Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 28
Văn bản gốc(Tây Tạng)
Trang 3 / 19 (50.000 ký tự/trang)
་མདོག །སྣ་ཚོགས་འོད་ཕྲེང་སྐུ་བརྒྱན་ནས། །མེ་ཐབ་བསྣམས་ཤིང་སྡུག་བསྔལ་བསྲེག །ལྟས་མཐོང་བསྙེན་པས་འཕགས་ མ་ཉིད། །སྐྱབས་སོང་སྦྱོར་གཞན་སྤངས་ནས་ནི། །བ་ལང་ལྕིས་བྱུགས་དཀྱིལ་འཁོར་བྱ། །དབུས་སུ་གསུང་ཐུགས་སྐུ་བསྐྱེད་བྱ། །དེ་ཉིད་སྤྱན་དྲངས་མཆོད་སྔོན་འགྲོ། །གསོལ་བཏབ་སྙིང་བརྩེས་བསྙེན་པས་སོ། །ཁྲི་བརྩོན་ལོ་གྲངས་བརྒྱ་རྩ་བརྒྱད། །མཆོད་བསྟོད་གསོལ་བ་མ་ཡེངས་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། རི་ཛུ་གྷ་དྷརྨཱི། ནིར་ཡ་ཏེ། ཏ་རེ་ཏ་ར་ཡ། བྷ་ག་བ་ཏི་ཏུཏྟཱ་རེ་བྷ་ཡ་མོ་ཙི་ཏུ་རེ་སྭཱ་ཧཱ། རྗེ་བཙུན་མ་སྒྲོལ་མ་སྡུག་བསྔལ་བསྲེགས་པས་ཁྲི་མོན་ ལས་ཐར་པའི་སྒྲུབ་ཐབས་རྫོགས་སོ།། །།ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཏཱ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །ཡེ་ཤེས་ལྷ་མོ་ཡེ་ཤེས་སྤྱན། །རབ་གསལ་བསྒྲིབས་དང་མི་ བསྒྲིབས་གཟིགས། །ངན་འགྲོ་དང་ནི་སྲིད་པའི་ནད། །ཉོན་མོངས་བཅས་འཇོམས་བསྒོམ་པར་བྱ། །འདབ་སྐྱེས་དམར་སྟེང་ཟླ་བ་ལ། །སེམས་དཔའི་སྐྱིལ་ཀྲུང་གསེར་ཟངས་མདོག །ཕྱག་གཉིས་ཐུགས་ཀར་གསེར་བུམ་འཛིན། །ནད་འཇོམས་དངོས་གྲུབ་ཀུན་སྟེར་ མཛད། །འདབ་བཟངས་མིག་ལྕེ་མཁྲིས་པ་བསྣམས། །རི་རབ་ཀྱིས་བཅས་ག་འུར་གཞུག །ལྷ་མོ་ཉིད་སྐུ་གསུང་དང་ཐུགས། །ཡི་གེ་གསུམ་བསྐྱེད་བསྲུང་བའི་མཆོག །རིག་པའི་རྒྱལ་མོ་ཏཱཾ་ཡི་གེ། །མིག་སྨན་བསྡུས་ནས་ཀུན་མཐོང་ཞིང་། །གཞན་མཐོང་མི་མཐོང་སྦྱིན་ པར་བྱེད། །སྦེད་བྱེད་གཟུངས་ནི་འབུམ་ཕྲག་བཟླས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཡ་ཛ་ཡེ་ཛ་ཡེ་ཏུཏྟཱ་རེ་ཛ་ཡ་བོ་དྷི་ཏུ་རེ་སྭཱ་ཧཱ། རྗེ་བཙུན་མ་སྒྲོལ་མ་དངོས་གྲུབ་འབྱུང་ བས་མི་སྣང་བར་བྱེད་པའི་སྒྲུབ་ཐབས་རྫོགས་སོ།། །།ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ལྷ་དང་སྔགས་དང་ཏིང་འཛིན་ གྱིས། །དེ་ཉིད་གསུམ་བཀོད་མཐུ་ཆེན་མོ། །གནས་གསུམ་གནོད་པའི་ཚོགས་འཇོམས་མ། །ཡི་གེ་གཉིས་ལྡན་བསྒོམ་པར་བྱ། །ཆོ་ག་ཀུན་ལྡན་རྗེས་མཐུན་པའི། །ལྷ་བསྙེན་མཆོད་བཟླས་གོམས་པ་ཡིས། །དེ་ཉིད་གསུམ་ནི་རྟག་ཏུ་དྲན། །ཡོངས་རྫོགས་ མཁའ་སྤྱོད་འགྲུབ་པར་འགྱུར། །ཧ་སྐྱེས་ཁྱུ་མཆོག་པད་ཟླ་ལ། །སྐྱིལ་ཀྲུང་ཕྱེད་བཞུགས་སྟག་ཤམ་ཅན། །ཞལ་གཅིག་རྣམ་ཐར་སྤྱན་གསུམ་ཕྱག །མུ་ཏིག་ཕྲེང་དང་མདུང་རྩེ་གསུམ། །སྐར་མདོག་རབ་དཀར་མུན་སེལ་བྱེད། །གསང་སྔགས་སྒྲ་ཡིས་སྲིད་གསུམ་ འགེངས། །དུག་གསུམ་མདུང་རྩེ་གསུམ་གྱིས་བསྣུན། །སྒྲུབ་ལ་དངོས་གྲུབ་ཀུན་རྫོགས་མཛད། །དེ་ཡིས་མཁའ་སྤྱོད་མཐོང་སྟེར་མ། །ལྷ་བསྙེན་ཡིད་ཀྱི་ཤུགས་གོམས་པས། །ཟངས་ལྕགས་གསེར་ལས་རལ་གྲི་བྱ། །ཚད་ལྡན་ཨཱ་ཀཱ་བཅུ་ཕྲེང་བརྒྱན། །སྔགས་ བཟླས་རབ་འབྲིང་ཐ་མའི་རྟགས། །མེ་ཏོག་འོད་ཟེར་འཕྲོ་བ་དག །མཐོང་ནས་ཆགས་མེད་ཡིད་ཀྱིས་བསྐྱོད། །དེ་བཟུང་འདབ་གཤོག་བྱ་བཞིན་འགྲོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མོ་གྷ་སིདྡྷི་ཁཌྒེ་པ་ལོ་ཀ་ཨཱ་ལོ་ཀ་ཏིཥྛ་རཏྣ་ཙ་ལ་ཙ་ལ་ཧཱུཾ་ཧཱུཾ་བཾ་བཾ་སྠཱཾ་སྭཱ་ཧཱ། རྗེ་བཙུན་མ་སྒྲོལ་མ་ཡོངས་སུ་ རྫོགས་བྱེད་མས་མཁའ་སྤྱོད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།འཕགས་མཆོག་ལྷ་མོ་ཡིད་བཞིན་དབང་གི་རྒྱལ་པོ་འདི། །ཉི་ཤུ་གཅིག་བཅས་བསྟོད་པའི་རྒྱལ་པོའི་རྗེས་སྒྲུབ་ཐབས། །སྒྲོལ་མ་མངོན་འབྱུང་ལེའུ་ལྔ་བརྒྱ་བདུན་ཅུ་པར། །གང་གསུངས་གསལ་བྱས་དེ་དགེས་འགྲོ་ཡིད་མུན་སེལ་ཤོག །བཅོམ་ལྡན་ འདས་ཤཱཀྱ་ཐུབ་པས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས། རྗེ་བཙུན་ལྷ་མོ་མཆོག་ཉིད་ཀྱི་སྐུས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།དཔལ་ཆོས་ཀྱི་རྗེ་མ་བྱོན་པའི་སངས་རྒྱས་ གསུམ་པར་གྲགས་པའི་པཎྜི་ཏ་ཆེན་པོ་བསོད་སྙོམས་པ་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས། བོད་ཡུལ་དབུས་ཀྱི་གཙུག་ལག་ཁང་ཆེན་པོ་སོལ་ནག་ཐང་པོ་ཆེ་དང་། ཕོ་བྲང་དམ་པ་ཁྲ་འབྲུག་གི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།རྗེ་བཙུན་སྒྲོལ་མ། ཚེ་དང་ ལྡན་པ་ཀུན་དགའ་བོ། དགྲ་བཅོམ་པ་ཉི་མ་གུང་པ། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཀྲྀཥྞའི་གོས་ཅན། ཁ་ཆེ་ཉི་མ་སྦས་པ། རཱ་ཧུ་ལ་ཤྲཱི། བི་ན་ད་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ལོ་ཙཱ་བ་བྱམས་པའི་དཔལ། བླ་མ་བསོད་ནམས་རྒྱལ་མཚན། རིན་པོ་ ཆེ་བ་ཚད་མའི་སྐྱེས་བུ། དེས་བུ་སྟོན་ལའོ།། ༄༅༅། །རྒྱ་གར་སྐད་དུ། དེ་བཱི་ཏཱ་རེ་ཨེ་ཀ་བིངྴ་ཏི་སྟོ་ཏྲ་བི་ཤུདྡྷེ་ཙུཎྜ་མ་ཎི་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ། རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། མགོན་ པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱག་འཚལ་རབ་ཏུ་དཔའ་བའི་སྒྲོལ་མ། །སྤྲོས་མེད་རྣམ་དག་ནམ་མཁའི་དཀྱིལ་ན། །པདྨ་གསེར་མདོག་གདན་ལ་བཞུགས་པའི། །སྐུ་མདོག་དམར་མོ་མེ་ཡི་འོད་ཅན། །ཕྱག་ འཚལ་ཞལ་གཅིག་ཕྱག་བརྒྱད་སྤྱན་རྒྱས། །དགའ་བའི་ཕྱག་རྒྱ་དང་པོ་གཉིས་ནི། །རྡོ་རྗེ་དྲིལ་བུ་སྤྱི་བོར་བསྣོལ་ནས། །གཡས་འོག་མདའ་གཞུ་ཐུགས་ཀར་འཛིན་མ། །ཕྱག་འཚལ་གསུམ་པས་འཁོར་ལོ་བསྣམས་ཏེ། །བཞི་པ་ཤེས་རབ་རལ་གྲི་འདེབས་ཚུལ། །གཡོན་གྱི་ གསུམ་པས་ཐུགས་ཀར་དུང་འཛིན། །བཞི་པ་ན་ནི་ཞགས་པས་བརྒྱན་མ། །ཕྱག་འཚལ་དཀར་མོ་ཟླ་མདངས་སྒྲོལ་མ། །སྐུ་གསུམ་རྫོགས་པའི་ཞལ་གསུམ་གཡས་སྔོ། །གཡོན་ཞལ་འཛམ་བུ་ཆུ་བོའི་གསེར་མདོག །རྟེན་འབྲེལ་དག་པའི་ཕྱག་ནི་བཅུ་གཉིས། །ཕྱག་འཚལ་ དང་པོ་མཉམ་པའི་ཕྱག་རྒྱ། །གཉིས་པ་ན་ནི་ཁ་ཊྭཱཾ་ག་བསྣམས། །འབར་བའི་འཁོར་ལོ་གསུམ་པས་ལེགས་འཛིན། །བཞི་པ་ཡིད་བཞིན་ནོར་བུ་བསྣམས་མ། །ཕྱག་འཚལ་ལྔ་པ་རྡོ་རྗེ་རབ་འཆང་། །དྲུག་པ་ན་ནི་མེ་ཏོག་ཕྲེང་འཛིན། །གཡོན་གྱི་གཉིས་པ་རིལ་བ་སྤྱི་བླུགས། ། ཉོན་མོངས་དྲི་མ་མ་ལུས་འཁྲུད་མ། །ཕྱག་འཚལ་གསུམ་པས་ཨུཏྤལ་ལེགས་འཛིན། །སྟོང་པའི་སྒྲ་སྒྲོགས་བཞི་པ་དྲིལ་བུ། །ལྔ་པ་གཏེར་གྱི་བུམ་པ་ཐོགས་མ། །དྲུག་པ་པོ་ཏིས་འགྲོ་ལ་ཆོས་སྟོན། །ཕྱག་འཚལ་གསེར་མདོག་ཅན་གྱི་སྒྲོལ་མ། །སྣ་ཚོགས་པདྨ་ཟླ་ བའི་གདན་ལ། །རྡོ་རྗེ་སྐྱིལ་ཀྲུང་ཤིན་ཏུ་མཛེས་བརྗིད། །ཕྱག་བཅུ་ཕ་རོལ་ཕྱིན་བཅུ་དག་མ། །ཕྱག་འཚལ་དང་པོ་ཐུགས་ཀར་ཕྲེང་འཛིན། །གཉིས་པ་ན་ནི་ཤེས་རབ་རལ་གྲི། །གསུམ་པ་མདའ་འཕེན་ཉོན་མོངས་འབིགས་མ། །བཞི་པ་རྡོ་རྗེ་ལྔ་པ་དབྱུ་གུ། །ཕྱག་འཚལ་ གཡོན་གྱིས་དར་དཔྱངས་རབ་བསྣམས། །གཉིས་པ་ཞགས་པ་གསུམ་པ་པདྨ། །བཞི་པའི་ཕྱག་གིས་དྲིལ་བུ་དཀྲོལ་མ། །ལྔ་པ་ན་ནི་སྙིང་རྗེའི་གཞུ་ཐོགས། །ཕྱག་འཚལ་གཙུག་ཏོར་རྒྱལ་བའི་སྒྲོལ་མ། །ཆུ་སྐྱེས་པདྨ་སེར་པོའི་སྟེང་དུ། །ཟག་མེད་བདེ་རྒྱས་ཟླ་བའི་གདན་ སྟེང་། །སེམས་དཔའི་སྐྱིལ་ཀྲུང་བརྟན་པར་བཞུགས་མ། །ཕྱག་འཚལ་དགེ་མ་གསེར་གྱི་མདོག་ཅན། །ཐུགས་རྗེའི་རང་བཞིན་འགྲོ་ལ་རབ་བརྩེ། །ཞལ་གཅིག་ཕྱག་བཞི་བདུད་བཞི་འཇོམས་མ། །གཡས་ཀྱི་དང་པོས་དངོས་གྲུབ་མཆོག་སྩོལ། །ཕྱག་འཚལ་རྒྱུན་མི་ འཆད་པའི་བསམ་གཏན། །གཉིས་པ་ན་ནི་ཕྲེང་བ་འཛིན་མ། །གཡོན་གྱི་དང་པོ་ཕྱག་མཚན་གུནྡྷེ། །གཉིས་པ་རིན་ཆེན་དབྱུ་གུ་བསྣམས་མ། །ཕྱག་འཚལ་ཧཱུཾ་སྒྲ་སྒྲོགས་པའི་སྒྲོལ་མ། །དྲི་མེད་ཟླ་བའི་གདན་གྱི་སྟེང་ན། །ཉོན་མོངས་སྐྱོན་བྲལ་དག་པའི་སྐུ་མདོག །བཙོ་མ་ གཡའ་བྲལ་གསེར་གྱི་མདངས་ལྡན། །ཕྱག་འཚལ་དཔའ་མོ་ཤེས་རབ་བདག་ཉིད། །ཐུགས་རྗེས་འཁོར་བ་ཞེ་ལ་མནན་ནས། །མ་རུངས་འདུལ་ཕྱིར་ཧཱུཾ་གི་སྒྲ་སྒྲོགས། །དུག་གསུམ་སྲིད་པའི་གཡུལ་ལས་རྒྱལ་མ། །ཕྱག་འཚལ་བདེན་གཉིས་དག་པའི་ཕྱག་རྒྱ། །འགྲོ་ རྣམས་ཐུགས་རྗེས་རབ་ཏུ་བཟུང་ཕྱིར། །གཡས་པའི་ཕྱག་གིས་མཆོག་སྦྱིན་མཛད་ཅིང་། །གཡོན་པས་པདྨ་སེར་པོ་འཛིན་མ། །ཕྱག་འཚལ་རྣམ་པར་རྒྱལ་བའི་སྒྲོལ་མ། །ཆུ་སྐྱེས་པདྨ་དམར་པོའི་སྟེང་དུ། །གཏི་མུག་དག་ཕྱིར་ཉི་མའི་གདན་སྟེང་། །སེམས་དཔའི་སྐྱིལ་ ཀྲུང་འགྲོ་ལ་གཟིགས་མ། །ཕྱག་འཚལ་ལྷ་དང་དྲང་སྲོང་རྣམས་ཀྱིས། །ཁྱོད་ཞབས་པདྨོ་སྤྱི་བོར་བླངས་ནས། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་རབ་བསྟོད། །འགྲོ་བ་ཀུན་གྱི་རེ་གནས་གྱུར་མ། །ཕྱག་འཚལ་པདྨ་རཱ་གའི་མདངས་ལྡན། །ཕྱག་བཞི་གཡས་ཀྱི་དང་པོ་ཉིད་ན། །རྡོ་རྗེ་ འཕྱར་ཞིང་དེ་འོག་རལ་གྲི། །གཡོན་གྱིས་སྡིགས་མཛུབ་ཞགས་པ་བསྣམས་མ། །ཕྱག་འཚལ་རྒོལ་བ་འཇོམས་པའི་སྒྲོལ་མ། །པདྨ་སེར་དང་ཉི་མའི་གདན་ལ། །དཔའ་བའི་སྟང་སྟབས་འགྱིང་བག་གཡོན་བརྐྱང་། །ཚམ་རྔམ་ནག་མོ་ཁྲོས་པའི་བཞིན་འཕྱར། །ཕྱག་ འཚལ་ན་བཟའ་གསེར་མདོག་གོས་གྱོན། །དབུ་སྐྲ་གྱེན་བརྫེས་ལྟོས་འགྲོས་བརྒྱན་མ། །རིན་ཆེན་ཅོད་པན་མཁའ་ལ་རབ་འཕྱར། །ཕྱག་ཞབས་རིན་ཆེན་གདུ་བུས་བརྒྱན་མ། །ཕྱག་འཚལ་ཕྱག་བཞི་གཡས་ཀྱི་དང་པོ། །འཁོར་ལོ་འཛིན་ཅིང་གཉིས་ པ་རལ་གྲི། །སྐྱེ་གནས་སྟེང་དུ་ཞགས་པ་བསྣམས་ནས། །གཡོན་གྱི་ཐ་མས་སྡིགས་མཛུབ་རབ་གདེངས། །ཕྱག་འཚལ་དབང་མཆོག་སྟེར་བའི་སྒྲོལ་མ། །ཉི་མ་པདྨ་དཀར་པོའི་སྟེང་དུ། །གདུག་པ་འདུལ་ཕྱིར་ཆུ་སྲིན་གདན་སྟེང་། །སྐྱིལ་ཀྲུང་ཕྱེད་མ་གསེར་གྱི་མདོག་ཅན། ། ཕྱག་འཚལ་ཁྲོས་པའི་གཉེར་མ་དང་ལྡན། །བརྗིད་པའི་སྐུ་མདོག་ཞལ་གཅིག་ཕྱག་བཞི། །གཡས་ན་མྱ་ངན་མེད་པའི་ཡལ་ག །གཉིས་པ་རིན་ཆེན་བསྣམས་ཤིང་མཆོག་སྩོལ། །ཕྱག་འཚལ་གཡོན་གྱི་དང་པོ་པདྨ། །ཉོན་མོངས་སྐྱོན་གྱིས་མ་གོས་ཕྱིར་བསྣམས། །གཡོན་ གྱི་ཐ་མས་བུམ་པ་ལེགས་ཐོགས། །འགྲོ་བ་ཀུན་ལ་དབང་མཆོག་སྟེར་མ། །ཕྱག་འཚལ་སེང་ལྡེང་ནགས་ཀྱི་སྒྲོལ་མ། །ཡི་གེ་ཏཱཾ་ལས་འཁྲུངས་པའི་ལྷ་མོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པའི། །སྐྲ་འཁྱིལ་མེ་ཏོག་གིས་བརྒྱན་མཛེས་མ། །ཕྱག་འཚལ་གཡས་ བརྐྱང་ཞབས་ལ་གཡོན་པས། །ཐབས་དང་ཤེས་རབ་མི་འབྲལ་འཁྲིལ་བས། །པདྨ་ཟླ་བའི་སྟེང་ན་བཞུགས་མ། །ཞལ་གཅིག་ཕྱག་གཉིས་ཞི་བའི་གཟུགས་ཅན། །ཕྱག་འཚལ་གཡས་པས་འགྲོ་ལ་མཆོག་སྩོལ། །གཡོན་ན་ཨུཏྤལ་རྒྱན་རྣམས་ཡོངས་རྫོགས། །སྔོ་ ལྗང་འགྱིང་བག་རས་མའི་མདོག་ཅན། །གཞོན་ནུ་སྤྱན་ཡངས་ནུ་མ་རྒྱས་མ། །ཕྱག་འཚལ་མྱ་ངན་སེལ་བའི་སྒྲོལ་མ། །མ་ཆགས་པདྨ་དམར་པོའི་སྟེང་དུ། །ཟླ་བའི་དཀྱིལ་འཁོར་ཞབས་ཀྱིས་མནན་ཏེ། །རོལ་པའི་འདུག་སྟངས་འགྱིང་བག་མཛེས་མ། །ཕྱག་འཚལ་འཇིག་ རྟེན་དབང་དུ་མཛད་མ། །སྐུ་མདོག་པདྨ་རཱ་ག་ལྟར་དམར། །བཞད་པའི་གད་རྒྱངས་ཏུཏྟཱ་ར་ཡིས། །འགྲོ་བའི་ཉོན་མོངས་མ་ལུས་སེལ་མ། །ཕྱག་འཚལ་ཞལ་གཅིག་ཕྱག་བཞིས་བདུད་འདུལ། །དང་པོ་གཉིས་ནི་སྤྱི་བོར་ཐལ་སྦྱར། །གཡས་འོག་རལ་གྲི་ཕྱག་རྒྱ་དང་ལྡན། ། གཡོན་ན་མྱ་ངན་མེད་པའི་ཡལ་ག །ཕྱག་འཚལ་འགྲོ་བ་འགུགས་པའི་སྒྲོལ་མ། །གཟི་བརྗིད་ཕུང་པོ་ཉི་མའི་སྟེང་ན། །པདྨའི་གདན་ལ་རོལ་པས་གཡས་བརྐྱང་། །འགྱིང་བག་ནག་མོ་དབང་གི་ལས་མཛད། །ཕྱག་འཚལ་དཔའ་མོ་གྱད་ཀྱི་ཆ་བྱད། །མཚན་མོ་སྤྲིན་རུམ་མུན་པའི་ མདོག་ཅན། །ཤིན་ཏུ་འཇིགས་རུང་བདུད་དཔུང་ཟིལ་གནོན། །ནོར་གྱི་ཆར་འབེབས་ཕོངས་པ་སེལ་མ། །ཕྱག་འཚལ་ཡི་གེ་ཧཱུཾ་གི་སྦྱོར་བས། །ཕྱོགས་མཚམས་རྣམས་ནས་གཟའ་ཆེན་བརྒྱད་འགུགས། །ཞལ་གཅིག་ཕྱག་གཉིས་གཡས་པ་ལྕགས་ཀྱུ། །གཡོན་པས་ རོལ་པའི་ཞགས་པ་བསྣམས་མ། །ཕྱག་འཚལ་བཀྲ་ཤིས་སྟེར་བའི་སྒྲོལ་མ། །སྣ་ཚོགས་པདྨ་ཟླ་བའི་གདན་ལ། །རྡོ་རྗེ་སྐྱིལ་ཀྲུང་གསེར་གྱི་མདངས་ལྡན། །ཞལ་གཅིག་ཕྱག་བརྒྱད་ཟླ་ཚེས་བརྒྱན་མ། །ཕྱག་འཚལ་གཡས་ཀྱི་དང་པོ་རྩེ་གསུམ། །གཉིས་པ་ན་ནི་ཐུགས་ རྗེའི་ལྕགས་ཀྱུ། །གསུམ་པ་རྡོ་རྗེས་བདུད་ཀྱི་དཔུང་འཇོམས། །བཞི་པ་ཤེས་རབ་རལ་གྲི་བསྣམས་མ། །ཕྱག་འཚལ་གཡོན་གྱི་དང་པོ་ནོར་བུ། །ལོངས་སྤྱོད་སྤེལ་ཕྱིར་ཐུགས་ཀར་བསྣམས་ནས། །འགྲོ་བ་ཀུན་ལ་བཀྲ་ཤིས་སྟེར་མ། །གཉིས་པ་ལྕགས་ཀྱུ་གསུམ་པ་ དབྱུ་གུ། །བཞི་པ་ནོར་གྱི་བུམ་པ་བསྣམས་མ། །ཕྱག་འཚལ་སྨིན་པར་བྱེད་པའི་སྒྲོལ་མ། །བསྐལ་པའི་མེ་ལྟར་འབར་བའི་དབུས་སུ། །ཉི་མ་པདྨ་དམར་པོའི་གདན་ལ། །བཞེངས་པའི་འདོར་སྟབས་གཡས་བརྐྱང་གཡོན་བསྐུམ། །ཕྱག་འཚལ་སྐུ་མཆོག་ཤིན་ཏུ་མི་ བཟད། །པདྨ་རཱ་ག་ལྟ་བུར་དམར་ཞིང་། །དཔའ་བའི་ཆ་བྱད་ཞལ་གཅིག་ཕྱག་བཞི། །དྲག་མོ་ཆེན་མོ་དགྲ་དཔུང་འཇོམས་མ། །ཕྱག་འཚལ་གཡས་ཀྱི་དང་པོ་རལ་གྲི། །གཉིས་པ་མདའ་ཡིས་ཉོན་མོངས་འབིགས་མ། །གཡོན་པ་འཁོར་ལོ་གཉིས་པ་གཞུ་ ཐོགས། །མཆུ་དང་སྨིན་མ་ཁྲོ་གཉེར་གྱེན་ཟློག །ཕྱག་འཚལ་ཁྲོ་གཉེར་གཡོ་བའི་སྒྲོལ་མ། །ཉི་མ་པདྨ་དམར་པོའི་གདན་ལ། །གཡས་བརྐྱང་གར་གྱིས་མི་རོ་མནན་ནས། །སྐུ་མདོག་ནག་མོ་འཇིགས་གཟུགས་ལྡན་མ། །ཕྱག་འཚལ་ཞལ་དང་སྨིན་མ་རབ་བསྡུས། ། གཡས་དཀར་གཡོན་དམར་ཁྲོ་གཉེར་དང་ལྡན། །དམར་བའི་སྤྱན་གསུམ་སྡང་མིག་རབ་བགྲད། །མི་ཡི་རྒྱུ་མ་ཞལ་དུ་གསོལ་མ། །ཕྱག་འཚལ་སྦྲུལ་དང་སྟག་གི་གོས་གསོལ། །ཐོད་པའི་ཅོད་པན་མགོ་བོའི་དོ་ཤལ། །རལ་གྲི་དབྱུ་གུ་ལྕགས་ཀྱུ་ བསྣམས་ནས། །གཡོན་པ་མགོ་ཐོད་ཞགས་པ་འཛིན་མ། །ཕྱག་འཚལ་དགེ་ལེགས་ཞི་བའི་སྒྲོལ་མ། །པདྨ་དཀར་པོ་ཟླ་བའི་གདན་ལ། །རྡོ་རྗེའི་སྐྱིལ་ཀྲུང་ཟླ་བའི་མདོག་ཅན། །ཞལ་གཅིག་ཕྱག་དྲུག་སྡིག་པ་འཇོམས་མ། །ཕྱག་འཚལ་དོན་རྟོགས་གཡས་ཀྱི་དང་པོ། ། རྒྱལ་བའི་སྤྱོད་ཡུལ་ཐུགས་ཀར་ཕྲེང་འཛིན། །གཉིས་པ་ན་ནི་ལེགས་པའི་ཕྱག་རྒྱ། །གསུམ་པའི་ཕྱག་གིས་དབྱུ་གུ་འཛིན་མ། །ཕྱག་འཚལ་གཡོན་གྱི་དང་པོ་པདྨ། །གཉིས་པ་ན་ནི་རིལ་བ་སྤྱི་བླུགས། །གསུམ་པ་འདབ་རྒྱས་ཨུཏྤལ་སྟེང་དུ། །འགྲོ་བའི་ལམ་སྟོན་པོ་ ཏི་བསྣམས་མ། །ཕྱག་འཚལ་ཆགས་པ་འཇོམས་པའི་སྒྲོལ་མ། །པདྨ་དམར་པོ་ཉི་མའི་གདན་ལ། །སྤྲོས་མེད་སེམས་དཔའི་སྐྱིལ་ཀྲུང་མཛེས་བརྗིད། །ཞལ་གཅིག་སྤྱན་གསུམ་བྱི་རུའི་མདོག་ཅན། །ཕྱག་འཚལ་ཧཱུཾ་གི་རིག་པ་དང་ལྡན། །ཐབས་དང་ཤེས་རབ་འབྲེལ་པའི་ ཕྱག་གཉིས། །གཡས་པས་རྩེ་གསུམ་ཐུགས་ཀར་བསྣམས་ནས། །དགྲ་ཡི་ལུས་ལ་རབ་ཏུ་བསྣུན་མ། །ཕྱག་འཚལ་གཡོན་པས་སྡིགས་མཛུབ་རབ་འཕྱར། །སྙིང་པོ་འབྲས་བུར་བཅས་པའི་ཤིང་འཛིན། །ཐུགས་ཀྱི་སྙིང་པོ་ཡི་གེ་བཅུ་པས། །དགོས་པའི་དངོས་གྲུབ་མ་ ལུས་འབྱུང་མ། །ཕྱག་འཚལ་བདེ་བ་སྒྲུབ་པའི་སྒྲོལ་མ། །པདྨ་དཀར་པོ་འབར་བའི་སྟེང་དུ། །ཟླ་བའི་དཀྱིལ་འཁོར་ཉི་མའི་གདན་ལ། །སེམས་དཔའི་སྐྱིལ་ཀྲུང་དཔའ་བར་བཞུགས་མ། །ཕྱག་འཚལ་བདེ་བའི་སྐུ་མདོག་དམར་སེར། །ཞལ་གཅིག་ཕྱག་གཉིས་ཧཱུཾ་གི་ཕྲིན་ ལས། །འཇིག་རྟེན་གསུམ་པོ་དབང་དུ་བསྡུས་ནས། །བདེ་བ་ཐམས་ཅད་གྲུབ་པར་མཛད་མ། །ཕྱག་འཚལ་ཐོགས་མེད་ནམ་མཁའི་ལུས་ཅན། །ཕྱག་གཉིས་ཐུགས་ཀར་འཛིན་པའི་ཕྱག་རྒྱ། །ཟླ་བའི་དཀྱིལ་འཁོར་རབ་ཏུ་བསྣམས་ནས། །རིན་ཆེན་དུ་མའི་རྒྱན་གྱིས་མཛེས་ མ། །ཕྱག་འཚལ་རྣམ་པར་རྒྱལ་བའི་སྒྲོལ་མ། །པདྨ་དཀར་པོའི་སྟེང་གི་ཟླ་བའི། །དཀྱིལ་འཁོར་དབུས་ན་འདབ་བཟངས་ངང་པའི། །སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་བཞུགས་མ། །ཕྱག་འཚལ་ཟག་མེད་བདེ་ཆེན་རབ་རྒྱས། །སྐུ་མདོག་དཀར་མོ་དུང་གི་མདངས་ལྡན། །ཞལ་གཅིག་ ཕྱག་བཞི་ཏཱ་ར་གཉིས་བརྗོད། །ཡི་གེ་ཕཊ་ཀྱིས་དུག་རྣམས་སེལ་མ། །ཕྱག་འཚལ་དགའ་བའི་ཕྱག་རྒྱ་དང་ལྡན། །ཕྱག་གཉིས་སྤྱི་བོར་ལྕགས་ཀྱུ་རབ་འཛིན། །གཡས་འོག་མཆོག་སྦྱིན་གཡོན་གྱི་གཉིས་པ། །ཨུཏྤལ་སྟེང་དུ་པོ་ཏི་བསྣམས་མ། །ཕྱག་འཚལ་སྡུག་ བསྔལ་སྲེག་བྱེད་སྒྲོལ་མ། །པད་དཀར་ཟླ་བའི་དཀྱིལ་འཁོར་དབུས་ན། །བདེ་བའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་། །ཅུང་ཟད་གཡས་བརྐྱང་བར་ནི་བཞུགས་མ། །ཕྱག་འཚལ་དཀར་མོ་དུང་གི་མདངས་ལྡན། །སྣ་ཚོགས་དཀར་དམར་འོད་ཟེར་ཕྲེང་བས། །འགྱིང་བག་ སྐུ་ལ་རབ་ཏུ་བརྒྱན་ནས། །འགྲོ་བའི་ཉོན་མོངས་མ་ལུས་སེལ་མ། །ཕྱག་འཚལ་བདེན་གཉིས་དག་པའི་ཕྱག་རྒྱ། །ཕྱག་གཉིས་ཐུགས་ཀར་མེ་ཐབ་བསྣམས་ནས། །སྡུག་བསྔལ་མ་ལུས་བསྲེག་པར་མཛད་ཅིང་། །འགྲོ་རྣམས་ཐར་པའི་ལམ་ལ་འགོད་མ། །ཕྱག་འཚལ་ དངོས་གྲུབ་འབྱུང་བའི་སྒྲོལ་མ། །སྐུ་མདོག་དམར་སེར་ལས་ཀྱི་རིགས་མཚོན། །པདྨ་དཀར་པོ་སྟེང་གི་ཟླ་བའི། །དཀྱིལ་ན་སེམས་དཔའི་སྐྱིལ་ཀྲུང་བཞུགས་མ། །ཕྱག་འཚལ་དཔལ་མོ་ཞལ་གཅིག་ཕྱག་གཉིས། །ཐབས་དང་ཤེས་རབ་འབྲེལ་པའི་ཕྱག་རྒྱ། །ཐུགས་ཀར་ གསེར་གྱི་བུམ་པ་བསྣམས་མ། །དངོས་གྲུབ་མ་ལུས་པར་ནི་སྟེར་མ། །ཕྱག་འཚལ་བུམ་པ་བཟང་དང་ནོར་བུ། །འདོད་འཇོའི་བ་དང་དཔག་བསམ་ཤིང་ཆེན། །ཁྱོད་ཞབས་དྲན་པས་འདོད་དགུ་འབྱུང་འགྱུར། །གང་ལ་ཅི་འདོད་རེ་བ་སྐོང་མ། །ཕྱག་འཚལ་ཡོངས་སུ་རྫོགས་ བྱེད་སྒྲོལ་མ། །ཧ་ལས་སྐྱེས་པའི་ཁྱུ་མཆོག་སྟེང་དུ། །པདྨ་ཟླ་བའི་དཀྱིལ་འཁོར་གདན་ལ། །ཕྱེད་སྐྱིལ་རོལ་པའི་འདུག་སྟངས་མཛེས་བརྗིད། །ཕྱག་འཚལ་དཀར་མོ་ཞལ་གཅིག་སྤྱན་གསུམ། །རྣམ་པར་ཐར་པའི་སྒོ་གསུམ་གཟིགས་མ། །ཞེ་སྡང་མ་སྤངས་གནས་སུ་ དག་ཕྱིར། །དུར་ཁྲོད་སྟག་གི་ཤམ་ཐབས་བཅིངས་མ། །ཕྱག་འཚལ་གཡས་པས་མུ་ཏིག་ཕྲེང་འཛིན། །ཐུགས་རྗེ་མི་བཟད་རབ་ཏུ་ཁྲོས་པས། །གཡོན་པའི་ཕྱག་ན་རྩེ་གསུམ་མདུང་ཐོགས། །དུག་གསུམ་འཁོར་བའི་རྒྱུ་ལ་བསྣུན་མ། །ཟླ་བ་ཡར་ངོའི་ཚེས་ བརྒྱད་དག་ལ། །གང་གིས་རྣམ་དག་གཙུག་གི་ནོར་བུ། །བསྟོད་པའི་རྒྱལ་པོ་གུས་པའི་བློ་ཡིས། །ལན་གྲངས་ཉི་ཤུ་རྩ་གཅིག་བརྗོད་ན། །རྒྱལ་པོ་སྦྲུལ་དང་སྲིན་པོ་མི་རྒོད། །མེ་དང་ཆུ་དང་སྟག་དང་སེང་གེ །འཇིགས་པ་ཆེན་པོ་བརྒྱད་ལས་གྲོལ་འགྱུར། །མུ་གེ་ནད་དང་ འབྱུང་པོས་འཚེ་བ། །སྡུག་བསྔལ་ཡིད་མི་བདེ་ལས་གྲོལ་འགྱུར། །སྡིག་པ་ཆེན་པོ་རྣམས་དང་སྐལ་ངན། །འཁྲུག་དང་འཐབ་རྩོད་ཉེས་པ་མི་འབྱུང་། །ཉོན་མོངས་མྱ་ངན་གདུང་བ་རྣམས་སེལ། །ས་འོག་གཏེར་དང་མིག་སྨན་རི་ལུ། །རྐང་མགྱོགས་ལ་སོགས་དངོས་ གྲུབ་བརྒྱད་ཐོབ། །སྐུ་དང་གསུང་དང་ཐུགས་ཀྱི་དབང་ཕྱུག །རྫུ་འཕྲུལ་ཀུན་འགྲོ་གནས་ལ་སོགས་པའི། །དབང་ཕྱུག་ལས་ལ་དཀའ་བ་མ་ཡིན། །བདག་པོར་བྱེད་དང་དགའ་མགུར་བསྒྲུབ་པའི། །འདོད་དགུ་འབྱུང་བའི་དངོས་གྲུབ་འགྲུབ་པ། །དེ་བཞིན་ཡོན་ཏན་བརྒྱད་ཀྱང་ ཐོབ་འགྱུར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང་། །དཔལ་ལྡན་འདོད་འཇོའི་བ་དང་བུམ་མཆོག །བདེ་བ་དང་བཅས་ནོར་རྣམས་འགྲུབ་འགྱུར། །མཚན་མོ་རྒྱུ་དང་ལྟོ་འཕྱེ་འབྱུང་པོ། །ཤ་ཟའི་ཚོགས་ཀྱིས་གླགས་རྙེད་མི་འགྱུར། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེན་ པོ། །འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཀྱིས། །དགོས་པའི་དོན་རྣམས་འགྲུབ་པར་མཛད་ཅིང་། །བར་དུ་གཅོད་པ་རྣམས་ནི་སེལ་འགྱུར། །གང་དུ་ཚེ་ཡི་འདུ་བྱེད་བཏང་དུས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་འགྱུར། །དངོས་གྲུབ་འབྱུང་གནས་རྗེ་བཙུན་སྒྲོལ་མའི། །ལྷ་མཆོག་ རྣམས་ལ་བདག་གིས་བསྟོད་པས། །དགེ་བ་དྲི་མེད་ཟླ་བ་རྒྱས་འདྲའི། །འོད་ལྟར་དཀར་བ་ཐོབ་པ་དེས་ནི། །འཇིག་རྟེན་རྩོད་པའི་སྐྱོན་བྲལ་རྫོགས་པའི། །སངས་རྒྱས་ཐོབ་ནས་སེམས་ཅན་རྣམས་ལ། །བདེ་ཆེན་ཆར་པ་འབེབས་པར་ཤོག་ཅིག །སྒྲོལ་མ་མངོན་པར་འབྱུང་ བའི་ལེའུ་བདུན་ཅུ་རྩ་གཉིས་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས། ལྷའི་རྣམ་གྲངས་བསྟན་པའི་ལེའུ་བཅུ་གསུམ་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་དང་མཐུན་པར། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྱ་གུཔྟའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།། ༄༅༅། །རྒྱ་གར་སྐད་དུ། སྲགྡྷ་ར་སྟོ་ཏྲ། བོད་སྐད་དུ། ཕྲེང་བ་འཛིན་པའི་བསྟོད་པ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཉི་མ་འཆར་ཀའི་སྣང་བ་ལྟར་དམར་ལྷ་མཆོག་རྣམས་ཀྱི་མགོ་ཡི་གཙུག་གི་ནོར་བུའི་དཔལ། །ཕུན་སུམ་ཚོགས་པས་དམར་བ་སྨུག་རྩི་གསལ་པོ་དངར་བཀོད་ཤིན་ཏུ་ཡུན་ རིངས་མ་ལོན་འདྲའི། །འཕགས་མ་ཁྱོད་ཞབས་དག་ལ་ཐལ་སྦྱར་ཅོད་པན་གྱིས་མནན་ཡན་ལག་མཆོག་བཏུད་བདག་གིས་ནི། །གུས་པས་སྒྲོལ་མ་ཕོངས་སྐྱབས་བསྟོད་པ་གསེར་གྱི་མེ་ཏོག་ཕྲེང་བ་རྣམས་ཀྱིས་མཆོད་པར་བགྱི། །སྐད་ངན་ངུ་བའི་བཞིན་ལྡན་རྒལ་བར་དཀའ་བའི་ སྡུག་བསྔལ་མེ་ལ་ལུས་དག་རྣམ་ལྟུང་བ། །ཅི་དང་ཅི་བྱ་ཞེས་རྨོངས་ལན་གཅིག་མིན་པའི་རྩོམ་པ་བྱས་ཀྱང་འབྲས་དང་བྲལ་བས་སྐྱོ། །མཁའ་ལ་ཉི་ཟླའི་དཔལ་ནི་གཞན་ལས་མང་དུ་ཐོས་ནས་བལྟ་བར་རེ་བ་བཅས་གྱུར་པའི། །མིག་ཉམས་གཞན་གྱི་འགྲོ་བ་ལྟ་བུ་བདག་ནི་སྡིག་ འཇོམས་ཁྱེད་ལ་གུས་པས་རྟེན་པར་བགྱིད། །ཁྱེད་ཀྱི་ཐུགས་རྗེ་སེམས་ཅན་རྣམས་ནི་ཀུན་ལ་བྱེ་བྲག་མེད་པར་འཇུག་པ་མ་ལགས་སམ། །དེ་དག་གཟུང་བས་བདག་འདྲ་ཡང་ནི་དེ་དག་ནང་དུ་གཟུང་བར་འགྱུར་ལ་གདོན་མི་ཟ། །མཐའ་དག་འགྲོ་བའི་སྡིག་པའི་མུན་པར་ཚ་ཟེར་ཅན་ གཟུགས་ནུས་པ་ལ་ཡང་དོ་ཟླ་མེད། །དེ་ལྟ་མོད་ཀྱི་ཀྱེ་མ་བདག་སྨད་ཉེས་བྱས་ངན་པས་བརྗིད་ཅིང་སྡུག་བསྔལ་ལྡན་པ་ཉིད། །སྐལ་བ་ཞན་པ་བདག་སྨད་སྨད་པ་ཞིག་སྟེ་ཉིན་བྱེད་འོད་ཟེར་གྱིས་ཀྱང་མུན་པ་སེལ། །གངས་ཅན་ལས་བྱུང་འཇུག་ངོགས་ཆུས་དཀྲིགས་པ་ཡི་དུམ་བུ་ འཁྱགས་ཤིང་བསིལ་བ་དག་ཏུ་བསྒོམ། །རིན་ཆེན་གླིང་གི་ལམ་སྲང་དང་ནི་ནོར་བུའི་ཕུག་ཡངས་ཁང་པ་དག་གི་ནང་དུ་དབུལ། །འཇིག་རྟེན་ཀུན་གྱི་ཡུམ་གཅིག་མ་ཁྱོད་མགོན་དུ་བྱས་ཀྱང་མགོན་མ་མཆིས་སོ་བཅོམ་ལྡན་མ། །ནུ་མའི་རྒྱུ་ལས་ལན་མང་དག་ཏུ་ རྣམ་པར་ངུ་བའི་བུ་ལ་མ་ཡང་སྐྱོ་བར་འགྱུར། །ཉི་མ་སོ་སོར་དམ་པ་མ་ཡིན་དོན་གཉེར་རྣམས་ལ་རབ་བསྐུལ་ཕ་ཡང་ཁྲོ་བ་འཛིན། །འཇིག་རྟེན་གྱི་ནི་རེ་འདོད་འབྲས་བུས་ཡངས་ལྡན་དཔག་བསམ་ཤིང་ཆེན་འཁྲི་ཤིང་མཆོག་ནི་ཁྱོད། །མངོན་པར་དོན་གཉེར་དོན་རྣམས་ཀུན་ལ་ སྩོལ་གྱི་ནམ་ཡང་རྣམ་གྱུར་དེ་དག་ཅི་ཡང་མེད། །གང་ལ་ཉོན་མོངས་ཚོགས་ཀྱི་མེ་འབར་ལུས་ཅན་དེ་དང་དེ་ཡིས་སྒྲོལ་མ་ང་ཉིད་ཅིས། །བདག་ཉིད་ཞལ་བཞེས་དམ་བཅས་སྡུག་བསྔལ་འོག་ཏུ་བྱིང་བ་བདག་ལ་འབྲས་བུ་ལྡན་པར་མཛོད། །སྲོག་ཆགས་རྣམས་ཀྱི་སྡུག་བསྔལ་ཤུགས་ནི་ རྩུབ་ཅིང་ཟིལ་གནོན་འདི་དག་ཇི་སྙེད་འཕེལ་གྱུར་པ། །ཡང་དག་རྫོགས་པའི་སངས་རྒྱས་ཐེག་པར་སྨོན་ལམ་བློ་མངའ་རྣམས་ཀྱི་བརྩེ་བའང་དེ་སྙེད་ཉིད། །དེ་ལྟར་བསྟོད་པའི་ཚིག་གི་ཟོལ་གྱིས་ཆོ་ངེའི་སྒྲ་དག་གསང་མཐོན་སྒྲོགས་ཤིང་ལག་བསྒྲེང་ལ། གཞན་དག་གིས་ཀྱང་ བཏང་སྙོམས་བྱ་བར་འོས་པ་མིན་ན་ཡུམ་གཅིག་ཁྱོད་ཀྱིས་ལྟ་ཡང་ཅི། །གཞན་དག་རྣམས་ཀྱིས་མངོན་འདོད་འབྱོར་པར་འདོད་པ་ཁྱེད་ལས་ཐོབ་པ་རྣམས་མཐོང་བཞིན། །མི་དགེ་ལས་བྱུང་ནང་གི་གདུང་བ་རྒྱུན་ཆགས་བཟོད་བླག་མེད་པས་ཤིན་ཏུ་ཡང་ཡང་སྲེག །གལ་ཏེ་ཁོ་བོ་ སྡིག་ཅན་ལགས་ན་ཁྱོད་ལ་གུས་པ་ཆེན་པོ་འདི་ནི་ཅི་ཕྱིར་འཕེལ། །ཁྱོད་ཉིད་གཅིག་པུའི་མཚན་གྱིས་ཀྱང་ནི་ཐོས་དང་དྲན་པས་འཕྲལ་ལ་སྡིག་པ་སེལ་བར་བྱེད། །དེ་ལྟ་ན་ཡང་བདག་གི་བྱ་བའི་ཁུར་དག་དོང་བ་ཇི་ལྟར་ལགས་ཞེས་བདེན་གསུངས་པ། །ནད་པ་འཆི་བར་འགྱུར་ ཡང་སྨན་པའི་སྙིང་རྗེ་རྒྱ་ཆེན་ཕན་པ་ཁོན་པར་བགྱིད་དམ་ཅི། །སྒྱུ་མང་སེར་སྣ་ང་རྒྱལ་ཕྲག་དོག་རང་སྐྱོན་ཐ་ཆད་རྣམས་ཀྱིས་དུས་མཉམ་རིམ་པར་ཡང་། །དུ་མ་དག་གི་ཐུན་མོང་ཆར་གྱུར་ཚོགས་ཁང་ཇ་མོ་བཞིན་དུ་བསྐོར་བར་གྱུར་པས་ན། །ཁྱེད་ཀྱི་ཞབས་པད་མཆོད་པ་སྐད་ ཅིག་ཙམ་ཡང་མ་རྙེད་གང་དེའི་དོན་དུ་ཁྱད་པར་ལས། །ཕོངས་པས་ཡི་གེ་དམན་པར་ཚིག་འདི་བཀོད་དོ་བདག་གི་འདོད་པ་དོན་མེད་མ་གྱུར་ཅིག །དུས་མཐའི་རླུང་རབ་འཁྲུགས་པས་དཀྲུགས་པའི་ཆུ་ནི་གཡོ་ཞིང་འགུལ་བའི་རླུང་འཁོར་རལ་པ་ཅན། །རབ་འཁྲུགས་ཀུན་དུ་བསྐྱོད་ ཅིང་རྦ་རླབས་ངོས་བརྡབས་སྒྲ་གྲག་གད་རྒྱངས་ཆེན་པོ་སྒྲོགས་པ་ལས། །གྲུ་ཆག་ཆུ་རུ་སྙིང་རྗེ་ངུ་བའི་ཆོ་ངེ་དང་ལྡན་གཡོ་བ་མེད་ཅིང་ཞན་གྱུར་པ། །ལྷ་མོ་ཁྱོད་ལ་བསྟོད་པ་རྣམས་ཀྱིས་འཕྲལ་ལ་ཆུ་གཏེར་འགྲམ་དུ་རང་དགའ་ཐར་བར་འགྱུར། །དུ་བ་འཚུབས་པ་སྤྲིན་འདྲ་ཁོང་ནས་ རབ་བྱུང་མེ་སྟག་མཁའ་ཁྱིམ་ནང་དུ་རྣམ་པར་རྒྱུ། །མེ་དཔུང་མེ་ལྕེ་འཕྲོ་ཞིང་རབ་འབར་དྲག་པོའི་ཁང་པར་མལ་སྟན་དག་ལ་རབ་འཁོད་པ། །ཐལ་སྦྱར་ཅོད་པན་ལྡན་པས་ཁྱེད་ལ་བཏུད་བྱས་ལྡབ་ལྡིབ་དག་ཏུ་གསོལ་བ་འདེབས་པ་རྣམས། །གློག་རབ་འགྱུ་བའི་རྩེ་དགའ་རབ་འབར་ཆུ་འཛིན་ཤུགས་ ཀྱིས་སྐད་ཅིག་ཉིད་ལ་སྒྲིབ་པར་བྱེད། །མྱོས་པའི་ཆུ་རྒྱས་འགྲམ་པ་གཉིས་ཀའི་ངོས་ལ་བབས་པས་བུང་བ་དག་གི་ཕྲེང་བ་ཅན། །ཧཱུཾ་ཞེས་བྱ་བས་བོས་པར་གྱུར་པའི་གླིང་ཆེན་ཟླ་བོས་ཞེ་སྡང་མེ་སྦར་གཉིས་འཐུང་གི། །སོ་རྩེ་རབ་ཏུ་མཐོ་བའི་ཁྱོགས་ལ་བླངས་པའི་ལུས་ཅན་དག་གིས་ ཁྱོད་རྗེས་དྲན་པ་ན། །རྩེ་མོ་ཆེ་ལྡན་མགོ་རྩེའི་རྫོང་ལ་འདུག་ཅིང་རབ་ཏུ་དགའ་བས་འཆི་བདག་ཕྱིར་ཟློག་བྱེད། །མདུང་རིངས་དྲག་པོས་བསྣུན་བསད་མི་ཡི་མགོ་དང་གསལ་ཤིང་དག་གི་འཁྲི་ཤིང་དགའ་སྟོན་ཅན། །ནགས་ཚལ་སྟོང་པར་ཆོམ་རྐུན་ལག་རྩེས་རལ་གྲི་གཡོ་ཞིང་བརྡེག་པར་ གཟས་པས་དྲེགས་རྒྱས་པ། །ཁྲོ་གཉེར་དང་བཅས་སྨིན་འཁྱོག་ཟུར་མིག་གིས་བལྟས་མིག་ཅན་རྣམས་ནི་ཁྱེད་མཚན་དཔལ་གྱི་གཞི། །གསལ་བར་འདྲི་བའི་གནས་ལ་བསམ་པའི་སྨྱུ་གུ་སྐྱོ་མེད་རྣམས་ཀྱིས་བྲན་དུ་བཀོལ་བར་བྱེད། །རབ་རྣོ་སྡེར་མོའི་རྩེ་ནི་རྡོ་རྗེ་ལྟ་བུར་བསྣུན་པས་ གླང་ཆེན་མྱོས་པའི་ཀླད་འགེམས་ནས། །ཁྲག་མང་རབ་ཏུ་ཟགས་པས་བཀྲུས་པའི་རལ་པ་གསལ་པོ་འཇིགས་རུང་ཡ་ངས་ཕྲག་པ་ཁེབས། །ཁྲོས་ཏེ་རྒྱང་ནས་སྟེང་དུ་འཕྱོང་འདོད་མཆེ་བ་རྣོན་པོ་གཙིགས་པའི་ཁ་ཅན་རི་དགས་དགྲ། །ཁྱོད་ལ་འོས་པའི་བསྟོད་པ་དོན་ལྡན་ཚིག་དག་ བཀོད་པས་སྐྲག་སྟེ་ལོག་ནས་འགྲོ་བར་འགྱུར། །གདེངས་ཅན་རྣམ་འགྱུར་དུ་བའི་ཁྱིམ་དང་མུན་པའི་དབྱིབས་ཅན་གསལ་བར་ཕུད་སྒྲ་དག་གི་ཚོགས། །བྱེད་པ་དང་ལྡན་ཁ་གདངས་རོ་འཛིན་ཐག་པ་གཤིན་རྗེའི་ཞགས་འདྲ་ཆེ་ཞིང་གཡོ་བ་དག །སྡིག་པ་ལས་བྱུང་ སླར་ཡང་ཁྱོད་སྐྱོང་བདག་ཉིད་ཁྱོད་ཀྱི་ཡོན་ཏན་བགྲང་བར་ལྷུར་ལེན་པས། །ཨུཏྤལ་ཕྲེང་བའི་རྒྱན་གྱིས་འབྱོར་པ་བུང་བ་མྱོས་པའི་ཕྲེང་བས་དཀྲིས་ལྟར་འཛིན་པར་འགྱུར། །རྗེ་བོའི་སྨིན་མ་བསྐྱོད་པས་འཇིགས་པ་དག་གིས་རྒོད་ཅིང་འཕྱག་པས་དྲངས་ལ་ཅོ་དོ་གཟིངས། །གཡོ་ཞིང་ སྒྲ་སྒྲོགས་བྲན་ཁོལ་རྣམས་ཀྱིས་རྩུབ་མོར་སྨྲ་བྱེད་ཞགས་པའི་མདུད་པ་དམ་པོས་བཅིངས། །བཀྲེས་སྐོམ་དག་གིས་ཁ་དང་མགྲིན་སྐམས་གང་ཞིག་འཕགས་མ་སྒྲོལ་མའི་ཞབས་ལ་སྐྱབས་འགྲོ་བ། །དེ་ནི་བྱམས་པའི་གཉེན་གྱིས་སྤངས་ཀྱང་མཐའ་མེད་རྒུད་པ་དེ་དག་འཕྲལ་དུ་གཏོང་ བར་འགྱུར། །སྒྱུ་མ་འཕྲུལ་པའི་ལམ་གྱི་རིམ་པས་རྣམ་པར་འགྱུར་བ་དུ་མ་དག་གིས་ཆས་བྱས་ཤིང་། །ལོག་པའི་གཟུགས་ཙམ་རྗེས་སུ་འཚམ་པའི་མཚོན་ཆའི་འོད་ཟེར་ཚོགས་ནི་རབ་ཏུ་མི་བཟད་ལྡན། །མི་རོ་ལས་བཏོན་རྒྱུ་མའི་ཐག་པའི་ཚོགས་ཀྱི་ཕྲེང་བས་རྣམ་པར་སྤྲས་པའི་ སྲིན་པོ་རྣམས། །ཁྱེད་རྒྱུད་ལས་བཏུས་གསང་སྔགས་དྲན་པས་སྡིག་པ་ཕྲོགས་པའི་སྲུང་མ་གཞོམ་མེད་བྱེད་པར་འགྱུར། །གླང་ཆེན་སྒྲ་སྒྲོགས་ཆར་སྤྲིན་ལུས་ཅན་མྱོས་བྱེད་ཆུ་བོའི་རྒྱུན་དང་ལྡན་པས་མུན་གཏིབས་ཤིང་། །མཚོན་ཆ་འོད་ཟེར་རྣམས་ནི་གློག་རབ་འགྱུ་ལྟར་རབ་ གསལ་མདའ་ཡི་ཆར་འབབ་གཡུལ་ངོ་འགྱེད་པའི་ཚེ། །རྣམ་པར་སྣང་བའི་དགྲ་བོ་དཔུང་པའི་སྟོབས་ནི་རབ་མཆོག་ལྡན་པ་རྣམས་ཀྱིས་བཀག་གྱུར་པ། །ཁྱོད་ཀྱི་དགྲ་བོ་གསོད་པའི་དཔའ་བོ་གཅིག་གིས་འཕྲལ་དུ་དགྲ་ཡི་ས་གཞི་ཕྱེ་མར་རློག །སྡིག་སྤྱོད་དག་གི་རྗེས་འབྲང་ཕོལ་ མིག་ཆབས་ཅན་དག་ལས་རྣག་ཁྲག་རུལ་པ་རབ་འཛག་ཅིང་། །ཤ་ལྤགས་མྱགས་པ་ལ་ཆགས་རྩ་ཡི་སྒོ་ཡི་བུ་གར་འགུལ་བའི་སྲོག་ཆགས་ཀྱིས་ཟོས་ལུས་ཟད་རྣམས། །ཁྱོད་ཞབས་ཉེ་བར་བརྟེན་པའི་སྨན་མཆོག་རི་ལུ་གུས་ཤིང་ཆགས་པ་ཡིས། །ས་ལེ་སྦྲམ་དང་མཚུངས་ པའི་ལུས་དང་པདྨ་དཀར་པོ་ལྟར་ཡངས་མིག་དང་ལྡན་པར་འགྱུར། །གང་གི་རྣ་བའི་སྣོད་ན་བླ་མ་རྣམས་ཀྱིས་གནང་བའི་མན་ངག་སློང་མོ་མི་གནས་ཤིང་། །ཐོས་པའི་ནོར་དང་བྲལ་བས་མཁས་པའི་ཚོགས་རྣམས་དག་ཏུ་ལྐུགས་པ་ཉིད་དུ་ཁས་ལེན་གང་། །དེ་ཡང་ཁྱེད་ལ་གུས་པའི་ནུས་ པས་རྒྱན་རྣམས་ཐམས་ཅད་མཛེས་བྱེད་འབྱོར་པར་བཅས་པ་ཡིས། །ངག་གི་དབང་ཕྱུག་ཐོབ་ནས་མི་བདག་མདུན་སར་རྒོལ་བའི་སེང་གེའི་ཁྲི་དག་འཕྲོག་པར་བྱེད། །ས་གཞི་མལ་སྟན་རྡུལ་གྱིས་ལུས་བསྒོས་སྐྱེད་ངོས་རས་རལ་ཡན་ལག་དག་ནི་རྣམ་པར་མངོན། །ཤིག་གི་ཚེ་དག་ རབ་གཙེར་གཞན་གྱི་གྲོང་ཁྱེར་མདུན་དུ་གྱོ་མོར་ཟས་ནི་དོན་གཉེར་བ། །ཁྱོད་མཉེས་བགྱིད་ལ་བརྩོན་པས་ན་ཆུང་མཆོག་གིས་བཟུང་བའི་རྔ་ཡབ་འཛུམ་གྱིས་རབ་མཛེས་ཤིང་། །མྱོས་པས་ལོང་བའི་གཉིས་འཐུང་སོས་གཏམས་གདུགས་གཅིག་གྱེན་དུ་བཏེག་པའི་ས་གཞི་འཛིན་ པར་འགྱུར། །གཡོག་དང་ལས་མཐའ་བཟོ་དང་དབང་པོ་གསོ་བའི་ཐབས་ཀྱི་རྣམ་གྲངས་དག་གིས་རབ་སྐྱོ་ཞིང་། །སྐྱེ་བ་སྔ་མར་རབ་བསྒྲུབས་བསོད་ནམས་བསགས་པའི་དགེ་འབྲས་ནོར་ནི་ཐོབ་པར་མ་གྱུར་པའི། །ནོར་མེད་རྣམས་ཀྱིས་སྐྱེ་བོ་བཀྲེས་པའི་ཡུམ་གྱུར་ཕོངས་ལས་ འདའ་བར་མཛད་པ་ཁྱོད་ལ་དོན། །དོན་དུ་གཉེར་ན་སླར་ཡང་གསེར་གྱི་ཚོགས་ཀྱི་གཏེར་དག་ས་ལས་འཐོན་པ་ཐོབ་པར་འགྱུར། །འཚོ་བ་ཆད་ལས་ངོ་ཚར་གྱུར་ཅིང་གོས་ཟད་ཆུང་མ་དག་གིས་རབ་ཏུ་སྤྱོ་བར་བྱེད། །བདག་ཉིད་གསོ་ཕྱིར་རང་གི་སྐྱེ་བོ་བུ་དང་གྲོགས་པོ་གཉེན་གྱིས་རིང་དུ་སྤངས་ པ་ཡིས། །ཁྱེད་ལ་རང་གི་སྡུག་བསྔལ་ཞུས་པས་རང་གི་ཁྱིམ་ཐབ་བུད་མེད་གདུ་བུའི་སིལ་སིལ་སྒྲས། །གཉིད་ལོག་སད་པར་འགྱུར་ཞིང་རྟ་རྨིག་རྩེ་མོས་མཚམས་བརྐོས་ཁང་ཁྱིམ་རྣམས་ཀྱི་བདག་པོ་བྱེད། །འཁོར་ལོ་ཕྱོགས་ཀྱི་འཁོར་ལོ་ལ་སྦྱོར་བུད་མེད་མཚན་བརྒྱན་འོད་ཟེར་གཡོ་ ཞིང་ཆེ་བ་དང་། །གླང་ཆེན་གཙོ་བོ་མཆེ་བ་དྲུག་ལྡན་རྟ་མཆོག་སྤུ་ཁ་སྔོ་བསངས་རྨ་བྱའི་མགྲིན་ལྟར་འཚེར། །ནོར་བུ་ཉི་མའི་འོད་ཟེར་ལྟར་གསལ་དྲི་མེད་ཡོན་ཏན་མཛོད་འཛིན་མཛོད་ཁེངས་དང་། །དམག་དཔོན་དཔལ་སྡེ་ལྡན་པར་བཅོམ་ལྡན་འདས་མ་ཁྱོད་ཀྱི་བཀའ་དྲིན་ཆ་ཤས་ཕྲ་ ལས་འགྱུར། །ཙནྡན་ཆུ་ཡིས་དྲི་ཞིམ་ནོར་བུའི་རྡོ་ལ་མཛེས་མས་དུས་བཏབ་རྩེ་དགའ་ལ་ཆགས་པས། །སྡུ་གུ་མ་ཡི་བདེ་བའི་ཉེར་སྤྱད་མགྲོན་དུ་བྱ་བ་མངོན་པར་གསང་བ་རབ་བསྒྲུབས་ཤིང་། །རལ་གྲི་འོད་ཟེར་གྱིས་སྔོ་སྤོམ་མཐོ་དཔུང་པ་གཏུན་ཤིང་དང་འདྲ་དཔུང་ རྒྱན་རོལ་པ་ཅན། །ཁྱོད་ཀྱི་རིགས་དྲུག་རིག་འཛིན་དབང་པོ་མ་ལ་ཡ་ཡི་མེ་ཏོག་ཚལ་དུ་རང་དགར་འགྲོ། །ནུ་མའི་ཐོན་འཁོར་དོ་ཤལ་གྱིས་བརྒྱན་མིག་དཀྱུས་རིང་པོ་རྣ་བའི་ཨུཏྤལ་ལ་འགྲན་ཅིང་། །ལྷ་མོ་ཡིད་འོང་མནྡ་ར་བ་དང་ལྡན་ཟེ་འབྲུ་གསར་པའི་དྲིས་མྱོས་བུང་བ་ཅན། །དྲིལ་ ཆུང་སྒྲ་ཡིས་རྗེས་འབྲེལ་རབ་ཏུ་གསལ་བར་རྐང་གདུབ་ཡིད་འོང་སྒྲ་སྙན་སྒྲོགས་པར་བྱེད། །འདོད་པས་མྱོས་དགའ་གཞོན་ནུ་མ་རྣམས་གུས་དང་བཅས་པར་ཁྱེད་མགོན་ལྡན་པ་དོན་དུ་གཉེར། །རྫིང་བུའི་ནང་ལོགས་རིན་པོ་ཆེས་སྤྲས་གསེར་གྱི་པད་ལྡན་ཟེའུ་འབྲུ་རྡོ་རྗེ་ཕྲེང་བ་ཅན། ། ཡོངས་འདུའི་ལྗོན་པ་ལས་འཕྲོ་དྲི་བཟང་དང་ལྡན་མེ་ཏོག་རྡུལ་གྱི་བླ་རེ་མཐོར་བྲེས་ཏེ། །པི་ཝང་གླིང་བུ་སྒྲོགས་མཁས་ལྷ་ཡི་གྲོང་གི་དགའ་བ་རྣམས་ཀྱིས་སྙན་པར་རབ་བསྒྲགས་པའི། །དགའ་བའི་སྐྱེད་ཚལ་བགྲོད་པ་ཁྱོད་ལ་མཆོད་པ་བགྱིད་པས་ཡུན་རིང་ཉམས་སུ་མྱོང་བར་འགྱུར། ། ནང་གི་བྱེད་པ་ཁྱོད་ལ་གཏད་པའི་བསོད་ནམས་མཐུ་ནི་རབ་འབར་ཡོངས་སུ་སྨིན་པ་ཡིས། །ག་པུར་ཨེ་ལ་ལི་ཤི་ཤུན་པ་ཨ་ཀ་རུ་དང་ན་ལ་ད་ཕྱེའི་དྲི་ལྡན་ཆུ། །འདོད་པའི་དྲེགས་པས་རབ་འབུར་བུད་མེད་ནུ་མའི་སྐྱིབས་སུ་རྦ་རླབས་འཁྱིལ་གནས་དལ་འབབ་པ། །སྨན་མིན་ཆུ་ཡི་ ཟེར་མ་དང་ལྡན་ཆུ་རྩེད་མཛེས་མ་དག་དང་ལྷན་ཅིག་རྩེ་བར་འགྱུར། །ཚིག་མཐའི་གཙོ་བོ་དུལ་བའི་ཁུར་གྱིས་ཅོད་པན་དུད་པ་རྣམས་ཀྱིས་བཀའ་ལ་ཕྱག་བྱས་ཤིང་། །མཐོ་རིས་སྟེང་དུ་ལྷ་ཡིས་གླང་ཆེན་ཁྲོལ་ཁྲོལ་རྒྱན་གྱིས་སྤུད་པའི་ལུས་ཅན་ལ་ཞོན་ཏེ། །སྤུ་ལང་རབ་རྒྱས་ ལུས་ཅན་བདེ་སོགས་ལག་པའི་ཐག་པ་ཁྱོགས་ཀྱིས་རྒྱུན་དུ་བསྐྱིལ་གྱུར་པ། །ཁྱེད་ཀྱི་སྤྱན་རས་ཕོག་པས་དག་བྱས་ལག་པ་རྡོ་རྗེ་ལྡན་པའི་ལྷས་སྐྱོང་བྱེད། །གཙུག་གི་རིན་ཆེན་རྒྱན་གྱིས་མནན་བཞུགས་བདེ་བར་གཤེགས་པ་ནམ་མཁའི་དཔལ་འབྱོར་བླ་རེ་ཅན། །ཉི་མ་ འཆར་ཀ་བྱེ་བ་ལྟ་བུར་རབ་གསལ་འོད་ཟེར་རྒྱས་པས་འཇིག་རྟེན་གསུམ་འགེངས་ཤིང་། །བརྟན་པར་གཡས་བརྐྱང་ཞབས་གཅིག་གིས་མནན་ཁུར་གྱིས་ཚངས་དབང་དྲག་པོ་ཁྱབ་འཇུག་རྣམས་འདུད་པའི། །ཁྱེད་སྐུ་བསྒོམས་པ་སྐྱེ་བ་ལ་བརྟེན་རྣམས་ཀྱིས་སྲིད་པའི་འཇིགས་པ་ གཅོད་པའི་སླད་དུ་འགྱུར། །ཁྲོ་བོ་དང་བཅས་མཚོན་ཆའི་འོད་ཟེར་རབ་འབར་ཕྱག་དབྱིག་ཆ་ཡིས་ནམ་མཁའི་ཁོངས་དག་ཁྱབ། །གདུ་བུའི་གདེངས་ཅན་དག་གི་གདེངས་ཀ་མི་བཟད་མི་འཕྲོགས་སྤྱོད་ལྡན་སྡང་རྣམས་སྐྲག་མཛད་བཞད། །ཅང་ཏེའུ་དྲག་པོ་ཚབས་ཆེར་བརྡུངས་པའི་ ཚེ་ན་རོ་ལངས་རྣམས་ནི་དྲག་པོར་ཕེག་རྡོབ་ཅིང་། །བག་མེད་རྒྱས་པས་ཅ་ཅོ་ཆེན་པོ་སྒྲོགས་པར་བྱེད་པའི་དྲག་མོར་ལ་ལ་དག་གིས་མཐོང་། །ལ་ལས་བ་སྤུ་རེ་རེ་ལས་བྱུང་ནམ་མཁའི་ཁྱོན་གནས་ས་དང་ས་འོག་དག་ན་གནས། །མཐོ་རིས་ལ་གནས་ཚངས་དབང་དྲག་པོ་ལ་སོགས་མི་དང་ ལྷ་དང་གྲུབ་པའི་དྲི་ཟ་ཀླུ། །ཕྱོགས་ཚོགས་ཁྱབ་པའི་འོད་ཟེར་ལ་བཞུགས་བདེ་གཤེགས་བརྒྱ་ཕྲག་སྤྲུལ་པ་མཐའ་ཡས་དག་གི་སྐུ། །ངོ་མཚར་འཇིག་རྟེན་གསུམ་གྱི་ཕྱག་འོས་བརྟན་གཡོ་བཀོད་པའི་དངོས་པོ་མ་ལུས་ངོ་བོར་རོ། །ལ་ལས་རྒྱ་སྐྱེགས་ལི་ཁྲིའི་ཚོན་དང་ཉི་ཞོན་དམར་ བ་ཉིད་ལྟར་ཤིན་ཏུ་དམར་བ་དང་། །དེ་བཞིན་གཞན་གྱིས་སྣུམ་ཞིང་འོད་ལྡན་མཐོན་མཐིང་རྡོ་བཅག་བཏགས་པའི་ཕྱེ་མ་ལྟར་སྡོ་དང་། །ལ་ལས་འོ་མའི་རྒྱ་མཚོ་བསྲུབས་པའི་འོད་ལྟར་ཆེས་ལྷག་དཀར་དང་གསེར་འོད་ལྟ་བུ་སྟེ། །ཁྱེད་སྐུ་སྣ་ཚོགས་ངོ་བོ་ཉེ་བར་བཞག་པ་དང་འབྲེལ་ དབྱེ་བས་ཐ་དད་ཤེལ་བཞིན་ནོ། །ཀུན་མཁྱེན་ཡེ་ཤེས་སྒྲོན་མས་ཤེས་བྱ་མཐའ་དག་གསལ་བྱས་དེ་ཉིད་དག་གི་དབང་གཅིག་པུ། །ཀུན་རིག་ཉིད་དམ་དེ་ཡི་སྲས་ཀྱིས་ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་གྲངས་ནི་མངོན་སུམ་མཁྱེན། །བདག་འདྲ་གཏོར་མ་སྤྱོད་པ་སྒྲོགས་པ་ལྟ་བུར་ ཁ་གདངས་ཀུ་ཅོ་ཆེ་བར་འདོན་པ་གང་། །དེ་ནི་མི་བཟད་སྡུག་བསྔལ་གདུང་བས་ནད་བསྐྱེད་སེམས་ཀྱི་རྒུད་པ་བཞད་གད་དག་གི་རྒྱུ། །བདག་གིས་ཞུ་བ་གང་ལགས་དེ་ནི་ནང་གི་དང་པོར་ཁྱེད་ཀྱིས་ཁྱད་པར་དུ་མཁྱེན་ཏེ། །འོན་ཀྱང་ལྷག་པར་དེ་བརྗོད་ངལ་བའི་སྒྲུབ་བྱེད་མི་ མཁས་བདག་རང་སེམས་ཚིམ་པ་ཡི་རྒྱུ། །དོན་ཤེས་ཟིན་ཡང་གཉེན་འདུན་བྱམས་པའི་མདུན་དུ་སྡུག་བསྔལ་ལྡན་པས་ཚིག་གིས་སྡུག་བསྔལ་ནི། །དུག་བཞིན་སྐྱུགས་པར་གྱུར་ན་སྙིང་ཡང་སེང་ཞེས་བྱེད་ཅིང་རྣམ་པར་གནས་པར་ཚོར་བ་བཞིན། །དགེ་ ལེགས་ཀུན་དགའི་རྒྱ་མཚོར་ཟླ་བའི་ཆ་ཤས་གསལ་པོ་བསིལ་བའི་གཟིགས་པར་སྩལ་དུ་གསོལ། །ཡེ་ཤེས་ཉེར་བསྟན་དག་གིས་རྒྱས་པར་མཛོད་ཅིག་ཐུགས་རྗེས་སྡིག་ལྡན་ནང་གི་མུན་པ་སེལ། །གང་ཕྱིར་འགྲོ་བ་དག་ན་ཁྱོད་བསྟོད་ཆུ་ཡིས་ཡིད་ནི་དག་པར་བྱས་པ་ཁོ་བོ་ལ། ། སྐྱེ་དགུ་རྣམས་ཀྱི་དགེ་ལེགས་གནས་ནི་དོན་ཡོད་ཁྱོད་ཀྱི་ཡོན་ཏན་བསྟོད་ཙམ་གཅིག་པུ་མཐོང་། །ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་ཆ་ཙམ་བསྟོད་ནས་བདག་གིས་འདི་ཙམ་ཞེས་པར་མ་ངེས་པའི། །བསོད་ནམས་བཀྲ་ཤིས་འདོད་པའི་འབྲས་བུ་རོ་མྱང་འགྲོ་བའི་བར་དུ་སྤྱད་བྱ་བ། །གང་ ཐོབ་དེ་ཡིས་འཇིག་རྟེན་འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཞབས་མཐིལ་བཀྲ་ཤིས་ཀྱི། །བདེ་ལེགས་རྟགས་ཅན་བདེ་གཤེགས་སྲས་པོའི་ས་གཞི་བདེ་བ་ཅན་ཞེས་བྱ་དེ་མྱུར་དུ་བགྲོད་པར་ཤོག །ཕྲེང་བ་འཛིན་པའི་བསྟོད་པ་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་ གཉེན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྲགྡྷ་ར་སྟོ་ཏྲཾ། བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕོངས་སྐྱབས་འཕགས་མ་སྒྲོལ་མ་ཁྱེད་ཞབས་ལྷ་ཚོགས་རྣམས་ཀྱི་ མགོ་བོའི་གཙུག་གི་ནོར་བུའི་འོད། །ཉི་མ་འཆར་ཀའི་སྣང་བ་ལྟ་བུར་དམར་བའི་ཕུན་སུམ་ཚོགས་པ་ཕོག་པས་དམར་བ་ནི། །སྨུག་རྩི་དམར་བ་གསལ་པོ་བཀོད་ནས་ཤིན་ཏུ་ཡུན་རིང་མ་ལོན་པ་དང་འདྲ་དག་ལ། །མགོ་བཏུད་སྤྱི་བོར་ཐལ་སྦྱར་བཀོད་པ་བདག་གིས་བསྟོད་གསར་མེ་ ཏོག་ཕྲེང་བས་གུས་མཆོད་བགྱི། །རྒལ་བར་དཀའ་བའི་སྡུག་བསྔལ་མེ་ནང་ལུས་ལྷུང་སྐལ་ངན་ཕྱོགས་གང་ཞིག་ལ་བརྟེན་སྙམ་པ། །བླུན་ཞིང་ཅི་ཅི་བགྱི་སྙམ་ལན་ཅིག་མ་ལགས་རྩོམ་བགྱི་དོན་མ་མཆིས་པས་དུབ་པ་བདག །མིག་ཉམས་གཞན་གྱི་འགྲོས་ཀྱིས་འགྲོ་བ་སྣང་བ་རེ་བར་ བཅས་པས་ནམ་མཁའི་ཉི་ཟླ་ཡི། །འོད་ལྟར་གཞན་དག་རྣམས་ལས་ཁུམས་ཏེ་སྡིག་པ་འཇོམས་པར་མཛད་པ་ཁྱོད་ལ་བརྟེན་པར་བགྱིད། །ཁྱོད་ཀྱི་ཐུགས་རྗེས་ངེས་པར་སེམས་ཅན་ལམ་རྣམས་ཀུན་ལ་བྱེ་བྲག་མེད་པར་རབ་བཞུགས་ཤིང་། །དེ་དག་བཟུང་བས་བདག་འདྲའང་དེ་དག་རྣམས་ཀྱི་ནང་ དུ་གདོན་མི་འཚལ་བར་བཟུང་འགྱུར་བ། །ནུས་མཐུ་འགྲོ་བ་མཐའ་དག་སྡིག་མུན་ཉི་མའི་གཟུགས་ལའང་དོ་ཟླ་མཆིས་པ་མ་ལགས་མོད། །དེ་ལྟ་ན་ཡང་ཁོ་བོ་སྡུག་པ་ཀྱེ་མའོ་ཉེས་བྱས་ངན་མཁས་ངན་པ་རབ་ཏུ་བརྗིད། །ཉི་མའི་འོད་ཟེར་གྱིས་ཀྱང་མུན་པ་རབ་ཏུ་མི་བསལ་རི་བོ་གངས་ཅན་ ཀླུང་ངོགས་ཀྱི། །ཤང་ཤོང་ཁ་བའི་རུམ་གྲུགས་དཀྲིགས་པས་བསིལ་བར་དབྱར་སྐམ་རིན་ཆེན་གླིང་གི་ཚོང་ཁང་གི །ནོར་བུའི་ཕུག་ཡངས་ཁང་པའི་ནང་ན་དབུལ་ཞིང་འཇིག་རྟེན་ཀུན་གྱི་ཡུམ་གཅིག་བཅོམ་ལྡན་འདས། །ཁྱོད་ཀྱིས་མགོན་དུ་བགྱིས་ཀྱང་མགོན་མ་མཆིས་པས་སྐལ་ ཉམས་བདག་ནི་སྨད་ཅིང་སྨད་པའི་གནས། །མ་ཡང་ནུ་མའི་ཆེད་དུ་རྣམ་པ་མང་དུ་ངུ་བའི་བུ་ལ་སྐྱོ་བར་འགྱུར་བ་ལགས། ཉི་མ་རེ་རེ་དམ་པ་མ་ཡིན་དོན་དུ་གཉེར་ལ་བསྐོས་པའི་ཕ་ཡང་ཁྲོ་སེལ་ན། །ཁྱོད་ནི་འཇིག་རྟེན་གསུམ་འདོད་འབྲས་བུ་ཡངས་པ་དཔག་བསམ་ལྗོན་ཤིང་ཡལ་ག་ མཆོག་ཆེན་ཏེ། །ཀུན་ལ་མངོན་པར་འདོད་དོན་སྩོལ་ཡང་ཁྱོད་ལ་ནམ་ཡང་རྣམ་འགྱུར་འགའ་ཡང་ཡོད་མི་མངའ། །གང་དང་གང་ཞིག་སྡུག་བསྔལ་ཚོགས་མེས་ལུས་བསྲེགས་དེ་དང་དེ་ནི་ང་ཡིས་བསྒྲལ་ལོ་ཞེས། །ཉིད་ཀྱི་དམ་བཅའ་ཞལ་བཞེས་སྡུག་བསྔལ་ས་འོག་བྱིང་བ་བདག་ལ་ འབྲས་བུ་བཅས་པར་མཛོད། །ཇི་སྲིད་སྲོག་ཆགས་རྣམས་ཀྱིས་ཟིལ་གནོན་རྩུབ་ལྡན་སྡུག་བསྔལ་ཤུགས་དེ་འཕེལ་བ་དེ་སྲིད་དུ། །ཡང་དག་རྫོགས་པའི་སངས་རྒྱས་ཐེག་པའི་སྨོན་ལམ་བློ་མངའ་རྣམས་ལ་རྗེས་བརྩེ་མངའ་བ་ལགས། །ཡུམ་གཅིག་དེ་ལྟར་ལག་བསྒྲེང་བསྟོད་པའི་ ཚིག་ཟོལ་ཆོ་ངེའི་ང་རོ་དཔངས་མཐོར་འདོན་པ་ལ། །གཞན་གྱིས་ཀྱང་ནི་བཏང་སྙོམས་བྱ་བར་འོས་པ་མིན་ན་ཁྱེད་འདྲས་ལྟ་ཞིག་བློས་ཅི་འཚལ། །ཁྱོད་ལས་གཞན་དག་རྣམས་ཀྱིས་མངོན་འདོད་འབྱོར་པ་དོན་གཉེར་འདོད་པ་རྙེད་པ་མ་ཁུམས་ན། །ནང་གི་གདུང་བ་རྒྱུན་ཆགས་ མི་དགའི་ས་གཞི་སྲན་དུ་མེད་པས་ཤིན་ཏུ་ཡང་ཡང་བསྲེག།།གལ་ཏེ་ཁོ་བོ་སྡིག་ཅན་ལགས་ན་ཁོ་བོའི་ཁྱོད་གུས་ཆེན་པོ་འདི་དག་ཅི་ཕྱིར་འཕེལ། །བདེན་གསུང་མཚན་ཙམ་ཁུམས་ཤིང་དྲན་པ་ཡིས་ཀྱང་ཁྱོད་གཅིག་ཁོ་ནས་ནན་གྱིས་སྡིག་སེལ་བ། །དེ་ཡི་ ཕྱིར་ན་ཁྱོད་ཀྱི་ཁོ་བོའི་བགྱི་བའི་ཁུར་བུ་བོར་བ་ཇི་ལྟར་ལགས་པ་གསུངས། །ནད་པ་འཆི་བར་འགྱུར་ནའང་སྨན་པ་སྙིང་རྗེ་རྒྱ་ཆེན་སྨན་འཕྲོ་གཅོད་པར་བགྱིད་དམ་ཅི། །གང་གི་ཕྱིར་ན་འགྲོན་གནས་རྔ་མོ་ཆ་ཤས་དུ་མའི་ཐུན་མོང་བ་ལྟར་རྒྱུ་དང་ནི། །སེར་སྣ་ང་རྒྱལ་ལ་སོགས་རང་སྐྱོན་ ཐ་ཆད་རྣམས་ཀྱིས་རིམ་དང་དུས་གཅིག་བསྐུལ་བས་ན། །ཉིན་གཅིག་ཞབས་ཀྱི་པདྨ་མཆོད་པ་སྐད་ཅིག་ཙམ་ཡང་མ་རྙེད་དེ་ཕྱིར་ཁྱད་པར་དུ། །བཀྲེན་ཞིང་ཕོངས་པའི་ཚིག་དང་ཡི་གེར་བཀོད་འདིས་བདག་ལ་འདོད་པའི་འབྲས་བུ་མཆིས་པར་མཛོད། །ལྷ་མོ་གྲུ་ཆག་ཆུར་བྱིང་སྙིང་རྗེ་དང་ བཅས་ངུ་བའི་ཆོ་ངེ་གཡོ་མེད་ཞན་པ་རྣམས། །ཁྱོད་ལ་མངོན་བསྟོད་ལྷུར་བླངས་པ་ཡིས་འཕྲལ་དུ་རྒྱ་མཚོ་དུས་མཐའི་རླུང་གྱེན་འཚུབས་པའི་ཆུ། །གཙུབས་པའི་ཆུ་རླབས་གཡོ་ཞིང་འགུལ་བའི་རོལ་པས་དཀྲུགས་པས་བཏེག་པའི་རྦ་རླབས་འགྲམ་ངོགས་ལ། །བརྡབས་པའི་ སྒྲ་གྲག་གད་རྒྱངས་ཅན་གྱི་ཕ་རོལ་འགྲམ་དུ་རང་དགའི་ཉམས་ཀྱིས་རྒལ་བར་འགྱུར། །དུ་བ་འཁྱིལ་བའི་སྤྲིན་ནང་འཐོན་ཞིང་ནམ་མཁའི་ཁྱིམ་དུ་འཕྲོ་བའི་མེ་སྟག་ཅན་གྱི་མེ། །མེ་ལྕེ་འབར་ཞིང་འཕྲོ་བའི་ཤུགས་ཀྱིས་ནང་དུ་ཞུགས་པའི་ཁྱིམ་ན་མལ་དུ་ཉལ་བ་རྣམས། །ཁྱོད་ལ་རབ་ བཏུད་ཐལ་མོ་སྤྱི་བོར་སྦྱར་ཞིང་ལྡབ་ལྡིབ་གསོལ་བ་བཏབ་པས་སྐད་ཅིག་ལ། །གློག་རབ་འགྱུ་བའི་སྒེག་པས་དམར་པོར་གྱུར་པའི་སྤྲིན་གྱི་ཆུ་རླབས་དག་གིས་ཁེབས་པར་འགྱུར། །འགྲམ་པའི་གདུ་བུ་མྱོས་པའི་ཆུ་ཡིས་གང་བ་གཉིས་ཀ་ལ་བརྟེན་བུང་བའི་ཕྲེང་བ་ཡི། །དར་དིར་སྒྲ་ ཡིས་བབ་པའི་བན་གླང་ཟླ་བོས་ཞེ་སྡང་མེ་ལྕེ་སྦར་བའི་གླང་ཆེན་གྱི། །མཆེ་བའི་རྩེ་མོ་འདོ་ལི་མཐོན་པོའི་སྟེང་དུ་ལུས་པོ་གཞག་པའང་ཁྱོད་རྗེས་དྲན་པ་ཡིས། །རི་བོ་མཐོན་པོའི་ཟོམ་རྩེའི་མཁར་ལ་འདུག་པ་བཞིན་དུ་དགའ་ཞིང་འཆི་བདག་ཕྱིར་ཟློག་བགྱིད། །མདུང་རིངས་བསྣུན་ བསད་མི་ཡི་མགོ་དང་གསལ་ཤིང་ཅན་གྱི་གཏོར་མའི་སྟོན་འགྱེད་འབྲོག་སྟོང་དུ། །རྐུན་པོའི་ལག་རྩེས་བཟུང་བས་གཡོ་བའི་ཕུབ་དང་རལ་གྲིས་དྲེགས་པ་ཤས་ཆེར་འཐོན་གྱུར་ཅིང་། །མིག་ནི་ཁྲོ་གཉེར་བཅས་ཤིང་སྨིན་འཁྱོག་ཟུར་མིག་ལྟ་དང་ལྡན་རྣམས་བྲན་དུ་སྒོ་བྱེད་པ། །དེ་ནི་ཁྱོད་ མཚན་དཔལ་གཞི་བསམ་པའི་སྨྱུ་གུས་སྐྱོ་བ་མེད་ཅིང་གསལ་བར་བྲིས་པ་ལགས། །རྐང་པའི་སྦར་མོ་རབ་རྣོ་རྡོ་རྗེ་ལྟ་བུས་ཚབས་ཆེར་བསྣུན་པས་གླང་ཆེན་མྱོས་པའི་གླད། །བསྐམས་ནས་ཁྲག་མང་ཟགས་པས་བཀྲུས་པའི་རལ་པ་གསལ་པོ་འཇིགས་རུང་ཡ་ངས་གཉའ་ཁེབས་ཤིང་། ། ཁྲོས་ཏེ་རྒྱང་ནས་མགོ་ལ་འཛིན་འདོད་མཆེ་བ་རྣོན་པོ་གཙིགས་པའི་ཁ་ཅན་རི་དགས་དགྲ། །ཁྱོད་ཀྱི་འཐད་པའི་སྤྱོད་པ་བསྟོད་པའི་དོན་ཚིམ་མཁས་ལ་སྐྲག་སྟེ་ལོག་ནས་འགྲོ་བ་ལགས། །དུ་བ་འཁྱིལ་འདྲ་མུན་པའི་གཟུགས་ཅན་རྣམ་འགྱུར་གདེངས་ཅན་ཕུས་འདེབས་གྲགས་པའི་འགྲམ་ དགང་བར། །བྱ་བའི་ཆེད་དུ་ཁ་གདངས་འགྱུར་བའི་ལྕེ་ཅན་ཐག་པ་དང་འདྲ་གཤིན་རྗེའི་ཞགས་པ་དང་། །སྡིག་དབང་གིས་ཕྲད་སླར་ཡང་ཁྱོད་ཀྱི་ཡོན་ཏན་བགྲང་བ་ལྷུར་ལེན་ཁྱོད་བདག་ལྷུར་བྱེད་པས། །བུང་བ་མྱོས་པའི་ཕྲེང་བའི་གདུབ་ཅན་ཨུཏྤལ་ཕྲེང་བའི་རྒྱན་གྱིས་མཛེས་པ་ འཆང་བར་འགྱུར། །རྗེ་བོས་སྨིན་བསྐྱོད་བསྐུལ་ཏེ་བཀྲབས་པ་རེམ་ཞིང་རྩུབ་པས་ཅོ་ཏོ་དྲངས་ཤིང་གཟིངས་གྱུར་པ། །གོ་ཁོལ་བསྐྱོད་པའི་ཚིག་རྩུབ་ཀྱིས་སྤྱོས་འཆིང་བའི་ཞགས་པ་རྩུབ་མོས་ཉེར་བཅིང་བཀྲེས་པ་དང་། །སྐོམ་པས་མཆུ་དང་མགུལ་བ་གང་ཞིང་འཕགས་མ་སྒྲོལ་ མའི་ཞབས་ལ་སྐྱབས་འགྲོ་བ། །དེ་ནི་བྱམས་པའི་གཉེན་གྱིས་སྤངས་ཀྱང་མ་རུངས་རྒུད་པ་དེ་དག་འཕྲལ་དུ་སྤང་བར་འགྱུར། །སྲིན་པོ་སྒྱུ་མ་སྤྲུལ་པ་ལས་ཚུལ་གྱིས་བྱས་བདེན་པ་མ་ཡིན་གཟུགས་བརྩམས་ཆ་ལུགས་ཚུལ། །རྣམ་འགྱུར་དུ་མ་དག་དང་རྗེས་སུ་འཚམ་པའི་མཚོན་ ཆའི་འོད་ཟེར་ཚོགས་ཀྱིས་མི་བཟད་ཅིང་། །མི་རོ་བརྒྱུས་པའི་རྒྱུ་མའི་ཐ་གུའི་ཚོགས་དག་ཕྲེང་བར་བཀོད་པ་རྣམས་ཀྱང་ཁྱོད་རྒྱུས་ལས། །བཏུས་པའི་གསང་སྔགས་དྲན་པས་སྡིག་བསལ་བསྲུང་བ་ཕམ་པ་བྱེད་པར་འགྱུར། །ཆེམ་ཆེམ་སྒྲ་སྒྲོགས་ཆར་སྤྲིན་ལུས་ཅན་བན་གླང་མྱོས་ ཆུའི་ཀླུང་གིས་རྒྱུན་གྱི་མུན་གཏིབས་ཤིང་། །མཚོན་ཆ་གློག་ལྟར་འགྱུ་བའི་འོད་ཟེར་དང་ལྡན་མདའ་ཡི་ཆར་འབབ་གཡུལ་ངོ་འགྱེད་པའི་ཚེ། །ཕྱེ་མར་རློག་པར་བྱེད་ཅིང་དཔུང་སྟོབས་ཆེ་བའི་རྣམ་པར་སྡང་བ་རྣམས་ཀྱིས་བཀག་པ་ཡང་། །ཁྱོད་ཀྱི་སྤྲོས་པ་ གསོལ་བཏབ་དཔའ་བོ་གཅིག་གིས་དགྲ་བོའི་ས་གཞི་ནན་གྱིས་འཐག་པར་བྱེད། །སྡིག་སྤྱོད་རྒྱུན་ཆགས་ལས་བྱུང་ཕོལ་མིག་ཚབས་ཆེན་དག་ལས་རྣག་ཁྲག་རུལ་པ་ཟགས་པ་ཡིས། །མྱགས་པའི་ཤ་ལྤགས་དང་འབྲལ་རྩ་སྒོའི་བུ་གར་སྲོག་ཆགས་འགུལ་བས་ཟོས་པས་ལུས་ཟད་ རྣམས། །ཁྱོད་ཀྱི་ཞབས་ལ་བརྟེན་པའི་སྨན་མཆོག་རི་ལུ་གོམས་པར་བསྟེན་ལ་རབ་ཏུ་དགའ་བ་ཡིས། །ས་ལེ་སྦྲམ་དང་འདྲ་བའི་ལུས་དང་ལྡན་ཞིང་པདྨ་དཀར་པོ་ལྟར་ཡངས་མིག་ཅན་འགྱུར། །གང་གི་རྣ་བའི་སྣོད་དུ་བླ་མ་རྣམས་ཀྱིས་ཉེར་སྦྱར་མན་ངག་གླེང་མོ་མ་ལྷུང་ཞིང་། །ཐོས་པའི་ ནོར་དང་བྲལ་བས་མཁས་པའི་ཚོགས་སར་ལྐུགས་པ་ཉིད་དུ་ཁས་ལེན་གང་ཡིན་པ། །དེ་ཡང་ཁྱོད་ལ་གུས་པའི་ནུས་པས་རྒྱན་རྣམས་ཀུན་གྱིས་མཛེས་པའི་འབྱོར་པ་དང་བཅས་པའི། །ངག་གི་དབང་ཕྱུག་ཐོབ་ནས་མི་བདག་མདུན་སར་རྒོལ་བའི་སེང་གེའི་ཁྲི་དག་འཕྲོག་པར་བྱེད། ། སར་ཉལ་རྡུལ་གྱིས་ལུས་གོས་རྐེད་ངོས་མདོམས་དཀྲིས་རས་རལ་ཡན་ལག་རྣམ་པར་མངོན་འགྱུར་ཞིང་། །ཤིག་གིས་ཚེ་དག་རབ་གཙེར་གཞན་གྱི་ཁྱིམ་སྒོར་རྫ་ཆག་དུམ་བུར་ཟས་དག་སློང་བ་ཡང་། །ཁྱོད་མཉེས་བགྱིས་པས་ན་ཆུང་མཆོག་དལ་རྣམས་ཀྱིས་གཡབས་པའི་རྔ་ཡབ་ ཀྱིས་འཛུམ་མཛེས་པའི་ས། །གླང་ཆེན་མྱོས་པའི་ཆུ་ཡིས་གདོང་པའི་མཆེ་བ་གཏམས་ཤིང་གདུགས་གཅིག་གྱེན་དུ་བཏེག་པ་འཛིན། །སྐྱེ་བོ་བཀྲེན་པ་རྣམས་ཀྱིས་ཡུམ་གཅིག་ཞབས་འབྲིང་དང་ནི་སོ་ཚིས་བཟོ་ཡི་སྤྱོད་པ་རྣམས། །སྤོང་བའི་ཐབས་ཀྱིས་རྣམ་གྲངས་དག་གིས་དུབ་ ཅིང་སྐྱེ་བ་སྔ་མར་ཉེར་བླངས་བསོད་ནམས་ཀྱིས། །ཉེར་བསགས་དགེ་འབྲས་ནོར་མ་ཐོབ་དང་ནོར་བྲལ་རྣམས་ཀྱིས་ཕྱ་ལས་འདའ་བར་མཛད་ཁྱོད་ལ། །གསོལ་བ་བཏབ་པས་ཕྱི་ནས་ནོར་བུ་ས་ལས་གཏེར་ནི་གསེར་ཚོགས་འབྱུང་བ་ཐོབ་པར་འགྱུར། །འཚོ་བ་ཆད་པས་ངོ་ཚ་ཁྱིམ་ཐབ་གོས་ཟད་ མ་ཡིས་སྤྱོ་བར་བྱེད་ཅིང་བདག་ཉིད་ནི། །གསོ་བར་བྱེད་ཕྱིར་གཉེན་འདབ་བུ་དང་གཉེན་བཤེས་རྣམས་ཀྱིས་རྒྱང་རིངས་སྤངས་པར་གྱུར་པ་ཡིས། །ཁྱོད་ལ་རང་གི་སྡུག་བསྔལ་ཞུས་པས་རང་གི་ཁྱིམ་ཐབ་བུད་མེད་གདུ་བུའི་སིལ་སིལ་སྒྲས། །གཉིད་ལོག་སད་པར་འགྱུར་ཞིང་རྟ་རྨིག་རྩེ་མོས་ མཚམས་བརྐོས་ཁང་ཁྱིམ་རྣམས་ཀྱི་བདག་པོ་བྱེད། །གལ་ཏེ་ཁྱོད་ཀྱི་བཀའ་དྲིན་ཆ་ཤས་ཙམ་ཞིག་མཆིས་ན་ཕྱོགས་ཚོགས་ཁྱབ་པའི་འཁོར་ལོ་དང་། །བུད་མེད་མཚན་བརྒྱན་འོག་པག་ཆེན་པོ་གཡོ་དང་གླང་ཆེན་དོན་པོ་མཆེ་བ་དྲུག་པ་དང་། །རྟ་མཆོག་སྤུ་ཁ་སྔོ་བསངས་ རྨ་བྱའི་མགྲིན་ལྟར་འཚེར་དང་ཡོན་ཏན་དྲི་མེད་ནོར་བུ་ནི། །ཉི་ལྟར་མདངས་ལྡན་འོད་ཅན་ཁྱིམ་བདག་མཛོད་ཁེངས་བློན་པོ་རྟུལ་ཕོད་དམག་ལྡན་འབྱུང་བར་འགྱུར། །ཁྱོད་ཀྱིས་རིག་པའི་གྲུབ་པ་ཐོབ་པས་ཙནྡན་ཆུ་ཡིས་དྲི་ཞིམ་ནོར་བུའི་རྡོ་སྟེང་དུ། །སྡུ་གུ་མ་ཡིས་དུས་འདེབས་སྡུག་པ་ དང་རོལ་རྗེས་སུ་ཆགས་པས་བདེ་བའི་ཉེར་སྤྱད་གསར། །གུས་པར་སྦྱར་ཞིང་ལག་སྦོམ་མཐོན་པོ་རལ་གྲིའི་འོད་ཟེར་སྔོན་པོས་དཔུང་རྒྱན་གཡོ་བ་ཡིས། །རིག་འཛིན་དབང་པོ་རང་དགར་གྱུར་ཏེ་མཱ་ལ་ཡ་ཡི་མེ་ཏོག་སྐྱེད་མོས་ཚལ་དུ་འགྲོ། །ནུ་མའི་ཐོན་ཀོར་དོ་ཤལ་གྱིས་མནན་མིག་ དཀྱུས་རིང་པོས་རྣ་བའི་ཨུཏྤལ་ལ་འགྲན་ཅིང་། །སྐྲ་བསྐྱིལ་མནྡ་ར་བས་བརྒྱངས་པའི་ཟེ་འབྲུ་སར་པའི་དྲི་ཡིས་མྱོས་པའི་བུང་བ་དང་ལྡན་པའི། །ལྷ་ཡི་བུ་མོ་རྐང་གདུབ་རགས་པའི་སིལ་སྙན་འོག་པག་སྒྲ་ཡི་རྒྱུན་གྱིས་ཤིན་ཏུ་དཔངས། །བསྐྱེད་པའི་འདོད་དྲན་དྲེགས་དགའ་ཁྱོད་མགོན་ ལྡན་པ་དག་ལ་གུས་དང་བཅས་པས་གསོལ་བ་འདེབས། །རྫིང་བུའི་ནང་ལོགས་རིན་པོ་ཆེས་སྤྲས་གསེར་གྱི་པད་མཚོ་ཟེ་འབྲུ་རྡོ་རྗེའི་ཚོགས་ལྡན་ཞིང་། །ཡོངས་འདུའི་ལྗོན་ཤིང་སྐྱེ་ཞིང་མེ་ཏོག་ཟེ་འབྲུ་དྲི་ཞིམ་རྡུལ་གྱི་བླ་རེ་མཐོར་བྲེས་ཏེ། །ལྷ་ཡི་གྲོང་ཁྱེར་རངས་བགྱིད་ལྷ་མོ་པི་ཝང་གླིང་བུ་ སྒྲོགས་པ་མཁས་པས་སིལ་སྙན་ནི། །སྙན་པར་བསྒྲགས་པའི་དགའ་ཚལ་ལྷ་མོ་ཁྱོད་ལ་མཆོད་པ་བགྱིད་པས་ཡུན་རིངས་མྱོང་བར་འགྱུར། །སེམས་རྒྱུད་ཁྱོད་ལ་གཏད་པས་བསོད་ནམས་མཐུ་འབར་རྣམས་ནི་མཛེས་མ་དག་དང་ལྷན་ཅིག་ཏུ། །ག་པུར་ཨེ་ལ་ལི་ཤི་ཤིང་ཚ་ཨ་ཀ་རུ་དང་ སྤང་སྤོས་ཕྱེ་མའི་དྲི་ཆུ་ཅན། །གློང་འཁོར་རྦ་རླབས་བུད་མེད་སྡུ་གུའི་ནུ་མ་འདོད་པའི་དྲེགས་པས་འབུར་བའི་སྐྱིབས་འཁྱིལ་བ། །དལ་འབབ་གང་གཱའི་ཆུ་ལ་ཆུ་རྩེད་ཆུ་ནི་དྲག་ཏུ་འཐོར་བས་རྩེད་མོ་བྱེད་པར་འགྱུར། །ཁྱོད་ཀྱི་སྤྱན་རས་མང་དུ་ཕོག་པས་དག་པའི་ བཀའ་ལ་ལྷ་གཙོ་དུལ་བའི་ཁུར་བུ་ཡིས། །ཅོད་པན་འདུད་པ་རྣམས་ཀྱིས་ཕྱག་བྱས་མཐོ་རིས་སྟེང་ན་ལྷ་ཡི་གླང་ཆེན་ཐལ་གོང་ནི། །ཁྲོལ་ཁྲོལ་རྒྱན་གྱིས་སྤུད་པ་ལ་ཞོན་ལུས་ཀྱི་བ་སྤུ་ཤས་ཆེར་ལངས་པའི་བདེ་སོགས་ཀྱི། །ལག་རིངས་འདོ་ལི་བར་མེད་བསྐྱིལ་ཅིང་འཆང་བ་རྡོ་རྗེ་དང་ འབྲེལ་ལྷ་ཡི་ཡུལ་ལས་སྐྱོང་། །ཁྱོད་སྐུ་གཙུག་གི་རིན་ཆེན་རྒྱན་གྱི་གདན་བཞུགས་བདེ་བར་གཤེགས་འོད་མཁའ་ཁྱབ་བླ་རེ་ཅན། །ཉི་མ་ཤར་ཀ་བྱེ་བ་ལྟ་བུར་ཆེས་གསལ་འོད་ཟེར་དག་གིས་འཇིག་རྟེན་གསུམ་འགེངས་ཤིང་། །ཞབས་གཅིག་གཡས་བརྐྱང་གོམ་སྟབས་ཆེན་པོའི་ བརྗིད་ལ་ཚངས་དབང་ཁྱབ་འཇུག་དྲག་པོ་རྣམས་འདུད་པ། །བསྒོམས་པས་སྐྱེ་བ་ལ་བརྟེན་རྣམས་ཀྱིས་སྲིད་པའི་འཇིགས་པ་རྒྱུན་ནི་གཅོད་པར་བགྱིད་པར་འགྱུར། །ལ་ལ་ཁྲོ་བ་དང་བཅས་ཕྱག་ཚོགས་ཕྱག་ཆ་རྣམས་ཀྱི་འོད་ཟེར་དག་དང་འབྲེལ་པ་ཡིས། །ནམ་མཁའི་ཁོངས་ཁྱབ་ སྤྲུལ་གྱི་གདུ་བུའི་གདེངས་ཀ་དག་གིས་སྤྱོད་པ་མི་འཕྲོགས་མི་བཟད་པའི། །སྡང་རྣམས་སྐྲག་མཛད་གད་མོའི་ཅང་ཏེའུ་དྲག་པོ་བརྡུངས་པས་བརླང་བསྐྱེད་ཚེ་ན་རོ་ལངས་ནི། །ཐལ་མོའི་སྒྲ་ཆེན་སྒྲོགས་པས་བསྒྱིངས་ཤིང་བསྙེམས་པའི་རོལ་པ་ཆེན་པོའི་ཅ་ཅོ་དྲགས་པར་ཁུམས། །ལ་ ལས་བ་སྤུའི་ཁུང་རེ་ནས་བྱུང་ནམ་མཁའ་ཁྱབ་པའི་སར་གནས་ས་འོག་མཐོ་རིས་གནས། །ཚངས་པ་དབང་པོ་ལ་སོགས་ལྷ་དང་ཀླུ་དང་དྲི་ཟ་མི་དང་གྲུབ་པ་རྣམས་གནས་ཤིང་། །ཕྱོགས་ཚོགས་ཁྱབ་པའི་འོད་ཟེར་ལ་བཞུགས་བདེ་གཤེགས་བརྒྱ་ཕྲག་སྤྲུལ་པ་མཐའ་ཡས་ཀྱིས་ བཀྲ་དང་། །ངོ་མཚར་ཁམས་གསུམ་ཕྱག་འོས་བརྟན་དང་གཡོ་བར་གནས་པའི་དངོས་པོ་མ་ལུས་ངོ་བོར་ཁུམས། །ལ་ལས་རྒྱ་སྐྱེགས་ལི་ཁྲིའི་ཚོན་འདྲ་ཉི་མ་གཞོན་ནུ་ཆེས་དམར་ལྟ་བུར་དམར་བར་ཁུམས། །དེ་བཞིན་གཞན་གྱི་དཔལ་ལྡན་ཨནྡ་རྙིལ་དུ་བཏགས་པའི་ཕྱེ་མ་འཐུལ་ འདྲར་སྔོན་པོར་ཁུམས། །ལ་ལས་འོ་མའི་རྒྱ་མཚོ་དཀྲུགས་དང་ཞོ་བས་ཆེས་ལྷག་དཀར་དང་གསེར་འོད་ལྟར་ཁུམས་ཏེ། །ཁྱོད་སྐུ་སྣ་ཚོགས་ངོ་བོར་ཤེས་བཞིན་ཉེ་བར་གཞག་པ་དང་འབྲེལ་དབྱེ་བས་ཐ་དད་འགྱུར། །ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་གྲངས་ནི་ཀུན་མཁྱེན་ཡེ་ཤེས་སྒྲོན་མེས་ རབ་ཏུ་གསལ་བ་ཡི། །ཤེས་བྱ་མཐའ་དག་དེ་ཉིད་དབང་གཅིག་ཐམས་ཅད་མཁྱེན་པ་དངོས་དང་དེ་སྲས་ཀྱིས་མཁྱེན་ཏེ། །བདག་འདྲ་བྱ་རོག་སྒྲོགས་ལྟར་ཁ་གདངས་ཀུ་ཅོ་ཆེར་འདོན་གང་ལགས་དེ་ནི་མི་བཟད་པའི། །སྡུག་བསྔལ་རིམས་ནད་དག་གིས་བསྐྱེད་པའི་ནད་ཅན་སེམས་ཀྱི་ རྒྱུད་ལ་བཞད་གད་རྒྱུ་ཞིག་ལགས། །བདག་གིས་ཞུ་བ་གང་ལགས་དེ་ནི་ནང་གི་དང་པོར་ཁྱོད་ཀྱིས་ཁྱད་པར་དུ་མཁྱེན་ཅིང་། །དེ་བཀླག་བརྗོད་པས་ངལ་བའི་ཚུལ་ནི་མི་མཁས་རང་སེམས་ཚིམ་པའི་བྱེ་བྲག་ལགས་མོད་ཀྱི། །འོན་ཀྱང་སྡུག་པར་དོན་ཤེས་ཟིན་པའི་གཉེན་འདུན་བྱམས་ པའི་མདུན་དུ་འདུག་བཞིན་ཚིག་དག་གིས། །སྡུག་བསྔལ་ཕྱུང་སྟེ་སྙིང་ཡང་སེང་ཞེས་བྱེད་པ་ཉིད་དུ་གྱུར་ནས་རྣལ་མར་གནས་ཚོར་བཞིན། །དགེ་ལེགས་ཀུན་དགའི་རྒྱ་མཚོར་ཟླ་བའི་ཆ་ཤས་གསལ་མ་ཁྱོད་བསྟོད་ཆུ་ཡིས་ཡིད་དག་པར། །བགྱིས་པ་བདག་ལ་ཚིམ་བྱེད་མཐོང་བ་ སྩོལ་ཅིག་ཡེ་ཤེས་ཉེར་བསྟན་དག་གིས་རྒྱས་པར་མཛོད། །ཐུགས་རྗེ་ཤས་ཆེས་ནང་གི་མུན་སོལ་གང་ཕྱིར་ཁྱོད་ཀྱི་བསྟོད་པ་ཙམ་ཞིག་ཀྱང་། །དོན་ཡོད་འགྲོ་བ་དག་ན་སྐྱེ་དགུ་རྣམས་ཀྱི་བདེ་ལེགས་གནས་ནི་གཅིག་པུ་ལགས་པར་ཁུམས། །ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་ཆ་ཙམ་ བསྟོད་ནས་བདག་གིས་འདི་ཙམ་ཞེས་བྱ་མ་ངེས་པའི། །བསོད་ནམས་བཀྲ་ཤིས་འདོད་པའི་འབྲས་བུ་མངར་བ་རོ་མྱང་མ་གྲོལ་བར་དུ་ལོངས་སྤྱད་པ། །གང་ཐོབ་དེ་ཡིས་འཇིག་རྟེན་འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཞབས་མཐིལ་བཀྲ་ཤིས་ཀྱི། །བདེ་ལེགས་རྟགས་ཅན་ བདེ་གཤེགས་སྲས་པོའི་གྲོང་ཁྱེར་བདེ་བ་ཅན་ཞེས་བྱ་དེར་མྱུར་འགྲོ་ཤོག །རྗེ་བཙུན་འཕགས་མ་སྒྲོལ་མའི་བསྟོད་པའི་མེ་ཏོག་ཕྲེང་བ་འཛིན་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྩེ་གཅིག་ཏུ་བྱེད་པས་མཛད་པ་རྫོགས་ སོ།། །།རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨཱ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་ཅུང་ཟད་བཅོས་ཏེ་དག་པར་བྱས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སྲགྡྷ་ར་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མའི་མེ་ཏོག་ཕྲེང་བ་འཛིན་པའི་བསྟོད་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་ཤར་ཉི་མ་སྣང་བ་དམར། །ལྷ་མཆོག་སྤྱི་གཙུག་ནོར་བུ་དམར། །དེ་འབྱར་ཁ་དོག་དེ་ལ་ནི། །ཚོས་ སར་གྱིས་ནི་བསྐུས་པ་འདྲ། །འཕགས་མ་ཁྱེད་ཀྱི་ཞབས་གཉིས་ལ། །གུས་པའི་ཐལ་མོ་དབུ་རྒྱན་གྱིས། །དེ་མཛེས་མགོ་ཡིས་ཕྱག་འཚལ་ལོ། །ཉེས་བྱུང་དུས་སུ་བསྐྱབ་པ་མ། །དེ་ནི་སྒྲོལ་མ་ཁྱེད་ཡིན་ནོ། །བསྟོད་གསར་མེ་ཏོག་ཕྲེང་བ་འདིས། །མཆོད་ལ་བདག་གིས་ ཕྱག་འཚལ་ལོ། །རྒལ་མི་ནུས་པའི་སྡུག་བསྔལ་མེ། །དེ་ལ་རྟག་ཏུ་ལུས་ལྷུང་གནས། །སྐལ་བ་མ་ལྡན་འགྲོ་ས་གང་། །རྨོངས་པ་བདག་གིས་ཇི་ལྟར་བྱ། །དེ་ལྟར་རྟག་ཏུ་སྨྲས་ནས་ནི། །དོན་མེད་བདག་ནི་སྟོབས་ཆུང་སོང་། །མཁའ་ལ་ཉི་ཟླ་དཔལ་ལྡན་གྲགས། །དེ་ནི་གཞན་གྱི་ སྨྲ་བ་ཐོས། །དེ་ཐོས་ལོང་བའི་སྤྱོད་པ་ལྟར། །མཐོང་རྟེན་འདོད་ཀྱང་གཞན་ཁྲིད་མེད། །སྡིག་པ་འཇོམས་མ་ཁྱེད་ལ་ནི། །བདག་ནི་སྐྱབས་མཐོང་འདོད་ལགས་སོ། །སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར། །དེ་ལ་སྙིང་རྗེ་མི་མཛད་དམ། །མ་ལུས་པར་ནི་སྙིང་རྗེ་མཛད། །དེ་ ཁོངས་བདག་ལྟ་ཡོད་གྱུར་ན། །ཁོང་ལ་སྙིང་རྗེ་མཛད་པ་བཞིན། །བདག་ལ་དེ་བཞིན་མཛད་འཚལ་ལོ། །ནུས་པ་མེད་པས་མི་མཛད་དམ། །ཁྱེད་བཞིན་ནུས་ལ་གཉིས་པ་མེད། །འགྲོ་བ་རྣམས་ཀྱི་སྡིག་མུན་པ། །དེ་འཇོམས་པ་ལ་ཉི་མ་འདྲ། །དེ་ལྟར་ཡིན་ཀྱང་སྡུག་པ་ བདག །མི་དགེ་ལས་ནི་མ་ཚིག་པས། །ངན་ལས་བྱས་པས་བདག་ནི་འགྱོད། །སྐལ་ངན་བདག་ལ་སྐལ་བ་མེད། །ཉི་མ་ཤར་ཡང་མུན་པ་གནག །གངྒཱའི་ཆུ་ནི་ཤིན་ཏུ་བསིལ། །དེ་ཕྱིར་འགྲམ་དུ་བསྡད་ཀྱང་ནི། །སྐོམ་ཡང་བཏུང་རྒྱུ་མ་རྙེད་དོ། །རིན་ཆེན་སྣ་ཚོགས་ ཡོད་པའི་གླིང་། །ནོར་རྣམས་ཀྱིས་གང་ཁང་པ་ལ། །དེར་འདུག་ཀྱང་ནི་བདག་ཕོངས་པས། །བཅོམ་ལྡན་འདས་མ་ཁྱེད་ལ་ནི། །མགོན་འདོད་ཀྱང་ནི་མགོན་མེད་བདག །འཇིག་རྟེན་ཀུན་གྱི་ཡུམ་གཅིག་མ། །མ་ལ་རྟག་ཏུ་ངུས་ནས་ནི། །ནུ་མའི་དོན་དུ་བུ་སློང་ན། །དེ་ལ་མ་ཡང་སྐྱོ་ བར་འགྱུར། །མི་རྙེད་ཉིན་རེ་སློང་གྱུར་ན། །ཕ་ཡང་བུ་ལ་ཁྲོ་བར་བྱེད། །འཇིག་རྟེན་གསུམ་གྱིས་བསླངས་ཀྱང་ནི། །ཁྱེད་ཀྱིས་འབྲས་བུ་གང་བར་བྱས། །དཔག་བསམ་ཤིང་གི་ཡལ་ག་མཆོག །དེ་ནི་སྒྲོལ་མ་ཁྱེད་ཡིན་ནོ། །ཐམས་ཅད་ལ་ནི་མ་ལུས་པ། །སྦྱིན་པ་ཁྱོད་ཀྱིས་ཁྱབ་ པར་བྱས། །ཉོན་མོངས་ཀུན་གྱི་མེ་དེས་ནི། །བདག་གི་ལུས་འདི་རྟག་ཏུ་ཚིག །ས་འོག་སྡུག་བསྔལ་དེ་ལ་ནི། །བདག་གི་ལུས་འདི་ནུབ་ཙམ་ན། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི། །དྲག་པོ་འཕེལ་བར་གྱུར་ཙམ་ན། །ཁྱོད་ཀྱིས་དམ་བཅས་ཞལ་བཞེས་པ། །བདག་གི་སྟེང་ དུ་གྲུབ་པར་མཛོད། །རྫོགས་སངས་རྒྱས་པའི་སྨོན་ལམ་ནི། །བདག་གི་སེམས་ལ་ཤར་བའི་དུས། །སྒྲོལ་མ་ཕན་འདོགས་མཛད་པར་ཞུ། །ལག་བསྒྲེང་བསྟོད་པའི་ཚིག་བརྗོད་ཅིང་། །དོན་དུ་དྲག་པོར་ངུས་པ་ཡིས། །གཞན་ལ་ཞུས་ཀྱང་དོན་འགྲུབ་བོ། །ཁྱེད་ལྟ་བུ་ལ་ བདག་གིས་ཞུས། །ཀྱེ་མ་སྒྲོལ་མ་ཁྱེད་ཀྱིས་ནི། །བདག་སྤངས་པར་ནི་མི་གཤའོ། །ཁྱོད་ཀྱི་སྤྱན་གྱིས་གཟིགས་ཙམ་ན། །གང་འདོད་ཐམས་ཅད་རྙེད་པར་འགྱུར། །མི་བདེ་མི་བཟོད་སྡུག་བསྔལ་ནི། །ཡང་འབྱུང་དོགས་ནི་མི་འབྱུང་ངོ་། །བདག་ནི་སྡིག་ཅན་ཡིན་གྱུར་ ན། །དད་པ་ཤིན་ཏུ་འཕེལ་ནས་ནི། །ཁྱེད་ལ་དད་པ་སྐྱེ་མི་གཤའ། །མིང་ཐོས་པའམ་དྲན་པ་ཡིས། །ཁྱེད་ཀྱི་སྡིག་པ་དབང་མེད་འཕྲོག །བདག་དོན་ཁྱེད་ཀྱིས་སྤངས་པ་དེ། །བདེན་པར་བདག་ལ་གསུང་བར་ཞུ། །ཁྱེད་ནི་བདེན་པར་གསུང་ལྡན་མ། །སྙིང་རྗེ་ཆེ་བའི་སྨན་པ་ ཡིས། །ནད་པ་མ་ཤི་བར་དུ་ནི། །སྨན་གྱིས་ཕན་འདོད་ཆེ་རུ་བྱེད། །སྒྱུ་མ་སེར་སྣ་ང་རྒྱལ་སོགས། །ངན་པ་དེ་རྣམས་ཀྱིས་ཁྱེར་ནས། །རི་མོས་ཁྱེར་བས་དལ་སྐབས་མེད། །གནས་པའི་སྤྱི་ནོར་རྔ་མོ་བཞིན། །སྐད་ཅིག་དལ་བ་མེད་པས་ནི། །སྒྲོལ་མའི་ཞབས་ཀྱི་པདྨ་ལ། ། བདག་གིས་མཆོད་སྐབས་མ་རྙེད་དོ། །དེས་ནི་ཡི་གེ་དུ་ཚིག་འདོན། །དེ་བཏོན་པས་ནི་ཕན་འདོགས་རེ། །དུས་མཐའ་རླུང་གིས་གཡས་སུ་འཁྱིལ། །དེས་ནི་གཙུབས་པའི་ཆུ་རླབས་འབྱུང་། །གཡོ་ཞིང་འགུལ་བའི་རོལ་པས་འཁྲུག །དེ་རྒྱབ་དབའ་རླབས་ འགྲམ་དུ་ནི། །བརྡབས་པས་སྒྲ་གྲག་སྐད་གདངས་ཅན། །འཇིགས་བྱེད་རྒྱ་མཚོ་དེ་ལས་ནི། །གྲུ་ཆག་ནུབ་པའི་སྐབས་དེ་ལ། །སྙིང་རྗེ་ངུ་སྐད་དྲག་པོ་བཏོན། །སྐད་ཅིག་དྲན་མེད་བེམས་པོར་གྱུར། །ལྷ་མོ་ཁྱོད་ལ་བསྟོད་པ་ཡིས། །བདེ་བར་རྒྱ་མཚོ་ཕར་བསྒྲལ་ལོ། ། སྤྲིན་ནག་བསྐོར་ཞིང་དུ་བའི་ནང་། །དེ་ལ་མེ་སྟག་ཅན་གྱི་མེ། །མེ་ལྕེ་ཆེར་འབར་ཁྱིམ་དུ་ནི། །ངལ་ནས་མལ་དུ་ཉལ་བའི་མིས། །ཁྱེད་ལ་རབ་བཏུང་ཐལ་མོ་སྦྱར། །སྐད་ཅིག་གིས་ནི་གློག་བྱུང་ནས། །མྱུར་བར་སྤྲིན་ཆར་གྱིས་ནི་བསྐོར། །སྨྱོ་བྱེད་གླང་ཆེན་འགྲམ་གཉིས་ ལ། །འཛག་པའི་ཆུ་ལ་རེག་ནས་ནི། །བུང་བའི་ཕྲེང་བ་བཞིན་དུ་ཐལ། །དེ་རྣམས་ཀྱིས་ནི་ཧཱུཾ་སྒྲ་སྒྲོགས། །སྒྲ་དེ་ཐོས་ནས་ཞེ་སྡང་ལས། །གླང་ཆེན་འཐབ་ཏུ་བྱུང་མནོ་ནས། །ཁྲོས་ནས་མཆེ་བས་མི་བཏེག་ནས། །འདོ་ལི་ལ་ནི་བསྡད་པ་བཞིན། །ཁྱེད་དྲན་ཙམ་གྱིས་འཆི་ བ་བཟློག །ཕ་རོལ་རྒལ་ནས་རིན་ཆེན་རྙེད། །དེ་སྟེང་མཁར་དུ་བསྡད་དུ་ཕྱིན། །མི་མེད་སྟོང་པ་ནགས་གསེབ་ཏུ། །ཤིན་ཏུ་རྣོ་བའི་མཚོན་རྣམས་ཀྱིས། །བརྒྱབ་ནས་ཡོད་པར་མི་རོའི་མགོ །ཏྲི་ཤཱུ་ལ་ལ་བསད་རོ་མང་། །དེ་འདྲ་ནགས་གསེབ་ཕྱིན་ཙ་ན། །རལ་གྲི་ཕུབ་དག་ བཟུང་ནས་ནི། །མདའ་གཞུ་བཀང་ནས་བྱུང་བ་རྣམས། །ཟུར་མིག་ལྟ་ཞིང་ཁྲོས་ནས་བྱུང་། །རྒོལ་ནས་བརྡེག་ཏུ་བྱུང་ཙམ་ན། །ཁྱེད་བསམས་སྐྱོ་མེད་སྨྱུ་གུས་བྲིས། །ཁྱེད་མིང་གསལ་པོར་བྲིས་མ་ཐག །དཔལ་ལྡན་ཁྱིམ་དུ་བསྡད་ཕྱིན་ནོ། །རྐང་པའི་སོར་མོ་རབ་རྣོ་ བ། །རྡོ་རྗེ་ལྟ་བུས་རབ་ཏུ་བརྐོས། །སྨྱོ་བྱེད་གླང་ཆེན་མགོ་ཁྲག་བྱུང་། །འཇིགས་བྱེད་སེང་གེ་བྱུང་ཙམ་ན། །ཁྱོད་བོས་བསྟོད་པ་བརྗོད་པ་ཡིས། །བྲེད་ནས་སེང་གེ་ལོག་ནས་ཐལ། །དུ་བ་འཁྱིལ་བ་འཇིགས་པའི་གཟུགས། །འཇིགས་བྱེད་གདེངས་བྱེད་ཤིན་ཏུ་འབར། །རྟག་ཏུ་ ཕུག་བྱེད་ཁ་གདངས་པ། །ལྕེ་ཆེན་སྟོན་པ་སྦྲུལ་ཁྲོ་བ། །གཤིན་རྗེའི་ཞགས་པས་བཀྱིགས་པའི་མི། །སྡིག་པའི་དབང་གིས་དེ་ལྟར་བྱུང་། །དེ་དུས་ཁྱེད་ཀྱི་ཡོན་ཏན་བསྒྲགས། །གུས་པས་དད་པར་ཁྱེད་ལ་བྱས། །སྤྲུལ་དེ་ཨུཏྤལ་ཕྲེང་བར་གྱུར། །མེ་ཏོག་མཆོད་པའི་མི་དེས་ ཐོབ། །དཔོན་གྱིས་མིག་མཚམས་འགུལ་དོགས་ཀྱིས། །དེར་བྲེད་དམག་དཔོན་རིམ་པ་ཡིས། །ཐག་པས་བཀྱིགས་ནས་སྐྲ་ནས་དྲུད། །རྩུབ་མོས་བཀལ་ནས་ཁྲིད་ཙམ་ན། །ཁོལ་པོ་དེ་ནི་ན་ཚ་ཆེ། །ཅ་ཅོ་སྨྲ་བ་གཏོང་འདོད་ནས། །ཉེ་བ་གཉེན་རྣམས་ཀྱིས་ནི་བོར། ། ལྟོགས་ནས་སྐོམ་ནས་མཆུ་སྐམས་པ། །སྡུག་བསྔལ་མཐའ་མེད་བྱུང་ཙམ་ན། །གང་གིས་སྒྲོལ་མའི་ཞབས་ལ་སྐྱབས། །སྐད་ཅིག་གིས་ནི་གྲོལ་ནས་ཐར། །སྒྱུ་མ་བྱས་པའི་གཟུགས་མི་ལེགས། །མི་རོའི་རྒྱུ་མ་བུས་པ་དེས། །ཕྲེང་བ་མང་བས་སྐེ་ལ་བཏགས། ། སུས་ཀྱང་དགག་ཏུ་མི་ནུས་པ། །དེ་བྱུང་དུས་སུ་ཁྱོད་ཀྱི་སྔགས། །བརྗོད་པ་ཙམ་གྱིས་སྡིག་པ་དག །སྲིན་པོའི་དྲན་པ་མེད་ཙམ་ན། །དེ་རྣམས་ཀྱིས་ནི་སྲུང་བར་བྱེད། །འབྲུག་བྱུང་བ་ཡི་སྤྲིན་གྱི་གཟུགས། །ང་རྒྱལ་འཇིགས་པ་རྩང་པོ་གསུམ། །དེ་ནི་མུན་པ་གནག་ པ་ལ། གློག་བཞིན་མཚོན་ཆ་སྣང་བ་ཡིས། །མདའ་ཡི་ཆར་པ་བྱུང་ཙམ་ན། །འཐབ་པའི་དུས་སུ་བསྐོར་ནས་བཀག །ཤིན་ཏུ་སྟོབས་ཆེན་དགྲ་རྣམས་ཀྱིས། །ཁྲོ་ཞིང་བརྡེག་ཏུ་བྱུང་ཙམ་ན། །སྒྲོལ་མ་ཁྱེད་ཀྱིས་སྟོབས་བྱིན་པས། །དཔའ་བོ་གཅིག་གིས་དེ་རྣམས་ བཅོམ། །ས་རིས་རྣམས་ནི་རང་དབང་བྱས། །སྡིག་པས་གང་བ་མཛེ་ཕོའི་གཟུགས། །ལུས་པོ་སྐྲངས་ནས་ཁྲག་རྣག་དང་། །ཆུ་སེར་དེ་རྣམས་འཛག་པ་ནི། །རྩ་ཤ་པགས་པ་ཕུག་པ་ནས། །འབུ་རྣམས་ཀྱིས་ནི་ཟོས་པ་ན། །སྒྲོལ་མ་ཁྱེད་ཀྱི་ཞབས་བརྟེན་ནས། །རྟག་ ཏུ་ཁྱེད་ལ་མོས་གུས་བྱས། །མོས་གུས་དེ་རང་སྨན་དུ་གྱུར། །གསེར་གྱི་ཁ་དོག་ལུས་གྱུར་ནས། །པདྨ་དཀར་པོ་རྒྱས་པའི་སྤྱན། །དེས་ནི་གཟུགས་བཟང་ལུས་ཐོབ་བོ། །སློབ་དཔོན་རྣམས་ཀྱི་བཀའ་དེ་ལ། །རྣ་བ་སྣོད་དུ་མ་རུང་བས། །ཐོས་པའི་ནོར་ནི་ཕོངས་པར་འགྱུར། །བཤེས་གཉེན་གསེབ་ ཏུ་ལྐུགས་པ་དེ། །ཁྱོད་ལ་མོས་གུས་བསྟོད་བགྱིས་པས། །གསུང་ལྡན་སེང་ཁྲི་འཕྲོག་པར་བྱེད། །དེ་འཕྲོགས་པ་ཡང་རྒྱལ་པོའི་མདུན། །རྒྱན་ཆ་སྣ་ཚོགས་བཏགས་ནས་ནི། །གསུང་གི་དབང་ཕྱུག་སེང་ཁྲི་སྡོད། །ས་ལ་ཉལ་བས་རྡུལ་མས་ཁེངས། ། ལུས་ཀྱི་ཁ་དོག་དུ་བར་གྱུར། །དུག་པོ་གོས་ཀྱིས་ལུས་མ་ཁྱབ། །རྟག་ཏུ་ཤིག་དང་སྲོ་མ་གསོད། །གཞན་གྱི་མདུན་དུ་ཕོར་གོག་འཛིན། །རྟག་ཏུ་སློང་མོ་བྱེད་པ་དེ། །སྒྲོལ་མ་ཁྱེད་ལ་སྐྱབས་ཙམ་ན། །ངེས་པར་མཛེས་མ་དགོད་ནས་ནི། །རྔ་ཡབ་མཛེས་པས་གཡོབ་པར་བྱེད། ། སྟོབས་ཆེན་གླང་པོ་ཆེ་རྣམས་ཀྱིས། །བདག་པོར་གྱུར་ནས་གདུགས་གཅིག་པ། །རས་རིས་ཙམ་གྱིས་རྒྱལ་པོར་གྱུར། །གཞན་གཡོག་ལས་དང་ཡོན་ཏན་དང་། །ཚོང་དང་ཐབས་ཀྱིས་ནོར་ཚོལ་བ། །ཚེ་སྔ་མ་ཡིས་དགེ་བའི་ནོར། །ཇི་ལྟར་བྱས་ཀྱང་ནོར་མེད་པ། །སུ་ལ་ བསླངས་ཀྱང་རྙེད་པ་མེད། །ཀྱེ་མ་ཁྱེད་ལ་བསླངས་ཙམ་ན། །ས་གསེབ་ཏུ་ནི་ནོར་རྙེད་ནས། །མི་དེ་ཕྱུག་པོར་གྱུར་པར་བྱུང་། །འཚོ་བ་མེད་པས་ངོ་ཚ་ཆེ། །གོས་མེད་པས་ནི་ཆུང་མས་བརྒལ། །ཕོངས་པ་ཡིན་པས་གཉེན་གྱིས་བོར། །སྟེར་དགོས་མནོ་ནས་ཐག་རིངས་ སུ། །ཀྱེ་མ་སྒྲོལ་མ་ཁྱེད་ལ་ནི། །རང་གི་སྡུག་བསྔལ་བསྟན་ཙམ་ན། །རྟ་རྣམས་རྨིག་པ་ས་ལ་རྐོ། །དེ་བརྐོས་ས་ཡང་ཁྱིམ་བསྐོར་ནས། །རང་ཡིད་འོང་བ་རྒྱལ་པོའི་ཁབ། །ཁྱིམ་དེར་གཉིད་ནི་ལོག་པ་ལས། །མཛེས་མ་རྣམས་ཀྱིས་ལག་བརྒྱན་གྲགས། །དེས་ནི་གཉིད་ ལོག་སད་པ་རྙེད། །ཕྱོགས་བཅུར་གྱུར་པའི་འཁོར་ལོ་ནི། །ཤིན་ཏུ་འོད་ཟེར་ལྡན་པ་དང་། །མཚན་ཉིད་ལྡན་པའི་བུད་མེད་དང་། །མཆེ་བ་དྲུག་ཡོད་གླང་པོ་ཆེ། །རྨ་བྱའི་སྐེ་ཡི་ཁ་དོག་ལྡན། །དེ་ལྟར་སྔོ་བ་རྟ་བཟང་དང་། །རིན་པོ་ཆེ་ནི་ཉི་མའི་འོད། །དྲི་མ་མེད་པའི་གཏེར་གྱིས་ བཀང་། །དམག་གི་དཔའ་བོ་མང་བ་དང་། །སྒྲོལ་མ་ཁྱེད་ཀྱི་བཀའ་དྲིན་གྱིས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། །མ་ལ་ཡ་ཡི་ལྡུམ་ར་རུ། །ནོར་བུ་རིན་པོ་ཆེ་ཡི་རྡོ། །དེ་ལ་ཙནྡན་ལ་སོགས་བསྐུས། །ལྷ་མོ་རྣམས་ཀྱང་འཚོག་ས་བྱས། །འགྲོན་སར་མཆོད་པ་བྱས་པ་ བཞིན། །ཤིན་ཏུ་ཆགས་ནས་རྩེད་མོ་རྩེས། །སྒྲོལ་མ་ཁྱེད་ཀྱི་རིག་པ་གྲུབ། །རིག་པ་འཛིན་པའི་ལྷ་དབང་པོའི། །རལ་གྲི་འོད་ཟེར་ལྗང་གུས་ནི། །ལག་བཟངས་དེ་ལ་ཕྲོག་པ་དེ། །ཡང་ནས་ཡང་དུ་གསོར་བྱེད་པ། །གཟུགས་བཟང་ལྷ་ནི་ཐོབ་པར་འགྱུར། །མུ་ཏིག་ཕྲེང་བས་ མཛེས་པར་བཏགས། །དེ་བཏགས་ནུ་མའི་བར་དུ་བྱུང་། །རྣ་བར་ཨུཏྤལ་བཏགས་པ་དེ། །མིག་དང་གང་བཟང་འགྲན་པ་འདྲ། །ཐོར་ཚུགས་མནྡ་ར་བ་བཏགས། །དྲི་ཞིམ་བུང་བས་བོར་མ་ནུས། །རྐེད་པར་གཡེར་ཁ་མཛེས་པར་བཏགས། །ཞབས་གཉིས་ལེགས་པ་དེ་ལ་ ནི། །སིལ་སིལ་སྒྲ་དང་གཡེར་ཁ་བཏགས། །སྒྲོལ་མ་ཁྱེད་ལ་བརླབ་ཙམ་ན། །འདོད་པའི་ལྷ་ལ་དགའ་བ་ཙམ། །དེ་ཕྲད་ལྷ་མོ་བསྙེན་བཀུར་བྱེད། །རྫིང་འགྲམ་རིན་པོ་ཆེ་ཡིས་བསྐོར། །གསེར་གྱི་པདྨ་དེ་ལ་ནི། །གེ་སར་རྡོ་རྗེ་ཕ་ལམ་འབར། །པ་ར་ཛཱ་གའི་ཤིང་དེ་ནི། ། ཅུང་ཟད་བཀུག་པ་དྲི་ཞིམ་དམར། །དེ་ནས་བླ་རེ་བཞིན་དུ་ཁྱབ། །ཏམ་བུ་ར་དང་རྔ་ལ་སོགས། །ལྷ་རྣམས་ཀྱིས་ནི་སྙན་པར་བསྒྲགས། །སྒྲོལ་མ་ཁྱོད་ཀྱི་བཀའ་དྲིན་གྱིས། །ལྷ་ཡི་ལྡུམ་རར་ཡུན་རིངས་རྩེས། །བདེ་བ་ཤིན་ཏུ་ཉམས་སུ་མྱོང་། །ག་བུར་དང་ནི་ཀ་ཀོ་ལ། ། ཨ་ཀ་རུ་དང་སྤོས་དང་དྲི། །དེ་རྣམས་བཏགས་ནས་ཆུར་བསྲེས་པས། །དྲི་ཞིམ་ཆུ་རྣམས་ཀྱིས་ནི་བརྡེག །ལྷ་མོའི་ནུ་མ་གཉིས་ཀྱི་བར། །ལྷ་ཡི་གཙང་པོ་ཆུ་མགྱོགས་དེས། །ཕར་རྡེག་ཚུར་རྡེག་རྩེད་མོ་བྱེད། །ལྷ་མོ་མཛེས་པ་དེ་རྣམས་དང་། །ཁྱོད་ཀྱི་བཀའ་དྲིན་བསོད་ ནམས་ཀྱིས། །ལྷ་ཡུལ་དུ་ནི་རྩེད་མོ་མྱོང་། །མཐོ་རིས་གནས་པའི་ལྷ་རྣམས་ཀྱིས། །གུས་པས་བཀའ་ནི་སྤྱི་བོས་ལེན། །དེ་ལན་ཕྱག་ནི་བྱས་ནས་སུ། །གླང་པོ་ཆེ་ལ་ཞོན་པ་ལ། །རྒྱན་ཆ་བཏགས་པའི་གླང་རྫི་དེས། །ལག་པ་གཉིས་ལ་གདུ་བུ་བཏགས། །དེས་ནི་ འདོ་ལེ་བསྒྱིངས་ཙམ་ན། །བཀག་མི་ནུས་པ་བ་སྤུ་ལྡང་། །རྡོ་རྗེ་ཕ་ལམ་ལག་རྒྱན་བཏགས། །ཁྱེད་ཀྱི་སྤྱན་གྱིས་གཟིགས་ཙམ་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་ཐོབ། །ལྷ་ཡི་རིས་ཀྱིས་སྲུང་བར་བྱེད། །སངས་རྒྱས་བསྟན་པ་དེ་ལ་ནི། །རིན་ཆེན་མེ་ཏོག་སྤྱི་བོར་གནས། ། ནམ་མཁའ་དཔལ་གྱི་བླ་རེས་ཁྱབ། །ཉི་མ་ཤར་ཀའི་འོད་འདྲ་བ། །དེས་ནི་འཇིག་རྟེན་གསུམ་པོ་བཀང་། །གཡོན་བསྐུམ་གཡས་བརྐྱང་ཞབས་གཅིག་གིས། །དེ་མནན་བཀུག་པ་ཚངས་པ་དང་། །དབང་ཕྱུག་ཆེན་པོ་ཁྱབ་འཇུག་གོ། །ཁྱེད་ཀྱི་སྐུ་ནི་བསྒོམ་ བགྱིས་པས། །སྲིད་པའི་འཇིགས་པ་ཕྱིས་མི་འབྱུང་། །སྐྱེ་བ་ལེན་པ་ཆད་ནས་ཡོད། །ཁ་ཅིག་གིས་ནི་འདི་ལྟར་མཐོང་། །ནགས་ཚལ་ཕྱག་གི་མཚོན་ཆས་བཟུང་། །ཤིན་ཏུ་འཇིགས་པ་སྟོབས་པོ་ཆེ། །ནམ་མཁའ་ཁྱབ་པར་ལག་གདུ་བུ། །དེ་རྣམས་འཇིགས་ཆེ་སྦྲུལ་དུ་ མཐོང་། །ཀྱེ་མའོ་ཁྲོས་ནས་སྐྲག་པར་བྱེད། །དགོད་པའི་སྒྲ་ནི་ཤིན་ཏུ་འཇིགས། །མ་རུངས་པ་ཡི་སྤྱོད་པ་བྱེད། །རོ་ལངས་ཏིང་ཏིང་ཤག་ནི་བརྡུང་། །འཇིགས་ཆེན་རྩེད་མོ་སྒྲ་ཆེན་བསྒྲགས། །ཁ་ཅིག་གིས་ནི་མཐོང་བ་ལ། །སྒྲོལ་མའི་བ་སྤུ་རེ་རེ་ལས། །འཇིག་རྟེན་པ་དེ་ འཚོ་བར་བྱེད། །བདེ་བར་གནས་པའི་ཚངས་པ་དང་། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །དབང་ཕྱུག་ཆེན་པོ་ཀླུ་ལ་སོགས། །ལྷ་དང་མི་དང་གྲུབ་ཐོབ་དང་། །དྲི་ཟ་གནོད་སྦྱིན་སྦྲུལ་རྣམས་དང་། །ཕྱོགས་སུ་རྒྱུ་བའི་འཁོར་ལོ་ཡང་། །ཐ་མེད་བདེ་གཤེགས་ཁྱིམ་དེར་གནས། ། ཀྱེ་མ་རབ་ཏུ་རྫུ་འཕྲུལ་ཆེ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །ཀྱེ་མ་འགུལ་མི་འགུལ་གནས་པ། །སྣ་ཚོགས་ལྷག་མེད་དངོས་པོ་ནི། །ཀྱེ་མ་སྒྲོལ་མ་ཁྱེད་ཡིན་ནོ། །ཁ་ཅིག་གིས་ནི་མཐོང་བ་ལ། །རྒྱ་སྐྱེགས་དང་ནི་སིནྡྷུ་ར། །དཀར་དམར་ཁ་དོག་ཉི་མ་ལྟར། །དཔལ་ ལྡན་ཨིནྡྲ་ནཱི་ལ་འདྲ། །ཁ་ཅིག་གིས་ནི་མཐོང་བ་ལ། །འོ་མའི་རྒྱ་མཚོ་དྲུབས་དཀར་འདྲ། །ཁ་ཅིག་གིས་ནི་གསེར་འདྲ་མདོག །ཁྱོད་ཀྱི་གཟུགས་ནི་སྣ་ཚོགས་མཐོང་། །ཤེལ་དང་འདྲ་བར་གང་འདོད་གཟུགས། །ཡེ་ཤེས་མར་མེ་ཐམས་ཅད་མཁྱེན། །དེས་ནི་ཐམས་ཅད་ གསལ་བར་མཐོང་། །དེ་ཉིད་མཁྱེན་པ་དབང་པོ་གཅིག །ངེས་པར་ཁྱོད་ཀྱི་ཡོན་ཏན་ནི། །གྲངས་ལས་ཐམས་ཅད་མཁྱེན་པས་ཤེས། །ཡང་ན་དེ་ཡི་སྲས་ཀྱིས་མཁྱེན། །བདག་གིས་ཁ་གདངས་བྱས་ནས་ནི། །བྱ་རོག་ཁ་འདྲའི་སྒྲ་དང་ནི། །སྡུག་བསྔལ་ཚད་པས་ཁྱབ་ ཙམ་ན། །དེ་སྐྱེས་ན་ཚ་བྱུང་ཙམ་ན། །བདག་གིས་ཕོ་རོག་སྨྲ་བཞིན་བཏོན། །གཞན་གྱི་སེམས་ལ་བཞད་གད་རྒྱུ། །བདག་གིས་ཞུས་པའི་དོན་དུ་ནི། །མ་ཞུས་གོང་དུ་ལྷག་པར་མཁྱེན། །ཁྱོད་ཀྱི་མཁྱེན་པ་དེ་ལ་ནི། །བདག་གིས་ཞུས་པ་དོན་མེད་གླེང་། །འོན་ཀྱང་རང་སེམས་ དགའ་བའི་དོན། །ཉེ་བའི་གཉེན་གྱི་མདུན་དུ་ནི། །དུག་དག་སྐྱུགས་པ་སྨྲས་པ་བཞིན། །སྡུག་བསྔལ་དོན་དེ་ཤེས་ཀྱང་ནི། །རང་སྙིང་ཡང་ཞིང་བདེ་བ་བཞིན། །ཕན་འདོགས་དགའ་བ་རྒྱ་མཚོ་ཉིད། །རབ་ཏུ་གསལ་བ་ཟླ་བའི་ཆ། །ཀྱེ་མ་མཛེས་མས་གཟིགས་པར་ ཞུ། །གདམས་ངག་ཡེ་ཤེས་གནང་བར་ཞུ། །སྙིང་རྗེ་ཆེན་མོ་ཁྱོད་ཉིད་ཀྱིས། །མུན་ནག་སེམས་ནི་གསལ་བར་མཛོད། །ཁྱེད་ཀྱི་བསྟོད་པའི་ཆུ་དེས་ནི། །བདག་གི་སེམས་ནི་གཙང་བར་བཀྲུས། །ཕན་ནས་བྱུང་ས་གཅིག་རྙེད་དོ། །བསྟོད་པ་འདིས་ནི་འགྲོ་བའི་དོན། །འབྲས་ བུ་ཐོབ་པ་ཡོད་པར་མཐོང་། །རབ་ཏུ་བསྟོད་པའི་ཡོན་ཏན་ཆ། །བདག་གིས་བསོད་ནམས་བཤད་མི་ཤེས། །བསོད་ནམས་དེ་ཡི་སྟོབས་ཀྱིས་ནི། །འཇིག་རྟེན་པ་ཀུན་དོན་འགྲུབ་ནས། །གྲོལ་བའི་བདེ་བ་མྱོང་བར་ཤོག །སྤྱན་རས་གཟིགས་ཀྱི་ཞབས་ཀྱི་མཐིལ། །དེ་ཡི་མཚན་ མ་བཀྲ་ཤིས་ཀྱིས། །དེ་བཀང་ཡོད་པ་དེ་ལ་ནི། །བདེ་གཤེགས་སྲས་ཀྱི་ས་རིས་ཡིན། །བདེ་ནས་བདེ་རུ་འགྲོ་བ་ཀུན། །མྱུར་བར་སོང་ནས་བདེ་བར་ཤོག །མེ་ཏོག་ཕྲེང་བ་འཛིན་པའི་བསྟོད་པ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། པཎྜི་ཏ་ཟླ་བ་གཞོན་ནུས་རང་འགྱུར་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྒྲོལ་མཛད་འཁོར་བའི་རྒྱ་མཚོ་མཐའ་ཡས་པ། ། སྟོད་པ་ལས་སྒྲོལ་ཐུགས་རྗེའི་སྤྱན་ཡངས་མ། །བདེ་གཤེགས་ཡུམ་གྱུར་ལྷ་མོ་སྒྲོལ་མ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཁྱོད་ཀྱིས་མཛད་པའི་ཕྲིན་ལས་རྒྱ་ཆེ་བ། །མ་ལུས་བརྗོད་པར་སུས་ཀྱང་མི་སྤོབས་ཏེ། །ཆེ་ལོང་རགས་པས་རྣམ་བརྒྱད་ མང་པོ་སོགས། །ངོ་མཚར་ལེགས་སྤྱད་གཏམ་སྙན་འདི་སྐད་ཐོས། །ཤིན་ཏུ་རྨད་བྱུང་ཡོན་ཏན་རྒྱ་མཚོའི་གཏེར། །དགེ་ཚོགས་ནོར་བུ་དམ་པ་རིན་ཆེན་གླིང་། །སྣ་ཚོགས་པདྨོའི་ཚལ་ནི་དྲི་བསུང་ཅན། །ཕྲེང་མཛེས་ཚིག་གི་མེ་ཏོག་མཆོད་པར་བཞེས། ། སྐལ་ལྡན་རིགས་ཅན་ལམ་མཚོན་མེད་པ་ཞིག །རང་ཡུལ་མ་སླེབས་རི་དགས་རྒྱལ་པོས་བདས། །ཁོམ་ལྡན་སྐྱེས་བུས་གསུམ་ལ་སྐྱབས་འགྲོ་བྱས། །སྒྲོལ་མས་རྗེས་བཟུང་སེང་གེས་གུས་ཕྱག་འཚལ། །དོན་གཉེར་འགྲོན་ལ་གདོང་དམར་གངས་རིའི་མདོག །རྡུལ་འཛག་རབ་ ཁྲོས་ཁྲོ་གཉེར་མཆེ་བ་གཙིགས། །བྱིན་རླབས་མཐར་ཐུག་གཟུངས་སྔགས་བསྟོད་པའི་མཐུས། །དེ་མ་ཐག་ཏུ་གླང་ཆེན་འཇིགས་ལས་སྐྱབས། །ཤིང་སྐམ་ཁྲི་ལ་ཚེ་ཚད་བརྒྱ་བཞག་སྟེ། །ལོག་ལྟའི་རྒྱལ