Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 28
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
་པོས་དྲང་སྲོང་མེ་ལྷ་མཆོད། །ཐམས་ཅད་མཁྱེན་པས་མེ་ཏོག་ཕྲེང་ འཛིན་མཛད། །དངོས་སུ་ཞལ་བསྟན་བདུད་རྩིའི་ཆར་རྒྱུན་ཕབ། །ཚོང་དཔོན་ནོར་ལྡན་ཤུལ་རིངས་ལམ་དུ་ཞུགས། །འཇིགས་པའི་ཐང་ལ་མི་རྒོད་ཆོམ་རྐུན་བྱུང་། །ཡི་དམ་ལྷ་མོས་འཇིགས་མེད་བདེ་སར་བསྐྱལ། །དྲིན་ལན་མ་བརྗེད་རྟེན་ལ་མཆོད་པ་ཕུལ། །གཟུགས་ མཛེས་བུ་མོས་ཕ་རོལ་ནགས་སུ་ཕྱིན། །དུག་སྦྲུལ་གདུག་པའི་ཁ་རླངས་སྤྲིན་ལྟར་འཐིབས། །འབྲས་ལྡན་ལྗོན་པའི་ཤིང་གི་བསིལ་གྲིབ་ལ། །སྤྱི་བོར་ཕྱག་བཞག་མི་བཟད་ནད་ལས་ཐར། །སྦྱིན་པའི་འབྲས་མེད་དབུལ་ཕོངས་རྐུན་པོའི་མིས། །དཀོར་མཛོད་བླངས་པས་ བཙོན་ཁང་ར་བར་བཅུག །དད་ལྡན་སློབ་མས་ཐུགས་དམ་རྒྱུད་བསྐུལ་བས། །ཐུགས་རྗེའི་ཕྱག་གིས་ལྕགས་སྒྲོག་མདུད་པ་དཀྲོལ། །ཙནྡྲ་གོ་མི་དགེ་བསྙེན་འཕགས་པ་མཆོག །རྒྱལ་པོའི་ཆད་པས་གངྒཱའི་ཆུ་ལ་བསྐུར། །གུས་ལྡན་ཞེ་ས་བཅས་པའི་སྡེབ་སྦྱོར་གྱིས། ། འཛུམ་ཞལ་དགེ་མས་སིང་གའི་གླིང་ལ་བཞག །རྒྱལ་བརྒྱུད་ལམ་འཁྲུལ་དུར་ཁྲོད་གནས་སུ་འཁྱམས། །ལོག་འདྲེན་འབྱུང་པོའི་གདོན་གྱིས་ཟིན་གྱུར་ཚེ། །རིག་པའི་རྒྱལ་པོ་རིག་སྔགས་བཅུ་བཟླས་པས། །བར་ཆད་བདུད་ཀྱི་ཚོགས་ལས་རྒྱལ་བར་གྱུར། །སེང་གེ་གླང་ཆེན་ མེ་དང་ཆོམ་རྐུན་དང་། །དུག་སྦྲུལ་བཙོན་ཁང་ཆུ་དང་འབྱུང་པོའི་གདོན། །འདུས་བྱས་རྒྱ་མཚོ་ལས་འབྲས་འཇུག་ངོགས་ཅན། །བྱང་སེམས་ཀླུ་དབང་བདེན་གཉིས་གཙུག་གི་ནོར། །ཕ་རོལ་ཕྱིན་དྲུག་རིན་ཆེན་རྒྱན་གྱིས་སྤྲས། །ལྔ་བཅུ་ལྷུན་གྲུབ་ཕྲིན་ལས་གཟི་བརྗིད་ཅན། །འཇིགས་ བརྒྱད་སྒྲོལ་མས་གཞན་ཡང་སེམས་ཅན་གྱི། །ཕྱི་རོལ་གྲུབ་མཐའ་ངན་པ་ལོག་ལྟའི་རི། །ལུང་རིགས་རྡོ་རྗེའི་མཚོན་གྱིས་བཅོམ་ནས་ཀྱང་། །ལུས་ངག་ཡིད་གསུམ་སྐུ་གསུམ་དཀོན་མཆོག་གསུམ། །ཡང་དག་མཐའ་བྲལ་ལྟ་བ་མ་རྟོགས་ན། །ཚིག་གི་བསྙེམས་པས་དོན་ ལ་མི་རྟོགས་ཏེ། །སེམས་ཅན་གནས་ལུགས་ནམ་མཁའི་ཆོས་ཉིད་ལ། །མ་རིག་འཁྲུལ་པའི་དྲ་བ་བསལ་དུ་གསོལ། །བསོད་ནམས་ཆུང་བས་དགེ་བའི་སེམས་མེད་ཅིང་། །མི་དགེའི་མུན་བསྒྲིབས་ཡང་དག་ལམ་མ་རྙེད། །བདག་འཛིན་བདུད་ཀྱི་སྲིད་མཚོ་འདིར་འཁྱམས་ རྣམས། །བཤེས་གཉེན་ཐབས་མཁས་གྲུ་གཟིངས་དེད་དཔོན་གྱིས། །ཆུ་བཞིའི་ཕ་རོལ་ཡིད་འོང་པོ་ཏ་ལ། །བདེ་མཆོག་གནས་ཆེན་ལྷ་ཡི་ཕོ་བྲང་དུ། །འགྲོ་ཀུན་ཡན་ལག་བདུན་ལྡན་ཆོས་སྤྱོད་ཅིང་། །ཉེར་མཁོའི་ཡོ་བྱད་བཀའ་བབས་བརྒྱད་གནང་ནས། །ཕྲིན་ལས་ལྷ་མོས་ ཞལ་བཞེས་མ་བསྙེལ་བར། །བཤེས་གཉེན་ངན་པའི་བདུད་དང་མཇལ་བ་རྣམས། །དལ་འབྱོར་ཆུད་ཟོས་མི་ཚེ་སྟོང་འཛད་ཅིང་། །ཟས་ནོར་དོན་མེད་གནས་སུ་བརླག་གྱུར་པ། །ལུས་སེམས་སྡུག་བསྔལ་ཆུ་ཡི་རྦ་རླབས་ཀྱིས། །ཉོན་མོངས་འཁྲུལ་བའི་སེམས་ཅན་མ་ལུས་དང་། ། བཀའ་འབངས་ཐ་མ་བདག་ཅག་ཐམས་ཅད་ལ། །རྣམ་དག་ཐོས་བསམ་སྒོམ་གསུམ་བསྟན་དུ་གསོལ། །རྣམ་དག་ཐོས་བསམ་སྒོམ་གསུམ་བསྟན་ནས་ཀྱང་། །ཕན་བདེའི་དགེ་བ་བྱང་ཆུབ་མཆོག་ཏུ་བསྔོ། །ཁྱོད་ཀྱི་ཕྲིན་ལས་ཉི་མའི་དཀྱིལ་འཁོར་དེ། །ཆགས་སྡང་གཏི་མུག་སྤྲིན་གྱི་ གྲིབ་མ་ཡིས། །སྒྲིབ་པར་མ་གྱུར་དཔལ་ལྡན་འཕགས་པའི་སྐུ། །དགེ་ཚོགས་སྤྲིན་ཆེན་ལྷུན་པོའི་རྩེར་བཞུགས་ལ། །ས་འཛིན་སྤོ་ལ་རྟ་བདུན་རྒྱལ་པོ་ལྟར། །ལྷམ་མེ་ལྷང་ངེར་གསལ་བའི་བཀྲ་ཤིས་ཤོག །གཙང་བདག་བདེ་དང་རྟག་པ་ཉིད་ཐོབ་པ། །སྐྱེ་རྒ་ན་འཆི་མེད་པ་ ཆོས་ཀྱི་སྐུ། །བརྙེས་གྱུར་ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས། །བསམ་ཞིང་བརྗོད་པའི་ཡུལ་ལས་འདས་གྱུར་ཀྱང་། །ཆུ་ནང་ཟླ་བ་ནམ་མཁའི་འཇའ་བཞིན་དུ། །སྤྲུལ་སྐུས་འགྲོ་དོན་མཛད་པར་སྨོན་ལམ་འདེབས། །ཀླུ་སྒྲུབ་པདྨོའི་གེ་སར་ལས། །ཉི་ མ་སྦས་པ་བུང་བ་ཡིས། །ལེགས་བླངས་བདུད་རྩིའི་དགའ་སྟོན་གྱིས། །བུ་སློབ་སྦྲང་བུའི་ལུས་རྒྱས་ཤོག །ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་སཱ་དྷུ་ཀཱི་རྟི་དང་། བོད་ཀྱི་ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་ སེང་གེས་བསྒྱུར་བ་ལས་ཕྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་དག་པར་བྱས་སོ།། ༄༅༅། །རྒྱ་གར་སྐད་དུ། དེ་བཱི་ཏཱ་ར་ཀུ་བཱ་ཀྱཱ་དེ་ཤ་ནཱ་མ་སྟོ་ཏྲ། བོད་སྐད་དུ། ལྷ་མོ་སྒྲོལ་མ་ལ་སྨྲེ་སྔགས་ཀྱི་གསོལ་བ་འདེབས་པ་ཞེས་བྱ་བའི་བསྟོད་པ། རྗེ་བཙུན་ མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཕྱག་འཚལ་འཇིག་རྟེན་ཀུན་སྒྲོལ་མ། །ཕྱག་འཚལ་སྐྱབས་མེད་ཕོངས་པ་ཀུན་སྐྱོབ་མ། །ཕྱག་འཚལ་ཡང་ཡང་དྲན་པས་རྗེས་འཛིན་མ། །དེ་རིང་ད་ལྟ་མགོན་མེད་བདག་ལ་སྐྱོབ། །ཁྱོད་སྔོན་སྐྱོབ་པ་རྣམ་གཟིགས་ སྤྱན་ཆབ་ལས། །གང་འཁྲུངས་དེ་ཚེ་དེ་མ་ཐག་འདི་སྐད། །སྲིད་གནས་གང་སུ་འཇིགས་པས་འཇིགས་འགྱུར་ཡོད། །དེ་ཀུན་ངས་སྐྱབས་ཞེས་གསུངས་དམ་བཅའ་དགོངས། །མཁའ་ལྟར་ཐུགས་ཟབ་མཁའ་འདྲ་ཡི། །མདོག་འཆང་འགྲོ་ལ་རྗེས་བརྩེ་མ། །སྲིད་གནས་ འགྲོ་བ་ལག་འཛིན་པར། །ཞལ་བཞེས་སླུ་བ་མ་མཛད་ཅིག །ཁྱོད་ཉིད་རིག་འཛིན་ལྷ་ཚོགས་ནང་། །ཟག་མེད་དགའ་བདེས་རྣམ་རོལ་བགྱིད། །ཁྱོད་འབངས་བུ་ནི་མེ་ནང་བསྲེག །ཀྱེ་ཀྱེ་ཐོགས་མེད་མཁྱེན་ལྡན་གཟིགས། །བདག་རང་གིས་ནི་ནོངས་བགྱིས་ནས། །མེ་ཆུ་དགྲ་ སོགས་འཇིགས་གྱུར་པའང་། །གལ་ཏེ་ཁྱོད་སྐུ་རྗེས་དྲན་གྱུར། །སྐྱོབ་མཛད་ལགས་ན་བདག་ཅིས་མིན། །ཉིད་ཕྱག་མཆོད་སྦྱིན་བདུད་རྩི་ཡི། །རྒྱུན་འབེབས་ཡི་དགས་འབུམ་ཕྲག་ཀྱང་། །ཅིག་ཅར་ཚིམ་བགྱིད་ཁོ་བོ་མེས། །ལུས་ཞུ་ཐིག་ལེ་འབེབས་མ་ལགས། ། ཡིད་འོང་ཕྱག་མཚན་ཨུཏྤལ་རྩི། །མངར་བསིལ་གྲིབ་མ་བསིལ་ལྡན་པས། །ཅུང་ཟད་རེག་ནའང་གདུང་སེལ་མ། །གུས་ལྡན་བུ་བདག་ཉུག་མི་མཛད། །ཐུགས་རྗེས་བརྐྱང་བའི་ཞབས་གཡས་ཀྱི། །མཐོ་བོང་རྒྱུན་བཟངས་ཐུར་འབེབས་ནས། །ངན་འགྲོའི་གནས་གསུམ་ཚིམ་ མཛད་ན། །ཕོངས་པ་བདག་ཅག་གྱི་ནར་དོར། །ཏིང་འཛིན་གཡོན་བསྐུམ་སྐྱིལ་ཀྲུང་གི། །གར་གྱིས་ས་གསུམ་བདེ་མཛད་མ། །སྦྲང་བུ་མེར་བཅུག་ཁོ་བོ་ལྟ། །གར་སྟབས་རླུང་གིས་ཅིས་མི་བསྐྱོད། །འཛུམ་ཞལ་དགྱེས་མས་གང་གཟིགས་ན། །ཕག་སྡིག་གདོལ་པ་མཛེ་ཅན་ ཡང་། །ལྷ་གཟུགས་སྡུག་མཛེས་སྒྱུར་སྤྱོད་ན། །ཁོ་བོ་གཅིག་སྤྱན་ཡུལ་མ་གྱུར། །སྒེག་ལྡེམ་འགྱིང་མཛེས་གཟི་འོད་ལྡན། །ཁྱོད་སྐུ་སུས་མཐོང་དེ་དོན་འགྲུབ། །དོན་གཉེར་རྩེ་གཅིག་རྗེས་སློབ་བུ། །བདག་ལ་ཉིད་གཟུགས་སྟོན་མ་ལགས། །ཁྱོད་སྤྱན་ཨུཏྤལ་དཀྱུས་ རིང་གིས། །ཟུར་གཟིགས་འདོད་པའི་ལྷར་འདྲར་འགྱུར། །རྟག་ཏུ་ཉིད་ཀྱི་གདན་གནས་དག །ཇི་ལྟར་སྣང་ཡང་མཁྱེན་མ་ལགས། །ལྷ་སྙན་མདའ་མ་སྒྲ་ཀུན་གྱི། །རྗེས་ཞུགས་ཡུལ་དུས་ཀུན་རིག་མ། །ཁོ་བོ་ཉམ་ཐག་ང་རོས་འབོད། །འབྲུག་སྒྲ་བྲག་རི་ལྟར་གྱུར་གྱི། །སྐྱོབ་མ་ ལྷ་ཡི་ཤངས་དྲན་པས། །གངྒཱའི་བྱེ་རྒལ་དྲི་རབ་བསྲུང་། །བདག་འདིར་མེས་ཚིག་ཤ་ཚིལ་གསུར། །རྒྱ་ཆེན་ཕྱོགས་ཁྱབ་ཚོར་མ་ལགས། །ཐུབ་ཆེན་མ་གཅིག་ཟླ་བའི་ལྗགས། །བུང་བའི་མཆུ་རྩེའི་རོ་མཁྱེན་ན། །སེང་གེ་འཕྲོག་བྱེད་མཆོད་སྦྱིན་དུ། །རོ་བྲོ་བ་ལ་ལྗགས་ རྨོངས་སྲིད། །ཕྲ་རབ་རྡུལ་བརྒྱའི་རྡུལ་བྱེ་མ། །རྡོ་རྗེའི་ལུས་མངའ་རེག་མཁྱེན་མ། །སྡིག་རྒྱལ་ཁྲོས་པས་མེ་ལྷ་མཆོད། །མི་བཟད་རེག་བྱེད་ཅིས་མི་རེག །ཕྱོགས་དུས་རྣམ་ཀུན་ཐོགས་མེད་པར། །མ་ཆགས་མ་འདྲེས་ཅི་དགའ་ཡང་། །མཁྱེན་མ་དེ་རིང་སྐལ་ངན་བདག ། གནས་སྐབས་འདི་འདྲར་གྱུར་མ་དགོངས། །རང་གཞན་གཉིས་སྡིག་རང་སྤྱོད་དམ། །གཞན་སྟོབས་གཞན་དབང་གྱུར་དེ་ཡང་། །ཐབས་སྟོབས་བརྒྱ་མངའ་ཁྱོད་སྐྱབས་མཛད། །བདག་འདིར་ནོངས་པ་གང་མཆིས་གྲང་། །གཅིག་ཏུ་གཞན་ལ་ཕན་ཞུགས་པས། །མི་ནི་བརྒྱ་རྩ་ བརྒྱད་ཞུགས་བཙལ། །དེ་དབུས་ཁོ་བོ་ཁྱོད་འབངས་བསྲེག །ཀྱེ་མ་ཡུམ་གཅིག་བདག་གཡར་ཚ། །སྔོན་ལས་འབྲས་བུ་རྗེས་གཅོད་པའི། །གནས་གྱུར་དེ་དང་དེ་ལས་ཀྱང་། །ཁྱོད་ཐུགས་གསུང་དང་སྐུ་འཇིག་བགྱིད། །དེ་ལས་གཞན་བདག་ཉིད་ཅིར་དགོངས། ། ཀྱི་ཧུད་ཁྱོད་ལྷ་ཞབས་པད་དྲུང་། །བསིལ་བའི་གནས་ནས་འབར་བའི་མེས། །མེར་བརྩོན་ཇི་བཞིན་དམྱལ་མེས་འཚེད། །འདི་ཅི་སུས་ཁུར་ལགས་ཞེས་གསུང་། །དེ་བས་མགོན་མེད་མགོན་གཅིག་མ། །ཁྱོད་ཐབས་ཐུགས་རྗེ་ཐོགས་མེད་དེས། །བདག་དང་འགྲོ་བ་ཅི་དགའ་ཡང་། ། མཛད་མིན་མཛད་སྲིད་ཁྱེད་ཞུས་པས། །འོན་ཀྱང་ཁོ་བོ་འདིར་ཚིག་པས། །ལུས་ཅན་ཀུན་གྱི་ཟུག་རྔུ་དང་། །ཉོན་མོངས་སྡིག་ལས་ཚིག་གྱུར་ཅིག །ད་ནི་སུ་ལ་རེ་བར་བྱ། །ཁ་ཆེའི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ། མི་བརྒྱ་དང་བདུན་གྱིས་བསྐོར་བ་ལ་ ཙནྡན་གྱི་མེས་བསྲེགས་པའི་ཚེ། ཉིད་ཀྱི་ཡི་དམ་གྱི་ལྷ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྨྲེ་སྔགས་ཀྱི་ཚིགས་སུ་བཅད་པ་འདིས་གསོལ་བ་བཏབ་པ་དང་། སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་འཕགས་མའི་ཕྱག་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་ནས། མཚོ་ནང་གི་པདྨ་ལྟར་གྱུར་ཏོ་ ཞེས་གྲག་གོ། །པཎྜི་ཏ་ཤཱཀྱ་ཤྲཱི་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བ་རྫོགས་སོ།། ༄། །སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ་བཞུགས། ༄༅༅། །སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། ལོག་རྟོག་མ་རིག་གཉིད་སྤངས་ཤིང་། །བློ་མཆོག་ཤེས་ བྱ་ཀུན་ལ་ཁྱབ། །ཡང་དག་རྫོགས་པའི་མཆོག་བརྙེས་མ། །སྒྲོལ་མ་སངས་རྒྱས་ཁྱོད་ཕྱག་འཚལ། །བདེ་ཆེན་ཞི་བ་མྱ་ངན་འདས། །དམ་པའི་ཆོས་མཆོག་ཡི་གེ་བཅུ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །སྒྲོལ་མ་དམ་ཆོས་ཁྱོད་ཕྱག་འཚལ། །དུས་གསུམ་བདེ་གཤེགས་ ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་གསང་བ། །འདུས་པའི་ཡེ་ཤེས་མཁའ་འགྲོ་མ། །སྒྲོལ་མ་དགེ་འདུན་ཁྱོད་ཕྱག་འཚལ། །སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་ རྒྱལ་བས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱཾ་ན་ཡ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག །བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ། ། གསང་རྒྱུད་མཐའ་དག་ལས་མན་ངག་གང་བའི་དོན། བྱང་ཆུབ་ཀྱི་སེམས་འདའ་ཀ་མའི་མན་ངག་འདི་ལྟར་ལགས་ཏེ། འཆི་འཕོ་དུས་སུ་འདི་ལྟར་རོ། །ད་ལྟར་བདག་གི་ལུས་ཁྱབ་པར་གནས་པའི་སེམས་འདི་ནི་འུབས་ཀྱིས་འདུས་ནས། སྙིང་གའི་དཀྱིལ་ན་འོད་མཚོན་གང་བ་ཅིག་ གནས་སོ། །ཡི་གེ་ཤིས་པས་འོད་དུ་མི་ལྟ་སྟེ། ཧཱུཾ་ཡུངས་འབྲུ་ཙམ་ཅིག་ལྷང་ངེར་གནས་སོ། །དེ་ནས་ཚོར་བ་དང་བྲལ་དྲོད་ཤོར་ཏེ། འཇིག་རྟེན་པའི་སྤྱོད་ཡུལ་དང་བྲལ་བའོ། །དེ་ཙམ་ན་འོད་མཐིང་ག་དེ་སྙིང་གི་དཀྱིལ་ནས། བྱང་ཆུབ་ཀྱི་སེམས་ཀྱི་གསང་བའི་ལམ་གཡས་ཀྱི་སྲོག་རྩ་ དར་དཀར་གྱི་སྐུད་པ་འདྲ་བའི་ནང་ནས་ཡར་ཡེངས་ཀྱིས་བྱུང་སྟེ། སྤྱི་བོའི་གཙུག་ཏུ་བྱུང་། རིལ་གྱིས་དྲིལ་ནས། ལྷང་གིས་ཤར་ཙམ་ན། དེ་ནས་ཡར་འདོམ་གང་ཙམ་གྱིས་ཆོད་ནས་རྣམ་པར་དག་པ་ཆོས་ཀྱི་ཕོ་བྲང་། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ན། དཔལ་ཀུན་དུ་བཟང་པོ་ བཞུགས་ཏེ། རང་གིས་ཁྱབ་གདལ་བ་དང་བཞིན་ལྷང་ངེ་བར་ཏེ། སྐུ་ལ་མདུན་དང་རྒྱབ་མི་མངའ་བར། བདེ་བ་ཆེན་པོའི་ནང་དུ་ལྷང་ངེར་བཞུགས་པ་དང་། བདག་གི་སེམས་ཧཱུཾ་ངམ་ཐིག་ལེ་ཡུངས་འབྲུ་སྤྱི་བོ་ནས་ཡར་བྱུང་བ་གཉིས་ཀར་སྤྱིན་ལ་སྦྲང་བུ་ཆགས་པའམ། ཆུ་དང་འོ་མ་འདྲེས་ པའི་ཚུལ་དུ། ཀུན་དུ་བཟང་པོ་དང་གཉིས་གཅིག་ཏུ་ལྷང་ངེར་གནས་པར་གྱུར་ཏོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་ཀུན་དུ་བཟང་པོས་ཁྱབ། ཀུན་དུ་བཟང་པོས་གར་ཁྱབ་པར་བདག་གི་སེམས་ཀྱིས་ཁྱབ་སྟེ། གཟུང་འཛིན་གྱི་རྣམ་རྟོག་དང་བྲལ་ནས་ཆོས་ཀྱི་སྐུ་ཐོབ་སྟེ། སྐྱིད་པ་ཆེན་པོ་གཡུང་དྲུང་གི་གནས་སུ་ཁྱབ་གདལ་ལ་ལྷང་ངེ་བར་གནས་སོ། །དེའི་ངང་ལས་མི་འགྱུར་ལྷང་ངེར་གནས་པ་ནི། རྫོགས་པ་ཆེན་པོའི་ལྟ་བ་མུར་ཐུག་པའོ། །དེའི་ངང་ལས་ས་ལེར་གནས་པ་ནི། རྫོགས་པ་ཆེན་པོའི་བསྒོམ་པ་མཐར་ཕྱིན་པའོ། །དེའི་ངང་ལས་ཡུད་ཙམ་བར་ མི་འདའ་བ་ནི། རྫོགས་པ་ཆེན་པོའི་དམ་ཚིག་མཐར་ཕྱིན་པའོ། །དེ་ལྟ་བུའི་དོན་ལ་སེམས་རྩེ་གཅིག་ཏུ་བསྒོམ་མོ། །བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་ བའི་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་ཕོ་བྲང་བྱང་ཆུབ་འོད་ཀྱིས་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། སྲགྡྷ་ར་སཱ་དྷ་ནཾ། བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་པའི་ཐབས། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ནོར་ལྷའི་ཅོད་པན་ སྟོན་ཀའི་ཉི་འོད་འབར་བའི་ཚོགས་ཀྱིས་ཞབས་ཀྱི་རྡུལ་ལ་རེག །རྙོག་མེད་གཟིགས་པའི་ཤེས་རབ་མིག་ནི་སྙིང་རྗེའི་རླན་གྱིས་རབ་ཏུ་གང་ཞིང་ཉོན་མོངས་དྲ་བ་གཅོད། །རྨོངས་པའི་མཐུ་ཡིས་སྲིད་པའི་མཚོ་ཆེན་མི་ཟད་སྐྱེ་འཆིའི་དབའ་རྒལ་དྲག་པོས་ཀུན་ནས་གཡེངས་གྱུར་པ། ། སྐྱོབ་པའི་གཟིངས་ཆེན་དྲི་མེད་གཟུགས་མཛེས་དཔལ་གྱི་སྙིང་པོ་མེ་ཏོག་ཕྲེང་འཛིན་དེ་ལ་བདག་ཕྱག་འཚལ། །གང་ཞིག་སྤྲོས་བྲལ་མཁའ་ལྟར་དག་པའི་དབྱིངས་སུ་རོ་གཅིག་པ། །བསམ་གཏན་སྤྲིན་མེད་ཨ་སོགས་ཡི་གེས་སྙིང་གར་རབ་བརྒྱན་ཅིང་། །གུས་པའི་སྦྱོར་བས་སྣ་ ཚོགས་མཐུ་ལྡན་ཡོན་ཏན་རིན་ཆེན་གཏེར། །དྲང་སྲོང་ཚེ་འཛིན་བླ་མའི་གསུང་ལས་བདག་གིས་འདིར་བརྗོད་བྱ། །རབ་ཏུ་ཞི་ལ་དགའ་བའི་བདེན་འཛིན་ནགས་ཚལ་ལམ། །གཡེང་བའི་རྡུལ་བྲལ་ཕུག་གམ་ལྗོན་ཤིང་དུར་ཁྲོད་མཆོག །ཆུ་འགྲམ་དབེན་པའི་ས་ཕྱོགས་རང་བཞིན་ ཉམས་དགའ་བར། །ཆུ་གཙང་སྤོས་ཀྱི་ཆག་ཆག་མེ་ཏོག་དྲི་ཞིམ་གཏོར། །རྒྱལ་བའི་སྐུ་གཟུགས་དམ་ཆོས་རིན་ཆེན་བཞུགས་པ་དང་། །མེ་ཏོག་བདུག་སྤོས་སྣང་བ་དྲི་དང་ཞལ་ཟས་མཆོག །རྒྱལ་སྲས་ཡུམ་དང་དཀྱིལ་འཁོར་མཆོད་ཕྱིར་ལེགས་བཞག་བྱ། །རི་དགས་འགན་འཇི་ སྔོན་པོ་ལེགས་པར་བཏགས་གྱུར་པའི། །སྟན་ལ་འདུག་ནས་བསམ་གཏན་བདག་གིས་བསྒོམ་པར་བྱ། །ཐོག་མར་འོད་གསལ་རྟེན་འབྲེལ་བདེ་སྟོང་མི་གཡོ་བ། །གང་ཞིག་ཤར་བས་སྤྱོད་པའི་དུས་ན་ཡུལ་རྣམས་དང་། །དབང་པོའི་ཚོགས་དག་རྟོག་བྲལ་ཚུལ་གྱིས་ཀུན་དུ་ནུབ། །རྟོག་ མེད་རྟོག་བྲལ་རྡོ་རྗེའི་མཆོག་འཛིན་ཀུན་དུ་ཁྱབ། །ཇི་བཞིན་རྟོག་པའི་མཐའ་ལས་རང་སེམས་ས་བོན་མཆོག །ཟླ་འོད་དཀར་མཛེས་ཏཱཾ་ལས་ཕྱོགས་བཅུ་ནམ་མཁའི་མཐར། །ཤིན་ཏུ་རྣོ་བའི་འོད་ཟེར་ཆེན་པོས་ཁམས་གསུམ་གྱི། །མུན་པའི་ཚོགས་བཅོམ་རྒྱལ་བ་སྲས་རྣམས་ནམ་ མཁའ་ལ། །བཞུགས་པར་བལྟས་ལ་བདག་ཡིད་རྩེ་གཅིག་དྲི་མེད་ཀྱི། །གང་ཞིག་སྣ་ཚོགས་རོ་གཅིག་དབང་པོའི་གཞུ་འདྲ་བ། །ཉོན་མོངས་རྡུལ་བྲལ་ཞི་བདེ་སྤྲོས་བྲལ་བདེ་འགྲོ་ཞིང་། །ཡེ་ཤེས་རྒྱུན་འབབ་རྒྱལ་བའི་སྐུ་མཛེས་པདྨོ་ལ། །གུས་པའི་ཚུལ་གྱིས་མགྲིན་པ་སྨད་ནས་ བདག་ཕྱག་འཚལ། །ཁ་དོག་སྣ་ཚོགས་དྲི་ཞིམ་དབྱིབས་མཛེས་མེ་ཏོག་དང་། །བདུག་སྤོས་ཨ་ག་རུ་དང་སྦྲུལ་གྱི་སྙིང་པོ་དང་། །སྣོད་མཛེས་རིན་ཆེན་སྒྲོན་མ་སྣང་བ་དྲིར་བཅས་དང་། །ཆུ་གཙང་དྲི་ཞིམ་སྙིང་པོ་སྦྱོར་བ་དཔག་མེད་དང་། །མདོག་བཟང་རོ་བརྒྱ་ལྡན་པའི་ཞལ་ཟས་ མང་པོ་རྣམས། །གུས་བཅས་ཡིད་འོང་རྒྱལ་སྲས་ཁྱེད་ལ་འབུལ་ལགས་ཀྱིས། །སེམས་ཅན་ཚོགས་རྣམས་སྲིད་པའི་གདུང་བ་ཞི་བར་མཛོད། །ཨོཾ་བཛྲ་པུཥྤཾ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པཾ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུཾ། གནོད་པ་ བྱེད་རྣམས་དགེ་བའི་ཕྱོགས་ལས་ཉམས་པ་དང་། །སྡིག་པའི་གཞིར་གྱུར་བསྟེན་དུ་མི་རུང་ཇི་སྙེད་ལས། །དུག་གི་སྒྲེགས་པས་སེམས་གདུང་གྱུར་པ་བདག་སོགས་ཀྱི། །ཕྲ་རྒྱས་ཚོན་ཆེན་ཟག་པའི་ཚང་ཚིང་ཟད་པར་མཛོད། །གང་ཞིག་རྒྱལ་སྲས་ཐུབ་པའི་འོད་ཚོགས་མཛེས་པའི་ཚལ། ། འབྲས་བུ་སྨིན་པའི་ལྗིད་ཀྱི་ཟུག་རྔུ་གནོན་མཛད་ཅིང་། །སྙིང་རྗེའི་རྒྱུན་གྱིས་ཉོན་མོངས་ཐ་བ་བརླན་མཛད་པ། །དྲེགས་པའི་རྡུལ་བྲལ་སྐྱོང་བའི་མགོན་ལ་སྐྱབས་སུ་མཆི། །ཡང་དག་ལམ་བྲལ་ལྟ་བའི་དུག་གིས་མྱོས་གྱུར་ཅིང་། །ཉོན་མོངས་མཚོ་ཆེན་བརྒལ་དཀའི་ངོགས་སུ་ལྷུང་བ་ རྣམས། །ཤེས་རབ་གཟིངས་ཆེན་སྙིང་རྗེའི་གོ་ཆ་མི་འགྱུར་མཆོག །དྲི་མེད་ཡིད་འོང་ཟླ་བའི་མདངས་གསལ་ཐོབ་པར་གྱིས། །རབ་ཏུ་ཟབ་པའི་དཀའ་ཐུབ་དཔལ་གྱིས་འབར་བ་དང་། །ཉོན་མོངས་ཆགས་བྲལ་བྱམས་པ་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཡིད་བརྟན་རིམ་གྲོ་བྱེད་ པའི་བདེ་བའི་མཆོག །ཁམས་དང་དབང་པོ་ལ་སོགས་མཁའ་ལྟར་རོ་གཅིག་བདེ། །བདེ་གཤེགས་བྱེད་པ་སྒྱུ་མའི་ཡོན་ཏན་དཔག་མེད་རྣམས། །སྲིད་གསུམ་འགྲོ་བ་དབང་པོའི་དྲི་མ་སྦྱོང་བྱེད་པ། །རབ་དགའ་སེམས་ཀྱི་གྲུ་ཆེན་ནམ་མཁའི་དབྱིངས་སུ་འགྱུར། ། ཉི་ཟླའི་སྦྱོར་བས་མུན་པ་ཟད་འགྱུར་གྲོང་མཆོག་ལམ། །བདུད་རྩི་སྒྲོན་མི་ཆུ་གཏེར་ཡིད་བཞིན་རིན་པོ་ཆེ། །རྡུལ་མེད་རྡུལ་བྲལ་ཡེ་ཤེས་དབང་ཕྱུག་ཕྱག་རྒྱ་ཅན། །ཡེ་ཤེས་མཐར་སོན་སྣ་ཚོགས་ལུས་ཅན་ཀུན་སྟོན་པ། །ཏིང་འཛིན་དག་པའི་ལུས་ཅན་འཕགས་མ་ཐོབ་པར་ཤོག ། དེ་ནས་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །གདོད་ནས་སེམས་ནི་མ་སྐྱེས་རང་བཞིན་མི་འགྱུར་བ། །ངེས་དོན་བདུད་རྩི་ནམ་མཁའ་ལས་བྱུང་དག་པ་བསྟེན། །རྟོག་པ་རྒྱུན་ཆད་སེམས་ཉིད་དེ་ཉིད་གཞན་མ་ཡིན། །ཆུ་ཚོད་ཐུན་དང་དབྱུ་གུ་སྐད་ཅིག་རིམ་པ་མེད། །མི་འཇིགས་ སྒྲོ་སྐུར་མི་རྩོལ་རྒྱལ་སྲས་ཐུ་བོ་སྟེ། །གདོད་ནས་མ་སྐྱེས་ཆོས་རྣམས་བྱེད་པ་ཐིག་ལེ་ཡིན། །སྤྲོས་བྲལ་ཆོས་ཉིད་ཡང་དག་ཉིད་ནི་སྣང་བས་དབེན། །བསྐྱེད་རྫོགས་ཐེག་པའི་མཐའ་བྲལ་རྟོག་མེད་བདེ་ཆེན་པོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་སྙིང་རྗེའི་ཤུགས་ཀྱིས་ རབ་ཏུ་བསྐུལ་གྱུར་ནས། །རང་སྙིང་པཾ་ལས་སྣ་ཚོགས་པདྨ་དེ་སྟེང་ཨཱཿ། །ལྟེ་བ་ཟླ་བས་བརྒྱན་ཅིང་དབྱངས་དང་གསལ་བྱེད་ཀྱི། །ཀུན་ནས་བསྐོར་བའི་ཏཱཾ་ལས་ཕྱོགས་བཅུར་འོད་ཚོགས་འཕྲོས། །འགྲོ་བའི་དོན་བྱས་ཚུར་ལ་བསྡུས་ནས་ཏཱཾ་ལ་ཐིམ། །དེ་རྣམས་སྐད་ཅིག་ཉིད་ལ་སྒྲོལ་མའི་སྐུ་ ལྔར་གྱུར། །སྔོན་མོ་ཞལ་གཅིག་ཕྱག་བཞི་སྟག་གི་གོས་གྱོན་མ། །གྲི་གུག་ཐོད་པ་རལ་གྲི་སྡིགས་མཛུབ་ཕྱག་རྒྱ་ཅན། །སེར་མོ་ཞལ་གསུམ་ཕྱག་དྲུག་གཡས་སྔོ་གཡོན་པ་དམར། །རལ་གྲི་དགྲ་སྟ་མདའ་དང་ཞགས་པ་གཞུ་དང་དུང་། །ཞལ་གཅིག་ཕྱག་བཞི་བཙོད་ཀྱི་ཁ་དོག་སྣ་ ཚོགས་བརྒྱན། །མི་འཇིགས་མདའ་དང་གཞུ་དང་ཨུཏྤལ་དམར་པོ་བསྣམས། །སྐུ་མདོག་ལྗང་སེར་ཆོས་ཀྱི་ཕྱག་རྒྱས་ཐུགས་ཀ་རུ། །ཨུཏྤལ་སྔོ་འཛིན་ཤར་སོགས་གོ་རིམས་ཇི་བཞིན་དུ། །སྣ་ཚོགས་རྒྱན་ལྡན་ཕྱོགས་རྣམས་སྲེག་ཅིང་གསང་སྔགས་བཟླས། །རྣམ་སྣང་ལ་ སོགས་རྒྱལ་པོའི་རིགས་ཀྱིས་དབུ་བརྒྱན་པ། །ནུ་མ་རྒྱས་ཤིང་མི་འཇིགས་ཕྱག་དང་ཨུཏྤལ་འཛིན། །བརྩོན་པའི་ལུས་ལྡན་ཟླ་བའི་མདངས་ཅན་དབུས་སུ་བསམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནིཥྛི་དཱ་རུ་ཎ་པྲ་ཏི་ཧ་ཏ་ཙིཏྟཱ་ཨུཥྨ་ཧ་ན་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎ་རཀྵ་བ་ར་ཎེ་གུ་བ་ཏིཾ་བིདྡྷྱ་ས་མ་ ཧེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་ན་བྷི་པྲཛྙཱ་པྲ་སནྣ་ཏ་ཨ་བྷི་པྲཛྙཱ་པྲ་སཱ་དྷ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎ་ཧཱུཾ་ཧཱུཾ་ཧཱུཾ་མྲྀཏྱུ་དཎྜ་ཡ་མ་དྱུ་ཏ་སྭཱ་ཧཱ། དེ་ལྟར་གསང་སྔགས་བཟླས་པའི་འོད་ཀྱིས་ཕྱོགས་ཁྱབ་ཅིང་། །གཟུངས་ཀྱི་སྙིང་པོ་མཐུ་ཆེན་འདི་ཡང་བརྗོད་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུ་ཥྚཱན་པྲ་དུཥྚཱན་མ་མ་ཀྲྀ་ཏེ་ཛཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་དུཥྚཱ་སྟཾ་བྷ་ན་ཏཱ་རེ་སྭཱ་ཧཱ། མང་དུ་བཟླས་ལ་སྟོབས་བསྐྱེད་ཆོ་ ག་འདི་ལྟར་བསམ། །སྣོད་མཛེས་ནང་དུ་འབྲས་སོགས་ཁ་ཟས་བཟང་པོ་རྣམས། །མངོན་པར་བཤམས་པའི་ཆ་གཉིས་པདྨ་ཁ་བྱེ་བའི། །ཕྱག་རྒྱ་བཅིང་ཞིང་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །ལན་བདུན་བརྗོད་པས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཨོཾ་ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་བ་ཏི་མེ་ས་དཱ་སརྦ་བུདྡྷ་ཨཱ་བ་ལོ་ཀི་ཏེ། ཨི་དཾ་པ་ལིཾ་གྲྀཧྞ་གྲྀཧྞ། ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ། མ་ཧཱ་ག་ཎ་པ་ཏི་ཛཱི་ཝི་ཏཱནྟ་ཀ་རཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དཔག་མེད་ཆ་གཅིག་རིག་པའི་ལྷ་མོ་རྣམས་ལ་འབུལ། །ཆ་གཅིག་ནང་དུ་འོད་ཟེར་སྦུ་གུ་བསྐྱེད་བྱས་ཏེ། །ནག་པོ་ཆེན་པོ་ ཐ་སྐར་དབྱིག་གི་སྙིང་པོ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་གྲུལ་བུམ་ཚོགས་རྣམས་ལ། །འདོད་པའི་གསོལ་བ་བཏབ་ཅིང་གུས་པས་དབུལ་བར་བྱ། །བརྒྱད་དང་བཅུ་བཞི་བཅུ་དང་ཉི་ཤུ་གསུམ་རྣམས་ལ། །ཞི་བ་རྒྱས་པ་དབང་དང་མངོན་སྤྱོད་སྦྱིན་སྲེག་དབུལ། །དཀར་དང་སེར་དང་དམར་ དང་ནག་པོའི་ཚོགས་རྣམས་ཀྱིས། །རྩེ་ཁྲུ་གཅིག་དང་གཅིག་དང་ཕྱེད་དང་རྩེ་ཁྲུ་གཅིག །ཟླུམ་དང་གྲུ་བཞི་ཟླ་གམ་གྲུ་གསུམ་བྲི་བར་བྱ། །ཐམས་ཅད་སོར་བཞི་བསྐྱེད་ཅིང་འོད་ཕྲེང་ཕྱི་རོལ་བྲི། །འཁོར་ལོ་དཀར་དང་སྣ་ཚོགས་རྡོ་རྗེ་སེར་པོ་དང་། །པདྨ་དམར་དང་ གྲི་གུག་སྔོན་པོ་ཐབས་རྣམས་ཀྱི། །རིམ་པ་ཇི་བཞིན་ལེགས་པར་ནང་དུ་དགོད་པར་བྱ། །མར་དང་ཞོ་དང་འོ་མ་སྦྲང་རྩི་ཀ་ར་དང་། །འབྲས་ཏིལ་གྲོ་དང་ནས་སོགས་འབྲུ་ཡི་རྣམ་པ་དང་། །དཱུར་བ་ཀུ་ཤ་ལ་སོགས་ཆོ་ག་གཞན་བཞིན་བསོགས། །དེ་ལས་གཞན་པའི་སྲེག་རྫས་ཁྱད་པར་མང་ པོ་རྣམས། །ཉེ་བར་བཤམས་ལ་ཐོག་མར་དྲང་སྲོང་མེ་ལྷ་མཆོག །ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་པོ་ཚངས་སྐུད་ཅན། །དབྱུག་པ་སྤྱི་བླུགས་བགྲང་ཕྲེང་མི་འཇིགས་ཕྱག་རྒྱ་ཅན། །རལ་པའི་ཅོད་པན་དཀའ་ཐུབ་ལུས་རིང་ཟླ་བའི་སྟེང་། །མངོན་པར་བསྐྱེད་ལ་དགང་བླུགས་ བདུན་གྱིས་རབ་ཏུ་མཆོད། །ཛཿཞེས་བརྗོད་ཅིང་སེ་གོལ་གཏོགས་ལ་གཤེགས་པར་བསམ། །ཨོཾ་བཧྞི་རཱ་ཛྙཱ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་རྫས་དང་མེ་ཐབ་དྲི་ཆབ་བཟང་པོས་བསང་། །ཨོཾ་པྲོ་ཀྵཱ་ལི་བི་ཤུདྡྷེ་སྭཱ་ཧཱ། མཆོད་པའི་ཡོ་བྱད་སྙིང་པོའི་སྔགས་ཀྱིས་དབུལ་བར་བྱ། །མཉེས་པར་གྱུར་ནས་ སྨོན་ལམ་བཏབ་ཅིང་མི་སྣང་བསྒོམ། །རྡོ་རྗེ་སེམས་དཔའི་དམ་ཚིག་སེམས་ཅན་སྐྱོང་། །ཆེད་དུ་བརྗོད་ལ་ལུས་ངག་ཡིད་གསུམ་གྱི། །སྤྱོད་ལམ་ཁྱད་པར་ཅན་གྱིས་གནས་བྱ་ཞིང་། །དེ་ལས་གཞན་པའི་བསོད་ནམས་མང་པོ་བསགས། །དྲང་སྲོང་ཚེ་འཛིན་བླ་མའི་གསུང་སྙན་བདག་ ལ་བསྙད་གྱུར་པ། །བྱང་ཆུབ་མྱུ་གུའི་ཕྲེང་བས་ལུས་བརྒྱན་གཞན་དོན་འབྲུག་སྒྲ་སྒྲོགས། །སྙིང་རྗེའི་ཤུགས་ཀྱིས་བསོད་ནམས་སྤྲིན་ཆེན་གྲགས་པའི་ཆར་རྒྱུན་གྱིས། །ཉོན་མོངས་འཁྲུགས་པའི་མེ་ཆེན་རབ་ཏུ་བསིལ་བར་བྱེད་པར་ཤོག །མེ་ཏོག་ཕྲེང་འཛིན་སྒྲོལ་མའི་སྒྲུབ་ཐབས་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབ་པ་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏཱ་རཀྵི་ཏས་མཛད་པ་རྫོགས་སོ།། །།ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་བྷཱ་བ་ན། བོད་སྐད་དུ། སྟོང་ པ་ཉིད་བསྒོམ་པ། མེ་ཏོག་ཕྲེང་འཛིན་སྒྲོལ་མ་ལ་ཕྱག་འཚལ་ལོ། །གཏུམ་མོ་ཨེ་ཡི་སྦྱོར་བ་ཡིས། །ལུས་ཀྱི་བ་སྤུ་ཆེར་ལྡང་ཞིང་། །ཡང་དག་ལྟ་བ་གོམས་གྱུར་པ། །དེ་ཉིད་ཆོས་རྣམས་ཆོས་ཉིད་མཛོད། །དེ་ལྟར་སྒྲུབ་པའི་ཐབས་ལན་མང་དུ་གོམས་པར་བྱས་ལ་བསྙེན་པ་འབུམ་ཕྲག་ བཅུ་སྔོན་དུ་སོང་བའི་གང་ཟག་གིས་རིའི་ཕུག་ལ་སོགས་པ་དབེན་པའི་གནས་སུ་སྟོང་པ་ཉིད་བསྒོམ་པའི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ཡང་སྐད་ཅིག་གིས་བདག་གི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་དབྱངས་དང་གསལ་བྱེད་ཀྱི་ཡི་གེས་ཏཱཾ་ཀུ་མུ་ཏ་དཀར་པོ་ལྟ་བུ་ལ་ཀུན་ནས་བསྐོར་བ་ལས་ འོད་འཕྲོས་པས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས་ཏེ་སླར་ལོག་པ་ཏཱཾ་ལ་ཐིམ་པར་བལྟའོ། །དེ་མ་ཐག་ཏུ་བདག་ཉིད་འཕགས་མ་སྒྲོལ་མ་མེ་ཏོག་ཕྲེང་འཛིན་ཞེས་བྱ་བ་སྐུ་མདོག་དཀར་མོ་སྟོན་ཀའི་སྤྲིན་མེད་པའི་ཟླ་བ་ལྟ་བུ་ལང་ཚོ་ལ་བབ་པའི་ཆ་ལུགས་འཛིན་ པ། གཡས་མཆོག་སྦྱིན་པ་གཡོན་པ་ཨུཏྤལ་སྔོན་པོ་ཁ་དུ་མར་གྱེས་པ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྐུ་མཛེས་པར་བྱས་པ། པདྨ་དང་ཟླ་བའི་སྟེང་དུ་སྐུ་བརྩོན་པས་བཞུགས་པ་ལ་སེམས་གཏད་དེ་བསྒོམ་པར་བྱའོ། །དེ་ཉིད་འོད་ཀྱི་རྣམ་པ་ལས། །རང་རིག་རྣམ་པ་གཞན་མེད་ དེ། །གཡས་དང་གཡོན་གྱི་ལམ་གཉིས་དགག །རང་སེམས་དབུ་མའི་ལམ་དུ་གཞུག །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །བསམ་གཏན་གྱིས་ནི་ཕྱི་རོལ་དངོས་པོ་བཏང་ནས་སེམས་དེ་བརྟན་པར་ཡང་ནི་བྱེད། སྲོག་དང་རྩོལ་བས་ཉི་ཟླ་སྤངས་ནས་མུན་པ་ཅན་དུ་སྲོག་རླུང་རྒྱུ་བར་ བྱེད། འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་དབུགས་ཀྱི་འབྱུང་འཇུག་དམན་པར་ཡང་བྱས་ནས། རྗེས་དྲན་རང་གི་གཟུགས་ལས་མཁའ་ལ་རི་བོང་ཅན་བཞིན་འོད་ཟེར་ཆེན་པོ་འབྱུང་། འོད་ཀྱི་ཕུང་པོ་སྐུ་ལ་ཐིམ། །སྐུ་ཡང་པདྨ་ཟླ་བ་ལ། །དེ་ཉིད་དབྱངས་དང་གསལ་བྱེད་ལ། ། དེ་ཡང་ཡི་གེ་ཏཱཾ་ལ་བསྡུ། །ཏཱཾ་ཡང་ཐིག་ལེ་ཉིད་ལ་ཐིམ། །ཐིག་ལེ་སྟོང་པའི་ཡི་གེ་མེད། །དེ་ཉིད་སེམས་ཀྱི་མཚན་ཉིད་དོ། །རང་སེམས་གདོད་ནས་མ་སྐྱེས་ཕྱིར། །རྟག་སོགས་བརྟགས་པ་ག་ལ་འཇུག །དེ་ཉིད་སྤྲོས་པས་དབེན་པའི་ཕྱིར། །ཅུང་ཟད་བསྒོམ་ཀྱང་བདག་གཞན་ གྱི། །རྟོག་པ་སྣ་ཚོགས་འགག་པར་འགྱུར། །རྒྱུན་དུ་བསྒོམས་པ་སྨོས་ཅི་དགོས། །དེ་ལྟར་དེ་བཞིན་ཉིད་ལ་བློ། །མཉམ་པར་གཞག་པའི་མཐུ་ཆེན་བགྱིས། །ཡང་དང་ཡང་དུ་གོམས་བྱས་ན། །མྱུར་དུ་བྱང་ཆུབ་རེག་པར་འགྱུར། །སྟོང་པ་ཉིད་བསྒོམ་ པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་དྲྀཥྚ་དཱུ་ཥ་ཎ། བོད་སྐད་དུ། ལོག་པར་ལྟ་བ་སུན་དབྱུང་བ། ཁྲོ་གཉེར་ཅན་གྱི་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་སྦྱོར་བ་ཡིས། །སྣ་ཚོགས་ལས་ཀྱི་རྣམ་པ་ཅན། །ཇི་ལྟར་མེ་ཡིས་བུད་ ཤིང་བཞིན། །ཁྲོ་གཉེར་ཅན་གྱི་སྦྱོར་བ་བྲི། །རེ་ཞིག་སྒྲུབ་པའི་ཐབས་ནས་བྱུང་བའི་ཆོ་ག་རྣམས་དང་བསྙེན་པ་འབུམ་ཕྲག་བཅུས་མཐུ་ཐོབ་པར་བྱས་ལ། དུར་ཁྲོད་ལ་སོགས་པའི་ཤིས་པའི་གནས་སུ་སྐད་ཅིག་གིས་ཁྲོ་གཉེར་ཅན་སྒྲོལ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་མ་ སྟག་གི་ན་བཟའ་ཅན་རུས་པའི་ཕྲེང་བ་ཅན་ཤ་ལུས་རྒྱས་པ་སྤྱན་དམར་ཞིང་གདངས་པ། གཡས་གཉིས་ན་གྲི་གུག་དང་རལ་གྲི། གཡོན་གཉིས་ཀྱིས་ཐོད་པ་དང་སྡིགས་མཛུབ་བསྒྲེང་བ། པདྨ་དང་ཉི་མའི་སྟེང་དུ་བསྒོམས་ལ། དེ་ཡི་ཐུགས་ཀའི་ཏཱཾ་ལས་འོད་འཕྲོས་པས་མ་དག་པའི་ ལས་ཅན་གྱི་སྐྱེས་བུ་ལ་ཐིམ་ཞིང་བཀུག་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནིཥྛ་དཱ་རཱུ་ཎ་པྲ་ཏི་ཧ་ཏ། ཙིཏྟཱ་ཨུཥྨཿཧཱ་ནི་སྭཱ་ཧཱ། ཞེས་པའི་གསང་སྔགས་བཟླས་ཤིང་། རྐང་གཉིས་ཀྱི་ཁྲག་དང་། རྩི་ནག་པོས་འཁོར་ལོ་རྩིབས་བཅུ་པ་བྲིས་ལ་དབུས་སུ་གཟུགས་བརྙན་དང་། རྩིབས་ དང་མུ་ཁྱུད་ལ་གསང་སྔགས་མིང་དང་བཅས་པ་བྲི་བར་བྱའོ། །དེ་ནས་ཡུངས་ཀར་གྱིས་བྲབ་ཅིང་གསང་སྔགས་བཟླས། དེའི་རྗེས་ལ་སྦྱིན་སྲེག་དང་། གཏོར་མ་དང་། མཆོད་པས་ཁྲོ་གཉེར་ཅན་ལྷ་མོ་ལ་མཆོད་ལ་ཚེར་མ་ཅན་གྱི་མེས་སྤྲ་ཚིལ་དང་འཁོར་ལོ་བསྲོས་ལ་དུག་ཧ་སི་ནག་ པོའི་ཤུན་པའམ། རྔ་མོའི་རྒྱུས་པས་དཀྲིས་པ་ས་བདག་གམ་ཀླུ་ཆེན་པོའི་གནས་སུ་བསྐྱལ་བར་བྱའོ། །སྨྱོ་དང་དབུགས་ནི་རྩེག་པ་དང་། །གྱེན་དུ་བལྟ་ཞིང་རྒྱུག་པར་བྱེད། །ལུས་པོ་སྐེམ་དང་མིག་སེར་དང་། །ལུས་ལ་ཤ་བཀྲ་མེ་དབལ་འབྱུང་། །གཞན་ཡང་མཛེ་དང་ཤུ་བ་དང་། ། འབྲུམ་བུ་བས་ལྡག་འབྱུང་འགྱུར་ཞིང་། །ཚེ་ཡི་དུས་ཀྱང་བྱེད་པར་འགྱུར། །གསང་སྔགས་སྦྱོར་བའི་ཆེ་བ་ཡིས། །གནོད་སྦྱིན་མཁའ་འགྲོ་སེམས་དཀྲུགས་ཤིང་། །ལས་ཀྱི་མྱུ་གུ་ཟད་བྱེད་པ། །ཁྲོ་གཉེར་ཅན་གྱི་སྦྱོར་བའོ། །ལྟ་བ་ངན་པ་སུན་དབྱུང་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཽ་ར་བནྡྷ་ན། བོད་སྐད་དུ། ཆོམ་རྐུན་བཅིང་བ། མྱ་ངན་མེད་པའི་སྒྲོལ་མ་ལ་ཕྱག་འཚལ་ལོ། །གླང་ཆེན་སྟག་དང་མི་རྒོད་དང་། །ཆོམ་རྐུན་འཇིགས་པ་བསྲུང་བའི་ཕྱིར། །རླུང་གི་བུམ་པས་ལུས་སྦྱོང་བ། །མྱ་ངན་མེད་པའི་སྒྲོལ་མ་མཆོད། ། དེ་ཡང་སྒྲུབ་པའི་ཐབས་ནས་ཇི་ལྟར་བཤད་པའི་ཆོ་གས་འཕགས་མའི་ཚོགས་ཡོངས་སུ་མཉེས་པར་བྱས་ལ། ནགས་ཚལ་ལམ་རི་ཁྲོད་ལ་སོགས་པ་གནས་ཁྱད་པར་ཅན་དུ་རི་དགས་ཀྱི་པགས་པའམ། འགན་འཇི་སྔོན་པོ་ལེགས་པར་བཏགས་པ་ལ་འདུག་ལ། བྱམས་པ་དང་སྙིང་རྗེ་ ཆེན་པོ་སྔོན་དུ་སོང་བས་བདག་གི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་སེར་པོ་དེ་ལས་ཕྱོགས་བཅུར་འོད་འཕྲོས་འཕགས་མ་དགྱེས་པ་དང་སེམས་ཅན་གྱི་དོན་བྱས་ལ། སླར་བསྡུས་པས་ཏཱཾ་ལ་ཐིམ་པ་དང་བདག་ཉིད་མྱ་ངན་མེད་པའི་སྒྲོལ་མ་སྐུ་མདོག་གསེར་བཙོ་ མའི་མདོག་འདྲ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་ཅོད་པན་དང་ལྡན་པ། ཞལ་གསུམ་ཕྱག་དྲུག་གཡས་སྔོ་གཡོན་དམར་བ། གཡས་པས་རལ་གྲི་དང་དགྲ་སྟ་དང་མདའ། གཡོན་པས་ཞགས་པ་དང་གཞུ་དང་དུང་འཛིན་པར་བསྒོམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎེ་རཀྵ་བ་ར་ནཾ་གུཔྟིཾ་ བིདྱཱཿཤྱཱ་མ་ཧེ་སྭཱ་ཧཱ། ཞེས་པའི་སྔགས་བཟླ་ཞིང་སྟག་པའི་ཤུན་ལྤགས་ལ་གུར་གུམ་དང་གི་ཝཾ་གིས་འཁོར་ལོ་རྩིབས་བདུན་པ་བྲིས་པ་ལ་སྙིང་པོ་གཟུངས་དང་བཅས་པ་ལྟེ་བ་ལ་སོགས་པ་ལ་ཅི་རིགས་པ་བྲིས་ལ། སྦྱིན་སྲེག་དང་གཏོར་མའི་ཆོ་གས་མཆོད་ལ། སྔགས་དང་འོད་ཟེར་གྱི་རང་བཞིན་གྱི་ འཁོར་ལོ་དྲིལ་ལ་མགྲིན་པའམ། དཔུང་པ་ལ་བཅིང་བར་བྱའོ། །དེ་ནས་འབྲོག་དགོན་པ་ལ་སོགས་པ་ཉམ་ང་བའི་གནས་སུ་སྒྲོལ་མ་གསལ་བར་བསྐྱེད་ལ་སྔོན་དུ་གོམས་པར་བྱས་པའི་རླུང་བསྲེ་ཞིང་སྙིང་པོ་དང་གཟུངས་སྔགས་བཟླ་ཞིང་བདག་གི་གྲིབ་མ་བཞིན་དུ་གཡས་སུ་འོད་ཟེར་ཅན་མྱ་ངན་ མེད་པའི་ཆ་ལུགས། ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ལ་བསྐྱོན་ནས་མི་འཇིགས་ཀྱི་སྒྲས་བརྒྱན་པ་དང་། གཡོན་ལོགས་ན་སྡིགས་མཛུབ་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པས་སྡིགས་མཛུབ། གཡོན་ཌ་མ་རུའི་སྒྲ་འབྱིན་པ། ལུས་གོས་ དང་བྲལ་བས་མི་འཇིགས་པའི་དབྱངས་སྒྲོགས་ཤིང་གཤེགས་པར་བསམ་མོ། །དེ་ནས་བག་ཚ་བའི་ཕྱོགས་སུ་ཐར་པ་དང་མེ་ཏོག་ཕྲེང་འཛིན་ལ་སོགས་པའི་བསྟོད་པ་བྱའོ། །གཅན་གཟན་ཁྲོ་བོ་མང་པོས་གང་བ་ཡིས། །ཚང་ཚིང་ནགས་སམ་ཆོམ་རྐུན་འདུ་བའི་གནས། །ལམ་མེད་ ཉམ་ངའི་གནས་སུ་བདག་ལུས་པ། །ཆོ་ག་འདི་ཉིད་ཀྱིས་ནི་ཡོངས་སུ་སྒྲོལ། །ཆོམ་རྐུན་བཅིང་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བི་དྱ་བརྡྷ་ནི། བོད་སྐད་དུ། རིག་པ་བསྐྱེད་པ། རིག་བྱེད་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ཞིག་རྨོངས་པས་ བློ་མདོངས་པ། །རིག་བྱེད་སྒྲོལ་མ་རིག་པའི་མཆོག །རྒྱལ་པོ་ཁྱིམ་བདག་མགུ་བྱེད་པ། །བླང་ཕྱིར་བདག་གིས་བྲི་བར་བྱ། །གཞན་ཡང་སྒྲོལ་མའི་རིག་པ་མཆོག་བླང་བའི་སླད་དུ་བསྙེན་པའི་གྲངས་ཚད་དུ་སོང་ཞིང་སྒྲུབ་ཐབས་ཆོ་ག་བློ་འདྲིས་པའི་རྟེན་གྱི་གང་ཟག་གིས་ བྱམས་པ་དང་སྙིང་རྗེ་སྔོན་དུ་བསྐྱེད་ལ་སྐད་ཅིག་གིས་རིག་བྱེད་སྒྲོལ་མ་སྐུ་མདོག་ཚོས་ཆེན་པོ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོ་མི་འཇིགས་པའི་ཕྱག་དང་། གཉིས་པས་མདའ་དང་། གཡོན་གྱིས་རིན་པོ་ཆེའི་གཞུ་དང་། གཡོན་གཉིས་པས་ཨུཏྤ་ལ་དམར་ པོ་འཛིན་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་དམར་པོ་བྱི་རུའི་མདོག་ལྟ་བུ་ལས། ཕྱོགས་བཅུར་འོད་འཕྲོས་ཚུར་བསྡུས་ནས་བདག་གི་ཀུན་དུ་རྨོངས་པའི་ཚོགས་ ཐམས་ཅད་ཞི་བར་བསམ་ཞིང་སེམས་གཏད་ལ་བསྒོམ་པར་བྱའོ། །དེ་ནས་སྐྱེ་བར་གྱུར་ན་གསང་སྔགས་རྒྱུན་མགལ་མེའི་འཁོར་ལོ་ལྟ་བུས་སེམས་སྦྱངས་ནས་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་པར་ནས་མཚལ་དང་གུར་གུམ་དང་གི་ཝཾ་རྣམས་སྦྱར་ལ་པདྨ་འདབ་མ་བཅུ་དྲུག་པ་གཉིས་བྲིས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཨ་ནི་བྷི་པྲཛྙཱ་སཱ་དྷ་ན། ཨ་བྷི་པྲཛྙཱ་པྲ་སཱ་དྷ་སྭཱ་ཧཱ། ཞེས་བཟླ་ཞིང་བདག་དང་འཁོར་ལོ་ཕན་ཚུན་ཐིམ་ཞིང་སྙིང་པོ་དང་གཟུངས་དགོད། འཁོར་ལོ་གཅིག་ལ་དབྱངས་དང་གསལ་བྱེད་བྲི་བར་བྱའོ། །དེ་ནས་བཅོ་ལྔའི་མཚན་ཕྱེད་ལ་ཟླ་བ་ལ་མངོན་དུ་ཕྱོགས་པས་མཆོད་པ་རྣམ་པ་ལྔ་ དང་སྦྱིན་སྲེག་དང་གཏོར་མ་རྣམས་ཕུལ་ལ། མེ་ལོང་གཡའ་ཡོངས་སུ་དག་པ་བུ་ག་མེད་པ་ལ་སིནྡྷུ་ར་དམར་པོ་མཎྜལ་ལ་གསེར་རམ་ཟངས་ཀྱི་ཐུར་མས་འཁོར་ལོ་ཇི་ལྟ་བ་བཞིན་དུ་ཕྱི་ནང་དུ་གཉིས་བྲིས་ལ་སྙིང་པོ་དང་གཟུངས་དང་། ཕྱི་མ་ལ་དབྱངས་དང་གསལ་བྱེད་བཀོད་དེ་ཅུང་ཞིག་ བཟླས་པ་བྱ་ཞིང་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ་འཁོར་ལོ་གཉིས་དྲིལ་ཏེ་མགུལ་དུ་གདགས་པར་བྱ། སིནྡྷུ་ར་ལེགས་པར་བསྡུས་ཏེ་དུག་ལང་ཀ་ཝ་ཏིའི་སྦུ་གུར་བླུགས་ལ་མཆན་ཁུང་གཡོན་པར་བཏགས་ཏེ་ཐིག་ལེ་དམར་པོ་སྐྲ་མཚམས་སུ་བྱ་ཞིང་། བསོད་སྙོམས་ཀྱི་ཕྱིར་ གྲོང་ཁྱེར་དུ་ཞུགས་ན་རྒྱལ་པོ་དང་ཁྱིམ་བདག་དད་ཅིང་འདུན་པར་འགྱུར་རོ། །སྒྲ་དང་བསྟན་བཅོས་མང་པོ་དང་། །རོལ་མོ་སྒྱུ་རྩལ་ཇི་སྙེད་དང་། །ལྷ་དང་གནོད་སྦྱིན་བུ་མོ་སོགས། །རིག་བྱེད་མཐུ་ཡིས་འདུན་པར་བྱེད། །རིག་པ་བསྐྱེད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མྲྀ་ཏྱུཥྛཱ་ཀ་བ། བོད་སྐད་དུ། འཆི་བ་བསླུ་བ། དཔལ་སྒྲོལ་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལྗང་སེར་ཆོ་ག་ཡིས། །འཆི་བདག་ཆད་པ་ཞི་མཛད་ཅིང་། །མཁའ་འགྲོ་སྲིན་པོའི་གནོད་པ་རྣམས། །སྒྲོལ་བས་སྒྲོལ་མ་མཆོག་ ཡིན་ནོ། །རེ་ཞིག་རྨི་ལྟས་དང་ལུས་ཀྱི་རྣམ་འགྱུར་ལ་སོགས་པ་འཆི་བའི་རྟགས་རྣམས་རྨིས་ཤིང་། དུས་མ་ཡིན་པར་འཆི་བའི་དུས་བྱེད་པ་རྣམས་ཀྱི་འཇིགས་པ་ཆེན་པོ་ཞི་བར་བྱ་བའི་ཕྱིར་སྙིང་པོའི་གྲངས་བགྲངས་ཤིང་མ་ཡེངས་པའི་བསམ་གཏན་མང་དུ་གོམས་པའི་རྣལ་འབྱོར་པས་ དབེན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་ཀྱི་འཇུག་པ་སྔོན་དུ་བཏང་། བྱམས་པ་དང་སྙིང་རྗེ་ཆེན་པོ་སེམས་ཅན་ལ་བསྐྱེད་པ་སྒྱུ་མ་ལྟ་བུའི་བློ་ཅུང་ཞིག་གོམས་པར་བྱས་ཏེ། སྐད་ཅིག་གིས་དཔལ་སྒྲོལ་མ་ཆེན་མོ་སྐུ་མདོག་ལྗང་སེར་རིན་པོ་ཆེ་སྣ་ཚོགས་ཀྱིས་སྐུ་ ལེགས་པར་སྤྲས་པ། ཕྱག་གཉིས་ཀྱིས་ཐུགས་ཀར་ཆོས་སྨྲ་བའི་ཕྱག་རྒྱས་ཨུཏྤལ་སྔོན་པོ་འཛིན་པ། པདྨ་དང་ཟླ་བའི་སྟེང་དུ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ལྗང་སེར་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུས་ མ་ཡིན་པར་ཚེའི་དུས་བྱེད་པའི་སེམས་ཅན་རྣམས་ཀྱི་འཆི་བདག་གི་མཐུ་མེད་པར་བྱས་ལ། ཚུར་ལ་བསྡུས་ལ་སྒྱུ་མ་ལྟ་བུའི་བློས་སྡུག་བསྔལ་གྱིས་ཉེན་པའི་སེམས་ཅན་རྣམས་ལ་དམིགས་ཤིང་སྙིང་པོའི་མཆོག་འདི་བརྗོད་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎི་ཧཱུཾ་ཧཱུཾ་ཧཱུཾ་མྲྀ་ཏྱཱུ་དཎྜ་ ཡ་མ་དཎྜ་ཡ་མཱ་དྷུ་ན་སྭཱ་ཧཱ། ཞེས་པ་བཟླས་ཤིང་། གཟུངས་དང་སྦྱིན་སྲེག་དང་གཏོར་མ་དང་མཆོད་པ་ཕུལ་ལ་བསྟོད་པ་བྱའོ། །དེའི་རྗེས་ལ་གྲོ་ག་ལ་གུར་གུམ་གྱིས་འཁོར་ལོ་རྩིབས་བདུན་པ་བྲིས་ལ་ཆེ་གེ་མོའི་སྡིག་པ་ཞི་བར་གྱུར་ཅིག་ལ་སོགས་པ་སྤེལ་ལ་སྙིང་པོ་དང་གཟུངས་ དགོད་པར་བྱའོ། །དེ་ནས་རིན་པོ་ཆེའམ་རྫ་སར་པ་ཁ་སྦྱར་རམ། རྭ་འམ་ཤིང་གི་ཟ་མ་ཏོག་གི་ནང་དུ་འཁོར་ལོ་དྲིལ་ལ་སྐུད་པ་དམར་པོས་སྣོད་ལན་མང་དུ་བཅིང་། དར་རམ་རས་དཀར་པོའི་ན་བཟས་གཡོགས་ལ་དགེ་འདུན་གྱི་སྡེ་ཆེན་པོའི་གཙུག་ལག་གི་ཤིང་ངམ། མཆོད་ རྟེན་གྱི་ཤིང་ལ་བཅིངས་ལ། དུས་ཁྱད་པར་ཅན་ལ་མཆོད་པ་ཆེན་པོས་མཆོད་ཅིང་བསྒོམ་པ་དང་སྙིང་པོ་དང་གཟུངས་དང་བསྟོད་པ་རྣམས་བརྗོད་པར་བྱའོ། །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །ཁྱེད་ཀྱི་གསང་སྔགས་རྗེས་དྲན་པས། །འཆི་བདག་གནོད་པ་ཞི་གྱུར་ནས། ། ཞབས་ཀྱི་རྡུལ་ལ་རེག་པར་ཤོག །འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ། པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་འཆི་བ་བསླུ་བ་རྫོགས་སོ།། །།ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་ཏཱ་ར་དེ་བཱི་སྟོ་ཏྲ་སརྦ་ཨརྠ་སཱ་དྷ་ན་ནཱ་མ་སྟོ་ཏྲ་རཱ་ཛ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྟོད་པའི་རྒྱལ་པོ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ལ་ཕྱག་འཚལ་ལོ། །ཟླ་བ་སྐར་མའི་ཚོགས་ལྟར་མཁའ་ལ་མཛེས། །མགོན་པོ་སེམས་དཔས་བསྐོར་ཅིང་འགྲོ་ནའང་མཛེས། །ཟླ་བ་དྲི་མེད་གདུང་བ་སེལ་བ་བཞིན། །མི་ཤེས་ཀུན་སྤངས་འགྲོ་བའི་སྡུག་བསྔལ་སེལ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང་། ། བསམ་གཏན་ཏིང་འཛིན་རྣམ་ཐར་མང་པོ་ཅན། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པ་ལ། །དཔེ་བྱད་བཟང་པོ་བརྒྱད་ཅུས་རབ་ཏུ་བརྒྱན། །སྲུང་བྱེད་གསུམ་དང་མ་འདྲེས་དྲན་གསུམ་དང་། །མི་འཇིགས་བཞི་བརྙེས་ཡོངས་སུ་དག་བཞི་མངའ། །སྟོབས་བཅུའི་རྩལ་ལྡན་ སྐྱེ་ལ་ཐུགས་རྗེ་ཆེ། །བག་ཆགས་ཀུན་བཅོམ་མི་བསྙེལ་རྣམ་ཀུན་བཅོམ། །རིགས་ལྔས་ཉོན་མོངས་ལྔ་བཅོམ་ཡེ་ཤེས་ལྔ། །སྐུ་ལྔ་མངོན་པར་བྱང་ཆུབ་རྣམ་ལྔ་བརྙེས། །ལམ་ལྔ་སྦྱོང་མཛད་སངས་རྒྱས་ལྔ་ཡི་སྐུ། །ཕུང་པོ་ལྔ་སྤངས་ཟག་ཟད་མངོན་ཤེས་ལྔ། །དུས་གསུམ་ རྒྱལ་བ་ཀུན་གྱི་སྙིང་པོ་ཁྱོད། །ཡོན་ཏན་ཀུན་གྱི་འབྱུང་གནས་རྒྱུ་ཡི་མཆོག །ཆགས་སྡང་བྲལ་ཡང་འགྲོ་བའི་དོན་གྱི་ཕྱིར། །ཆ་ལུགས་རྣམ་པ་སྣ་ཚོགས་འཛིན་པ་ཁྱོད། །སྣ་ཚོགས་ཕྲིན་ལས་སྐུ་མདོག་ལྗང་གུ་ཅན། །དབུ་ལ་འོད་དཔག་མེད་པས་རབ་ཏུ་བརྒྱན། །འཁོར་ལོས་ སྒྱུར་བའི་རྒྱལ་པོའི་ཆ་ལུགས་ཅན། །འགྲོ་བའི་དེད་དཔོན་སྒྲོལ་མ་ཁྱོད་ཀྱི་སྐུ། །མཛེས་པའི་རལ་པ་དབུ་རྒྱན་ཅོད་པན་དང་། །དར་དཔྱངས་ཟླ་ཚེས་སྣ་ཚོགས་རྡོ་རྗེས་མཛེས། །རྣ་རྒྱན་མགུལ་རྒྱན་དཔུང་རྒྱན་གདུ་བུ་དང་། །སྐ་རགས་ཞབས་གདུབ་བ་དའི་སྨད་དཀྲིས་ མཛེས། །རིན་ཆེན་ནོར་བུས་སྤྲས་པའི་དོ་ཤལ་དང་། །དཔུང་རྒྱན་སེ་མོ་དོས་ནི་ཤིན་ཏུ་བརྒྱན། །བཅོས་བུའི་རས་དང་ཁ་དོག་སྣ་ཚོགས་པའི། །དར་དང་ལྷ་ཡི་དར་ཟབ་ན་བཟའ་མནབས། །པདྨའི་རིགས་ནི་པདྨ་ལས་འཁྲུངས་ཅན། །སྣ་ཚོགས་པདྨ་མཆོག་གི་གདན་ལ་ བཞུགས། །ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་ཀྱིས། །མ་གོས་པདྨ་དམར་པོ་བཞིན་དུ་དག །དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང་། །འབྱུང་པོ་མེ་ལྷ་རླུང་ལྷ་སྲིན་པོ་དང་། །ས་བདག་སྟེང་གི་ལྷ་ཚོགས་མ་ལུས་རྣམས། །ཕྱོགས་སྐྱོང་འགྲོ་དོན་སྤྲུལ་མཛད་ཁྱོད་ཀྱི་ སྐུ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ལྷ་ཆེན་དང་། །དྲག་པོ་ཞི་བ་ཨུ་མ་ལ་སོགས་ལས། །རྒྱལ་གྱུར་ལྷ་ཡི་ལྷ་སྟེ་སྒྲོལ་མ་ཁྱོད། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཆེན་པོར་གྲགས། །ཐོད་པ་མི་འཆང་ཐུགས་རྗེའི་ཐོད་པ་ཅན། །རལ་པ་རྣམ་སྤངས་ ཤིན་ཏུ་དགའ་བས་མཛེས། །གཡང་གཞི་དང་བྲལ་མཚན་དང་དཔེ་བྱད་སྤྲས། །ཐལ་བས་མ་བསྐུས་བྱམས་པས་ཁྱབ་པའི་བདག །དབྱུ་གུ་གསུམ་སྤངས་བསླབ་པ་གསུམ་དང་ལྡན། །དུར་ཁྲོད་གནས་དེར་ཆོས་ཀྱི་དབྱིངས་སུ་རོལ། །རྐེད་ཕྲན་ཅང་ཏེའུ་ལ་སོགས་སྒྲ་སྤངས་ ནས། །གསུང་དབྱངས་ཡན་ལག་དྲུག་ཅུས་ཆོས་ཀུན་སྒྲོགས། །ཚངས་སྐུད་མི་བསྣམས་མྱ་ངན་འདས་པའི་སྐུ། །མཚན་སྤྱོད་སྤངས་ནས་དུས་གསུམ་མཉམ་པར་སྤྱོད། །ལོག་སྲེད་ལས་བྱུང་གདུང་བའི་དཀའ་ཐུབ་སྤངས། །དམ་པའི་བརྟུལ་ཞུགས་མ་ལུས་རབ་ཏུ་ལྡན། ། མཚོན་ཆ་དོར་ནས་ཤེས་རབ་མཚོན་ཆ་བསྣམས། །ཞེ་སྡང་རྣམ་སྤངས་སྒྲུབ་པའི་རྩ་རྒྱུན་གཅོད། །ཕྱོགས་འཛིན་མི་མངའ་གྲུབ་མཐའ་ཀུན་གྱི་བདག །ཆགས་པ་མི་མངའ་ཀུན་ལ་མཁའ་ལྟར་སྤྱོད། །མཐའ་སྤངས་ནམ་མཁའ་ལྟ་བུར་ཁྱོད་ཀྱི་ཐུགས། །ཤེས་བྱའི་དཀྱིལ་ འཁོར་ཐམས་ཅད་ཁྱོད་ཀྱི་སྐུ། །སྒྲ་དང་བརྗོད་པར་སྣང་བ་ཐམས་ཅད་གསུང་། །སྒྲོལ་མ་ཆོས་ཀུན་བསྡུས་པའི་སྙིང་པོ་ཅན། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་དང་། །དགུག་དང་དགར་དང་སྡེ་རེངས་བསྐྲད་པ་དང་། །ལྐུགས་དང་ཚིག་འཕྲོག་གཟུགས་སྒྱུར་བསྲུང་ལ་ སོགས། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཅན། །སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །ཐུགས་ཀྱི་དབང་ཕྱུག་འདོད་ཡོན་དབང་ཕྱུག་ལྡན། །རྫུ་འཕྲུལ་ཀུན་འགྲོ་ཡོན་ཏན་བརྒྱད་དང་ལྡན། །ཆོས་སྐུ་མཁའ་ལྟར་དབྱེར་མེད་རྟོགས་གྱུར་ཀྱང་། །གཟུགས་སྐུ་ འཇའ་ཚོན་ལྟ་བུར་འགྲོ་ལ་སྟོན། །ཇི་སྲིད་དཀྱིལ་འཁོར་ཀུན་གྱི་བདག་པོ་མཆོག །སྒྲོལ་མ་འགྲོ་བ་འཁོར་བའི་གཟེབ་ལས་གྲོལ། །གང་གིས་དྲན་ན་ངན་སོང་འཇིགས་པ་དང་། །རྒྱལ་པོ་རྐུན་པོ་མེ་ཆུས་འཇིགས་པ་དང་། །སེང་གེ་སྟག་སྦྲུལ་སྲིན་པོའི་འཇིགས་ལས་སྒྲོལ། ། འབྱུང་བ་འཁྲུགས་དང་གདོན་གྱིས་བསྐྱེད་པ་ཡིས། །སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས་དང་། །དྲང་སྲོང་མཁའ་འགྲོའི་དམོད་གྱུར་ཀུན་ལས་སྒྲོལ། །ནོར་བུ་སྔགས་དང་སྨན་སྦྱོར་འདོད་པ་བཞིན། །འགྲོ་ལ་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །མོས་པས་དྲན་པ་ རྣམས་ལ་སྩོལ་པ་ཡིན། །རྒྱལ་སྲིད་འདོད་པས་གཡུལ་ངོར་རྒྱལ་བ་དང་། །ལོངས་སྤྱོད་གྲགས་པ་འདོད་པ་དེ་དག་དང་། །བཀུར་བའི་དྲི་ངས་བྲལ་འདོད་སྤྱོད་པ་ཡིན། །གང་གིས་བསྟོད་པས་བདེ་གཤེགས་ཀུན་ལ་བསྟོད། །དུས་གསུམ་སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། ། སངས་རྒྱས་སྲས་བཅས་མ་ལུས་ཁྱོད་ཀྱི་སྐུ། །རྗེ་བཙུན་སྒྲོལ་མ་ཡོན་ཏན་ཕུང་པོ་ཅན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ལ་སོགས་དང་། །དྲག་པོ་ཞི་བ་ཨུ་མ་དཀར་ཤམ་སོགས། །སྐུལ་བྱེད་ལུ་གུ་རྒྱུད་དང་ཁྲོ་གཉེར་ཅན། །མཱ་མ་ཀཱི་དང་སྤྱན་དང་གོས་དཀར་མོ། ། འགྲོ་བ་གང་གིས་འདུལ་བ་དེ་དོན་དུ། །ཇི་ལྟར་ཁྱད་འཕགས་བརྗིད་པའི་ཆ་ལུགས་ཅན། །ཐབས་ཚུལ་རྣམ་པ་མཐའ་ཡས་སྟོན་པའི་སྐུ། །འགྲོ་བའི་སྐྱབས་མཆོག་རྗེ་བཙུན་སྒྲོལ་མ་མཆོག །སྤྱི་བོར་འོད་དཔག་མེད་བཞུགས་ཕྱག་འཚལ་ལོ། །འཇིགས་པ་བརྒྱད་ སྐྱོབ་སྒྲོལ་མའི་སྐུ་ལ་འདུད། །གྲགས་པ་མཐའ་ཡས་སྒྲོལ་མའི་སྐུ་ལ་འདུད། །འགྲོ་དོན་སྒྲུབ་པ་སྒྲོལ་མའི་སྐུ་ལ་འདུད། །སྡུག་བསྔལ་ངེས་སེལ་སྒྲོལ་མའི་སྐུ་ལ་འདུད། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མའི་སྐུ་ལ་འདུད། །མཁའ་ལྟར་མཐའ་ཡས་སྒྲོལ་མའི་སྐུ་ལ་ འདུད། །མཚན་དང་དཔེས་བརྒྱན་སྒྲོལ་མའི་སྐུ་ལ་འདུད། །ཟླ་འདྲའི་ཡན་ལག་སྒྲོལ་མའི་སྐུ་ལ་འདུད། །ཉི་མ་ལྟར་གསལ་སྒྲོལ་མའི་སྐུ་ལ་འདུད། །དུས་གསུམ་འགྱུར་མེད་སྒྲོལ་མའི་སྐུ་ལ་འདུད། །ས་ལྟར་རྟེན་གྱུར་སྒྲོལ་མའི་སྐུ་ལ་འདུད། །ཆུ་ལྟར་བསིལ་ མཛད་སྒྲོལ་མའི་སྐུ་ལ་འདུད། །མེ་ལྟར་སྨིན་མཛད་སྒྲོལ་མའི་སྐུ་ལ་འདུད། །རླུང་ལྟར་རྒྱས་མཛད་སྒྲོལ་མའི་སྐུ་ལ་འདུད། །སྨན་པའི་རྒྱལ་པོ་སྒྲོལ་མའི་སྐུ་ལ་འདུད། །སྨན་ལྟར་ནད་འཇོམས་སྒྲོལ་མའི་སྐུ་ལ་འདུད། །ཐུགས་རྗེའི་ཆུ་རྒྱུན་སྒྲོལ་མའི་སྐུ་ལ་འདུད། །འདུལ་ བའི་ཐབས་མཁས་སྒྲོལ་མའི་སྐུ་ལ་འདུད། །སྒེག་ཀྱང་ཆགས་བྲལ་སྒྲོལ་མའི་སྐུ་ལ་འདུད། །ཐར་པའི་ལམ་སྟོན་སྒྲོལ་མའི་སྐུ་ལ་འདུད། །སྟོང་ཉིད་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྒྲ། །འགྲོ་བ་མ་ལུས་པ་ལ་ངེས་སྒྲོགས་པས། །མུ་སྟེགས་རི་དགས་སྐྲག་ མཛད་སེང་གེ་ཆེ། །རྗེ་བཙུན་སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ། །མི་ཕྱེད་རྡོ་རྗེ་འཛིན་པའི་ཞགས་པ་དང་། །ཆོས་སྒྲོགས་དུང་དང་ཤེས་རབ་མདའ་འཛིན་དང་། །འདྲེན་པའི་ལྕགས་ཀྱུ་ཡིད་འོང་ཨུཏྤ་ལ། །སྙིང་རྗེ་གཞུ་དང་ལྟ་ངན་སྡིགས་མཛུབ་མཛད། །ཐུགས་ཀྱི་རྣམ་པར་ དག་པ་བརྡ་ཚུལ་དུ། །རྡོ་རྗེ་ལ་སོགས་རྟག་ཏུ་བྱིན་བརླབས་པའི། །ཕྱག་བརྒྱད་མཚན་མ་བརྒྱད་ཀྱིས་རབ་བརྒྱན་པའི། །རྗེ་བཙུན་སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྒྲོལ་མ་རིན་ཆེན་སྒྲོལ་མ་དང་། །པདྨའི་སྒྲོལ་མ་ལས་ཀྱི་སྒྲོལ་མ་དང་། །བདུག་པའི་སྒྲོལ་མ་མེ་ཏོག་ སྒྲོལ་མ་དང་། །མར་མེའི་སྒྲོལ་མ་དྲི་ཡི་སྒྲོལ་མ་དང་། །ལྕགས་ཀྱུའི་སྒྲོལ་མ་ཞགས་པའི་སྒྲོལ་མ་དང་། །ལྕགས་སྒྲོག་སྒྲོལ་མ་དྲིལ་བུའི་སྒྲོལ་མ་དང་། །བཅུ་གཉིས་འཁོར་ལོའི་ཚོགས་ཀྱིས་རབ་བསྐོར་བའི། །རྗེ་བཙུན་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་ན་པདྨ་ཁྱོད་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །དོན་ཡོད་ཞགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་རྟ་མགྲིན་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་ པ་བརྒྱད་སྐྱོབ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཆོས་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དེ་ཉིད་དོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། ། འཇིག་རྟེན་དབང་རབ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྤྱན་རྒྱས་ཁྱོད་ལ་ཕྱག་འཚལ་ལོ། །རལ་པ་གཅིག་མ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བུད་མེད་སྒྱུ་འཕྲུལ་ཁྱོད་ལ་ཕྱག་འཚལ་ལོ། །ཀུ་རུ་ ཀུ་ལླེ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་མོ་གོས་དཀར་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གང་ཞིག་སྡོམ་པ་དེ་བཟུང་ནས། །སྒྲོལ་མའི་སྐུ་གཟུགས་སྤྱན་སྔར་ནི། །ཁྲུས་བྱས་དང་བས་རྩེ་གཅིག་གིས། །བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས། །གསང་སྔགས་ བཟླས་བརྗོད་འདི་བྱས་ན། །རྗེ་བཙུན་སྒྲོལ་མ་ཞལ་བསྟན་ནས། །གདུང་བ་ཐམས་ཅད་སེལ་བ་དང་། །དངོས་གྲུབ་མ་ལུས་བྱིན་བརླབ་འགྱུར། །ཟླ་བ་ཡར་ངོའི་ཚེས་བརྒྱད་ལ། །ལྕི་བའི་དཀྱིལ་འཁོར་དབུས་སུ་ནི། །རྗེ་བཙུན་སྒྲོལ་མ་མཆོད་བྱས་ནས། །བསྟོད་དང་གསང་ སྔགས་འདི་བཟླས་ན། །མགོན་པོ་བཞིན་དུ་བདག་འགྱུར་ཏེ། །སྒྲིབ་པ་རྣམས་དང་བྲལ་བ་དང་། །དྲི་ངས་སྐུར་པ་དག་པ་དང་། །རྒྱུད་གསུམ་ཡོན་ཏན་མ་ལུས་འགྲུབ། །རྒྱལ་པོ་གཡུལ་དུ་འཇུག་པའི་ཚེ། །སྤྱི་བོར་སྙིང་པོ་འདི་བཅངས་ན། །བསྟོད་དང་གསང་སྔགས་ འདི་བརྗོད་ན། །དགྲ་བོ་འདོད་སྦྱིན་དབང་དུ་འགྱུར། །བུད་མེད་གང་ཞིག་བུད་མེད་ཀྱི། །དངོས་པོ་ལས་ནི་བྲལ་འདོད་དང་། །འཇིག་རྟེན་དགོས་པ་མཆོག་དང་ནི། །འཇིག་རྟེན་འདས་པ་གྲུབ་འདོད་པས། །ཁྲུས་བྱས་གོས་དཀར་བགོས་ནས་ནི། །བསྙེན་ནས་བསྲུང་བར་ ངེས་གནས་ཏེ། །ཡར་ངོའི་ཚེས་བརྒྱད་མཆོད་བསྟོད་བཟླས། །དེ་དག་ཐེ་ཚོམ་མེད་པར་འགྲུབ། །འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྟོད་པའི་རྒྱལ་པོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཱ་ ཡཱ་ཛཱ་ལ་ཀྲ་མེན་བྷཊྚཱ་ར་ཀ་ཏཱ་རེ་སཱ་དྷ་ན། བོད་སྐད་དུ། འཕགས་པ་སྒྱུ་འཕྲུལ་དྲ་བའི་རིམ་པས་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་རྣལ་འབྱོར་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ། སེམས་ཅན་ ཐམས་ཅད་ལ་དམིགས་ནས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཀྱི་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏཱཾ་མརྐ་ཏའི་མདོག་ཅན་འོད་ཟེར་ལྔ་ འཕྲོ་བ། འོད་ཟེར་གྱི་རྩེ་མོ་ལས་བྱུང་བའི་དེ་བཞིན་གཤེགས་པས་ནམ་མཁའ་གང་བར་བསྒོམས་ལ། དེ་ནས་དེ་བཞིན་གཤེགས་པ་རྣམས། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་འདིས་གོ་རིམས་བཞིན་དུ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། གནས་པའི་ངོ་བོར་གཞུག་པར་བྱའོ། །བཅུག་པའི་རྗེས་ལ་ཡི་གེ་ཏཱཾ་ལས་བྱུང་བ་ཏཱཾ་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་དང་ཨིནྡྲ་ནཱི་ལའི་འོད་ལྟ་བུ་བསྒོམས་ལ། རྡོ་རྗེ་དེ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ནམ་མཁའི་ཁམས་མ་ལུས་པ་ཀུན་དུ་ཁྱབ་པར་ སྤྲོས་པ་བསྒོམ་མོ། །དེ་བཞིན་གཤེགས་པ་རྣམས་ལ་ཡང་། རྡོ་རྗེ་དེ་ཉིད་ལས་བྱུང་བའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་དང་། ན་བཟའ་དང་རྒྱན་ལ་སོགས་པ་དག་རྒྱ་ཆེ་བ་བསྣམས་པ་མཐའ་ཡས་པས་མཆོད་ནས། དེ་རྣམས་ཀྱི་མདུན་དུ། སྡིག་ པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པར་བྱས་ལ། སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ལྟ་བ་སྣ་ཚོགས་པའི་དྲ་བས་བཅིངས་ པའི་སེམས་ཀྱི་རྒྱུན་ལ་དམིགས་ནས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བསྒོམས་ལ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་རྒྱུ་བ་དང་མི་རྒྱུ་བ་དང་འདི་ཐམས་ཅད་རང་གི་ལུས་ དང་ལྷན་ཅིག་ཏུ་ནམ་མཁའི་རང་བཞིན་དུ་བསྒོམ་དེ་ནས་སྔགས་འདིས་སྔར་བཤད་པའི་རྡོ་རྗེར་ང་རྒྱལ་བྱའོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་ཡི་གེ་ཧཱུཾ་ལས་རྡོ་རྗེའི་བདག་ཉིད་ཁ་དོག་སེར་པོའི་ས་གཞིར་བསྒོམ་མོ། །དེ་ནས་སྟེང་དུ་སྣ་ཚོགས་པདྨ་ལ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ ཏཱས་བྱིན་གྱིས་བརླབས་པའི་རྡོ་རྗེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་མ་སྒྲོལ་མའི་ངོ་བོར་བདག་ཉིད་བསྒོམ་པར་བྱའོ། །ཞལ་གསུམ་པ་ཕྱག་དྲུག་པ་ནོར་བུ་མརྐ་ཏའི་མདོག་འདྲ་བ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། རྩ་བའི་ཞལ་དོན་ཡོད་གྲུབ་པའི་དབུ་རྒྱན་དང་ལྡན་ པའི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ལ་དབུས་མའི་ཞལ་ནི་ནོར་བུ་མརྐ་ཏའི་མདོག་ཅན། གཡས་པ་ནག་པོ། གཡོན་པ་དཀར་པོའོ། །གཡས་པའི་ཕྱག་དང་པོ་མི་འཇིགས་པ་སྦྱིན་པ། གཉིས་པ་ན་རྡོ་རྗེ་ནག་པོ། གསུམ་པ་ན་མདའོ། །གཡོན་ པའི་དང་པོ་སྡིགས་མཛུབ་མཛད་པ། གཉིས་པ་ལ་ཨུཏྤ་ལ་སྔོན་པོ། གསུམ་པ་ལ་གཞུ་བསྣམས་པའོ། །བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱིས་ནམ་མཁའ་གང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་འགྲོ་བ་རྣམས་ཀྱི་འཇིགས་པ་ ཐམས་ཅད་སེལ་བའི་བཅོམ་ལྡན་འདས་མ་བསྒོམས་ལ། དེ་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་སྤྱི་བོའི་དབུས་སུ་ཨོཾ་གྱི་ངོ་བོ་དཀར་པོ་སྐུ་རྡོ་རྗེའོ། །མགྲིན་པར་ཨཱཿའི་ངོ་བོ་དམར་པོ་གསུང་རྡོ་རྗེའོ། །སྙིང་གར་ཧཱུཾ་གི་ངོ་བོ་ནག་པོ་ཐུགས་རྡོ་རྗེའོ། །བྲང་ལ་ནོར་བུ་མརྐ་ཏའི་ མདོག་ཅན་གྱི་ཡི་གེ་ཏཱཾ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་དཔག་ཏུ་མེད་པ་འཕྲོ་བར་བསྒོམས་ལ། དེ་ནས་སྔགས་འདིས་བཟླས་པ་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཟླས་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ལ་ཇི་ལྟར་ནུས་པ་ཅི་ཡོད་ཀྱིས་མཆོད་པར་ བྱའོ། །དེ་ལ་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་མ་རྗེ་བཙུན་སྒྲོལ་མ་སྔར་བཤད་པའི་རིམ་པས་སོ། །དེ་ལ་ཤར་གྱི་འདབ་མ་ལ། ཨོཾ་སཏྭ་བཛྲི་ཧཱུཾ། ལྷོའི་འདབ་མ་ལ། ཨོཾ་རཏྣ་བཛྲི་ཧཱུཾ། ནུབ་ཀྱི་འདབ་མ་ལ། ཨོཾ་དྷརྨཱ་བཛྲི་ཧཱུཾ། བྱང་གི་འདབ་མ་ལ། ཨོཾ་ཀརྨ་ བཛྲི་ཧཱུཾ། མེའི་ཕྱོགས་སུ། ཨོཾ་མཱ་ལེ་བཛྲི་ཧཱུཾ། བདེན་བྲལ་གྱི་ཕྱོགས་སུ། ཨོཾ་དྷཱུ་པ་བཛྲི་ཧཱུཾ། རླུང་གི་ཕྱོགས་སུ། ཨོཾ་གནྡྷ་བཛྲི་ཧཱུཾ། དབང་ལྡན་གྱི་ཕྱོགས་སུ། ཨོཾ་རཱ་ས་བཛྲི་ཧཱུཾ། ཤར་ལ་སོགས་པའི་ཕྱོགས་སུ། ཨོཾ་བཛྲ་ཨཾ་ཀུ་ཤི་ཧཱུཾ། ཨོཾ་བཛྲ་པཱ་ཤི་ཧཱུཾ། ཨོཾ་ བཛྲི་སྥི་ཊི་ཧཱུཾ། ཨོཾ་བཛྲ་ཨཱ་བེ་ཤི་ཧཱུཾ། བསྒོམ་པ་དང་བཟླས་པ་བྱས་ལ། དེ་ནས་གཤེགས་སུ་གསོལ་བར་བྱའོ། །བསམ་གཏན་ལས་ལངས་ནས་ཀྱང་། དེ་བཞིན་གཤེགས་པ་དང་། མཆོད་རྟེན་ལ་སོགས་པ་ལ་ནུས་པ་ཅི་ཡོད་ཀྱིས་མཆོད་པར་བྱའོ། །ཨོཾ་བཛྲ་ཨརྒྷཾ་ཧཱུཾ། ཨོཾ་ བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ཨ་རེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་ཧཱུཾ། འཕགས་པ་སྒྱུ་འཕྲུལ་དྲ་བའི་རིམ་པས་རྗེ་བཙུན་མ་སྒྲོལ་མའི་སྒྲུབ་པའི་ཐབས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་མ་ཧཱ་ཛ་ན་དང་། ལོ་ཙཱ་བ་གཞོན་ནུ་འོད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་ཏཱ་རེ་མཎྜ་ལ་བི་དྷི་ནཱ་མ་སཱ་དྷ་ནཱཾ། བོད་སྐད་དུ། འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཆོ་ག་ཞེས་བྱ་བ། དཔལ་དགྱེས་པའི་ རྡོ་རྗེ་ལ་ཕྱག་འཚལ་ལོ། །བླ་མ་དམ་པའི་ཞབས་ཀྱི་ནི། །པདྨ་ལ་གུས་ཕྱག་བྱས་ཏེ། །འཕགས་མ་སྒྲོལ་མའི་སྒྲུབ་པའི་ཐབས། །མན་ངག་རྒྱུད་ལ་བརྟེན་པ་བྲི། །བླ་མ་ལ་གུས་དད་པ་ཆེ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ། །རྟོག་པ་ལེགས་པར་འཇོམས་པ་དེས། །རྗེ་བཙུན་ མཉེས་བྱས་མན་ངག་མནོས། །དང་པོར་དབེན་ཞིང་ཉམས་དགའ་བར། །ཉེར་སྤྱོད་ཡོ་བྱད་རྫོགས་པར་བྱ། །དེ་ནས་བྱང་ཆུབ་སེམས་བསྐྱེད་ལ། །ཕྱག་དང་མཆོད་དང་གསོལ་བ་གདབ། །རྗེས་སུ་ཡི་རང་བསྔོ་བ་སོགས། །བྱས་ཏེ་ཚངས་པའི་གནས་བཞི་བསྒོམ། །དེ་ནས་ གཟུང་འཛིན་བརྟན་གཡོ་ཀུན། །སྟོང་པར་བྱས་ཏེ་སྔགས་བཟླས་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་བྱའོ། །དེ་ཡི་ངང་ལས་ཧཱུཾ་བསམས་ཏེ། །ར་བ་གུར་དང་ཕྱོགས་མཚམས་བཅིང་། །ཁྲོ་བོ་བཅུ་ཡི་སྲུང་འཁོར་བསྒོམ། །དེ་སྟེང་ཨེ་ལས་ ཆོས་འབྱུང་བསམ། །ལཾ་བཾ་རཾ་ཡཾ་རྣམས་ལས་ནི། །ས་ཆུ་མེ་རླུང་དཀྱིལ་འཁོར་བསམ། །དེ་སྟེང་བྲུཾ་ལས་འཁོར་ལོ་འོ། །དེར་ནི་ནཱ་ད་བབས་པ་ལས། །བསྒྱུར་ཏེ་གཞལ་ཡས་ཁང་བསམ་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་མཛེས་རྒྱན་ལྡན་བསམ། །ཨོཾ་སརྦ་ཏ་ ཐཱ་ག་ཏ་ཨ་ཏ་ལ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནང་པཾ་ལས་པདྨ་ནི། །འདབ་མ་བརྒྱད་པ་འཕར་མ་གཉིས། །དབུས་སུ་ཨཱ་ལི་ཀཱ་ལི་ལས། །ཉི་ཟླ་ག་འུར་བསམ་པར་བྱ། །དབུས་སུ་ཡི་གེ་ཏཱཾ་སེར་བསམ། །དེ་ལྟར་ཀཱ་ལི་ཨར་གྱུར་པས། །མཉམ་སྦྱར་ དེ་གཉིས་གྱུར་པར་བསམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཀྟོ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ལྟར་དབུས་ཀྱི་ཏཱ་ལས་ནི། །ཤར་གྱི་ཉི་མའི་བར་དུ་ནི། །ཡི་གེ་ཨོཾ་གྱི་རྣམ་པར་སྤྲོས། །ལྷོར་ནི་ཏཱ་དང་ནུབ་ཏུ་རེ། །བྱང་དུ་རྒྱུ་ཡི་ཡི་གེ་སྤྲོ། །དེ་ནས་སྒོ་ཡི་ཕྱོགས་ དག་ཏུ། །ཏཱ་རེ་ཏུ་དང་རེ་བཞི་སྤྲོ། །སྟེང་དུ་ཏཱ་དང་རེ་གཉིས་སྤྲོ། །འོད་ཟེར་འཕྲོས་པས་སེམས་ཅན་སྦྱངས། །ལྷར་བྱས་ས་བོན་ཐིམ་པ་ལས། །རང་རང་ས་བོན་གྱིས་མཚན་པའི། །རྡོ་རྗེ་མེ་ཏོག་ཕྲེང་བ་ཡིས། །མར་མེ་ཀོང་བུ་དུང་ཆོས་དང་། །ལྕགས་ཀྱུ་ཞགས་པ་ལྕགས་ སྒྲོག་དང་། །དྲིལ་བུ་རྣམས་སུ་གྱུར་པར་བསམ། །དེ་ལས་འོད་འཕྲོས་སྦྱང་བསྡུས་ལ། །ལྷ་མོ་རྣམས་སུ་བསམ་པར་བྱའོ། །དེ་ལས་དབུས་སུ་ལྷ་མོ་སྒྲོལ་མ་ནི། །ཕྱག་བརྒྱད་ཞལ་བཞི་ཁ་དོག་སེར། །རྒྱན་ལྡན་མདངས་སྡུག་ལང་ཚོར་ལྡན། །མཚན་དང་དཔེ་བྱད་བཟང་པོས་ བརྒྱན། །གཡོ་ཞིང་པདྨའི་གདན་ལ་བཞུགས། །རྡོ་རྗེ་དེ་བཞིན་ཞགས་པ་དང་། །མདུང་དང་མདའ་ནི་གཡས་ན་བསྣམས། །རྡོ་རྗེ་ལྕགས་ཀྱུ་ཨུཏྤ་ལ། །གཞུ་དང་སྡིགས་མཛུབ་གཡོན་པ་ན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །ས་གསུམ་དབང་དུ་སྡུད་པ་བསམ། ། དེ་ཡི་ཤར་དུ་མེ་ཏོག་གི། །སྒྲོལ་མ་དཀར་མོ་ཞལ་གཅིག་མ། །ཕྱག་གཉིས་མེ་ཏོག་ཕྲེང་བ་འཛིན། །རྒྱན་རྣམས་ཀུན་གྱིས་སྤྲས་པར་བསམ། །ལྷོར་ནི་སྤོས་ཀྱི་སྒྲོལ་མ་སྟེ། །ཁ་དོག་ནག་མོ་སྤོས་འཛིན་མ། །ནུབ་ཏུ་མར་མེའི་སྒྲོལ་མ་སྟེ། །སེར་ཞིང་མར་མེའི་སྣོད་འཛིན་མ། །བྱང་དུ་ དྲི་ཡི་སྒྲོལ་མ་སྟེ། །ལྗང་གུ་དྲི་ཡི་དུང་ཆོས་བསྣམས། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱའོ། །དེ་ནས་ཤར་སྒོར་སྒོ་སྐྱོང་དཀར། །ལྕགས་ཀྱུ་འཛིན་པ་བསམ་པར་བྱ། །ལྷོར་སེར་ཞགས་པ་བསམ་པར་བྱ། །ནུབ་དམར་ལྕགས་ཀྱི་སྒྲོག་འཛིན་མ། །བྱང་དུ་ལྗང་གུ་དྲིལ་བུའོ། །དེ་རྣམས་ ཞལ་གཅིག་ཕྱག་གཉིས་མ། །རིན་ཆེན་རྒྱན་གྱིས་ལེགས་སྤྲས་ཤིང་། །གཡོ་བཅས་གསེར་གྱི་རྣ་ཆས་བརྒྱན། །སྤྱན་གཉིས་ལང་ཚོ་ཕུན་སུམ་ཚོགས། །སྟེང་དུ་རྣམ་པར་སྒྲོལ་མ་སྟེ། །འོག་ཏུ་གནོད་མཛེས་སྒྲོལ་མའོ། །འཁོར་ལོ་སྦྲུལ་ཞགས་བསྣམས་པ་བྲི། །དེ་ལྟར་ཐམས་ཅད་ མཚན་ཉིད་མཚུངས། །དེ་ནས་སྐྱེ་མཆེད་དག་ལ་ནི། །མིག་གཉིས་རྣ་བ་གཉིས་དང་སྣ། །ལྕེ་དང་ལུས་དང་ཡིད་རྣམས་སུ། །མཾ་དཾ་ཨི་དང་རཾ་སཾ་ནཾ། །གཏི་མུག་ཞེ་སྡང་སེར་སྣ་ལ། །འདོད་ཆགས་ཕྲག་དོག་བདག་མེད་ལ། །གནག་དང་དམར་དང་སེར་མོ་སྔོ། །ལྗང་ ཁུ་དཀར་མོ་རྣམས་བསམས་ཏེ། །ཞལ་གཅིག་ཕྱག་གཉིས་ལྡན་པའོ། །སྐུ་ལ་ཨོཾ་ལས་མཁའ་སྤྱོད་མ། །ས་སྤྱོད་བདག་མེད་མ་གསུམ་ལས། །རྡོ་རྗེ་གསུམ་པོ་བསམ་པར་བྱ། །དེ་ནས་འོད་ཟེར་རབ་འཕྲོས་པས། །རང་བཞིན་གྱི་ནི་ཞིང་ཁམས་ནས། །ཡེ་ཤེས་སེམས་དཔའ་ སྤྱན་དྲངས་ཏེ། །ཛཿཧཱུཾ་བཾ་ཧོཿས་ལྷ་མོ་རྣམས། །འགུགས་པས་དགུག་གཞུག་བཅིངས་མཉེས་བྱ། །དེ་ནས་སེམས་དཔའ་གསལ་བར་ལྟ། །སླར་ཡང་འོད་ཟེར་འཕྲོས་པ་ལས། །སངས་རྒྱས་རིགས་ལྔ་སྤྱན་དྲངས་ལ། །མཆོད་བསྟོད་གསོལ་བ་གདབ་པར་བྱ། །དེ་ནས་དབང་བསྐུར་ རྒྱས་བཏབ་སྟེ། །རྩེ་མོ་རིགས་ལྔ་རྣམ་པར་མཚན། །གཞན་རྣམས་རང་གི་རིགས་ཀྱིས་གདབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་ས་བོན་ལས་སྤྲོས་པའི། །ལྷ་མོ་རྣམས་ཀྱིས་མཆོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་རིགས་ཀྱི་ས་བོན་ལས། །བདུད་རྩི་ལྕེ་ལ་བླངས་བྱས་ཏེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་བསྟོད་པས་ལེགས་བསྟོད་དེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །གསལ་ལ་ཡང་དང་ཡང་དུ་བལྟའོ། །དེ་ནས་སྔགས་བཟླས་པ་ནི། ན་མཿཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། སརྦ་དུཥྚཱན། པྲ་དུཥྚཱན། མ་མ་ཀྲྀ་ཏེ། ཛཾ་བྷ་ ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཱན་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཕར་ཕྱིན་བཅུ་ཡི་ལྷ་མོ་ལ། །ཡི་གེ་བཅུ་པས་འགྲུབ་པར་འགྱུར། །བསྙེན་པ་བྱེ་བས་འགྲུབ་འགྱུར་ཞིང་། །ལས་ལ་རང་སྔགས་ཁྲི་བཟླས་ སོ། །དེ་ནས་སྐྱོ་ན་རྣམ་དག་བསྒོམ། །གཏོར་མ་བྱས་ཏེ་ལྷ་གཤེགས་ལ། །ཅི་བདེ་བ་ཡི་སྤྱོད་པས་གནས། །དེ་ལྟར་ཡང་དང་ཡང་གོམས་པས། །གཅན་གཟན་བསྲུང་དང་དབང་དུ་བྱ། །བསྐྲད་དང་བུད་མེད་དགུག་པ་དང་། །བཅིངས་པ་གྲོལ་དང་ཚར་བཅད་དང་། །བསྲེག་དང་མནན་ པ་བསྲུང་བ་སོགས། །རྒྱུད་ཐོས་མན་ངག་ལྡན་པས་བསྒྲུབ། །བླ་མ་མཉེས་པ་མཆོག་ཡིན་པས། །དེ་ཡིས་རྗེ་བཙུན་ཡུན་རིང་བསྟེན། །སྒྲུབ་ཐབས་བཀོད་པའི་ཚོགས་དེ་ཡིས། །དེ་ཉིད་མཐོང་བས་ཕྱག་བྱས་ཏེ། །བླ་མ་དམ་པ་ལྷན་ཅིག་སྐྱེས། །མཉེས་པར་བྱས་ཏེ་དེ་མཐོང་ཤོག ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་བཅུའི་སྒྲུབ་པའི་ཐབས། སློབ་དཔོན་ཆེན་པོ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། །།འབྲོག་མི་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་པི་ཐཱི་ཤྭ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འཕགས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་མ་གནས་ཀྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བདག་གིས་བཤད། །གསང་བའི་དེ་ཉིད་མན་ངག་སྟེ། །ཆོ་ག་སྔ་དྲོ་ལངས་ནས་ནི། །སྙིང་རྗེས་བརླན་པའི་སེམས་ཀྱིས་སུ། །ཡིད་ནི་ གཡོ་བ་མེད་བྱ་སྟེ། །སེམས་ཅན་ཐམས་ཅད་གནོད་བྱའོ། །བདུད་རྩི་ལྔ་ནི་བླངས་ནས་སུ། །ཐོད་པར་རྟོག་མེད་སེམས་ཀྱིས་བཞག །རླུང་དང་མེ་ཡི་སྟེང་དུ་ནི། །དག་དང་ཁོལ་དང་ཚོས་པར་བྱ། །ནོར་འཛིན་མཎྜལ་བྱས་ནས་ནི། །བྱང་ཆུབ་ཡན་ལག་རབ་ཏུ་སྦྱིན། །འཇམ་པའི་ སྟན་ལ་འདུག་ནས་ནི། །རབ་བརྟན་རྡོ་རྗེ་སྐྱིལ་ཀྲུང་བཅས། །ཏིང་འཛིན་ཕྱག་རྒྱ་ཡང་དག་བྱ། །ཁམས་གསུམ་སྟོང་པ་ཉིད་དུ་བལྟ། །འདི་ནི་ཐམས་ཅད་རྨི་ལམ་འདྲ། །ཉེ་བར་རྙེད་པ་གང་ཡང་མེད། །དྲི་ཟའི་གྲོང་ཁྱེར་རྣམ་པ་འདྲ། །འགྲོ་བ་སྒྱུ་མར་བལྟས་པའོ། །ཐུགས་ཀའི་ ནམ་མཁའི་དབུས་གནས་པར། །ཡེ་ཤེས་ཟླ་བ་དྲི་མེད་བྱ། །དབུས་སུ་ཏཾ་ཡིག་བསམ་མི་ཁྱབ། །འོད་ཟེར་ལྔ་ལྡན་འབར་བ་ཡིས། །ཕྱོགས་བཅུར་གནས་པའི་སངས་རྒྱས་རྣམས། །སྒྲོལ་མའི་གཟུགས་རྣམས་རྣམ་བསྒོམ་བྱ། །དེ་རྣམས་སྤྱན་དྲངས་བྱིན་གྱིས་བརླབ། །ཡེ་ཤེས་ སྐུ་ནི་རྗེས་སུ་དྲན། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཡེ་ཤེས་འོད་ཟེར་རྣམ་དག་བྱ། །སངས་རྒྱས་དེ་ཉིད་རབ་གནས་བྱ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །མྱུར་དུ་སངས་རྒྱས་སྒྲོལ་མ་ཅན། །ནམ་མཁའ་ཡི་ནི་མདུན་དུ་བལྟ། །ཡེ་ཤེས་མཆོད་པ་སྣ་ཚོགས་ པ། །ཡེ་ཤེས་ལས་ནི་སྐྱེས་པས་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་དོན་བྱས་ཏེ། །ཆོ་ག་གསུམ་གྱི་སྦས་པའི་སྡིག །བླ་མའི་མདུན་དུ་རབ་ཏུ་བཤགས། །སྡིག་པ་ཐམས་ཅད་གྲོལ་བདག་ཉིད། །མྱུར་དུ་སངས་རྒྱས་ཐོབ་པའོ། །བདག་ ཉིད་སྒྲོལ་མའི་རྣམ་པར་བྱ། །འགྲོ་ཀུན་དེ་བཞིན་སྒྲོལ་མ་རུ། །བལྟས་ནས་སངས་རྒྱས་རྣམས་ཀྱིས་ནི། །བྱིན་བརླབས་ས་བོན་དེ་རབ་བཞུགས། །ཆོས་རྣམས་རྣམ་རྟོག་བྲལ་བ་དང་། །རང་བཞིན་མེད་ཅིང་བདག་མེད་རྣམས། །དབྱེར་མེད་རྣལ་འབྱོར་པས་གཟིགས་བྱ། །སྔགས་ འདི་དག་ནི་བརྗོད་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤཱུ་ནྱ་ཏཱ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ནམ་མཁའི་ཁམས་ཟླ་དབུས་གནས་པར། །སྟོང་པ་ཉིད་ཀྱི་ཡེ་ཤེས་མཆོག །དེ་ཡི་ལྟེ་བའི་དབུས་ན་ནི། ། ཟླ་བར་ཧཾ་ཡིག་ཡེ་ཤེས་སོ། །རྡོ་རྗེའི་རླུང་དང་མེ་དང་ཆུ། །དེ་ནས་ས་ཡི་དཀྱིལ་འཁོར་རོ། །རི་རབ་དང་ནི་བྷྲཱུཾ་ལས་བྱུང་། །གཞལ་ཡས་ཁང་ནི་རྣམ་པར་བལྟ། །དེ་ཡི་དབུས་སུ་པདྨར་གནས། །ལྟེ་བ་གེ་སར་འབར་བའོ། །འདབ་མ་བརྒྱད་ལྡན་དགའ་བའོ། །རྣམ་པ་སྣ་ཚོགས་ཡིད་ འཕྲོག་པའི། །དེ་ཕྱིར་འབར་བའི་འཁོར་ལོ་སྟེ། །རྩིབས་ནི་བཅུ་གཉིས་ཤིན་ཏུ་མཛེས། །ཐིག་ནི་ལྔ་དང་ཡང་དག་ལྡན། །དེ་ཡི་སྒོ་ནི་བཞི་པ་ལ། །ལྷ་ཡི་རྟ་བབས་རྣམ་བཞིའོ། །མེ་ལོང་ལ་སོགས་རྣམས་ཀྱིས་བརྒྱན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའོ། །གནས་སྐྱེས་ རྣལ་འབྱོར་རྣལ་འབྱོར་མའོ། །ཕྱོགས་སྐྱོང་མགོན་པོ་རྣམས་སྤྱན་དྲངས། །བྱང་སེམས་དེ་བཞིན་གཤེགས་པ་རྣམས། །ཡེ་ཤེས་རླུང་གིས་དགུག་པར་བྱ། །རྣལ་འབྱོར་མ་ཀུན་དགའ་བྱེད་རྣམས། །ཀུན་མཁྱེན་ཏིལ་གྱི་གང་བུ་རྣམས། །ཟླ་བར་རབ་ཏུ་ཞུགས་པར་བསྒོམས། ། དེ་གྱུར་པ་ལས་བདག་ཉིད་ནི། །ལྷ་མོ་སྒྲོལ་མར་བསྒོམ་པར་བྱ། །སྐུ་མདོག་དམར་ལ་ཞལ་བཞི་པ། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །ཉི་མ་འཆར་ཀ་བརྒྱ་ཡི་ངང་། །དང་པོའི་ཞལ་ནི་དྲན་པར་བྱ། །དྲི་མེད་ནམ་མཁའི་རང་བཞིན་སྔོ། །གཡས་ཀྱི་ཞལ་ནི་དྲན་པར་བྱ། ། ཤ་ཀ་ས་ལ་ཤ་བཞིན་ལྗང་། །གཡས་ཀྱི་ཞལ་ནི་ཡིད་དགའ་བས། །དེ་ལྟར་དཀོན་མཆོག་གསུམ་དྲག་པོ། །རྣམ་པར་འགྱུར་བའི་ཞལ་འཇིགས་བྱེད། །ཅུང་ཟད་མཆེ་བ་གཙིགས་པ་པོ། །མི་སྡུག་དེ་ནས་བསྒོམ་པར་བྱ། །སེར་པོ་ཞི་བ་སྟེང་གི་ཞལ། །རྒྱན་ཀུན་གྱིས་ནི་བརྒྱན་ པའོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་པའོ། །ཡེ་ཤེས་ལྔ་ནི་ཉེ་བར་མཛེས། །དེ་ལྟར་དེ་ནི་གཟི་བརྗིད་ཆེ། །ཞལ་བཞི་པར་ནི་བསམ་གཏན་བྱ། །ཐོད་པ་རྡོ་རྗེ་རལ་གྲི་དང་། །ཌ་མ་རུ་གཡས་ཕྱག་ན་བསྣམས། །ཡིད་བཞིན་ནོར་བུ་ཁ་ཊྭཱཾ་ག །དྲིལ་བུ་དེ་བཞིན་ཨུཏྤལ་དམར། ། དེ་ཡི་གཡོན་པར་བསྒོམ་པར་བྱ། །དེ་ཡི་བརླ་ལ་ཡོད་པ་ནི། །སྟག་གི་ཤམ་ཐབས་གྱོན་པའོ། །སྐྱིལ་ཀྲུང་ཕྱེད་པའི་གར་བྱེད་པ། །སྣ་ཚོགས་པདྨ་ཟླ་དབུས་གནས། །སྙིང་རྗེའི་ཁྲོ་བ་འཇིགས་བྱེད་མ། །སྤྱན་གསུམ་དམར་པོ་བགྲད་པའོ། །དྲག་པོ་གཡོན་ཕྱོགས་ལྟ་བར་བྱེད། ། རླུང་གི་དཀྱིལ་འཁོར་ལ་རྟག་གནས། །གནས་རྣམས་ཀྱང་ནི་དགུག་པའི་མཆོད། །རྣལ་འབྱོར་མ་ཚོགས་དབུས་གནས་པར། །བདེ་བ་ཐམས་ཅད་རབ་སྦྱིན་པའོ། །པཱུ་ཛ་ཨོ་ཨ་གོ་ར་དེ་མ། །ཀ་ཨོ་ཏྲི་ཀོ་ཀ་ལ་ཧི། །པྲེ་གྲི་སཽ་སུ་ན་སི་མ་ཀུ། །དེ་ལྟར་ཡི་གེ་ཉི་ཤུ་བཞི། །རྣལ་འབྱོར་མ་ རྣམས་དཀྱིལ་འཁོར་རོ། །ལུས་ལ་ཆོ་གའི་ཆོ་ག་ཡིས། །རྣལ་འབྱོར་དབང་ཕྱུག་རབ་ཏུ་འགྲུབ། །མཚོག་ཁ་སྤྱི་བོ་རྣ་བ་གཡས། །ལྟག་པ་གཡོན་གྱི་རྣ་བ་དག །སྨིན་མཚམས་དང་ནི་སྤྱན་དང་ནི། །དཔུང་པའི་རྩ་གཉིས་དེ་བཞིན་ནོ། །མཆན་ཁུང་གཉིས་དང་ནུ་མ་གཉིས། །ལྟེ་བའི་ སྣ་ཡི་རྩེ་མོ་དང་། །ཁ་དང་མགུལ་ལ་གོ་ཆ་བྱ། །སྙིང་ག་དང་ནི་མདོམས་དང་ནི། །གསང་གནས་བཤང་ལམ་དེ་བཞིན་བརླ། །པུས་མོ་གོ་རིམས་ཇི་བཞིན་ནོ། །དང་པོ་སུ་ར་ཏེ་ཤྭ་རི་ཏི། །གཉིས་པར་སུ་ར་ཏ་སོནྟ་རི། །གསུམ་པ་སུ་ར་ཏ་ཙནྡྲ་དང་། །བཞི་པ་སུ་ར་ཏ་མ་ལི་ནི། །ལྔ་པ་ སུ་ར་ཏ་བྷ་ཀྵིའོ། །དྲུག་པ་སུ་ར་ཏ་ཀ་མི་ནི། །བདུན་པ་སུ་ར་ཏ་ཨུ་གྲ་དང་། །བརྒྱད་པ་སུ་ར་ཏ་ཨུཏྟ་མ། །གནས་དང་ཉེ་བའི་གནས་སོང་བསྒོམ། །རྣལ་འབྱོར་དབང་ཕྱུག་རབ་ཏུ་གྱུར། །དཀར་དང་ལྗང་དང་སྔོ་བ་དང་། །བཞི་པ་སྐུ་མདོག་སེར་པོ་དང་། །སེར་དང་ དཀར་དང་དམར་བ་དང་། །སྐུ་མདོག་སྔོན་པོ་བརྒྱད་པའོ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །དྲིལ་བུ་ཌ་མ་རུས་བརྒྱན་པའོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་པའོ། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །རིན་ཆེན་ཡེ་ཤེས་སྟེང་དབུས་བརྒྱན། །དེ་རྣམས་པདྨའི་འདབ་མར་གནས། ། ཤི་ཁི་བྷི་མ་ཤི་ཁཎྜཱི། །ཀེ་རཱ་ལཱི་དེ་བཞིན་ཛ་ཏི་ལི། །ཨུ་ཊི་ཛི་ཊ་དེ་བཞིན་ཙཎྜི། །མཽཎྜི་བི་ཀ་ཌོ་ཨུཏྐ་ཏི། །ཀི་རི་ཌི་ནར་ཏེ་ཀི་དང་ངོ་། །ཞིང་དང་ཉེ་ཞིང་ཚན་དོ་ཧ། །དེ་བཞིན་ཉེ་བའི་ཚན་དོ་ཧ། །འདུ་བ་ཉེ་བའི་འདུ་བའོ། །གནས་ནི་དེ་རྣམས་གནས་པ་ཡི། །ལྷ་མོ་བཅུ་གཉིས་ བསྒོམ་པར་བྱ། །ཕྱེད་དམར་ཕྱེད་ནི་ལྗང་བ་རྣམས། །ཐོད་པའི་ཕྲེང་བས་བརྒྱན་པའོ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་རྣམས། །སྐྲ་གྲོལ་བ་དང་ཁྲོ་གཉེར་ཅན། །རྟག་པའི་མཆོག་ནི་དབུ་རྒྱན་རྣམས། །ཐོད་པ་ཁ་ཊྭཱཾ་ག་འཛིན་པའོ། །ཕྱག་གཞན་འཁོར་ལོ་རྡོ་རྗེའོ། །ཀཾ་པུ་ཙི་དང་ པུཀྐ་སཱེ། །ཌོམྦི་དེ་བཞིན་མ་ཏཾ་གི །བཞི་ནི་སྣ་ཚོགས་མདོག་རྣམས་སོ། །སྒོ་སྲུང་ཁྲོ་གཉེར་ཆེན་མོའོ། །མཆེ་བ་གཙིགས་པའི་ཞལ་མངའ་བ། །གཡོན་བསྐུམ་གཡས་བརྐྱང་ངེས་པར་གནས། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །མི་བསྐྱོད་པ་ཡི་དམ་ཚིག་སྟེ། །དབུ་ རྒྱན་སྟེང་དུ་རྒྱན་རྣམས་སོ། །ཐོད་པ་ཁ་ཊྭཱཾ་གི་འཛིན་པ། །ཕྱག་མཚན་གྲི་གུག་མགོ་བོ་བསྣམས། །རྒྱན་རྣམས་ཀུན་གྱིས་ལུས་བརྒྱན་པ། །བདུད་བཞིའི་སྟེང་དུ་ཡང་དག་གནས། །ཐོད་པའི་ཕྲེང་བས་བརྒྱན་པ་རྣམས། །དུར་ཁྲོད་ཉེ་བའི་དུར་ཁྲོད་རྣམས། །དད་སོགས་དབང་པོ་ རྣམ་པར་དག །སྙིང་རྗེ་ལྡན་པ་བསྒོམ་པར་བྱ། །ཐམས་ཅད་གཅེར་བུ་འཛིན་པ་རྣམས། །སྙིང་རྗེའི་དགའ་མ་མཛེས་པ་རྣམས། །ལྟེ་བའི་དབུས་སུ་ཡང་དག་གནས། །ལྷ་མོ་སྒྲོལ་མ་རྣམ་པར་བསྒོམ། །པུར་ཏི་ཤྭ་རའི་སྡེ་རྣམས་ནི། །རིམ་དང་རིམ་མིན་བསྐོར་བའོ། །འཁོར་ལོ་ རྩིབས་ཆེན་བཅུ་གཉིས་ལ། །ཤི་ཁི་ལ་སོགས་ནོར་བུར་བར། །རིམ་དང་རིམ་པ་མིན་པའོ། །འགྲོ་བའི་བདག་མོ་རྣམ་པར་དགོད། །རྐང་པ་བཀུག་དང་བརྐྱང་བ་དང་། །ཡང་ནི་བརྐྱང་དང་དགུག་པའི་བར། །ཀཾ་པུ་ཙི་སོགས་སྒོ་རྣམས་སུ། །གཡོན་དུ་བསྐོར་བར་རྣམ་པར་དགོད། ། དེ་ལྟར་རྫོགས་པའི་སྒྲུབ་པ་ནི། །དཀྱིལ་འཁོར་གནས་དང་ཡང་དག་འབྲེལ། །དེ་ནས་ཆོ་ག་རབ་ཏུ་ཕྱེ། །རིགས་ལྔ་པོ་ནི་བསྒོམ་པར་བྱ། །སྤྱི་བོར་བྲུཾ་ཡིག་དཀར་པོ་སྟེ། །མགྲིན་པའི་ཧྲཱིཿནི་ཉི་མའི་མདོག །བྲུཾ་ཡིག་ནག་པོ་ཐུགས་ཀ་རུ། །ཨ་ནི་ལྟེ་བར་གསེར་གྱི་མདོག །གསང་ བའི་གནས་སུ་ཁཾ་ལྗང་གུ། །བསྒོམས་ཤིག་རྣམ་པའི་ཆོ་གའོ། །འཁོར་པད་རྡོ་རྗེ་རིན་ཆེན་མཆོག །སྣ་ཚོགས་རྡོ་རྗེ་འདི་རྣམས་གནས། །རྣལ་འབྱོར་མ་ནི་ཐམས་ཅད་ལ། །ཆོ་ག་དེས་ནི་ཆོ་ག་བྱ། །ཐུགས་ཀའི་ས་བོན་འོད་ལྕགས་ཀྱུས། །སངས་རྒྱས་ཡེ་ཤེས་འཁོར་ལོར་ དགུག །བ་སྤུའི་སྒོ་རྣམས་པདྨ་གནས། །མཆོད་པའི་ལྷ་མོ་རང་ལས་སྤྲུལ། །དད་པ་མཆོག་གིས་ཡང་དག་མཆོད། །ཡང་ནི་རང་ལ་གཞུག་པར་བྱ། །དེ་ནས་དབང་བསྐུར་གསོལ་བ་གདབ། །བདེ་གཤེགས་རྣམས་ནི་དངོས་གྲུབ་སྟེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏིཥྛཱ་ཨ་བྷི་ཥེ་ཀ་ས་མ་ཡ་ཧྲི་ཡེ་ཧཱུཾ། ཨོཾ་སརྦ་ཏིཥྛཱ་ཨ་བྷི་ཥེ་ཀ་ཏ་ཤོ་དྷི་ཤོ་དྷ་ཨཱཏྨ་ཀི་ས་ར་ས་ར་པྲ་ས་ར་པྲ་ས་ར། སརྦ་བུདྡྷ་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། མ་ལུས་སེམས་ཅན་ ཐམས་ཅད་རྣམས། །སྒྲོལ་མའི་གཟུགས་སུ་ངེས་ལྟ་བར། །སྒོམ་སྦྱོར་གྱིས་ནི་སྒོམ་གྱིས་ཤིག །བསྒོམ་པ་སྒོམ་མིན་སྐད་ཅིག་ཙམ། །གནས་ཀྱི་མན་ངག་རིམ་གྱིས་དང་། །བླ་མའི་རྣལ་འབྱོར་མ་རིམ་གྱིས། །མན་ངག་དམ་ཚིག་རྙེད་པ་སྟེ། །བླ་མའི་ཞབས་ཀྱི་མཆོག་སྦྱིན་གྱིས། ། ཡེ་ཤེས་རྟོག་པ་བསྒོམ་བདག་ཉིད། །ཡེ་ཤེས་རྟོག་པ་སྒོམ་གྱིས་ཤིག །རྟོག་པ་བྲལ་བ་མེད་པ་ནི། །ཡེ་ཤེས་མ་ཡིན་རྟོག་པ་མིན། །ཆོས་ཀྱི་བདག་ཉིད་མཉམ་པ་ཉིད། །རང་གཞན་མེད་ཅིང་ཡི་གེ་མེད། །སྐུ་མདོག་འདས་དང་རྣམ་པ་མེད། །རིང་པོ་མ་ཡིན་ཟླུམ་པོ་མིན། ། དེ་ཉིད་འབྱུང་པོ་ཐམས་ཅད་རྣམས། །རྣལ་འབྱོར་ཡེ་ཤེས་ཡིད་མེད་པ། །དེ་ནི་དེ་ཉིད་བཟླས་པ་ཡིས། །རྣལ་འབྱོར་དབང་ཕྱུག་ཐོབ་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། དེ་ལྟར་དམ་ཚིག་སྔགས་ཡིན་ཏེ། །བཅོམ་ལྡན་འདས་མས་རབ་ཏུ་བཤད། །དང་པོ་ཨོཾ་དང་ དེ་ནས་མིང་། །ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །ཟློས་ཤིག་ལྷ་མོ་རྣམས་ཀྱི་སྔགས། །ཐམས་ཅད་ལ་ནི་མཆོད་པའོ། །ཛཿཧཱུཾ་བཾ་ཧོཿས་རིམ་པ་བཞིན། །སྒོ་རྣམས་ལའང་དྲན་པར་བྱ། །ཨོཾ་ཧཱུཾ་ཕཊ། སྔར་བཤད་པ་ཡི་མིང་ལྡན་པ། །ཆོ་ག་འདི་ཡིས་ཡང་དག་བཟླ། །ཨོཾ་ཏྲཱཾ་ ཧྲཱི་ཁཾ་ཧཱུཾ་ལཾ་མཾ་སཾ་ཏྲཾ་ཛ། ཕུང་པོ་ཁམས་རྣམས་དག་པའོ། །ཨོཾ་ཨཱཿཧཱུཾ་ལུས་ངག་ཡིད་གསུམ་དག་པ་ཡི། །སྔར་བཤད་ཆོ་གས་བསྔགས་པ་ཡིས། ཆོ་ག་འབུམ་ཕྲག་གཅིག་བཟླས་བྱ། །སྡིག་པ་ཐམས་ཅད་རྣམ་དག་དོན། །སྡུག་བསྔལ་ཐམས་ཅད་ཟད་དོན་དུ། །རྣལ་འབྱོར་ པ་རྣམས་ར