི་སྔགས་ལ། ཨོཾ་ཤྲི་ཀྵི་ཧཱུཾ་ཕཊ། མ་ཏ་མ་ཡ། པུཥྤ།
དྷཱུ་པ། མ་ལེ་པཱ་ཏཱ་ལེ། ཨཥྚ་ནཱ་ག་དེ་བ་ཛ་ཀྵ་རཱ་ཀྵ་ས། གྲྀཧྣ་གྲྀཧྞ། ཨི་དཾ་བ་ལིཾ། ཧ་ཧ་ཧ་ཧཱུཾ། ཁཱ་ཧི་ཁཱ་ཧི། ཁ་ཁ། ཧཱུཾ་ཧཱུཾ་ཛྷ། ཕུཾ་ཕེཾ་མ་ཧཱཊྚ་ཧཱ་ས། གྷ་ཛྷ་གྷ་ཛྷ་ཀྲྀཥྞ་བྷ་སྣ་ཡ་ཕྲེཾ་ཕྲེཾ་སྭཱ་ཧཱ། རྟག་ཏུ་ཤ་དང་། སྲན་མ་བསྲེས་པའི་ཐུག་པ་དང་། སྲན་མ་དང་། ཁྲག་དང་། ཟན་གྱིས་སྣོད་རབ་
ཏུ་གང་བར་བྱས་ཏེ། དེ་ལྟར་གཏོར་མ་བྱིན་པས་ཞག་ཉི་ཤུ་རྩ་གཅིག་ན་ལེགས་པ་དང་ཉེས་པ་སྟོན་པར་འགྱུར་རོ། །ཟླ་བ་གཅིག་ཏུ་བྱིན་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ལོ་གཅིག་གི་བར་དུ་བྱིན་པས། ཇི་ལྟར་ཡིད་ལ་བསམས་པ་འགྲུབ་པར་འགྱུར་རོ། །ཨོཾ་ཀ་རཱ་ལ་བི་
ཀ་རཱ་ལ། ཧུ་ལུ་ཧུ་ལུ། ཀི་ལི་ཀི་ལི། མ་ཧཱ་ཀཱ་ལ། ཧ་ལ། ཀྵིཾ་ཤྲིཾ་ཙཎྜ་ཙཎྜ་མཾ་ཧཾ་ཧཱུཾ། མ་ཧཱ་ནནྡྲེ་ཤྭ་རཱ་ཡ་སྭཱ་ཧཱ། སྔགས་འདི་ལན་བདུན་གྱི་བར་དུ་ཆུ་ལ་བཏབ་སྟེ་གདོང་བཀྲུ་བར་བྱའོ། །མི་ཐམས་ཅད་མཐུན་པར་འགྱུར་རོ། །དགྲ་བོ་ཐམས་ཅད་རྨོངས་པར་འགྱུར་རོ། །ཨོཾ་མ་ཧཱ་

ཀཱ་ལ་ཧྲིཾ་ཧྲིཾ་ཧྲིཾ་ཕཊ་སྭཱ་ཧཱ། ཐམས་ཅད་འགྲུབ་པར་བྱེད་པའི་སྔགས་སོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །དེ་ནས་རས་རིས་བྲི་བའི་ཆོ་ག་བརྗོད་པར་བྱའོ། །རིགས་ལྔའི་བུད་མེད་ཀྱི་ཟླ་མཚན་བླང་ལ་མར་ཁུ་ཆེན་པོ་དང་བསྲེས་ཏེ། རོ་བསྲེགས་པའི་ཤུལ་དུ་བཞག་ལ། ནག་པོའི་
བརྒྱད་ཀྱི་ནང་དུ་ཐུན་གཉིས་པའི་གུང་ལ་རི་མོ་བྱེད་པ་དབང་བསྐུར་དང་ལྡན་པས། ཆང་འཐུངས་ན་མིག་དམར་པོར་གྱུར་པས། དམ་ཚིག་གི་རྫས་ཅི་འབྱོར་པའི་མཆོད་པ་བཤམས་ཏེ། རོ་སོལ་གྱིས་བསྲེས་ལ། སྔོན་དུ་བརྗོད་པ་ལྟར་ནག་པོ་ཆེན་པོ་བྲི་བར་བྱའོ། །ནག་པོའི་ཕྱོགས་
ཀྱི་མཚམས་བཅུ་བཞི་ལ་བྲི་བར་བྱའོ། །རྩི་ལ་དངུལ་གྱིས་ཀྱང་བསྲེས་ཏེ། ཐུན་གཉིས་པ་ལ་མིག་ལ་བསྐུས་ལ། རབ་ཏུ་གནས་པ་ཡང་དེ་ཉིད་ལའོ། །ཇི་ལྟར་འབྱོར་པའི་སྟོབས་ཀྱིས་བླ་མ་མཆོད་ལ། གུས་པས་སྒྲུབ་ཐབས་བསྟན་པར་བྱའོ། །ཐང་སྐུ་བཀྲམ་ལ། གཏོར་མ་
ལ་སོགས་པའི་ཡོ་བྱད་དང་ལྡན་པས། སྔོན་དུ་བསྙེན་པ་འབུམ་ཕྲག་གསུམ་བྱའོ། །དེ་ནས་འབུམ་ཕྲག་གཅིག་བཟླས་པས་འགྲུབ་པར་འགྱུར་རོ། །ཐམས་ཅད་ཀྱི་བྱ་བ་བྱེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་སངས་རྒྱས་སུ་འགྱུར་རོ། །ནག་པོ་
ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། །།ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་དཔལ་ལྷན་ཅིག་སྐྱེས་པའི་ཞབས་ཀྱིས་མཛད་པའོ། །རྒྱ་གར་གྱི་མཁན་པོ་ཤྲཱི་ན་རེནྡྲ་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས། རི་བོ་ཆེན་པོ་སྤུ་ཏྲའི་མགུལ་དུ་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ན་བི་ཁྱཱ་ཏ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོ་ལྷ་ལ་སྤྱི་བོས་ཕྱག་འཚལ་ཏེ། རབ་ཏུ་
འཇིགས་པའི་ཀླུ་རྣམས་ཀྱིས་བརྒྱན་ཞིང་། །ཕྱག་གཉིས་དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །ཤེས་རབ་ལ་འཁྱུད་ཕུང་པོའི་རང་བཞིན་འདུད། །སྟོང་ཕྲག་སུམ་ཅུ་རྩ་གཉིས་དེ་ནས་ནི། །སྟོང་ཕྲག་བཅུ་གཉིས་པ་ལས་དེ་བཞིན་དུ། །སྟོང་ཕྲག་དྲུག་པའི་རྒྱུད་

རྣམས་ལས་བཏོན་ཏེ། །ཤིན་ཏུ་དཀོན་པའི་བརྗོད་བྱ་རྣམ་པར་བཤད། །བདག་གི་བླ་མས་ཇི་ལྟར་བསྡུས་ཏེ་བཤད། །སེམས་ཅན་ཀུན་གྱི་སྙིང་གི་དོན་གྱི་ཕྱིར། །དེ་རྣམས་ཀུན་ནི་བདག་གིས་བཤད་པར་བྱ། །དེ་ཡང་བླ་མའི་བཀའ་དྲིན་འཐོབ་པའོ། །དང་པོ་དཀའ་ཐུབ་
ལ་གནས་པས། དུར་ཁྲོད་ལ་སོགས་པའི་གནས་སུ། གཅིག་པུར་དབེན་པར་གནས་པས་བསྒོམ། དུར་ཁྲོད་ནི་ལིངྒ་གཅིག་པའམ། རིའི་རྩེ་མོའམ། ནགས་ཆེན་པོའམ། རྒྱ་མཚོའི་འགྲམ་མམ། ཆུ་འགྲམ་མམ། གཞན་ཡང་དབེན་པའི་གནས་དང་། དེ་རྣམས་སུ་འདུག་ལ། མི་གཡོ་བར་
གནས་པས། སངས་རྒྱས་ཐོབ་པར་འདོད་པའི་སེམས་ཀྱིས་ཇི་ལྟར་བཅོམ་ལྡན་འདས་ཀྱི་རང་བཞིན་དེ་ལྟར་བདག་ཉིད་བསམས་ལ། དེ་དག་གི་དོན་ནི་སྐད་ཅིག་གིས་རང་ཉིད་ནག་པོ་ཆེན་པོའི་ང་རྒྱལ་གྱིས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ་དང་ཉི་མ་ལ། བགེགས་འཇོམས་པར་བྱེད་
པའི་སྔགས་བརྗོད་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ཡང་སྟོང་ཕྲག་སུམ་ཅུ་རྩ་གཉིས་པའི་རྒྱུད་ལས་བཤད་ཀྱི་རྒྱུད་གཞན་ལས་ནི་སྦས་སོ། །ཨོཾ་ནི་རྣམ་པར་སྣང་མཛད་དོ། །དེ་ཡང་ཟླ་བ་ཕྱེད་པའི་རང་བཞིན་ནོ། །ཤཱུནྱ་ཏཱ་ནི་སྟོང་པ་དང་ཐིག་ལེའི་རང་
བཞིན་མི་བསྐྱོད་པའོ། །ཛྙཱ་ན་ནི་དོན་ཡོད་གྲུབ་པ། ཨཱུའི་རང་བཞིན་དྲུག་པའི་དབྱངས། བཛྲ་ནི་འོད་དཔག་མེད། ཧའི་རང་བཞིན་ནོ། །སྭ་བྷཱ་བ་ནི་རིན་ཆེན་འབྱུང་ལྡན། རི་མོའི་བདག་ཉིད་དོ། །དེ་ལྟར་ཡོངས་སུ་རྫོགས་པ་ནི་ཧཱུཾ་གི་རང་བཞིན་ནོ། །ཨཱཏྨ་ཀོ་ནི་རང་གི་བདག་ཉིད་དོ། །
དེ་ལྟར་ཚུར་བསྡུས་པས་རང་གི་བདག་ཉིད་དོ། །དེ་ཡང་ཇི་ལྟར་རྗེས་སུ་བཤད་པའི་རང་བཞིན་ནོ། །དེ་ནས་ཡང་ལན་ལ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ། སྟོང་པའི་རང་བཞིན་ནི་རྒྱུད་ལྔར་འཁོར་བ་ལས་རྣམ་པར་ཆད་པའི་སྟོང་པ་ཉིད་ཀྱང་མ་ཡིན་ཏེ། འཁོར་བ་
ཐམས་ཅད་ཀྱང་བདེན་པའི་རང་བཞིན་ཀྱང་མ་ཡིན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྡོང་བུ་གསུམ་ལ་འཛེག་པའི་སེམས་ཅན་ཕྲ་མོ་གང་ཞིག་གྱེན་དུ་འཛེགས་ཀྱང་སླར་ལྷུང་བ་ལྟར། འཁོར་བའི་གཡང་ལས་སླར་ལྷུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་ཏོ། །དེ་ཡང་གུས་པ་ཆེན་པོས་མཉན་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །སྟོང་པ་ཉིད་ཀྱི་རང་བཞིན་ལ། །ས་སྟེངས་འདི་ན་འབད་ཅིང་རོལ། །ས་ནི་མེ་ལ་རྣམ་པར་ཐིམ། །ཆུ་ནི་མེ་ལ་བསྡུས་པས་ཏེ། །མེ་ནི་རླུང་ལ་ཐིམ་པར་འགྱུར། །
རླུང་ནི་སྟོང་པའི་རང་བཞིན་ནོ། །འདི་ནི་སངས་རྒྱས་རྣམས་ཀྱི་མཚན། །སྐད་ཅིག་གིས་ནི་བཟོད་པར་གཤེགས། །ཡོད་པ་མ་ཡིན་མེད་པའང་མིན། །གཉིས་པོ་རྣམ་པར་སྤངས་པ་སྟེ། །སྐད་ཅིག་གིས་ནམ་མཁའི་དཀྱིལ་དུ་ཕ་རོལ་གྱི་དབང་ཕྱུག་ཡི་གེ་པཾ་ལས་པདྨ་སེར་
པོ། ལྟེ་བ་ལ་རཾ་གྱི་ཡི་གེ་དམར་པོས་མཚན་པ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་གྲི་གུག་ཧཱུཾ་གི་ཡི་གེས་བྱིན་གྱིས་བརླབས་པ། དེ་ཡང་རོའི་སྟེང་དུ་རྐང་པས་མནན་པ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། དགའ་བོ་སྔོན་པོ། གདེངས་ཀའི་དབང་པོས་དབུ་སྐྲ་བཅིངས་པ།
འཇོག་པོ་དམར་པོ། ཀླུའི་དབང་པོས་རྣ་བའི་རྒྱན་དུ་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པའི་རྒྱན་དུ་བྱས་པ། དུང་སྐྱོང་དཀར་པོས་ལག་གདུབ་ཏུ་བྱས་པ། པདྨ་སེར་པོས་དོ་ཤལ་དུ་བྱས་པ། སྟོབས་ཀྱི་རྒྱུ་ལྗང་གུས་དག་བྱེད་ཚངས་སྐུད་དུ་བརྒྱན་པ། ནོར་རྒྱས་ཀྱི་བུ་ཁུ་བའི་མདོག་
ཅན་གྱིས་རྐེད་རྒྱན་དུ་བྱས་པ། པདྨ་ཆེན་པོ་པདྨའི་སྡོང་བུའི་ཁ་དོག་ཅན་གྱིས་རྐང་གདུབ་ཏུ་བྱས་པ། ཐམས་ཅད་ཀྱང་ཕཊ་ཀྱི་སྒྲ་སྒྲོགས་པ། འཇིགས་པར་བྱེད་པ། མཆེ་བ་རབ་ཏུ་གཙིགས་ཤིང་ལྕེ་གཉིས་བསྒྱུར་བ། རང་གཟུགས་ཀྱི་རིག་མ་ལ་སྙོམས་པར་འཇུག་པ། དེ་
ཡང་བཅོམ་ལྡན་འདས་མ་སྐུ་མདོག་ནག་མོ། ཧྲཱིའི་ཡི་གེ་ལས་ཡོངས་སུ་རྫོགས་པ། གཅེར་བུ་རྒྱན་དང་བྲལ་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཡོན་པ་ན་ཐོད་པ་འཛིན་པ། གཡས་པ་ན་ནི་རྡོ་རྗེ་གྲི་གུག །སྙིང་ག་ལས་འཕྲོས་པའི་འོད་ཟེར་ཞལ་ནས་འཕྲོས་པས་ནམ་མཁའ་
ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་སྟེ་སྙིང་གའི་ས་བོན་ལ་བཅུག་ནས། རྡོ་རྗེའི་ལམ་ནས་བཏོན་ཏེ་ཡུམ་གྱི་པདྨར་ཕབ་སྟེ་ས་བོན་དུ་བལྟའོ། །ས་བོན་ལས་འཁོར་ལོ་ཡོངས་སུ་རྫོགས་པ། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་

གྱིས་བརླབས་པ། མདུན་དུ་ཀཾ་གྱི་ས་བོན་ལས་བྱུང་བའི་ནག་པོ་འཇིགས་པར་བྱེད་པ། ལྷོ་རུ་ཀཾ་གྱི་ས་བོན་ལས་ལྷ་མོ་ཀ་རཱ་ལི། ནུབ་ཏུ་བཾ་ལས་བྱུང་བའི་ལྷ་མོ་བྷ་ར་ལི། བྱང་དུ་བེ་ཏཱ་ལཱི་བཾ་གྱི་ས་བོན་ལས་བྱུང་བ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་དབུ་སྐྲ་དམར་སེར་
གྱེན་དུ་བརྫེས་པ། ཉི་མའི་གདན་ཅན། སྤྱན་གསུམ་པ། འཇིགས་པའི་གདོང་ཅན་ནག་མོ། སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམས་ཏེ། དེ་ཡང་ཐོག་མར་དབང་བསྐུར་ལ། དབང་རྟགས་སུ་མི་བསྐྱོད་པས་རྒྱས་བཏབ་བའོ། །རས་རིས་དང་ལུགས་མ་བྱ་བ་
བྱས་པ་སྔོན་དུ་བཞག་ལ། མཆོད་པ་ཀུན་གྱིས་མཆོད་དེ། སྤོས་ཀྱིས་བདུགས་ལ། བདུད་རྩི་མྱངས་པས་ནག་པོ་ཆེན་པོ་ལ་གཏོར་མ་སྦྱིན་ཏེ། ཨ་ཡི་རིགས་ལས་དག་བྱེད་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་། །པདྨའི་སྣོད་ནི་ཡོངས་རྫོགས་པས། །དེ་འོག་མེ་ཡི་དཀྱིལ་འཁོར་དེ། །
ཟུར་གསུམ་རཾ་གྱི་ཡི་གེས་མཚན། །སྟེང་འོག་རླུང་གི་འཁོར་ལོ་སྟེ། །སྔོན་པོ་གཞུ་ཡི་དབྱིབས་ཅན་གཡོ། །རྒྱལ་མཚན་ཛྷཾ་གྱི་ཡི་གེས་བསྐྱེད། །དེ་ནས་རྣམ་པར་སྣང་མཛད་མིང་། །རིགས་ནི་རྣམ་པར་སྣང་མཛད་ཀྱི། །ཧཱུཾ་ལ་སོགས་པའི་ས་བོན་གྱིས། །མྱོས་བྱེད་དང་ནི་
ཤ་ལྔ་དང་། །ཧཱུཾ་ལས་བྱུང་བའི་རྡོ་རྗེས་བཅད། །ཁ་ཆོད་ཀྱིས་ནི་རྣམ་པར་དཀྲུགས། །རླུང་གཡོས་པས་ནི་མེ་སྦར་ཏེ། །ཐམས་ཅད་གཅིག་ཏུ་བཞུ་བ་ལས། །རྡོ་རྗེ་ཡིས་ནི་རྣམ་པར་དཀྲུགས། །དག་ཅིང་དྲི་མ་མེད་པར་སྦྱངས། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །དེ་བཞིན་
གཤེགས་པའི་ཐུགས་ཀ་ནས། །བདུད་རྩི་ཡེ་ཤེས་གཟུགས་སུ་དགུག །སྔགས་ཀྱི་གཟུགས་སུ་འདྲེས་པར་བསམ། །མཆོག་ཏུ་གྱུར་པའི་བདུད་རྩི་ལྔ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །དཀྱིལ་འཁོར་ལྷ་ལ་གཏོར་ཞིང་མཆོད། །ལྗགས་རྣམས་དཀར་པོའི་གདེངས་
ཅན་ལ། །ཧཱུཾ་གིས་རྣམ་པར་མཚན་པ་ཡིས། །འོད་ཟེར་བ་དག་རྣམ་པ་ཅན། །ལྗགས་ཀྱིས་བཀུག་ཅིང་གསོལ་བར་བསམ། །འདིར་ནི་བདུད་རྩི་ལྔ་རྣམས་མྱང་བར་བྱས་པས་ཇི་ལྟར་བཤང་བའི་གཏོར་མ་སྦྱིན་ཏེ། དེ་ནས་སྔགས་ཀྱི་བཟླས་པ་ལ་བརྩོན་པར་བྱའོ། །དེའི་

སྔགས་ནི། དང་པོ་རྣམ་པར་སྣང་མཛད་སྦྱིན། །སྒྲ་ཆེན་པོས་ནི་སྦྱར་བར་བྱ། །དེ་ལས་ནག་པོའི་སྐད་སྦྱིན་ཏེ། །དེ་རྗེས་ཧཱུཾ་ནི་སྦྱིན་པར་བྱ། །ཕཊ་གཉིས་ཀྱི་ནི་སྔགས་ཀྱིས་བརྒྱན། །སྭཱ་ཧཱ་ལས་རྣམས་ཐམས་ཅད་ལ། །སྙིང་ག་དང་ཁ་ནས་མངོན་པར་འཐོན་ཏེ། ལྟེ་བའི་པདྨར་ཕབ་པ་ལས།
འདི་ནི་ལྕེ་ལའང་རཾ་གྱི་ཡི་གེ་བསམས་ལ། དེ་ཡང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དེ་ནས་སྔགས་ཀྱི་འོད་ཟེར་འཕྲོས་ཏེ། ལྟེ་བའི་སྣ་ཚོགས་པདྨ་ལ་སོང་ནས། སྙིང་གའི་པདྨ་ལས་འཐོན་ཏེ། ཡང་སྔོན་གྱི་ལམ་ནས་འོད་ཟེར་རྣམ་པར་འཕྲོས་ལ། དེ་ཡང་ཡིག་རྡོག་རེ་རེ་བཞིན་མངོན་
སུམ་དུ་འཕྲོ་བར་བསྒོམ་མོ། །དེ་ཡང་ཡི་གེ་ཕྲེང་བའི་རང་བཞིན་དུའོ། །དེ་ལྟ་བུ་ཟླ་བ་དྲུག་གིས་ངེས་པར་འགྲུབ་པོ། །དངོས་གྲུབ་ཀྱང་ཐོབ་ཅིང་དབང་དང་དགུག་པའི་དངོས་གྲུབ་གཉིས་ནི་ཐོག་མར་རོ། །ཟླ་བ་བརྒྱད་ཀྱིས་རེངས་པ་དང་བསྐྲད་པའོ། །ཟླ་བ་དགུ་ཡིས་ཞེ་སྡང་བ་དང་
གསད་པའོ། །ཟླ་བ་བཅུ་ཡིས་ཞི་བ་དང་རྒྱས་པའོ། །ཟླ་བ་བཅུ་གཅིག་གིས་འཇིག་རྟེན་ཐམས་ཅད་ཀྱི་གྲུབ་པ་དང་འགུགས་པར་བྱེད་དོ། །ཟླ་བ་བཅུ་གཉིས་ཀྱིས་གྲུབ་པ་བརྒྱད་འགྲུབ་པ་ལ་ཐེ་ཚོམ་ཟ་བར་མི་བྱའོ། །དེ་ནས་གཞན་བརྗོད་པར་བྱ་བ། བརྩོན་འགྲུས་ཀྱིས་བསྔགས་
པའི་འབྲས་བུ་རྗོད་པར་བྱེད་དེ། འདི་ནི་བརྩོན་འགྲུས་ཀྱི་སྒྲ་ནི་འོད་དཔག་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་ཕྲག་བཅུ་གཉིས་པ་ནག་པོ་ཆེན་པོའི་རྒྱུད་ལས། དེའི་སྔགས་ཀྱི་འབྲས་བུ་བཤད་པ། བདག་གི་བླ་མས་ནི་རྣམ་པར་སྦས་ཏེ། དེ་ལས་འཇིག་རྟེན་
ཐམས་ཅད་རྣམ་པར་རྨོངས་པར་བྱ་བའི་དོན་ཏོ། །བདག་གིས་ནི་སྔགས་ཀྱི་སྒྲུབ་ཐབས་བླ་མ་དམ་པའི་མན་ངག་གིས་བཤད་པར་བྱ་སྟེ། །ཟླ་བ་དྲུག་ནི་སྔོན་དུ་བསྙེན་པའོ། །དེའི་ནང་དུ་འཇིག་རྟེན་གསུམ་དབང་དུ་འགྱུར་རོ། །ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་སྦྱར་བའི་
དོན་དུའོ། །སྒྲུབ་པ་པོའི་ཡིད་ལ་བསམས་པའི་དོན་དང་། གདམས་ངག་འདིས་དབང་དུ་བྱ་ཞིང་དགུག་པར་བྱ་སྟེ། དེའི་གདམས་པ་ནི། དང་པོ་སྒྲུབ་པ་པོས་སྙིང་གར་ཡི་གེ་ཨ་ལས་སྐྱེས་པའི་པདྨ་དམར་པོ། དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་དེ་ཡང་རའི་ཡི་གེ་ལས་བྱུང་

བ། དེའི་སྟེང་དུ་ཡི་གེ་ཧཱུཾ་དམར་པོ། དེ་ཡང་ལྕགས་ཀྱུ་ལྟ་བུའི་ས་བོན་བལྟ་བར་བྱའོ། །དེ་ལྟ་བུའི་བསྒོམ་པར་བྱ་བ་འདོད་པའི་རྒྱལ་པོ་གཅེར་བུ། དཔལ་ནག་པོ་ཆེན་པོ་ཉི་མ་འཆར་ཁའི་མདོག་ལྟར་དམར་བ། ཕྱག་གཉིས་པ་རིན་པོ་ཆེའི་ཅོད་པན་ཅན། གཡས་པ་ན་
ལྕགས་ཀྱུ་འཛིན་ཅིང་། གཡོན་པ་ན་རྡོ་རྗེ་ཞགས་པ། ཞབས་རྣམ་པར་རོལ་པ། ཤིན་ཏུ་འཇིགས་པར་བྱེད་པ། མགོ་བོའི་ཕྲེང་བ་ཁྲག་འཛག་པས་བརྒྱན་པ། ཉི་མ་བྱེ་བའི་གཟི་བརྗིད་ཅན། སྤྱན་གསུམ་པ། འཇིགས་པའི་ཞལ་ཅན། སྟག་གི་པགས་པས་སྨད་དཀྲིས་པ། ཀླུ་དམར་པོ་བརྒྱད་
ཀྱིས་བརྒྱན་པ། གཡས་པའི་ཞབས་ཀྱིས་འདོད་པའི་ལྷ་མནན་པ། གཡོན་པའི་ཞབས་ཀྱིས་དགའ་བོའི་གསང་བའི་བདེ་ཆེན་མནན་པ། མིའུ་ཐུང་གསུས་པ་འཕྱང་བ། རྡོ་རྗེ་ཆོས་ཀྱིས་སྤྱི་བོ་ལ་བརྒྱན་པ། དེའི་སྙིང་གར་ཧཱུཾ་དམར་པོ་ལས་འོད་ཟེར་འཕྲོས་པས། རོ་མ་དང་རྐྱང་མ་དང་
དབུ་མའི་ནང་ནས། དཔྲལ་བ་གཡས་པ་ནས་བསྐོར་ཏེ་འཕྲོས་པས། ཐམས་ཅད་ཕྱག་གཡས་པ་ནས་བསྡུས་ཏེ། ལྕགས་ཀྱུ་ནས་ལྕགས་ཀྱུ་ལྟར་འཕྲོས་པས། སེམས་ཅན་ཐམས་ཅད་རྡོ་རྗེའི་ལམ་དུ་བསྡུས་ལ་པདྨར་ཕབ་ལ། བདེ་བ་ཆེན་པོ་སྐྱེས་ཏེ་དབང་དུ་གྱུར་པར་བསམ་མོ། །དེ་ལྟ་
བུའི་བྱེད་པས་དབབ་པར་བྱའོ། །ཡང་དེར་གནས་ནས་གཡོན་པ་ནས་བསྐོར་ཏེ། དེ་བཞིན་དུ་སྙིང་གའི་ཧཱུཾ་ལ་བསྡུ་བར་བྱའོ། །དེའི་འོད་ཟེར་ཆགས་པ་དང་རྗེས་སུ་ཆགས་པས། ཧཱུཾ་གི་དང་པོར་མར་མེའི་རྩེ་མོ་ལས་མངོན་པར་བྱུང་སྟེ། འཇིག་རྟེན་གསུམ་པོ་སྟོང་ཞིང་བདེ་བ་
ཆེན་པོར་བྱས་ལ། དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས་སྔགས་ཀྱི་བཟླས་པ་བརྩམ་པར་བྱ་སྟེ། ཨོཾ་ཧྲཾ་ཧྲིཾ་ཧྲོ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་བརྗོད་པའི་མོད་ལ། བུད་མེད་ཐམས་ཅད་མཚན་མ་གཡོ་ཞིང་འདོད་པར་བྱེད་དོ། །འདོད་པ་རྣམས་ཀྱང་གཟི་བརྗིད་དང་ལྡན་ཞིང་།
སེམས་ཅན་ཐམས་ཅད་འདོད་པས་རྒྱས་ཞིང་ཁུ་བ་འཕོ་བར་བྱེད་དོ། །གཟུགས་པོ་ཡང་གཡོ་ཞིང་འགྱུར་ལ། ངོ་ཚ་དང་བྲལ་ཞིང་། སྐྲ་གྲོལ་ལ་འདོད་པས་མྱོས་པར་འགྱུར་རོ། །སྔགས་འདིའི་སྟོབས་ཀྱིས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་དབང་དུ་འགྱུར་ཞིང་། སྒྲུབ་