Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 28
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ ཐམས་ཅད་སྤངས་ནས་ནི། །མྱ་ངན་འདས་པ་རབ་སྟེར་བ། །ཆུ་ལས་སྐམ་སར་འདོན་པ་བཞིན། །རྗེ་བཙུན་མ་ལ་ཕྱག་འཚལ་ནས། །སྒྲུབ་པའི་ཐབས་ནི་བྲི་བར་བྱ། །སྒྲུབ་པའི་ཐབས་ནི་ གཞན་རྣམས་ལས། །འདི་ནི་མཆོག་ཏུ་གྱུར་པ་ཡིན། །ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཁྲུས་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། སྐད་ཅིག་གིས་བདག་ཉིད་རྗེ་བཙུན་མར་བསྐྱེད་ལ། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ལྗང་གུ་བསམ། ཏཱཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། བླ་མ་དང་རྗེ་བཙུན་མ་སྤྱན་དྲངས་ ལ་ཕྱག་འཚལ་བ་དང་། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་བྱ་བ་ལ་སོགས་པས་མཆོད་པ་དབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་ བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་བྱམས་པ་ དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་ལ་སྟོང་པའི་ངང་ལས་པཾ་དམར་པོ་ཅིག་བསམ། དེ་ཡོངས་སུ་ གྱུར་པ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཏཱཾ་ལྗང་གུ་ཅིག་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་སྤྱན་དྲངས་ནས་ཏཱཾ་ལ་ཚུར་ཐིམ་པས་ཐིག་ལེ་དཀར་པོ་ཅིག་ཏུ་གྱུར། ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས་ཨུཏྤལ་སྔོན་པོའོ། །དེའི་སྟེང་དུ་ཨ་དཀར་པོ་ཅིག་བསམ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ ཅིག་བསམ། དེའི་སྟེང་དུ་ཏཱཾ་ལྗང་གུ་ཅིག་བསམ། ཏཱཾ་ལས་འོད་འཕྲོས་པས་སེམས་ཅན་གྱི་དོན་བྱས་སེམས་ཅན་ཐམས་ཅད་སྒྲོལ་མའི་རང་བཞིན་དུ་གྱུར་ཏེ། འོད་ཟེར་ཚུར་འདུས་ཏེ་ཏཱཾ་ལ་ཐིམ་པས་ཨུཏྤ་ལ་དང་། པདྨའི་ དཀྱིལ་དང་། ཏཱཾ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་ཨུཏྤ་ལ་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ ལོན་པ་ལྟ་བུར་བསྒོམ་པར་བྱའོ། །དེ་ནས་ཕྱོགས་བཞིའི་པདྨ་འདབ་མ་བཞི་ལ་ཨ་དཀར་པོ་བཞི་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བཞི་བསམ། དེ་ནས་བདག་ཉིད་ཀྱི་ལྟེ་བ་ནས་འོད་ཟེར་བཞི་འཕྲོས་པ་ལས་ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ནག་ པོ། དེ་བཞི་ཡོངས་སུ་གྱུར་པ་ལས་ཡི་གེ་བཞི་རུ་གྱུར་ཏེ། ཤར་དུ་ཨོཾ་དཀར་པོ། ལྷོ་རུ་ཏཱ་སེར་པོ། ནུབ་ཏུ་རེ་དམར་པོ། བྱང་དུ་ཏུ་ནག་པོ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་པདྨ་དཀར་པོ། ལྷོ་རུ་མྱ་ངན་མེད་པའི་ཤིང་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་གྲི་གུག་ ནག་པོ། ཕྱག་མཚན་དེ་བཞིའི་སྟེང་དུ་ཨ་དཀར་པོ་བཞི་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བཞིའི་སྟེང་དུ་ཤར་དུ་ཨོཾ་དཀར་པོ། ལྷོ་རུ་ཏཱ་སེར་པོ། ནུབ་ཏུ་རེ་དམར་པོ། བྱང་དུ་ཏུ་ནག་པོ། ཕྱག་མཚན་དང་ཟླ་བའི་ས་བོན་ཡོངས་སུ་གྱུར་པ་ལས། ཤར་དུ་སོ་སོར་ འབྲང་མ་སྐུ་མདོག་དཀར་མོ་ཞལ་གཅིག་མ། ཕྱག་གཉིས་མ། སྤྱན་གསུམ་མ། སྐྱིལ་ཀྲུང་དང་བཅས་པ། ཕྱག་གཡས་ནོར་བུ་རིན་པོ་ཆེ། གཡོན་པ་ན་པདྨ་དཀར་པོའི་སྟེང་ན་རིན་པོ་ཆེའི་བུམ་པ་སེར་པོ་བསྣམས་པའོ། །ལྷོ་ཕྱོགས་སུ་འོད་ཟེར་ཅན་སྐུ་མདོག་སེར་མོ་ཞལ་གཅིག་ ཕྱག་གཉིས་མ་སྤྱན་གསུམ་མ། སྐྱིལ་ཀྲུང་དང་བཅས་པ་ཕྱག་གཡས་ན་རྡོ་རྗེ་བསྣམས་པ། གཡོན་པ་ན་མྱ་ངན་མེད་པའི་ཤིང་སེར་པོའོ། །ནུབ་ཕྱོགས་སུ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕག་གི་གདོང་པ་ཅན། སྤྱན་གསུམ་པ་སྐྱིལ་ཀྲུང་དང་བཅས་པ། ཕྱག་གཡས་ན་པདྨ་དམར་པོ། གཡོན་མཉམ་པར་གཞག་པའོ། །བྱང་ཕྱོགས་སུ་རལ་པ་གཅིག་མ་སྐུ་མདོག་ནག་མོ་ཁྲོ་མོའི་ཞལ་ཅན། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། ཕྱག་གཡས་པ་ན་གྲི་གུག་བསྣམས་པ། གཡོན་པ་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་ པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐྱིལ་ཀྲུང་དུ་བཞུགས་པའོ། །དེ་ནས་གཙོ་མོའི་ཐུགས་ཀ་ནས་སྣ་ཚོགས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར། དེའི་སྟེང་ན་ཏཱཾ་ལྗང་གུ་དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ལྔའི་བདག་ཉིད་སྤྱན་དྲངས་ནས་མདུན་ དུ་བྱོན་པ་ལ་མཆོད་པ་དབུལ་བར་བྱ་སྟེ། །ཨརྒྷཾ་དབུལ་བ་ནི། ཨོཾ་ཨཱཿཧཱུཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་དྷཱུ་པཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་གནྡྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ནཻ་ཝི་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་མཆོད་པ་བྱས་ལ་སྙིང་གར་ ཨུཏྤ་ལའི་ཕྱག་རྒྱ་བྱས་ལ་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པ་བྱས་སོ། །དེ་ནས་བདག་གི་ཐུགས་ཀ་ནས་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་ཏཱཾ་ལྗང་གུ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་སྤྱན་དྲངས་ནས། དེ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་ཐོགས་ནས་བྱོན་པ་ལ་སྔ་མ་ལྟར་མཆོད་པ་དབུལ་བར་བྱའོ། །ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏཱ་ཞེས་བརྗོད་པས་བདུད་རྩིའི་བུམ་པ་ཆུས་བཀང་བས་དབང་བསྐུར་བར་བསམས་ལ་རིགས་ཀྱི་བདག་ པོས་དབུ་བརྒྱན་པ་ནི་གཙོ་མོའི་སྤྱི་བོར་དོན་ཡོད་གྲུབ་པའོ། །སོ་སོར་འབྲང་མ་ལ་ནི་རྣམ་པར་སྣང་མཛད་དོ། །འོད་ཟེར་ཅན་མ་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །ཕག་མོ་ལ་སྣང་བ་མཐའ་ཡས་སོ། །རལ་གཅིག་མ་ལ་མི་བསྐྱོད་པས་དབུ་བརྒྱན་ནོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་ བརླབ་པ་ནི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་སྟེང་དུ་ཨཱཿདམར་པོ་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ། དེ་ནས་གཙོ་མོ་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །འཁོར་ལ་ནི་མི་དགོས་སོ། །དེ་ནས་གནས་རྣམ་པ་བརྒྱད་དུ་ཕྱག་རྒྱ་ བཅིང་བར་བྱ་སྟེ། གནས་བརྒྱད་ན་ཟླ་བའི་དཀྱིལ་འཁོར་བརྒྱད་ཡོད་པའོ། །དེའི་སྟེང་ན་ཡི་གེ་བརྒྱད་ཡོད་པ་ནི་ཁ་དོག་དཀར་པོའོ། །ལག་པ་གཉིས་ཁུ་ཚུར་བཅིངས་ཏེ། མཐེ་བོ་གཉིས་མཛུབ་མོའི་སྟེང་དུ་བཞག་ལ་སྤྱི་བོར་གཏུགས་ཏེ་ཨོཾ་སྭཱ་ཧཱ་ཞེས་བརྗོད་པ་ནི་སྤྱི་བོའི་ཕྱག་རྒྱའོ། ། ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་རང་བཞིན་དུ་བཀུག་སྟེ་རྩེ་མོ་གཉིས་སྤྲད་མཐེ་བོང་གཉིས་གུང་མོའི་རྒྱབ་ཏུ་བརྐྱང་ལ་དཔྲལ་བར་གཏུགས་ཏེ་ཏཱ་སྭཱ་ཧཱ་ཞེས་བརྗོད་པ་ནི་དཔྲལ་བའི་ཕྱག་རྒྱའོ། །ཐལ་མོ་ཁོང་སྟོང་དུ་བྱས་ལ་མཐེ་བོང་གཉིས་ནང་དུ་བཀུག་སྟེ་མིག་གཉིས་སུ་གཏུགས་ ཤིང་རེ་སྭཱ་ཧཱ་ཞེས་བརྗོད་པ་ནི་མིག་གི་ཕྱག་རྒྱའོ། །ཁུ་ཚུར་གཉིས་བཅངས་ཏེ་མཛུབ་མོ་གཉིས་རང་བཞིན་དུ་བཀུག་སྟེ་རྩེ་མོ་གཉིས་སྤྲད་མཐེ་བོང་གུང་མོའི་སྟེང་དུ་བརྐྱང་ལ་མགྲིན་པར་གཏུགས་ཏེ་ཏུ་ཏ་སྭཱ་ཧཱ་ཞེས་བརྗོད་པ་ནི་མགྲིན་པའི་ཕྱག་རྒྱའོ། །ཁུ་ཚུར་བཅིངས་ཏེ་མཐེ་བོང་གཉིས་དང་ མཛུབ་མོ་གཉིས་གྱེད་ལ་དཔུང་པ་གཉིས་ཀྱི་སྟེང་དུ་གཏུགས་ཏེ་ཏཱ་སྭཱ་ཧཱ་ཞེས་བྱ་བ་ནི་དཔུང་པའི་ཕྱག་རྒྱའོ། །ཐལ་མོ་སྦྱར་ལ་མཐེ་བོང་གཉིས་བསླང་སྟེ་གྱེད་ལ་སྙིང་གར་གཏུགས་ཏེ་རེ་སྭཱ་ཧཱ་ཞེས་བྱ་བ་ནི་སྙིང་གའི་ཕྱག་རྒྱའོ། །ཁུ་ཚུར་གཉིས་བཅིངས་ཏེ་མཐེ་བོང་གཉིས་དང་མཐེའུ་ཆུང་ གཉིས་བརྐྱང་སྟེ་གུང་མོ་གཉིས་རྩེ་སྤྲད་པ་བཀུག་སྟེ་ལྟེ་བར་གཏུགས་ཏེ་ཏུ་སྭཱ་ཧཱ་ཞེས་བྱ་བ་ནི་ལྟེ་བའི་ཕྱག་རྒྱའོ། །ཁུ་ཚུར་གཉིས་བཅིངས་ཏེ་མཐེ་བོང་གཉིས་མཛུབ་མོའི་སྟེང་དུ་བརྐྱང་ལ་གུང་མོ་གཉིས་རང་སོར་བརྐྱང་སྟེ་རྩེ་མོ་གཉིས་སྤྲད་ལ་བག་ཙམ་བསྐུམ་སྟེ། གསང་བའི་གནས་སུ་ གཏུགས་ལ་རེ་སྭཱ་ཧཱ་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱའོ། །ཕྱག་རྒྱ་བཅིངས་པའི་དགོས་པ་ནི་དམ་ཚིག་བསྲུང་བར་འགྱུར་བ་དང་། ལུས་ངག་ཡིད་གསུམ་དགེ་བ་ལ་བརྟེན་པར་འགྱུར་བ་དང་། ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་སེམས་ལ་བརྟེན་པ་ཉིད་དུ་འཛིན་པའོ། །ཡང་དགོས་ པ་གཉིས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་བ་དང་། བདག་ལ་བདུད་ལ་སོགས་པའི་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་བའི་དགོས་པའོ། །དེ་ནས་བདག་གི་སྙིང་གར་སྣ་ཚོགས་པད་ཟླའི་སྟེང་དུ་ཏཱཾ་ལྗང་གུ་ལས་འོད་ཟེར་འཕྲོས་པས་སེམས་ ཅན་ཐམས་ཅད་ལ་ཕོག་སྟེ་སེམས་ཅན་ཐམས་ཅད་རྗེ་བཙུན་མའི་གཟུགས་སུ་བྱས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལྔ་དག་པར་བྱས་སོ། །དེ་ནས་ཚུར་འདུས་ཏེ་ཏཱཾ་ལ་ཐིམ་པར་འགྱུར་རོ། །དེ་ལྟར་སྤྲོ་བ་དང་བསྡུ་བར་བྱའོ། །སྐྱོ་ན་བཟླས་པ་བྱ་སྟེ་ཐུགས་ཀའི་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་ན་ཏཱཾ་ལྗང་གུ་ལ་ཡི་གེ་བཅུས་གཡས་སྐོར་དུ་བསྐོར་ཏེ་མར་མེའི་ཕྲེང་བ་ལྟ་བུར་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །དེར་ཡང་མགྱོགས་པ་མ་ཡིན། །བུལ་བ་མ་ཡིན་པར་ཏེ་སྔགས་བཟླས་པའི་ལུགས་གསུམ་སྟེ་ རང་གིས་ཐོས་ལ་གཞན་གྱིས་མི་ཐོས་པ་དང་། རང་གཞན་གཉིས་ཀས་ཐོས་པ་དང་། ངག་མ་ཡིན་པའི་སེམས་ཀྱིས་བཟླས་པ་དང་གསུམ་མོ། །དང་པོའི་དགོས་པ་ནི་ཞི་བ་དང་རྒྱས་པ་དང་དགུག་པ་འགྲུབ་པར་འགྱུར་རོ། །གཉིས་པས་ནི་མངོན་སྤྱོད་འགྲུབ་པར་འགྱུར་རོ། །གསུམ་པས་ ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བསྙེན་པའི་གྲངས་ནི་བྱེ་བ་ཕྲག་གཅིག་གོ། །ལས་ལ་སྦྱོར་བའི་དུས་སུ་གཙོ་མོའི་སྐུ་མདོག་སྒྱུར་གྱི་འཁོར་གྱི་མི་སྒྱུར་རོ། །དེ་ཡང་ཞི་བ་ལ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །རྒྱས་པ་ལ་ནི་ཨོཾ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་བཽ་ཥཊ་མམ་པུཥྚིཾ་ཀུ་རུ་བརྗོད་པར་བྱའོ། །དགྲ་གྲོགས་པོར་བྱ་བ་ལ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བ་ཥཊ་ཨ་མུ་ཀཾ་བ་ཤིཾ་ཀུ་རུ་བ་ཥཊ་ཅེས་བརྗོད་པར་བྱའོ། །དགུག་པ་ལ་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཨ་མུ་ཀཾ་ཨཱ་ཀཪྵ་ཡ་ཛཿཞེས་བརྗོད་པར་བྱའོ། །བསྐྲད་པ་ལ་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ ཕུ་ཨ་མུ་ཀ་ཨུ་ཙ་ཊ་ཡ་ཕུ་ཞེས་བརྗོད་པར་བྱའོ། །བཅིང་བ་ལ་དགྲ་ལུས་བཅིང་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་སྟཾ་བྷ་ཡ་ལཾ་ཞེས་བརྗོད་པར་བྱའོ། །ངག་བཅིང་བ་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ལཾ་ཨ་མུ་ཀ་ཝཱ་ཙ་སྟཾ་བྷ་ཡ་ལཾ་ཞེས་བརྗོད་པར་བྱའོ། །དགྲ་རང་གི་གནས་སུ་བཅིང་བ་ནི། ཨོཾ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ལཾ་ཨཱ་ཀཪྵ་ཨ་མུ་ཀ་ལཾ་སྟཾ་བྷ་ཡ་ལཾ་ཞེས་བརྗོད་པར་བྱའོ། །གསད་པ་ལ་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱུཾ་ཕཊ་ཨ་མུ་ཀཾ་མཱུ་ར་ཡ་ཧཱུཾ་ཕཊ་ཅེས་བརྗོད་པར་བྱའོ། །དེ་ནས་གཏོར་མ་གཏང་བར་བྱ་སྟེ་མདུན་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཏོར་མའི་སྣོད་དངུལ་ ལས་བྱས་པར་མོས་པར་བྱའོ། །དེའི་ནང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། །དེའི་སྟེང་དུ་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཨོཾ་དང་ཟླ་བ་ལ་བབས་པས་དེ་རྣམས་ཞུ་བས་འོ་མ་ལྟ་བུར་གྱུར་ཏོ། །དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་ལན་གསུམ་ བརྗོད་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བརྗོད་དེ། གཙོ་འཁོར་ཐམས་ཅད་ཀྱི་ལྕེ་རྡོ་རྗེའི་སྦུ་གུ་དང་ལྡན་པས་གསོལ་བར་བསམ་པར་བྱའོ། །ཆོས་སྐྱོང་བ་རྣམས་ལ་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་དེ་ལྕེ་རྡོ་རྗེའི་སྦུ་གུ་དང་ལྡན་ པས་གསོལ་བར་བསམ་པར་བྱའོ། །ཐུན་ཐ་མ་ལ་ནི་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་ལོ། །དམ་ཚིག་སེམས་དཔའ་བདག་ལ་བསྡུ་བར་བྱའོ། །ད་ནི་རྣམ་པར་དག་པ་བཤད་པར་བྱའོ། །གཙོ་མོའི་ཞལ་གཅིག་ཏུ་བྱུང་བ་ནི་ཆོས་ཐམས་ཅད་ཡེ་ཤེས་གཅིག་ཏུ་རྟོགས་པའོ། །སྐུ་མདོག་ ལྗང་གུ་བྱུང་བ་ནི་ལས་སྣ་ཚོགས་ལ་དབང་བའོ། །ཕྱག་གཉིས་སུ་བྱུང་བ་ནི་གཡས་པ་ཀུན་རྫོབ་གཡོན་པ་དོན་དམ་བདེན་པ་གཉིས་རྟོགས་པའོ། །ཞབས་གཡས་བརྐྱང་བ་ནི་བདུད་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་པའོ། །གཡོན་བསྐུམ་པ་ནི་ཡོན་ཏན་ཐམས་ཅད་རྫོགས་པའོ། ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི་ཚོགས་ཡོངས་སུ་རྫོགས་པ་སྟེ། གཙོ་འཁོར་མཐུན་པའོ། །ཕྱག་གཡས་པ་མཆོག་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །གཡོན་པ་སྐྱབས་སྦྱིན་པ་ནི་སེམས་ཅན་ཐམས་ཅད་འཇིགས་པ་ལས་སྐྱོབ་པའོ། །ཨུཏྤ་ལ་བསྣམས་པ་ནི་ སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། །ལོ་བཅུ་དྲུག་ལོན་པ་ལྟ་བུ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ནུས་པ་དང་ལྡན་པའོ། །ཟླ་བའི་དཀྱིལ་འཁོར་གྱི་གདན་ནི་ཤེས་རབ་དང་ལྡན་པའོ། །སྣ་ཚོགས་པདྨའི་གདན་ནི་སྙིང་རྗེའི་རང་བཞིན་དང་ལྡན་པའོ། །རིགས་ནི་དོན་ཡོད་ གྲུབ་པའི་རིགས་སོ། །ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །སོ་སོར་འབྲང་མའི་སྐུ་མདོག་དཀར་མོ་ནི་ཆོས་ཐམས་ཅད་དྲི་མ་མེད་པ་དང་ལྡན་པའོ། །ཞལ་གཅིག་ཕྱག་གཉིས་སུ་བྱུང་བ་གཙོ་མོ་དང་མཐུན་ནོ། །སྤྱན་ གསུམ་ནི་དུས་གསུམ་མཁྱེན་པའོ། །ཕྱག་གཡས་པ་རིན་པོ་ཆེ་ནི་སེམས་ཅན་ཐམས་ཅད་ཀྱི་དགོས་འདོད་ཀྱི་རེ་བ་སྐོང་བའོ། །ཕྱག་གཡོན་པའི་པདྨ་དཀར་པོ་ནི་ཆོས་ཐམས་ཅད་སྐྱོན་དང་བྲལ་བའི་རྟགས་སོ། །དེའི་སྟེང་ན་རིན་པོ་ཆེའི་བུམ་པ་སེར་པོ་ཡོད་པ་ནི་ཆོས་ཐམས་ཅད་ལ་རིན་ པོ་ཆེར་འཛིན་པའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རིགས་ནི་རྣམ་པར་སྣང་མཛད་ཀྱི་རིགས་སོ། །འོད་ཟེར་ཅན་གྱི་སྐུ་མདོག་སེར་མོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱས་པར་བྱེད་པའོ། །ཞལ་གཅིག་ཕྱག་ གཉིས་ནི་གཙོ་མོ་དང་མཐུན་ནོ། །ཕྱག་གཡས་ཀྱི་རྡོ་རྗེའི་ར་འོག་མ་ལྔ་ནི་ཕུང་པོ་ལྔ་དག་པའོ། །སྟེང་གི་ར་ལྔ་ནི་རྒྱལ་བ་རིགས་ལྔ་དང་ལྡན་ནོ། །གཡོན་པའི་མྱ་ངན་མེད་པའི་ཤིང་ནི་སེམས་ཅན་ཐམས་ཅད་ཀྱི་དུཿཁ་སྤོང་བར་བྱེད་པའོ། །ཕུང་པོ་ནི་ཚོར་བའི་ཕུང་པོ་རྣམ་པར་དག་པའོ། །ཡེ་ཤེས་ ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རིགས་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་སོ། །ཕག་མོ་ཞལ་གཅིག་ཕྱག་གཉིས་ནི་གཙོ་མོ་དང་མཐུན་ནོ། །སྐུ་མདོག་དམར་མོ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པའོ། །ཕག་གི་གདོང་པ་ནི་བདུད་ཐམས་ཅད་འདུལ་བའོ། །ཕྱག་གཡས་ཀྱི་པདྨ་ དམར་པོ་ནི་ཆོས་ཐམས་ཅད་རིན་པོ་ཆེ་པདྨ་རཱ་ག་ལྟ་བུར་རྟོགས་པའོ། །གཡོན་མཉམ་གཞག་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའོ། །ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །རིགས་ནི་སྣང་བ་མཐའ་ཡས་ཀྱི་རིགས་སོ། ། རལ་པ་གཅིག་མའི་ཞལ་གཅིག་ཕྱག་གཉིས་ནི་གཙོ་མོ་དང་མཐུན་པའོ། །ཁྲོ་མོའི་ཞལ་ནི་བདུད་འདུལ་བའི་རྟགས་སོ། །ཕྱག་གཡས་ཀྱི་གྲི་གུག་ནི་ཉོན་མོངས་པ་གཅོད་པའི་རྟགས་སོ། །ཕྱག་གཡོན་པའི་ཐོད་པ་ནི་རྣམ་རྟོག་ཐམས་ཅད་སྤངས་པའི་རྟགས་སོ། །སྐུ་མདོག་ནག་མོ་ནི་ བྱམས་པ་ཆེན་པོའི་རྟགས་སོ། །སྟག་གི་པགས་པའི་ཤམ་ཐབས་ནི་འཁོར་བ་ཁྲུག་ཆོལ་གྱི་རང་བཞིན་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའོ། །ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའོ། །ཡེ་ཤེས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རིགས་ནི་མི་བསྐྱོད་པའི་རིགས་སོ། །འཁོར་བཞི་ ཀ་སྐྱིལ་ཀྲུང་དུ་བྱུང་བ་ནི་གཞན་གྱི་དོན་ལ་ཤིན་ཏུ་བརྟན་པའོ། །མཚམས་ཀྱི་པདྨ་བཞི་ལ་ཨུཏྤ་ལ་བཞི་བྱུང་བ་ནི། སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་སྟེ་ལྷ་མོ་བཞིའོ། །འབྱུང་བ་བཞི་རྣམ་པར་དག་པའོ། །ཚད་མེད་པ་བཞིའི་ངོ་བོའི་ལྷའི་བདག་ཉིད་ན་རྒྱལ་བ་རིགས་ ལྔའི་སྤྲུལ་པ་ཉོན་མོངས་པ་ལྔ་སྤངས་པ་སྟེ་གཙོ་མོ་ཕྲག་དོག་སྤངས་པའོ། །སོ་སོར་འབྲང་མ་གཏི་མུག་སྤྱངས་པའོ། །འོད་ཟེར་ཅན་ང་རྒྱལ་སྤངས་པའོ། །ཕག་མོ་ཆགས་པ་སྤངས་པའོ། །རལ་གཅིག་མ་ཞེ་སྡང་སྤངས་པའོ། །དེ་ནི་བསྐྱེད་པའི་རིམ་པ་སྟེ་སྤྲུལ་པའོ། །སྟོང་པ་ཉིད་དུ་ མོས་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་ནི་བདག་གི་སྙིང་གར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་ཏཱཾ་ལྗང་གུ་ལས་འོད་ཟེར་དཀར་པོ་རྣམ་སྣང་གི་རང་བཞིན་དུ་གཙོ་མོའི་ལྟེ་བ་ནས་བྱུང་བས་སོ་སོར་འབྲང་མ་སྤྱན་དྲངས་ནས་བདག་གི་དཔྲལ་བར་ ཐིམ་མོ། །ཡང་ལྟེ་བ་ནས་འོད་ཟེར་དམར་པོ་འོད་དཔག་མེད་ཀྱི་རང་བཞིན་དུ་བྱུང་བས་ཕག་མོ་སྤྱན་དྲངས་ནས་གཙོ་མོའི་མགྲིན་པར་ཐིམ་མོ། །ཡང་ལྟེ་བ་ནས་འོད་ཟེར་ནག་པོ་མི་བསྐྱོད་པའི་རང་བཞིན་དུ་བྱུང་བས་རལ་གཅིག་མ་གཙོ་མོའི་ཐུགས་ཀར་ཐིམ་མོ། །ཡང་ལྟེ་བ་ནས་འོད་ ཟེར་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བྱུང་བས་འོད་ཟེར་ཅན་གཙོ་མོའི་ལྟེ་བར་ཐིམ་མོ། །དེ་ནས་གཙོ་མོ་ཉིད་པདྨ་དང་ཟླ་བ་དང་ཏཱཾ་གི་ངོ་བོར་གྱུར་ཏོ། །པདྨ་ཡང་ཟླ་བ་ལ་ཐིམ། ཟླ་བ་ཏཱཾ་ལ་ཐིམ། ཏཱཾ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་བིནྡུ་ལ་ཐིམ་མོ། །བིནྡུ་དམར་པོ་ཁབ་ཀྱི་རྩེ་མོ་ལྟ་ བུར་གྱུར་ཏེ། དེ་ནི་ཆོས་ཀྱི་སྐུའོ། །དེ་ནས་རྣམ་པར་རྟོག་པ་མེད་པར་ཉལ་བར་བྱའོ། །དེ་ནས་ནང་པར་སྔར་ལྡང་བའི་དུས་སུ། ནཱ་ད་དེ་ཐིག་ལེར་སོང་། །དེ་ཏཱཾ་དུ་སོང་། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་གཙོ་བོ་ཉིད་ཀྱིས་སྐད་ཅིག་གིས་བསྐྱེད་ནས། དེའི་ཐུགས་ཀ་ནས་སྣ་ཚོགས་ པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་ཏཱཾ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བསོད་ནམས་ཀྱི་ཚོགས་སོགས་པ་ལ་སོགས་པ་སྔ་མ་ལྟར་བྱའོ། །རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་ སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དྷརྨཱ་བཛྲ་དང་། བོད་ཀྱི་རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན་གྱིས་བསྒྱུར་བའོ། །ཆོས་འཁོར་འཇོ་འཇོའི་གཙུག་ལག་ཁང་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བློ་གྲོས་ཀྱིས་ཡོན་བདག་མཛད་པའོ།། །། ༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལས་ཀྱི་སྦྱོར་བ་ཡིས། །བསྲུང་བའི་ཆོ་ག་བྱ་བ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །རང་གི་སྙིང་གར་ས་བོན་བསམ། །དེ་ལས་སྤྲོས་པའི་འོད་ཟེར་གྱིས། །བླ་མ་དང་བཅས་སངས་རྒྱས་ནི། ། བདག་གི་མདུན་དུ་གསལ་བྱས་ལ། །འོད་ཟེར་དེ་ལས་བྱུང་བ་ཡི། །མེ་ཏོག་སོགས་ཀྱིས་མཆོད་པར་བྱ། །དེ་ནས་སྡིག་བཤགས་ལ་སོགས་བྱ། །དེ་ནས་ལྷ་རུ་བསྒོམ་བྱ་སྟེ། །དང་པོར་ཆོས་རྣམས་སྟོང་པར་བསྒོམ། །དེ་འོག་པད་འདབ་བརྒྱད་པ་དང་། །ཟླ་བའི་དབུས་སུ་ཡི་གེ་ ཏཱཾ། །ས་བོན་དེ་ལས་ཨུཏྤ་ལ། །ལྟེ་བར་ཏཱཾ་གིས་མཚན་པར་བསྒོམ། །ཨུཏྤལ་ཏཱཾ་བཅས་གྱུར་པ་ལས། །བདག་ཉིད་སྒྲོལ་མའི་གཟུགས་སུ་བསྒོམ། །ཕྱག་གཡས་མི་འཇིགས་སྟེར་བའོ། །གཡོན་པ་ཨུཏྤལ་བསྣམས་པ་ནི། །འདབ་མ་རྣ་བར་མ་རེག་པའོ། །སྐུ་མདོག་ལྗང་སྔོན་ དག་ཏུ་བསྒོམ། །དེ་ལྟར་བདག་ཉིད་བསྐྱེད་པའི་མཐར། །ཡན་ལག་དྲུག་ཏུ་དགོད་པ་ནི། །ཨོཾ་ཏཱ་རེ་སྭཱ་ཧཱ། ཨོཾ་ཏུཏྟཱ་རེ་སྭཱ་ཧཱ། ཨོཾ་ཏུ་རེ་སྭཱ་ཧཱ། ཨོཾ་ཏུ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ནི་སྭཱ་ཧཱ་ཞེས་བྱ་བ་རྣམས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། སྙིང་ག་དང་། སྤྱི་བོར་གོ་རིམས་ བཞིན་དགོད་དོ། །དེ་ནས་སྙིང་གར་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་སྔགས་སུམ་འབུམ་ཡན་ཆོད་དུ་ཅི་ནུས་སུ་བཟླས་སོ། །དེ་ནས་འཁོར་ལོ་བསམ་པ་ནི། །ལྟེ་བ་དང་ བཅས་རྩིབས་བརྒྱད་ལ། །མུ་ཁྱུད་བསྐོར་བ་སྙིང་གར་བསམ། །འཁོར་ལོ་ཁ་དོག་ལྗང་སྔོན་ནོ། །འཁོར་ལོའི་དབུས་ཀྱི་ལྟེ་བ་ལ། །ཐོག་མའི་ཨོཾ་དང་ཐ་མའི་ཧཱ། །མིང་དང་སྤེལ་ཏེ་བསྒོམ་པར་བྱ། །བསྲུང་བ་ཨོཾ་ལྷ་སྦྱིན་ལ་རཀྵ་ཧཱ་ཞེས་པ་བསྒོམ། །ཏཱ་རེ་ཏུཏྟཱ་རེ་སྭཱ་ཞེས་པ་རྣམས་ ནི། ཤར་སོགས་རྩིབས་ལ་རིམ་བཞིན་དགོད། །རང་གི་ལུས་ལ་འཁོར་ལོ་ནི། །ཡིག་འབྲུ་རྣམས་ཀྱང་ལྗང་སྔོན་ནོ། །དེ་ལྟར་བསྒོམ་པ་གོམས་བྱས་ནས། །བདག་ཉིད་སྒྲོལ་མའི་སྐུ་དང་ནི། །སྔགས་དང་བཅས་པའི་འཁོར་ལོ་ལས། །སྤྲོས་པའི་འོད་ཟེར་དག་གིས་ནི། ། བསྒྲུབ་བྱའི་ལུས་ལ་དགང་བར་བྱ། །བསྲུང་བའི་སྐབས་སུ་ཕྲེང་བའི་སྔགས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ལྷ་སྦྱིན་ལ་རཀྵ་རཀྵ་སྭཱ་ཧཱ་ཞེས་པས་བསྲུང་བའི་ལས་ལ་ནི། ཁྱད་པར་དུ་ནི་བྱ་བར་གསུངས། །སྦྱོར་བ་དེ་ཡིས་རྒྱལ་པོ་ཡི། །བཙོན་ར་ལ་སོགས་བསྲུང་བར་བྱ། །སྒྲོལ་མ་ལས་ཀྱི་སྦྱོར་བ་ ཡིས། །ལས་རྣམས་ཡང་དག་བསྒྲུབ་བྱ་སྟེ། །ནད་སོགས་ཞི་བའི་ལས་དང་ནི། །དབང་དུ་བྱ་བའི་སྦྱོར་བ་ལའང་། །ཆོ་ག་གོང་མ་དེ་ཉིད་ལས། །འཁོར་ལོ་ལ་སོགས་ཁ་དོག་དང་། །སྔགས་ཀྱི་སྤེལ་བ་བསྟན་པར་བྱ། །རང་གི་ལས་དང་མཐུན་པར་བྱ། །སྒྲོལ་མ་ཡི་ནི་ཏིང་ འཛིན་གྱིས། །ལས་གཞན་དག་ཀྱང་བྱ་བར་ནུས། །བསྒྲུབ་བྱ་ཤེས་རབ་ཞན་པ་དང་། །ལེ་ལོ་ཅན་སོགས་རྣམས་ལ་ནི། །གོང་མའི་ཆོ་ག་དེ་ཉིད་ལས། །གཞན་དུ་བྱ་བར་བསྟན་པ་དེ། །འཁོར་ལོ་སྔ་མ་དེ་ཉིད་ལས། །སྔགས་རྣམས་གཡོན་སྐོར་དག་ཏུ་དགོད། །མུ་ཁྱུད་ལ་ཡང་ཨ་ སོགས་དགོད། །དེ་ལྟར་བསྒོམ་དང་བཟླས་བྱས་ན། །བློ་དམན་རྣམས་ནི་བློ་ལྡན་འགྱུར། །གཞན་ཡང་སྦྱོར་བ་བྱ་བ་ནི། །འདི་ལྟ་བུར་ཡང་བསྟན་པ་ཡིན། །གྲོ་ག་ལ་སོགས་གཞི་ལ་ནི། །འཁོར་ལོ་གོང་མ་ལྟར་བྲིས་ནས། །ལུས་ལ་བཅང་པར་བྱས་ན་ཡང་། །དེ་ཙམ་གྱིས་ཀྱང་ བསྲུང་བར་འགྱུར། །ཐུགས་རྗེ་ཆེན་པོ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་རེ་དེ་བི་སྟོ་ཏྲཾ་ཨེ་ཀ་བི་ཤཾ་ཏི་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལྷ་མོ་ སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །དེ་ལ་ དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ནམ་མཁའི་དཀྱིལ་ན་པདྨ་དམར་པོའི་སྟེང་ན་བཞུགས་པ་སྐུ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན། ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ། །ཕྱག་དང་པོ་གཉིས་སྒྲོག་པར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་རྒྱ་དང་ལྡན་ པའོ། །དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་འཕེན་པ་ཐུགས་ཀར་བཀང་བ། གཡས་ཀྱི་གསུམ་པ་ན་འཁོར་ལོ། བཞི་པ་ན་རལ་གྲི། གཡོན་གྱི་གསུམ་པ་ན་དུང་། བཞི་པ་ན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཕགས་ མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་དང་པོ་རྫོགས་སོ།། །།ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །དེ་ལ་དང་པོར་རེ་ཞིག་ སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ། ཞལ་གསུམ་ནི་རྩ་ཞལ་དཀར་བ། གཡས་སྔོ་ཞིང་གཡོན་སེར་བའོ། །ཕྱག་དང་པོ་གཉིས་མཉམ་པར་གཞག་པ། གཡས་གཉིས་པ་ཁ་ཊྭཱཾ་ག །གསུམ་པ་ན་འཁོར་ལོ། བཞི་པ་ན་ རིན་པོ་ཆེ། ལྔ་པ་ན་རྡོ་རྗེ། དྲུག་པ་ན་མེ་ཏོག་གི་ཕྲེང་བའོ། །གཡོན་གྱི་གཉིས་པ་ན་རིལ་བ་སྤྱི་བླུགས། གསུམ་པ་ན་ཨུཏྤ་ལ། བཞི་པ་ན་དྲིལ་བུ། ལྔ་པ་ན་བུམ་པ། དྲུག་པ་ན་པོ་ཏི་བསྣམས་པའོ། །འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་སྒྲུབ་ ཐབས་ལེའུ་གཉིས་པ་རྫོགས་སོ།། །།ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །རྗེ་བཙུན་མ་སྒྲོལ་མ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་ བཅུ་མ། སྣ་ཚོགས་པདྨའི་སྟེང་གི་ཉི་མ་ལ་གནས་མ། ཕྱག་གཡས་ཀྱི་དང་པོ་ན་ཕྲེང་བ་ཐུགས་ཀར་འཛིན་པ། གཉིས་པ་ན་རལ་གྲི། གསུམ་པ་ན་མདའ་འཕེན་པར་མཛད་པ། བཞི་པ་ན་རྡོ་རྗེ། ལྔ་པ་ན་དབྱུ་གུའོ། །གཡོན་གྱི་དང་པོ་ན་དར་དཔྱངས། གཉིས་པ་ན་ཞགས་པ། གསུམ་པ་ན་པདྨ། བཞི་པ་ན་དྲིལ་བུ། ལྔ་པ་ན་གཞུ་བསྣམས་པའོ། །དེ་ཡང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བའི་ལེའུ་གསུམ་པ་རྫོགས་སོ།། །།ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བརྟན་མ། །པདྨ་སེར་པོ་དང་ཟླ་བའི་དཀྱིལ་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའི་རྗེ་བཙུན་མ་གསེར་གྱི་མདོག་ཅན། ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་མཆོག་སྦྱིན་པ། གཉིས་པ་ན་ཕྲེང་བ། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་ན་དབྱུ་གུ་བསྣམས་པའོ། །འཕགས་མ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པ་རྫོགས་སོ།། །། ཕྱག་འཚལ་ཏུཏྟཱ་རེ་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་གསུམ་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །རྗེ་བཙུན་མ་སྐུ་མདོག་སེར་མོ། ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་ མ། གཡས་སྐྱབས་སྦྱིན་པ། གཡོན་པདྨ་སེར་པོ་བསྣམས་པའོ། །འཕགས་མ་སྒྲོལ་མ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །རྗེ་བཙུན་མ་དམར་མོ། པདྨ་དམར་པོ་དང་ཉི་མའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་རྡོ་རྗེ། གཉིས་པ་རལ་གྲི། གཡོན་གྱི་དང་པོ་སྡིགས་ མཛུབ། གཉིས་པ་ན་ཞགས་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་ བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །རྗེ་བཙུན་མ་ནག་མོ། པདྨ་སེར་པོ་དང་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བས་བཞུགས་པ། ན་བཟའ་སེར་པོ་མནབས་པ། རིན་པོ་ཆེའི་ཅོད་པན་ཅན། རྐང་གདུབ་ལ་སོགས་པ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་མ་དབུ་སྐྲ་གྱེན་དུ་བརྫེས་ཤིང་སྦྲུལ་གྱིས་བརྒྱན་པ། གཡས་དང་པོ་ན་འཁོར་ལོ། གཉིས་པ་ན་རལ་གྲི། གཡོན་དང་པོ་སྐྱེ་གནས་ཀྱི་སྟེང་ན་ཞགས་པ་བསྣམས་པ། གཉིས་པ་བརྐྱང་སྟེ་སྡིགས་མཛུབ་མཛད་པའོ། །འཕགས་མ་ སྒྲོལ་མ་གཞན་འཇོམས་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བདུན་པ་རྫོགས་སོ།། །།ཕྱག་འཚལ་ཏུ་རེས་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །རྗེ་བཙུན་མ་ གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ། པདྨ་དམར་པོ་དང་ཟླ་བའི་སྟེང་ན་ཆུ་སྲིན་ལ་སྐྱིལ་མོ་ཀྲུང་ཕྱེད་པས་བཞུགས་པ། གཡས་དང་པོ་ན་ཤིང་མྱ་ངན་མེད་པའི་ཡལ་ག་བཟུང་བ། གཉིས་པ་ན་རིན་པོ་ཆེ་བསྣམས་ཤིང་མཆོག་སྩོལ་བ། གཡོན་དང་པོ་ན་པདྨ། གཉིས་པ་ ན་བུམ་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཤིང་། དབང་མཆོག་སྟེར་བར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་ བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །རྗེ་བཙུན་མ་པདྨ་རཱ་གའི་མདོག་ཅན། པདྨ་དམར་པོ་དང་ཟླ་བའི་སྟེང་ན་བཞུགས་པ། ཞལ་གཅིག་ཕྱག་བཞི་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་མ། ཕྱག་དང་པོ་གཉིས་རབ་ ཏུ་དགའ་བར་བྱེད་པའི་ཕྱག་རྒྱ་སྟེ། དང་པོའི་ཕྱག་རྒྱ་ལྟ་བུའོ། །གཡས་གཉིས་པས་གར་བྱེད་པ། གཡོན་གཉིས་པ་ཤིང་མྱ་ངན་མེད་པའི་ཡལ་ག་འཛིན་པའི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་རིན་པོ་ཆེའི་ཆར་རྒྱུན་འབེབས་པར་མཛད་པའོ། །འཕགས་མ་སྒྲོལ་མ་མཆོག་སྩོལ་ བ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་དགུ་པ་རྫོགས་སོ།། །།ཕྱག་འཚལ་རབ་ཏུ་དགའ་བས་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བས་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་རེ་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །རྗེ་བཙུན་མ་དམར་མོ་པདྨ་དམར་པོ་ཟླ་ བའི་སྟེང་ན་རོལ་པས་བཞུགས་པ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་སྤྱི་བོར་རབ་ཏུ་དགའ་བའི་ཕྱག་རྒྱ་བཅིངས་པ། གཡས་གཉིས་པ་ན་རལ་གྲིའི་ཕྱག་རྒྱ་དང་ལྡན་པ། གཡོན་གཉིས་པ་ན་ཤིང་མྱ་ངན་མེད་པའི་ཡལ་ག་བཟུང་བའོ། །འཕགས་མ་སྒྲོལ་མ་མྱ་ངན་ ཐམས་ཅད་སེལ་བར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །རྗེ་ བཙུན་མ་མུན་པའི་མདོག་ཅན་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་པདྨ་ལ་ཞབས་གཡས་བརྐྱང་པའི་རོལ་པས་བཞུགས་པ། ཞལ་གཅིག་ཕྱག་གཉིས་མ། ཕྱོགས་མཚམས་བརྒྱད་ནས་གཟའ་བརྒྱད་གཡས་ན་བསྣམས་པའི་ལྕགས་ཀྱུས་འགུགས་པ། ཕྱག་གཡོན་པས་རོལ་པའི་ ཞགས་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། ། རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །རྗེ་བཙུན་མ་འཕགས་མ་གསེར་གྱི་མདོག་ཅན། སྣ་ཚོགས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་བརྒྱད་མ། གཡས་དང་པོ་ན་རྩེ་གསུམ་པ། གཉིས་པ་ན་ལྕགས་ཀྱུ། གསུམ་པ་ན་རྡོ་རྗེ། བཞི་པ་ན་རལ་གྲི། གཡོན་དང་པོ་ན་རིན་པོ་ཆེ་ཐུགས་ཀར་བསྣམས་པ། གཉིས་པས་ལྕགས་ཀྱུ། གསུམ་པས་དབྱུ་གུ། བཞི་པས་བུམ་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་ སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། །།ཕྱག་འཚལ་བསྐལ་པའི་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །རྗེ་བཙུན་མ་དམར་མོ་ པདྨ་དམར་པོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་ལ་གཡས་བརྐྱང་བས་གནས་པ། ཞལ་གཅིག་ཕྱག་བཞི་མ། སྨིན་མ་དང་མཆུ་གྱེན་དུ་རྩོལ་བས་ལྟ་བ། གཡས་དང་པོ་ན་རལ་གྲི། གཉིས་པ་ན་མདའ། གཡོན་དང་པོ་ན་འཁོར་ལོ། ། གཉིས་པ་ན་གཞུ་བསྣམས་པའོ། །འཕགས་མ་སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། ཁྲོ་གཉེར་ཅན་མཛད་ ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །རྗེ་བཙུན་མ་སྐུ་མདོག་ནག་མོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་པདྨ་དམར་སེར་ལ་གཡས་བརྐྱང་པའི་གར་གྱིས་ཡི་དགས་མནན་ཅིང་བཞུགས་པ། ཞལ་གསུམ་ལ་སྤྱན་གསུམ་མངའ་བའི་རྩ་བའི་ཞལ་ནག་པོ། གཡས་ དཀར་བ། གཡོན་དམར་བ། ཕྱག་དྲུག་པ་ཁྲོ་གཉེར་དང་ལྡན་ཞིང་ཞལ་དང་སྨིན་མ་བསྡུས་པ་ཅན། མིའི་རྒྱུ་མ་ཞལ་དུ་གསོལ་ཞིང་མི་མགོའི་ཅོད་པན་ཅན། ཐོད་པའི་དོ་ཤལ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་མནབས་པ། སྦྲུལ་བརྒྱད་ཀྱིས་བརྒྱན་པ། ཕྱོགས་དང་མཚམས་བཞིར་མྱུ་གུ་འཛིན་པ། ཕྱག་གཡས་དང་པོ་རལ་གྲི། གཉིས་པ་ལྕགས་ཀྱུ། གསུམ་པ་དབྱུ་གུ། གཡོན་དང་པོ་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ཞགས་པ། གསུམ་པ་ན་མགོ་བོ་བསྣམས་པའོ། །འཕགས་མ་སྒྲོལ་མ་འགུགས་པའི་ ཁྲོ་མོ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་བཞི་པ་རྫོགས་སོ།། །།ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མ། །སྡིག་པ་ཆེན་མོ་འཇོམས་པ་ཉིད་མ། །རྗེ་བཙུན་མ་དཀར་མོ་ཞལ་གཅིག་ཕྱག་དྲུག་མ། པདྨ་དཀར་པོའི་སྟེང་ན་ཟླ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་དང་པོས་ཕྲེང་བ་ཐུགས་ཀར་བསྣམས་པ། གཉིས་པ་མཆོག་སྦྱིན། གསུམ་པ་དབྱུ་གུ། གཡོན་དང་པོ་ན་པདྨ། གཉིས་པ་ན་རིལ་པ་སྤྱི་བླུགས། གསུམ་པ་པོ་ཏི་བསྣམས་པའོ། །འཕགས་མ་ སྒྲོལ་མ་ཞི་བ་ཆེན་མོ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། །།ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པོའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །རྗེ་བཙུན་མ་དམར་མོ་ ཞལ་གཅིག་སྤྱན་གསུམ་མ། ཕྱག་གཉིས་མ། པདྨ་དམར་སེར་གྱི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་ཐུགས་ཀར་རྩེ་གསུམ་པ་བསྣམས་པ། གཡོན་སྙིང་པོ་དང་བཅས་པའི་ཕྱག་རྒྱ་དང་ལྡན་པའོ། །འཕགས་མ་སྒྲོལ་མ་ ཆགས་པ་འཇོམས་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །ཧཱུཾ་ཡིག་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །རྗེ་བཙུན་མ་སྐུ་མདོག་ དམར་སེར། ཞལ་གཅིག་ཕྱག་གཉིས་མ། པདྨ་དཀར་པོའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྣམས་པའོ། །འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་སྒྲུབ་པ་ཞེས་བྱ་བའི་སྒྲུབ་ ཐབས་ཀྱི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །རྗེ་བཙུན་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། པདྨ་དཀར་ པོ་དང་ཟླ་བའི་གདན་ལ་ངང་པའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་དང་པོ་གཉིས་དགའ་བའི་ཕྱག་རྒྱ་དང་ལྡན་པ། གཡས་གཉིས་པས་མཆོག་སྦྱིན་པ། གཡོན་གཉིས་པ་སྙིང་པོ་དང་བཅས་པའི་ཕྱག་རྒྱ་དང་ལྡན་པའོ། །འཕགས་མ་སྒྲོལ་མ་རྣམ་པར་ རྒྱལ་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །རྗེ་བཙུན་མ་དཀར་མོ་ཞལ་ གཅིག་ཕྱག་གཉིས་མ། པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་གྱི་ཕྲེང་བས་བརྒྱན་པ། ཕྱག་གཉིས་ཀྱི་ཐུགས་ཀར་མེའི་སྣོད་བསྣམས་པའོ། །འཕགས་མ་སྒྲོལ་མ་སྡུག་བསྔལ་ ཐམས་ཅད་བསྲེག་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་རེ་ཡིས། །ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །རྗེ་བཙུན་མ་དམར་སེར་ཞལ་གཅིག་ ཕྱག་གཉིས་མ། པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་གསེར་གྱི་མདོག་ཅན་གྱི་བུམ་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་ཉི་ཤུ་པ་ རྫོགས་སོ།། །།ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེའི་རབ་མཆོག་ཉིད་མ། །རྗེ་བཙུན་མ་དཀར་མོ་ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་པ། ཁྱུ་མཆོག་གི་སྟེང་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། སྟག་གི་པགས་པའི་ཤམ་ཐབས་མནབས་པ། གཡས་པ་ཕྲེང་བ། གཡོན་རྩེ་གསུམ་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་ཡོངས་སུ་རྫོགས་པར་བྱེད་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།འཕགས་མ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་མཉྫུ་ཤྲཱི་དང་བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པས་བསྒྱུར་ཅིང་ཞུས་ཏེ་ གཏན་ལ་ཕབ་པའོ།། ༄༅༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་ཆེ། །མི་རྟོག་གཞན་དོན་མཐར་ཕྱིན་པ། །གདུལ་བྱའི་དབང་གིས་ལྷ་མོ་ཡི། །ཚུལ་འཆང་དེ་ལ་ཕྱག་འཚལ་ནས། །ཉི་ཤུ་རྩ་གཅིག་སྒྲུབ་ ཐབས་ཀྱི། །སྤྱི་དང་སོ་སོའི་ཆ་ལ་བརྟེན། །ལས་ཀྱི་ཡན་ལག་དངོས་གྲུབ་རིམ། །མདོར་བསྡུས་བདག་གིས་བསྟན་པར་བྱ། །རྩོད་ལྡན་དུས་ཀྱི་རྣལ་འབྱོར་པས། །གཞན་གྱིས་བྱས་པ་འཇིག་པའི་ཕྱིར། །བསྒྲུབ་བྱའི་ཡུལ་གྱི་ལྷ་རྟེན་ནམ། །གདུག་ཅིང་གནག་པའི་རང་ བཞིན་ལ། །དཀྱིལ་འཁོར་ནག་པོ་མདའ་གང་ཚད། །དེ་དབུས་དྲག་པོའི་ཧོམ་ཁུང་དུ། །དུག་དང་ཁྲག་དང་ནག་པོས་བྱུགས། །དེ་ལ་སྐྱེད་ཤིང་ར་བས་བསྐོར། །དེ་ཡི་དབུས་སུ་བསྒྲུབ་བྱའི་གཟུགས། །དེ་ཉིད་ལས་བྱུང་རྫས་རྣམས་དང་། །གཞན་ཡང་དྲག་པོའི་རྫས་རྣམས་ལས། །ཉིང་ལག་བརྒྱད་པ་སྐྱེ་ མཆེད་རྫོགས། །དེ་ཡི་སྙིང་གར་ཞིང་ཆེན་ནམ། །དུར་ཁྲོད་རས་ལ་དྲག་པོ་ཡི། །རྫས་དང་སྨྱུ་གུས་འཁོར་ལོ་བྲི། །རྩིབས་བརྒྱད་གསང་སྔགས་སྤེལ་ཚིག་ཅན། །ཁ་སྦྱར་ལེགས་དྲིལ་གཞུག་པར་བྱ། །རྒྱུས་ཆེན་དག་གམ་དྲག་པོ་ཡི། །གཟུགས་ཀྱི་ཐག་པས་སྙིང་གར་དྲང་། །ལྕགས་ སམ་རྣལ་འབྱོར་གླིང་བུ་ཡི། །སྦུ་གུས་སྙིང་གར་གཏད་བྱས་ནས། །བདག་ཉིད་ལྷ་ཡི་སྦྱོར་ལྡན་པས། །སྦོད་དང་སྦོད་བྱེད་རྟེན་ཕྲལ་ནས། །སྔར་གྱི་གཟུགས་ལ་ལེགས་པར་གཞུག །དེ་ཡི་སྟེང་དུ་ལ་གསུམ་དང་། །ལུང་གསུམ་ས་དང་ཆུས་སྦྲུས་པའི། །མཆོད་རྟེན་ནག་པོ་ ཁྲུ་གང་ཚད། །ཁྲི་འཕང་བཞི་པ་བུམ་རྟེན་བཅས། །བུམ་པ་དྲག་པོའི་དབྱིབས་ཅན་དེ། །རྒོད་དང་བསྲུང་དང་རྣ་བ་ཡི། །འགུལ་དང་ཐོས་དང་བསྣམ་པ་ཡི། །སྡུད་བྱེད་རྣམས་ནི་གོ་རིམས་བཞིན། །ངོས་གསུམ་པོ་ལ་བྱུག་བྱས་པའི། །བུམ་པ་ཕྱོགས་སྐྱོང་སྙིང་པོར་བཅས། ། གདུགས་ལ་ཡི་གེ་བཅུ་པ་ནི། །སྤེལ་ཚིག་དང་བཅས་ཀྱིས་བརྒྱན་པ། །ཇི་སྲིད་མ་ཐོབ་རབ་ཏུ་མནན། །སྤྱི་དང་ཁྱད་པར་ལྷ་རྣམས་ལ། །མཆོད་དང་བསྟན་པ་སྐྱོང་བ་ལ། །གཏོར་མ་མཉེས་བྱས་བདེན་ཚིག་ཅན། །ལྷ་ཡི་སྦྱོར་བ་རྒྱུན་མི་བཅད། །དགུག་དང་གཞུག་དང་བསྟིམ་ སོགས་ཀྱི། །སྦྱོར་བ་རབ་ཏུ་བརྩམ་བྱས་ནས། །མེ་ཏོག་ལ་ནི་རྡོ་ཆར་བཞིན། །ཅིག་ཤོས་མྱུར་དུ་ཕམ་འགྱུར་ཏེ། །ཕ་རོལ་ནུས་པ་ཆེ་ན་རུང་། །ནང་གི་མཚན་མ་རྙེད་གྱུར་ནས། །སྔ་མའི་གཟུགས་དེ་བསྲེག་བྱས་ལ། །བདག་བཅས་སར་གཞུག་དེ་ཡི་སྟེང་། །ཙཻ་ཏྱེ་ནག་པོས་མནན་ པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱཏྨ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་གྲྀཧྞ་གྲྀཧྞ་བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། དྷ་ར་དྷ་ར། བི་དྷྭ་ན་ས་ཡ་བི་དྷྭ་ན་ས་ཡ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་མ་ཧཱ་པཉྩ་ཡཀྵ། སྟམྦྷ་སྟམྦྷ་ཐཾ་ཧྲི་བཾ་རིལ་མཱ་ར་ཡ་ཕཊ་ཀུ་རུ་ཀུལླེ་བྷྱོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཕྱིར་ཟློག་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་དང་པོ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཡམས་སོགས་འཇིག་རྟེན་མ་རུངས་རྣམས། །རབ་ཏུ་ཞི་བར་བྱ་བའི་ཕྱིར། །དཀར་པོའི་ཕྱོགས་ཀྱི་ཟླ་བ་ལ། །ཁྲུ་དོ་ཁོར་ཡུག་མཎྜལ་ཏེ། །པདྨ་འདབ་བརྒྱད་དབུས་སུ་ནི། །འོད་དཔག་མེད་དང་འཕགས་མ་སྟེ། །ཕྱོགས་བཞིར་རིགས་བཞི་མཚམས་བཞི་ལ། །ཡུམ་བཞིའི་མཚན་ མ་དགོད་པར་བྱ། །དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་དགོད། །གྲྭ་བཞིར་མདའ་བཞི་མེ་ལོང་བཞི། །རལ་གྲི་བཞི་དང་རྨ་བྱ་བཞི། །ཚོན་སྐུད་ལྔ་ཡིས་དཀྲི་བར་བྱ། །བཀྲ་ཤིས་ཤིང་ངམ་ཟངས་མ་ལས། །བྱས་པའི་ཕུར་པ་ཕྱོགས་བཞིར་གཟུགས། །གདུགས་དང་རྒྱལ་མཚན་ལ་སོགས་དང་། ། མེ་ཏོག་ཕྲེང་བ་ལ་སོགས་པའི། །མཆོད་པའི་ཁྱད་པར་རྒྱ་ཆེན་བཤམ། །དར་རམ་རས་སམ་གྲོ་ག་ལ། །བཀྲ་ཤིས་དར་དཔྱངས་བྲིས་བྱས་ནས། །དབུས་སུ་ཡི་གེ་བཅུ་པ་སྟེ། །གཡས་དང་གཡོན་དུ་རིགས་ལྔ་ཡི། །ཡབ་དང་ཡུམ་དུ་བཅས་པ་ཡི། །གཤམ་དུ་ཕྱོགས་ སྐྱོང་སྙིང་པོ་རྣམས། །གུར་གུམ་གྱིས་ནི་བྲི་བར་བྱ། །འཕགས་མ་ལ་སོགས་རྟེན་བཞུགས་ལ། །ཅི་འབྱོར་པ་ཡིས་མཆོད་པ་སྟེ། །བསྟན་སྐྱོང་རྣམས་ལ་གཏོར་མ་སྦྱིན། །དེ་ནས་དགེ་སློང་དགེ་འདུན་ནམ། །གསོ་སྦྱོང་ལྡན་པས་བསྙེན་པ་བྱ། །ཁྲི་ཕྲག་རེ་ལ་མཆོད་པ་དང་། ། གཏོར་མ་རེ་སྟེ་གསོལ་བ་གདབ། །ཆ་ལང་ལ་སོགས་སྔགས་བཀོད་ལ། །ཤིན་ཏུ་བསྒྲིམས་པས་བསྒྲགས་པར་བྱ། །དེ་ལྟར་འབུམ་ཕྲག་གཅིག་ཏུ་བྱས། །དེ་ཡང་ལྷ་ཡི་སྦྱོར་ལྡན་པས། །ཞི་བར་བྱ་བར་འདོད་པ་དང་། །ཀུན་དུ་གཙང་སྦྲར་གནས་པ་ཡིས། །ལས་ནི་འགྲུབ་པར་འགྱུར་ བ་སྟེ། །ཡམས་བདག་མོ་ལ་བསྐང་བ་ཡང་། །འདི་ལ་ཤིན་ཏུ་བསྔགས་པ་ཡིན། །དེ་ནས་དཀྱིལ་འཁོར་མཚོན་ཆ་སོགས། །ཕྱོགས་མཚམས་རྣམས་སུ་དགྲམ་བྱས་ཏེ། །མཆོད་རྟེན་སྔགས་བཅས་ནང་དུ་གཞུག །དེས་ནི་དེ་ཉིད་འགྲུབ་འགྱུར་བར། །རྗེ་བཙུན་ཉིད་ཀྱིས་གསུངས་པ་ ཡིན། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྱཱ་དྷི་པྲ་ཤ་མ་ནི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཡམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ ལོ། །ཚེ་ཡི་སྙིགས་མར་གྱུར་པ་ཡི། །མི་རྣམས་ཚེ་ནི་བསྲིང་བའི་ཕྱིར། །ཤིན་ཏུ་ཉམས་དགའི་གནས་དག་ཏུ། །ཕྱི་ནང་ཁྲུས་ནི་སྔོན་འགྲོ་བས། །རྣལ་འབྱོར་པས་ནི་འཕགས་མ་ཡི། །བསྐྱེད་པའི་རིམ་པ་རྫོགས་བྱས་ནས། །ས་བོན་ལས་བྱུང་འོད་ཟེར་གྱིས། །འཕགས་མ་ཚེ་དཔག་ མེད་སྩོལ་མ། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །དེ་བཀུག་མདུན་དུ་པད་སྡོང་ལ། །བཞུགས་བྱས་ཡན་ལག་བདུན་པ་དང་། །གསོལ་བ་བཏབ་ནས་བསྙེན་པ་བྱས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྫྙཱ་ན་དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། མ་མ་བྲཧླ་དྷ་ཡ་དེ་ཧི་དེ་ཧི་སྭཱ་ཧཱ། དེ་ནས་མར་ལ་མར་ བླུགས་བཞིན། །དེ་དང་བདག་ཉིད་ཐ་དད་མེད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི། །བདག་ཉིད་ཚེ་ཡི་དབང་ཕྱུག་མཆོག །བདག་ལ་སྩལ་ནས་རྒྱ་མཚོ་ལྟར། །ཚེ་ཡིས་རྒྱས་པར་གྱུར་བསམས་ནས། །ལན་གྲངས་བདུན་ལ་སོགས་པར་བསྟོད། །དེ་ནས་རྣམ་ཤེས་བསྐྱོད་ པའི་རྟ། །འདོད་པའི་ཕྱོགས་སུ་གྱུར་པ་ན། །ཐ་མལ་གསུམ་གཅིག་སྦྱོར་བ་ཡིས། །རིང་པོར་དྲངས་ལ་མཐར་གྱིས་བསྐྱིལ། །འགྱེད་པ་ཤིན་ཏུ་ཞི་བར་བྱ། །དེ་ཡང་མ་འཕོས་བར་དུའོ། །དེ་ལྟར་ན་ནི་ཟླ་རེ་ལ། །ཞག་རེས་ཚེ་ནི་འཕེལ་འགྱུར་ན། །དུས་མིན་འཆི་སོགས་སྨོས་ཅི་ དགོས། །རྗེ་བཙུན་འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེ་འཕེལ་བའི་ཆོ་ག་རྒྱས་པར་ཕྱེ་བ་ཞེས་བྱ་བའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་སྲོག་གཡོ་བ། །འབར་བའི་མེ་ ལ་ཆུ་རྒྱུན་བཞིན། །དེ་དག་གསད་ཕྱིར་ཀཾ་ཀ་དང་། །རྒྱལ་བའི་སྤྱན་དང་ཨ་ཀྵོ་བྷྱ། །རིན་ཆེན་སྙིང་པོ་རྩ་བ་མཆོག །གཅིག་པུར་སྐྱེས་དང་སྦྲུལ་གྱི་དུག །ཚེས་མ་ཐོག་གི་རྣམ་སྣང་ལ། །བསྐྱེད་དང་བརྒྱ་སྟོང་བཟླས་རིམ་གྱིས། །དེ་ཡི་ཁོང་དུ་གཏང་བར་བྱ། ། གནས་ལྔ་རྣམས་སུའང་གདབ་བྱ་སྟེ། །དམིགས་པ་རྩེ་གཅིག་སྦྱོར་བ་ཡིས། །ཧལ་ཡིས་འཚོ་སྒྲོ་ཡིས་བྱ་བ། །རང་བཞིན་དང་ནི་བཅོས་པ་དང་། །གྱུར་པའི་སྟོབས་དང་དྲི་བཟོད་དཀའ། །གང་ཡང་འདི་ཡིས་ཐེ་ཚོམ་མེད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ན་མཿཥ་རེ་ཥ་རེ། པི་ཥ་རེ་བི་ཥ་རེ། སརྦ་བི་ཥ་གྷ་ཊ་ནི་སྭཱ་ཧཱ། འཕགས་མ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དུག་གསད་པའི་ཆོ་གའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ལ་གང་ཞིག་རག་ལས་པ། །དེ་ཉིད་དབང་ དུ་བྱ་བའི་ཕྱིར། །གྲོ་གའམ་ནི་གོས་གཞན་ལ། །བཅུ་དྲུག་རྩིབས་ཅན་འཁོར་ལོ་བྲི། །ཕོ་དང་མོ་ཡི་སྣག་ཚ་ལ། །དཀར་པོ་གཅིག་རྒྱུག་སོགས་བསླད་པས། །དབུས་སུ་གཟུགས་དང་མིང་ཡིག་བཅས། །རྩིབས་ལ་ཡི་གེ་བཞིས་བརྟེན་པའི། །བསྒྲུབ་བྱའི་མིང་ནི་བྲི་བར་བྱ། ། ཕྱི་རོལ་ཨོཾ་ཡིག་གསུམ་གྱི་དབུས། །སྲད་བུ་དམར་བཅིངས་སྤྲ་ཚིལ་གྱིས། །གཟུགས་བརྙན་སྙིང་གར་བཅུག་བྱས་ལ། །སེང་ལྡེང་མེ་ལ་དུས་གསུམ་བསྲོ། །ཕོ་དང་མོ་ཡི་བྱེ་བྲག་གིས། །རྐང་པའམ་ནི་མཇུག་སྒོ་རུ། །ཟངས་མའི་ཐུར་མས་བྲུ་བར་བྱ། །ས་བོན་འོད་ཀྱིས་དྲང་ བ་ནི། །བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་དབུས། །སྐྲ་གཡེངས་གཅེར་བུའི་སྙིང་གར་རམ། །མགྲིན་དང་མཚན་མར་ལྕགས་ཀྱུའམ། །ཞགས་པ་ལྟ་བུར་རབ་དྲངས་ནས། །རླུང་གི་ཤུགས་ལྡན་སྔགས་ཀྱི་མཐུས། །རྐང་པའི་དྲུང་དུ་ལྷགས་བྱས་ནས། །ཅི་དང་ཅི་བགྱི་ཞེས་བརྗོད་ བརྟག །ཆུ་དང་རྡུལ་ཁྲོད་ལས་བྱུང་སྦྱར། །དུས་གསུམ་དག་ཏུ་བསྟེན་བྱ་ཞིང་། །དེ་ཉིད་རྡོ་རྗེའི་ཆུས་སྦངས་ལ། །དེ་ལ་སྦྱིན་པར་བྱ་བ་ཡིན། །དེ་ཉིད་དང་ནི་སྐྱེ་ཚེ་དག །མིང་དང་བཅས་པར་སྦྱིན་སྲེག་བྱ། །ཡང་ན་རྡུལ་ཁྲོད་ཉིད་ཀྱིའོ། །རྡོ་རྗེ་བསྐྱོད་དང་བདེ་བཅས་དང་། །མཐར་ ཕྱིན་པ་དང་བྱང་ཆུབ་སེམས། །རྒྱུ་བཞིན་རྔུབ་པའི་སྦྱོར་བ་ཡིས། །ལས་འདི་རབ་ཏུ་འགྲུབ་འགྱུར་ཏེ། །ཉི་མ་བདུན་གྱིས་ཕོ་དང་མོ། །བདུན་ཕྲག་གསུམ་གྱིས་སྐྱེས་བུ་ཆེ། །བདུན་ཕྲག་བདུན་གྱིས་ལྷ་མོ་སོགས། །ས་བླ་རྣམས་ཀྱང་འདོད་པ་ཡི། །མདའ་ཡིས་མྱོས་ནས་ དེ་མདུན་དུ། །རང་དབང་མེད་པར་ལྷུང་བར་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ལ་བན་ཨ་བྷ་སོ་ཨ་ཏི་ཀྵོ་སི་ཨུ་དུ་ཀྲོ་སི་བ་ཤཾ་ཀ་ར་ཨ་མུ་ཀ་སྱ་ད་ཧ་ག་ཊ་ནི། ད་ཧ་ག་ཊ་ནི། ད་ཧ་ཊ་ཙ་ནཾ་ཁ་བྱ་སི། ད་ཧ་ཨ་སྠི་ནི། ཨ་སྠི་བྷྱཾ། མཛྫ་ཀེ་ད་ཧ་ལ་བ་ཎཾ། བིནྡུ་ཏི་བ་ལ་ནཾ་པ་ཙ་ཏི་བ་ལ་ནཾ་བ་ཙ་ཏི་ ཤོ་ནི་ཏཾ། བ་ལ་ནི་དརྱ་མ་ནཱི་ཧི། ཀུ་ཏྲོ་ནཱི་ཏྲ། ཀུ་ཏྲོ་རོ་ཏྲི་ཡ། ཏཱི་བ་སི་ཏི་ཡོ་དེ་ན་ཤ་དེ་ན་དྲི་ནཾ་ཙ་ཤ་ཏན་ཏ་རེ། ནཱ་ག་རེ་ལེ་ཧ་པྲ་ཀ་རེ། གྲི་ཀྵྞ་སརྦ་ཀྲི་ཏཾ་གྒ་ཏེ་ཏུ་ད་དྲེ་པ་པས་མཱ་ན་ཧཱི། པ་ལ་ནི་བནྡྷ། པུ་ར་ས་ཏི་ཏྭཱཾ། ཨོཾ་ཙི་ཏི་ཙི་ཏི་བི་ལོ་ལི་བི་ལོ་ལི་སྭཱ་ཧཱ། ཨ་མུ་ཀཾ་སཱ་དྷ་ནཱཾ་ས་རི་བ་རཾ། མེ་བ་ས་ མ་ན་སྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། འབུམ་ཕྲག་དྲུག་གི་སྦྱོར་ལྡན་པས། །མེ་ཏོག་བདུག་པ་ལ་སོགས་པ། །གང་ལ་བྱིན་པ་དེ་དབང་འགྱུར། །བཟའ་བཏུང་གིས་ཀྱང་དེ་བཞིན་ཏེ། །མེ་ཏོག་དམར་པོའི་སྦྱིན་སྲེག་གིས། །གང་དག་འདོད་པ་དབང་དུ་བྱེད། །སྐྱེས་བུ་མཆོག་ལ་ ཡུངས་ཀར་བསྔགས། འཁར་བའི་སྣོད་དུ་སྦྲང་རྩི་མར། །སྔགས་དང་བཅས་བཙུག་དུས་གསུམ་དུ། །མཆོད་དང་བཟླས་པས་དོན་རྣམས་འགྲུབ། །ཁམ་ཕོར་དུང་ཕོར་བཅས་པ་ལ། །བརྒྱ་དང་བརྒྱད་བཟླས་མིག་ལ་བྱུགས། །གསོད་པར་འདོད་པའི་དགྲ་བོས་ཀྱང་། །བུ་སྡུག་བཞིན་དུ་ སེམས་པར་འགྱུར། །དུར་ཁྲོད་གནས་སུ་སྣོད་ཆེན་དུ། །པདྨ་དཀར་དང་ཆེན་པོའི་སྣུམ། །བརྒྱད་དང་བཅུ་བཞིར་བསྒྲུབ་བྱས་པའི། །མིག་སྨན་གྱིས་ནི་གཞན་དབང་འགྱུར། །འཕགས་མ་སྒྲོལ་མ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དབང་དུ་བྱེད་པའི་ཆོ་ག་ཞེས་བྱ་ བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ལ་གསེར་གྱི་གཡའ་བཞིན་དུ། ཐོག་མ་མེད་དུས་ནས་བསགས་པའི། །ཉེས་པའི་ཚོགས་རྣམས་སྦྱང་བའི་ཕྱིར། །རབ་ཏུ་ཤིས་པའི་དུས་ཉིད་དུ། །དམ་ཚིག་འདི་ལ་མི་བསྔགས་ པའི། །ལོངས་སྤྱོད་དག་ནི་རབ་ཏུ་སྤངས། དབེན་པའི་གནས་སུ་དཀྱིལ་འཁོར་བྱ། །རྟེན་དང་མཆོད་པ་སྣ་ཚོགས་བཤམ། །བར་ཆད་བསྲུང་ཕྱིར་བསྟན་སྐྱོང་ལ། །རབ་ཏུ་ཤེས་པའི་གཏོར་མས་མཆོད། །རྟེན་ལ་རྗེ་བཙུན་བཞུགས་བྱས་ནས། །རྫོགས་སངས་ རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཅན་གྱིས་བདག་ལ་ནི། །མི་དགེའི་ལས་རྣམས་སྦྱང་བའི་ཕྱིར། །གསོ་སྦྱོང་དམ་པ་སྩོལ་བར་མཛོད། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟ་བར། །བདག་ཀྱང་དེ་བཞིན་བསྒྲུབ་པར་བགྱི། །གསུམ་ལ་དྲུག་ཏུ་རྣལ་འབྱོར་པས། །རྡོ་རྗེ་ལྟ་བུའི་ཚུལ་གྱིས་ སུ། །སྡིག་པ་མ་ལུས་ཟད་བྱེད་པ། །བརྒྱ་དང་བརྒྱད་བཟླས་གསོལ་བ་གདབ། །གནས་གསུམ་དག་ཏུ་སྡིག་པའི་གཟུགས། །བྲིས་སམ་བསམས་ལ་བྱབ་པར་བྱ། །ཡང་ན་ཏིལ་གྱིས་སྲེག་པའམ། །དག་བྱེད་ཆུ་ཡི་སྦྱོར་བས་ཀྱང་། །དེ་ཡི་ཉེས་པ་བཀྲུ་བར་བྱ། །དེ་ལྟ་ན་ནི་མྱུར་ཉིད་དུ། ། དཀར་གྱི་མཚོ་དང་ངན་སྐྱུགས་ཟགས། །མཁའ་ལ་རྒྱུ་ཞིང་ཆུ་སྐྱེས་སྡུད། །རྩོད་ལས་རྒྱལ་བ་ལ་སོགས་པའི། །མཚན་མ་དེ་ཡིས་དགའ་བྱས་ནས། །དཔལ་ལྡན་གནས་སུ་འགྲོ་བར་འགྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་པཱ་པཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། སརྦ་བྷ་བ་ས་མུདྡྷྲོཙྪ་ཤ་ན་ཀ་རཱ་ཡ་སྭཱ་ཧཱ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྒྲིབ་པ་ ཡོངས་སུ་སྦྱོང་བའི་ཆོ་གའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྲོག་ནི་གཡོ་བ་ཡི། །མཚན་མ་བྱུང་བར་གྱུར་པ་ན། །འཆི་བདག་བདུད་ནི་གཞོམ་པའི་ཕྱིར། །འགྲོ་བ་རྣམས་ལ་སྲོག་སྦྱིན་ཞིང་། །ཕྱི་རོལ་དངོས་པོས་ བསོད་ནམས་བསགས། །བདེ་གཤེགས་མཆོད་རྟེན་མཛེས་པས་བརྒྱན། །ཕྱི་ནང་ཆོས་རྣམས་ནམ་མཁའ་ལྟར། །དམིགས་པ་མེད་པ་རབ་ཏུ་བསྒོམ། །དེས་ནི་རྐྱེན་སྐྱེས་ཞི་བར་གསུངས། །འཕེན་པའི་ནུས་པ་ཟད་པའི་ཕྱིར། །དེས་ཀྱང་རབ་ཏུ་མི་སྤོང་ན། །བདག་གི་ལུས་དང་ ལོངས་སྤྱོད་དང་། །བཤེས་རྣམས་ནམ་མཁའི་གློག་བཞིན་དུ། །འགྱུར་བའི་རང་བཞིན་ཤེས་བྱས་ནས། །ཐ་མའི་དུས་སུ་གྱུར་པ་ན། །འདོད་པའི་ལྷ་ཡི་ཏིང་འཛིན་གྱིས། །དཀར་བསིལ་ལུས་ལ་ཕན་བྱེད་པ། །རླུང་ལ་དམིགས་བྱ་གཉིས་སུ་དྲང་། །སྒོ་རྣམས་བསྡམས་ལ་རབ་ཏུ་ མནན། །ལྡོག་པའི་ཚེ་ན་བསྲིང་བར་བྱ། །སྤྱི་བོ་ཚངས་པའི་བུ་ག་སྟེ། །གནས་གསུམ་དག་ཏུ་ཡི་གེ་གསུམ། །རྟེན་དང་བརྟེན་པ་བྱང་ཆུབ་སེམས། །ཆུ་ལ་ཆུ་བཞིན་ཐ་དད་མེད། །ཐིག་ལེ་ལ་ནི་ཐིག་ལེ་བཞིན། །གྱེན་དུ་གཅིག་ལ་གཅིག་བསྡུས་ཏེ། །ཧི་ཀ་ཞེས་པའི་འབྲུ་གཉིས་པོ། ། ཉི་ཤུ་རྩ་གཅིག་བརྗོད་པར་བྱ། །གྱེན་དུ་ཕྱིན་པས་འོག་མིན་ཏེ། །ཐུར་དུ་ཕྱིན་པས་བཙོན་དོང་ངོ་། །ཡི་གེ་དང་པོས་འཕོ་བྱ་བ། །ཤིང་ལ་ཞོན་བཞིན་ཁྱབ་པ་བདག །སྙིང་གར་འདོད་ལྷའི་གཟུགས་གྱུར་ཏེ། །མནན་དང་བསྡམ་དང་སྦྱར་བཟློག་ཅིང་། །ནམ་མཁའི་མཐོངས་ཏེ་རབ་གསལ་ལ། ། ཡི་གེ་གཉིས་ཀྱིས་རབ་དྲངས་ནས། །ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་དུ། །རྫུ་འཕྲུལ་ཤུགས་ཀྱིས་ཕྱིན་པར་བྱ། །འདི་ནི་ཐུན་མོང་མ་ཡིན་པར། །སྐལ་ལྡན་རྣམས་ཀྱི་ལམ་ཡིན་ཏེ། །བླ་མེད་གསང་སྔགས་ཁྱད་པར་ཐབས། །རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས། ། དེས་ན་སྒྲུབ་ལྡན་རྣལ་འབྱོར་པས། །འདི་ལ་མ་ཡེངས་འབད་པ་ཆེ། །གོམས་པའི་ཡན་ལག་སྔོན་འགྲོ་བས། །བྱས་ན་རྫོགས་པའི་སངས་རྒྱས་འགྱུར། །འཕགས་མ་སྒྲོལ་མ་གཞན་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་གོང་དུ་འཕོ་བ་ཞེས་བྱ་བའི་ཆོ་གའི་ལེའུ་སྟེ་བདུན་པ་རྫོགས་སོ།། །། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཇི་ལྟར་དུག་ལ་དུག་སྦྱར་ཞིང་། །འཁོར་བའི་རྩ་བ་ཉོན་མོངས་ཏེ། །དེ་ལ་དེ་ཉིད་ཀྱིས་འབྱུང་བའི། །ཐབས་ཀྱི་ཆོ་ག་གང་གསུངས་པ། །བསྐྱེད་པའི་རིམ་པ་བསྟན་པ་ཡིན། །པདྨ་ཅན་ནམ་དུང་ཅན་སོགས། །རིགས་གསུམ་ལས་སྐྱེས་ ཤེས་རབ་མ། །བཅུ་གཉིས་པ་དང་བཅུ་དྲུག་པ། །ཉི་ཤུ་བཞི་ཡི་ལོ་ལོན་པ། །མིག་དཀྱུས་རིང་ཞིང་དཀར་མདངས་ལྡན། །འཇམ་མཉེན་འཁྲིལ་ལྡེམ་གཞོན་ནུའི་ཚུལ། །ལུས་ལ་ག་པུར་ངད་ལྡན་ཞིང་། །ངག་འཇམ་རྗེས་འགྲོ་ཡོན་ཏན་ཕྱུག །སྐྱབས་འགྲོ་ནས་ནི་སྨིན་པའི་བར། ། ཅི་རིགས་པ་ལ་དེ་བཀོད་ནས། །ལུས་སོགས་གསུམ་པོ་དག་བྱས་ནས། །བྱང་གི་ཕྱོགས་སུ་དེ་བསྲུངས་ནས། །གྲུ་བཞི་ལྷམ་པ་ཁྲུ་གང་ཚད། །བྱི་དོར་ལེགས་བྱས་མེ་ཏོག་དགྲམ། །བདུད་རྩི་ལྔ་དང་མཆོད་གཞན་བཅས། །རྡོ་རྗེའི་ཁྲི་སྟེང་དེ་བཞག་ནས། །བཀྲུ་ དང་བཀྲུ་བའི་ཆོ་ག་བྱ། །རིགས་ཀྱི་བདག་པོའི་རྣམ་པ་ཡིས། །ས་བོན་ལྕགས་ཀྱུའི་སྤྲོ་བསྡུ་ལས། །ཐབས་དང་ཤེས་རབ་བཀུག་བྱས་ནས། །གཉིས་པའི་ཚངས་པའི་བུ་ག་གཤེགས། །རབ་སྨིན་རྡོ་རྗེ་པདྨ་སྟེ། །དེ་བརྟག་པདྨ་སྙིང་པོ་བཙལ། །དེ་ནས་བདེ་བ་མཉམ་སྦྱོར་ཕྱིར། །པདྨའི་ཟེ་ འབྲུ་རྒྱས་པ་དང་། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཁ་སྦྱར་གཉིས་སུ་མེད་པར་བྱ། །བསྡམས་དང་ཀློད་པའི་སྦྱོར་བ་ཡིས། །གནས་ལྔར་རྣམ་ལྔས་ཁྱབ་པར་བྱ། །སྦུ་གུས་སྙིང་པོ་བཟུང་བྱས་ནས། །ཉམས་ཀྱི་སྟོབས་ཀྱིས་དྲང་བར་བྱ། །དགའ་བ་བཞི་ཡི་བདག་ཉིད་ཀྱི། །གསལ་ལ་མི་རྟོག་བདེ་ བའི་མཆོག །གཟུང་དང་འཛིན་དང་དམིགས་བྲལ་བ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །གོ་རིམས་བཞིན་དུ་ཉམས་སུ་བླངས། །མི་འབྲལ་ཅུང་ཞིག་བསྟེན་པར་བྱ། །གསལ་བའི་ཡེ་ཤེས་མ་ཟིན་ན། །རོལ་པའི་སྒྲ་ལ་སེམས་གཏད་ནས། །ཅུང་ཞིག་བསྒོམ་པར་བྱ་བ་ཡིན། །ཡང་དང་ ཡང་དུ་ཉམས་སུ་བླང་། །དེ་ལས་མི་རྟོག་ཡེ་ཤེས་སྐྱེ། །རླུང་ལ་གོམས་པའི་སྦྱོར་བ་ཡིས། །རྡོ་རྗེའི་ཆུ་ནི་འཐུང་བའམ། །ཡང་ན་ཀུནྡ་བྱང་ཆུབ་སེམས། །རང་གིས་རབ་ཏུ་གཞིབས་བྱས་ཏེ། །གསལ་བར་བྱ་བའི་ཡན་ལག་དང་། །གོམས་པར་བརྟན་པའི་རང་བཞིན་གྱིས། །བྱང་ཆུབ་ སེམས་ནི་དབབ་བྱ་ཡི། །དེ་ལས་གཞན་པས་བདེ་བ་ནི། །རབ་ཏུ་གཟུང་ཕྱིར་བསྲུང་བྱ་སྟེ། །ཇི་སྲིད་ཀུནྡ་མ་ཤོར་བ། །དེ་སྲིད་སྙོམས་འཇུག་དེ་ནས་ནི། །མདུན་བཞག་པ་ལ་དམིགས་པའམ། །ཡང་ན་ཡིད་ཀྱིས་སྤྱད་པར་བྱ། །ཤེས་རབ་མ་ཡང་ལྷག་པ་ཡི། །ལྷ་བཞིན་རབ་ཏུ་མ་ཞེན་བྱ། ། འདི་ནི་གསང་བ་བླ་མེད་ལམ། །ཐ་མལ་རྣམ་རྟོག་ལས་གྲོལ་བའི། །རྣལ་འབྱོར་པ་ཡིས་འདི་སྤྱད་པས། །གཉིས་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །སངས་རྒྱས་ཀུན་མཆོག་བདེ་བའི་མཆོག །རིང་པོར་མི་ཐོགས་ཐོབ་པར་འགྱུར། །འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཤིང་དབང་མཆོག་ སྟེར་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རྫོགས་པའི་རིམ་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐུ་གསུམ་རང་བཞིན་གཟུགས་བརྙན་གང་། །ཐམས་ཅད་སྤྲོས་དང་བྲལ་ཡིན་པས། །གང་གིས་གང་ལ་རབ་གནས་བྱས། །ཅི་ཞིག་ འདིར་ནི་མཆོད་པར་བྱ། །སྦྱིན་བདག་བསོད་ནམས་སྤེལ་བ་དང་། །སྔགས་པས་དགེ་བ་རྙེད་པའི་ཕྱིར། །རབ་གནས་བསྟན་བཅོས་ལས་བཤད་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཇི་ལྟར་སྐུ་གཟུགས་ཡོངས་རྫོགས་ནས། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ ཞིང་། །དེ་ལ་བགེགས་ཀྱང་འཇུག་པར་འགྱུར། །དེ་སྲིད་མཆོད་པར་དེ་མི་འོས། །དེ་བས་བྱིན་རླབས་བཤད་པར་བྱ། །སྐུ་གསུམ་གཟུགས་བརྙན་གང་ཡིན་པ། །བཟོ་བོས་བྱས་པ་ཡོངས་རྫོགས་ཏེ། །གཟུགས་ཀྱི་སུམ་ཆའི་ཆ་མཉམ་པའི། །སྟེགས་བུའི་སྟེང་དུ་བཞུགས་སུ་གསོལ། ། གཟའ་དང་ཉི་མ་ཟླ་སོགས་ལ། །མཆོད་དང་གཏོར་སོགས་ལེགས་བྱས་ནས། །བདག་གི་རྣལ་འབྱོར་ཡོངས་རྫོགས་པས། །བུམ་པ་ལ་ནི་བཟླས་པ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། བུམ་པ་ལ་བཟླས་པའི་སྔགས་སོ། །དྲི་མ་བཀྲུས་རྗེས་སྟོང་པར་བསམ། །བྷྲཱུཾ་ཨཱཾ་ཁཾ་ཛྲཱི་ཧཱུཾ་ རྣམས་ལས། །སྐུ་གཟུགས་རིགས་ལྔའི་རྣམ་པར་བསྐྱེད། །སྐུ་གསུམ་ཡེ་ཤེས་ཡང་དབང་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཧཱུཾ་སྭཱ་ཧཱ། སྐུ་ཕྱི་བའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཛཿཧཱུཾ་བཾ་ཧོཿ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། །ཡེ་ཤེས་པ་སྤྱན་དྲང་བའི་སྔགས་སོ། །དེ་ནས་ རབ་ཏུ་མཆོད་ནས་ནི། །གསང་སྔགས་ཟློས་ཤིང་སྤྱན་ཕྱེ་ནས། །སླར་ཡང་རབ་ཏུ་རྒྱས་པ་ཡིས། །མཆོད་ཅིང་རབ་ཏུ་གནས་པར་བྱ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ། མཆོད་པའི་སྔགས་སོ། །ཨོཾ་ཙཀྵུ་ ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ཡ་སྭཱ་ཧཱ། ཐུར་མས་སྤྱན་དབྱེ་བའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱི་བྷྲཱུཾ་ཁཾ་བཛྲཱི་བྷ་བ་དྲྀ་ཌྷོ་ཏིཥྛ་བུཾ་ཁཾ། རབ་ཏུ་གནས་པ་སྟེ་མེ་ཏོག་ལ་བཟླས་ལ་གཏོར་ཞིང་མཎྜལ་དབུལ་བའི་སྔགས་སོ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཞི་བའི་སྦྱིན་སྲེག་བྱས་ ནས་ཀྱང་། །བསོད་ནམས་འཕེལ་བར་བྱ་བའི་ཕྱིར། །ཡོན་གྱིས་བླ་མ་མཉེས་པར་བྱ། །དེ་ལྟར་རབ་ཏུ་གནས་བྱས་ན། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །སེམས་ལ་གང་ཅི་འདོད་པ་ཡི། །ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང་། །རྗེ་བཙུན་མ་འཕགས་མ་ སྒྲོལ་མ་མཆོག་སྩོལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པའི་ཆོ་གའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཆེ་དང་དངོས་གྲུབ་གཞན། །མ་སྨིན་པ་ལས་མི་འབྱུང་བས། །དེ་ཡི་ཆོ་ག་མདོར་བསྡུས་པ། ། སྣོད་དང་ལྡན་པའི་སློབ་མ་ཡིས། །མཎྜལ་དང་སྦྱོར་གཞན་དག་གིས། །མཚན་ཉིད་ལྡན་པའི་བླ་མ་ལ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །སྙིང་པོ་བྱང་ཆུབ་མ་ཐོབ་པར། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གིས་བླ་མ་མཛད་དུ་ གསོལ། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱིན་པ་དབུགས་དབྱུང་དང་། །མྱ་ངན་མ་འདས་བཟླ་བའི་ཕྱིར། །བླ་མར་ཞུ་བ་ཁྱོད་སྤྲོའམ། །དེ་ནས་མཎྜལ་སྔོན་འགྲོ་བས། །བླ་མ་སངས་རྒྱས་བྱང་ཆུབ་སེམས། །འདོད་པའི་ལྷ་ལ་ བདུན་རྣམ་དག །ལམ་ལ་གནས་པ་བྱས་ནས་སུ། །བགེགས་མཐར་བྱེད་ཀྱི་ཡང་སྙིང་ནི། །དེ་ཡིས་དེ་ལ་དབོག་པར་བྱ། །བླ་མ་ལྷ་ཡི་སྦྱོར་ལྡན་པས། །མཆོད་པ་དང་ནི་གཏོར་མ་ཡིས། །ས་ཡི་བདག་པོ་མཉེས་བྱས་ནས། །སྣང་དང་མི་སྣང་ས་བདག་ལ། །གསོལ་བ་གདབ་སོགས་ རྒྱས་པར་བྱ། །མེ་ལོང་དབྱིབས་ཅན་དཀྱིལ་འཁོར་ནི། །འདབ་མ་བཞི་ལྡན་པདྨ་སྟེ། །ཁ་དོག་གཞན་དང་འདྲ་བའོ། །སའམ་རིན་ཆེན་ལས་བྱས་པའི། །བུམ་པ་ཉེས་པས་མ་གོས་པ། །བསྲུང་བའི་ཆོ་ག་སྔོན་འགྲོ་བས། །དེ་དག་སྟེང་དུ་བཀོད་བྱས་ནས། །འབྲུ་དང་སྤོས་དང་སྙིང་པོ་སྨན། ། རིན་ཆེན་ལྔ་དང་ཨརྒྷ་དང་། །མགུལ་ཆིངས་ཁ་རྒྱན་རྫོགས་པར་བྱ། །དེ་དག་མི་དམིགས་སྟོང་པ་ལས། །གཞལ་ཡས་ཁང་དབུས་རི་རབ་སྟེང་། །དེ་དབུས་པདྨའི་གདན་ཁྲི་ལ། །དམ་ཚིག་འཁོར་ལོ་བསྐྱེད་པ་ནས། །དབང་གི་བར་དུ་རྫོགས་བྱས་ནས། །མཆོད་ཡོན་སྔོན་དུ་འགྲོ་བ་ཡི། ། མཆོད་པས་མཆོད་ནས་རྩ་བའི་སྔགས། །འབུམ་ཕྲག་གཅིག་གིས་བསྙེན་པ་བྱ། །གསང་སྔགས་ཡེ་ཤེས་ཆུ་རྒྱུན་གྱིས། །བུམ་པ་ཆོས་ཉིད་གང་བྱས་ནས། །མཆོད་དང་གཏོར་མ་ཅི་རིགས་བྱ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །མིག་ཏུ་མ་དང་ཊ་ལས་ནི། །ཉི་མ་ཟླ་བ་གསལ་ བྱས་ཏེ། །བསྙེན་པའི་འཁོར་ལོ་མཁའ་ལ་བཏེག །སྔགས་འདི་བཟླས་ཤིང་གསལ་བར་བསྒོམ། །ཨོཾ་བཛྲོ་ཏིཥྠ་ཧཱུཾ་ཕཊ། དེ་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །བདག་བསྐྱེད་ནས་ནི་བགེགས་བསྐྲད་དེ། །ཧཱུཾ་ལུས་ངག་སེམས་ལ་གནས་པའི་བགེགས། །འདིར་ཉོན་ང་ནི་དཔལ་དང་ ལྡན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །ང་ཡི་བཀའ་ཡི་དམ་ཚིག་ལས། །སུ་འདས་བརླག་འགྱུར་ཐེ་ཚོམ་མེད། །མི་དང་མི་མིན་འབྱུང་པོའི་ཚོགས། །གདོན་གྱི་རིགས་སུ་གཏོགས་པ་རྣམས། །འདི་རུ་མ་གནས་གཞན་དུ་དེང་། །བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་། ། ཁྲོ་བོའི་གོམ་སྟབས་བརྒྱད་པའི་གར། །རྐང་ལག་སྨིན་བསྐྱོད་འདེགས་པ་དང་། །ཟུར་མིག་ཉི་མའི་དབུས་གནས་དང་། །འཛུམ་བཅས་མཆེ་གཙིགས་ཕྲེང་བའི་གར། །བསྐོར་ནས་ར་བ་གུར་སོགས་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། ། ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་དུ་ནི་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །ཐིག་ལེ་བྱས་ནས་རྫས་དགྲམ་དང་། །བྱིན་རླབས་བྱས་ནས་ རབ་བསྐོར་ཏེ། །སྤོས་དྲིལ་ཐོགས་ནས་འདི་སྐད་དུ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲི། །དེང་འདིར་ཐམས་ཅད་ཀུན་གཤེགས་ཏེ། །དངོས་གྲུབ་ འདི་ནི་སྩལ་དུ་གསོལ། །སྟེགས་བུའི་སྟེང་ན་གནས་པ་ཡིས། །ཕྱོགས་བཞི་ནས་ནི་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་དངོས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་གོས་པ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཐིག་ལེ་བྱས་ནས་དཀྱིལ་འཁོར་སྟེང་། །ཡེ་ཤེས་འཁོར་ལོ་གཞུག་བྱས་ནས། ། དབང་བསྐུར་བར་གྱི་ཆོ་ག་ཡང་། །བྱས་ལ་མཆོད་པ་དབུལ་བྱས་ནས། །བྱིན་གྱིས་བརླབས་པ་ལ་སོགས་པའི། །བུམ་པའི་ཆོ་ག་རྫོགས་པར་བྱ། །ཐིག་ལེ་རེ་ལ་རེ་རེ་སྟེ། །རྫས་ལ་བསང་ཞིང་གསོལ་བ་གདབ། །ཡོལ་བས་དེ་བཅད་བདག་ཉིད་ནང་། །ཁྲུས་བྱས་སྤྱོད་ལམ་མཛེས་པ་ ཡིས། །དགའ་ཆེན་ཁྱོད་ལ་བདག་དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པས། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྐྱབས་ གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་ཚུལ་བཞིན་སྤྱོད་པ་དག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་ རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམས་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ དང་བཅས་པ་རབ་བཅོམ་སྟེ། །འཇིག་རྟེན་རྗེས་འཇུག་རྟོགས་པ་ཡིས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ཡི་མདུན་དུ་མཎྜལ་བྱ། །སློབ་མ་མི་དམིགས་སྟོང་པ་ལས། །འདོད་ལྷའི་གནས་གསུམ་ཐིག་ལེ་ བྱ། །རང་གི་གསུམ་སྤྲོས་ཕྱག་མཚན་ནོ། །སློབ་མའི་མདུན་དུ་མཎྜལ་རྟེན། །བསང་གཏོར་བྱ་ཞིང་མཆོད་པ་དབུལ། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །འཁོར་བའི་ཉེས་པ་མ་ཕོག་པར། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ལ་མཎྜལ་དབུལ་བར་བྱ། ། དེ་ཡིས་སོ་ཤིང་སོར་བརྒྱད་པ། །ཡི་གེ་བཅུ་བཟླས་དེ་ལ་སྦྱིན། །བཅད་ནས་དེ་དེར་རྟགས་ཤེས་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་ བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འགྲོ་དོན་མཉམ་མེད་བྱེད་པར་འགྱུར། །གཞན་ཡང་ཐེག་པ་ཆེན་པོ་ཡི། །ལམ་མཆོག་འདི་ནི་དཔལ་དང་ ལྡན། །ཁྱེད་རྣམས་དེར་ནི་འདོད་པར་ནུས། །ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེས་ན་བུ་ཡིས་བརྩོན་པར་གྱིས། །སྔགས་སམ་སྲུང་སྐུད་འཁོར་ལོ་ཡིས། །ཀུ་ཤའི་སྟན་ལ་བྱང་ཤར་དུ། །ཡི་གེ་དྲུག་བཟླས་ཉལ་བར་བྱ། །སྐད་ཅིག་ མ་ཡི་ཏིང་འཛིན་གྱིས། །ཆོ་ག་སྔར་བཞིན་འཁོར་ལོ་གདེག །བཟང་པོའི་དྲིས་སྦངས་ཐིག་སྐུད་ལ། །འོད་ཀྱིས་ཡེ་ཤེས་དེར་བསྟིམས་ནས། །ལྷ་མོ་མཛེས་ལྡན་སློབ་མས་དྲང་། །ཛ་ཛ་གསུམ་བརྗོད་ཐིག་སྐུད་བསྐྱུར། །དེས་ཀྱང་ལན་གསུམ་བརྗོད་ལ་བླང་། །སྙིང་པོ་ལྔ་ཡིས་ གདབ་པར་བྱ། །ཆོས་ཉིད་རྒྱས་བཏབ་ཚོན་རྩི་ལ། །ཡི་གེ་ལྔ་པོའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་གཞུག་པར་བྱ། །གཞལ་ཡས་ལྟེ་བ་སེར་པོ་ལ། །གཙོ་བོའི་ཕྱག་མཚན་དགོད་པར་བྱ། །ཟེ་འབྲུ་དམར་པོ་ལས་སྐྱེས་པའི། །སྣ་ཚོགས་པདྨ་ཕྱོགས་བཞི་དང་། །མཚམས་ བཞིར་རིགས་ཀྱི་ཡབ་ཡུམ་མོ། །མུ་ཁྱུད་དམར་ལ་རལ་གྲིའི་ཕྲེང་། །ལྷ་སྣམ་གྲུ་ཆད་སྒོ་རྣམས་ནི། །ཕྱོགས་མཚོན་དག་ཏུ་ཤེས་པར་བྱ། །སྒོ་བཞིར་སྒོ་མ་དགོད་པར་བྱ། །རྒྱན་ལ་སོགས་པ་གཞན་དང་འདྲ། །ཕྱོགས་སྐྱོང་རྣམས་དང་བཀྲ་ཤིས་ཀྱི། །རྟགས་ཀྱང་རབ་ཏུ་དགོད་ པར་བྱ། །དེ་ནས་རྡོ་རྗེ་མེ་རི་སྟེ། །ཀུན་གྱི་ཕྱི་རོལ་རྒྱ་མཚོའོ། །ལྷ་ཡི་སྦྱོར་ལྡན་བླ་མ་ཡིས། །ཡི་གེ་གཉིས་དང་བསྣོལ་མ་ལས། །གཡོ་སྡུད་སྣ་ཚོགས་རྡོ་རྗེ་སྟེ། །ལྟེ་བར་གཞལ་ཡས་རྒྱན་གྱིས་མཛེས། །དབུས་སུ་སྣ་ཚོགས་པདྨ་བསྐྱེད། །རང་ཉིད་འདོད་ ལྷའི་ཐིག་ལེ་ཅན། །ལན་གསུམ་དུ་བསྐོར་བཅུ་པ་བརྗོད། །ཏིང་ངེ་འཛིན་གྱིས་སྒོ་དབྱེ་སྟེ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ཨོཾ་བཛྲ་དྷ་རོད་བཛྲ་ས་མ་ཡ་སྭཱ་ཧཱ། སྟེང་དང་ཕྱོགས་བཞིར་ལེགས་བརྒྱན་ནས། །མཆོད་པ་ལ་སོགས་དགོད་པར་བྱ། །འདོད་ཡོན་བདུད་རྩིར་ སྐད་ཅིག་མས། །ཡེ་ཤེས་བྱིན་གྱིས་བརླབ་པར་བྱ། །དེ་ནས་སྒྲུབ་ཐབས་ལས་གསུངས་ལྟར། །བསྐྱེད་པའི་རིམ་པ་རྫོགས་བྱས་ནས། །མཆོད་པ་རྣམས་ཀྱིས་མཆོད་པར་བྱ། །བརྟན་སྐྱོང་རྣམས་ལ་གཏོར་མ་སྟེ། །ཕྱི་རོལ་འབྱུང་པོ་རྣམས་ལ་སྦྱིན། །ཆོས་རྣམས་གཟུགས་ བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག ། དེ་ནས་སྤྱོད་མཛེས་ཁྲུས་བྱས་ལ། །དེ་ལ་དེ་ཡིས་འདི་སྐད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མ་མཐོང་སྣོད་དང་མི་ལྡན་ལ། །སུ་ལའང་སྟོན་པར་མ་བྱེད་ཅིག །བདུད་རྩི་ལྔ་ལ་བྱིན་བརླབས་པས། །ཡི་གེ་གསུམ་བརྗོད་དེ་ལ་ སྦྱིན། །འདི་ནི་རྡོ་རྗེ་དམ་ཚིག་ཆུ། །སྲུངས་ཤིག་མ་བསྲུངས་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་སྟེར་བར་བྱེད། །བདུད་རྩི་འདི་ནི་མྱང་བར་གྱིས། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ། དེས་ནི་དེ་ལྟར་བྱིན་གྱིས་བརླབ། །གདོང་གཡོགས་རྡོ་རྗེ་དྲིལ་བུ་གཏད། །རྡོ་རྗེ་ནས་ གཟུང་ཧ་ཧ་ཧཱིའི། །སྔགས་བརྗོད་བསྐོར་ནས་ཡོལ་བའི་ནང་། །ཕྱག་འཚལ་ལྷ་ལ་མེ་ཏོག་གཏོར། །གང་ལ་ཕོག་པ་བལྟ་བར་བྱ། །དུད་བཏང་ཐུགས་ཀའི་ཡི་གེ་ཨ། །སྙིང་གར་གཞུག་བྱ་བདེ་བ་བསྒོམ། །རྟགས་ལྡན་བརྟན་པའི་ཡན་ལག་བྱ། །དེ་ནས་ཡུམ་ཉིད་དེའི་སྤྱི་ བོར། །སྤྱན་དྲངས་ས་བོན་ཡི་གེ་སྟེ། །དེ་ལས་ཕྱག་མཚན་བུ་གར་ཞུགས། །སྙིང་གའི་དབུས་སུ་རྗེ་བཙུན་ནོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙིཏྟ་མཎྜ་ལ་བཛྲ་ས་མ་ཡ་སྟྭཾ། སངས་རྒྱས་ཀུན་དངོས་རྗེ་བཙུན་མ། །ཁྱོད་ཀྱི་སྙིང་དུ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་གྱིས་ཤིག །ཚུལ་འདི་སྨྲ་བར་ མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ང་ནི་འཕགས་མ་སྒྲོལ་མ་སྟེ། །ང་ཡིས་བསྒོ་བའི་ལས་ཉོན་ཅིག །མ་མོས་བརྙས་པར་མ་བྱེད་ཅིག །གལ་ཏེ་ཁྱོད་ཀྱིས་སྨྲས་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་སྲེག ། རང་བཞིན་རྣམ་དག་བདག་ཉིད་ལུས། །དཔའ་བོ་དང་ནི་དཔའ་མོའི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་ལྟ་བར་གྱིས། །གདོང་གཡོགས་བཀྲོལ་ནས་དེ་བསྟན་བྱ། །བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །རྣམ་ རྒྱལ་དུ་ནི་བསྡུས་པའི་ཆུ། །དམ་ཚིག་ཡེ་ཤེས་ལས་བྱུང་བའི། །རིགས་བདག་ཆོ་ག་རྫོགས་པ་ལས། །སྔ་མའི་རང་བཞིན་བསྒྱུར་བྱས་ནས། །སློབ་མ་ལ་ནི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། དེ་ནི་མི་བསྐྱོད་པར་བྱས་ནས། །མཆོད་པ་རྣམ་ལྔ་དབུལ་བར་བྱ། ། འདི་ནི་ཆུ་ཡི་དབང་ཡིན་པར། །རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས། །ཅོད་པན་རྡོ་རྗེ་དྲིལ་བུ་དང་། །མིང་གི་དབང་སྟེ་བཞི་པོ་དང་། །གོང་མ་གསུམ་དང་སློབ་མ་ཉིད། །མི་དམིགས་པ་ལས་དེ་དག་ནི། །ཨཱཾ་དང་ཛྲཱྀཾ་དང་ཁཾ་དང་ཨཱཿ། །དེ་ལས་ཕྱག་མཚན་ཡི་གེར་བཅས། །དེ་ ལས་སངས་རྒྱས་བཞི་བདག་ཉིད། །ཆོ་གའི་ཡན་ལག་རྫོགས་པར་བྱ། །མཆོད་ནས་སྔ་མར་གྱུར་པ་ཡིས། །སློབ་མ་ལ་ནི་དབང་བ