Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 28
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
པའོ། །ཇི་ལྟར་འདོད་པས་བཟླས་པས་སོ། །ལྟེ་བའི་དབུས་སུ་པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ་ཡི་གེ་ཧཱུཾ་ཤིན་ཏུ་འབར་བ་བལྟའོ། །དེ་ནས་ཕྲེང་བའི་རྡོག་པོ་རྣམས་ཡི་གེ་ཧྲཱིཾ་གི་གཟུགས་སུ་ བལྟས་ལ། དེ་རྒྱུན་མ་ཆད་པར་རང་གི་ཁ་ནས་འཐོན་ཏེ་ལྟེ་བའི་ལམ་དུ་ཞུགས་ཤིང་ཁ་ནས་བྱུང་བར་བསམས་ལ། སྔགས་ཀྱི་རྒྱལ་པོ་ཡིག་འབྲུ་གཅིག་པོ་འདིས་ཡིད་བཞིན་ནོར་བུ་ལྟར་སྡིག་པ་དང་ཡམས་ཐམས་ཅད་འཇིག་པ་དང་། དབང་དུ་བྱ་བ་དང་། དབབ་པ་དང་འགྲོ་བ་འཁྲུག་པར་བྱེད་པའི་སྔགས་སངས་རྒྱས་ཀྱི་གསུང་བློ་གྲོས་བརྟན་པས་བཟླས་པར་བྱའོ། །འདི་ལྟ་བུའི་སྔགས་འབུམ་ཕྲག་གཅིག་བཟླས་པས་སྙན་དངགས་མཁན་དུ་འགྱུར་རོ། །འཛིན་པར་ནུས་པ་དང་། རྡོ་རྗེ་ལྟ་བུའི་ཚིག་དང་ ལྡན་པ་དང་། ནོར་ཆེ་བ་དང་། ཚེ་རིང་བ་དང་། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཁྱུང་གི་དབང་པོ་ལྟར་སྲིད་པ་གསུམ་གྱི་དུག་མེད་པར་བྱེད་པ་དང་། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བར་གདོན་མི་ཟའོ། །ཨོཾ་ཨཱཿཧྲཱིཾ་ཧཱུཾ་ཧཾ་ཧ། ཞེས་ པའི་སྔགས་ཀྱི་རྒྱལ་པོ་འདིས་སངས་རྒྱས་ཉིད་ཀྱང་སྦྱིན་པར་བྱེད་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཨོཾ་ཨཱཿཧྲཱིཾ་ཧཱུཾ་གྷཱ་ཏ་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདིས་གཏོར་མ་དབུལ་བར་བྱའོ། །བཅོམ་ལྡན་འདས་མ་རལ་པ་གཅིག་མ་དཀར་མོའི་སྒྲུབ་ ཐབས། དཔལ་གཉིས་མེད་རྡོ་རྗེ་ལས་བྱུང་བ་སློབ་དཔོན་རོལ་པའི་སྦས་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་པ་རེནྡྲ་ཛཱི་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་ཡུལ་དབུས་ཀྱི་གྲུབ་པ་ཐོབ་པའི་གནས་དྲང་སྲོང་སྲིན་པོ་རིར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མ་དམར་མོའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་མ་རལ་གཅིག་མ་དམར་མོ་ལ་ཕྱག་འཚལ་ལོ། །ཨཱ་སྙིང་གར་ཨོཾ་ཡིག་ལས་པདྨ་དམར་པོ་ལྟ་བུ་ལས། དེའི་དབུས་སུ་སླར་ ཡང་བསམ་པར་བྱ་བ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་དུ། དེའི་སྟེང་དུ་སླར་ཡང་བསམ་པར་བྱ་བ་ཨ་ཡིག་ལས་ཉི་མའི་དཀྱིལ་འཁོར་དང་། དེ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐོད་པར་བསམ་པར་བྱ། ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའི་ཡི་གེ་ གསུམ་གྱིས་ཁྱབ་པར་རོ། །སླར་ཡང་ནམ་མཁའ་ལ་སྣ་ཚོགས་རྡོ་རྗེ་བསམ་པར་བྱ་ཞིང་། དེ་ཡོངས་སུ་གྱུར་པར་བཅོམ་ལྡན་འདས་མ་བསམ་པར་བྱ་སྟེ། ཞལ་བཞི་པ་ཐུང་ཞིང་ལྟོ་བ་འཕྱང་བ་ཆེན་པོར་འཇིགས་པའི་ཀླུ་བརྒྱད་ཀྱིས་བརྒྱན་པ། མཆེ་བ་གཙིགས་ཤིང་ ཅུང་ཟད་འཛུམ་པའི་རོའི་སྟེང་དུ་ལང་ཚོ་གསར་པ་ཡང་དག་པར་ཐོབ་པ། ལོ་བརྒྱད་གཉིས་ལོན་པར་བསམ་ཞིང་། མགོ་བོ་གསར་པའི་ཕྲེང་བ་རབ་ཏུ་འཕྱང་བར་བྱེད་པ་དང་། སྐྲ་དམར་སེར་གྱེན་དུ་བརྫེས་པ་ཡང་ངོ་། །སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། ཞལ་དང་ པོ་དམར་པོ་ཡ་བའི་མེ་ཏོག་དང་མཚུངས་པ། ཞལ་གཡས་པ་ཀུནྡ་དང་ཟླ་བར་མཚུངས་པ། ཞལ་གཡོན་པ་ནག་པོ་སྣ་ཚོགས་དང་། ཨུཏྤ་ལ་གསར་པ་སྔོན་པོ་ལྟ་བུའོ། །སྟེང་ཞལ་ཞི་བ་བོང་བུའི་ཞལ་དུ་བའི་ཚོགས་འདུས་པ་ཉེ་བར་འབར་བས་རབ་ཏུ་མཚོན་པའོ། །ཕྱག་ བརྒྱད་ལ་རལ་གྲི་དང་། གྲི་གུག་དང་། རྡོ་རྗེ་ལྕགས་ཀྱུ་དང་། མདུང་འཛིན་པའོ། །གཞན་ལ་ཨུཏྤ་ལ་སྔོན་པོ་དང་། ཐོད་པ་དང་། གཞུ་དང་། རྡོ་རྗེ་ཞགས་པའི་སྡིགས་མཛུབ་དང་ལྡན་པའོ། །མཆོག་ཏུ་དགའ་བས་ཡང་དག་པར་མོས་པར་འཁྱུད་པར་བྱེད་པའི་མི་ བསྐྱོད་པ་འཛིན་པ་རྒྱན་སྣ་ཚོགས་པས་བརྒྱན་པའོ། །དེ་ལྟར་བཅོམ་ལྡན་འདས་མ་སྤྲོ་བའི་གཟུགས་སུ་རྣམ་པ་དང་བཅས་པར་མཁའ་ལ་བསམ་པར་བྱ་ཞིང་། རྣལ་འབྱོར་ནི་ཇི་ལྟར་མན་ངག་ལས་ཙནྡན་དམར་པོའི་འབྲུའི་ཕྲེང་བས་བགྲང་བར་བྱའོ། །བློ་དང་ལྡན་པའི་ སྔགས་ཆེན་པོ་ནི། ཧྲི་དྷྲཱཾ་ཁྲཾ་ཤྲཱི་ཧྲཱི་ཡཿབརྒྱད་ལྷག་པའི་བརྒྱ་བཟླས་པ་ལས་སྒྲུབ་པ་པོ་ཚིགས་སུ་བཅད་པ་བྱེད། ཁྲི་ཚོ་གཅིག་བཟླས་པ་ལས་ཆོས་ཀྱི་ཕུང་པོ་རྣམ་པར་འབྱེད་པ་དང་ལྡན་པར་འགྱུར་རོ། །མ་ཐོས་པ་རྣམས་འཛིན་ཞིང་ཤེས་པར་བྱེད་དོ། །འབུམ་བཟླས་ པས་རལ་པ་གཅིག་མ་དམར་མོའི་སྒྲུབ་པ་ཡང་དག་པར་ལྡན་པའོ། །འདི་མཛད་པ་ནི་ཀུན་སྤངས་རྡོ་རྗེ་ཞེས་པས་ཀྱིའོ། །རང་གི་སྙིང་གར་ཨུཏྤ་ལ་འདབ་མ་བཅུ་དྲུག་པ་བསམ། དབུས་སུ་ཧཱུཾ་ཡིག་དང་འདབ་མ་ལ་ཧྲཱིཿཡིག་བསམ། ཧཱུཾ་གི་ཡི་གེ་ནས་སྤྲོས་ཏེ་བསྒྲུབ་བྱའི་ཡིད་ བཀུག་ཅིང་སླར་ཡང་འདབ་མ་བཅུ་དྲུག་པའི་ཧྲཱིཿཡིས་སྤྲོས་ཏེ། བསྒྲུབ་བྱའི་མགྲིན་པ་ནས་ཞགས་པས་བཅིངས་ཏེ་སྒྲུབ་པ་པོའི་རྐང་པ་ལ་ཕྱག་བྱེད་པར་བསམ་ཏེ། དྷི་ཧྲིཿ ཤྲཱི་ཧྲཱིཿཆེ་གེ་མོ་དབང་དུ་གྱིས་ཡ། དེ་ལྟར་བསྒོམ་ཞིང་སྔགས་བཟླས་པར་བྱའོ། །གལ་ཏེ་ འོངས་པར་མ་གྱུར་ན་ངེས་པར་འཆིའོ། །རྒྱ་གར་ཤར་ཕྱོགས་པཎྜི་ཏ། །མི་དབང་བཟང་པོའི་ཞལ་སྔ་དང་། །དམ་ཆོས་སྨྲ་བའི་བཙུན་པ་ནི། །ལེགས་པའི་བློ་གྲོས་བདག་གིས་བསྒྱུར། །འདི་ལས་བྱུང་བའི་དགེ་བ་ནི། །རྣམ་པར་དཀར་བའི་བསིལ་ ཟེར་འདིས། །གཞན་སྡེའི་ཀུ་མུད་ཚོགས་རྣམས་ལ། །རྟག་ཏུ་དབུགས་འབྱིན་བྱེད་པར་ཤོག། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊི་ཨ་དྷིཥྛ་ན་བི་དྷིཿ། བོད་སྐད་དུ། རལ་པ་གཅིག་མ་དམར་མོའི་བྱིན་བརླབས་ཀྱི་ཆོ་ག །བཅོམ་ལྡན་འདས་ མ་དམར་མོ་ལ་ཕྱག་འཚལ་ལོ། །དང་པོ་པདྨ་འདབ་བརྒྱད་བྱས་ལ། དེ་ནས་བུམ་པ་གཅིག་རིན་པོ་ཆེ་ལ་སོགས་པས་ཡང་དག་པར་བཀང་སྟེ། དེའི་དབུས་སུ་བཞག་ནས་བཅོམ་ལྡན་འདས་མའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སློབ་མས་བླ་མའི་མཎྜལ་ བྱས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེའི་རྗེས་སུ་བཅོམ་ལྡན་འདས་མའི་མཎྜལ་བྱས་ལ་སྐྱོར་ཆུར་སྦྱངས་ཏེ། བདག་བསྲུང་བ་ལ་སོགས་པ་བྱས་ནས། དབུས་སུ་མེ་ཏོག་གཅིག་དབུལ་བར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་ཀྱིས་མེ་ཏོག་རེ་ལ་ བསྔགས་ནས་དབུས་སུ་ལན་གསུམ་དབུལ་བར་བྱའོ། །དེ་ནས་ལྷ་མོའི་སྔགས་ཀྱིས་ལན་གསུམ་དབུལ་བར་བྱའོ། །ཨོཾ་ཏཱ་རཱ་ཡཻ་ན་མཿ སྔགས་འདིས་ལན་གཅིག་དང་། ཨོཾ་ཨཀྵོ་བྷྱཱ་ཡ་ན་མཿཞེས་པས་ལན་གསུམ་དབུལ་བར་བྱའོ། །ཨོཾ་ཧྲཱིཿགུ་ཎ་བཛྲཱ་ཡཻ་ན་མཿ ཤར་དུའོ། །ཨོཾ་ཁཾ་བཛྲ་ཙཀྲཱ་ཡཻ་ན་མཿ ལྷོ་རུའོ། །ཨོཾ་གཾ་བཛྲ་གཎྜ་ཡཻ་ན་མཿ དབུས་སུའོ། །ཨོཾ་ཧྲཱིཿབི་ཤྭ་བཛྲཱ་ཡཻ་ན་མཿ བྱང་དུའོ། །ཨོཾ་པྲཛྙཱནྟ་ཀཱ་ཡ་ན་མཿ བདེན་བྲལ་དུའོ། །ཨོཾ་པདྨཱནྟ་ཀཱ་ཡ་ན་མཿ རླུང་དུའོ། །ཨོཾ་བིགྷྣཱནྟ་ཀཱ་ཡ་ན་མཿ དབང་ལྡན་དུའོ། ། དབུས་སུ་ཡང་བཅོམ་ལྡན་འདས་མའི་སྔགས་ཀྱིས་ལན་གསུམ་དུ་མེ་ཏོག་དབུལ་ལོ། །མདུན་དུ་མཎྜལ་བྱས་ནས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཏཱ་རེ་གུ་ཎ་བཛྲ་ཙཀྲ་བཛྲ་གྷཎྜ་བཛྲ་བིཥྛ་བཛྲ་ན་ཧྲཱིཾ་ཁཾ་གི་ཧྲཱིཿས་བཱ་བི་གྷ་ཧཾ་གུ་རུ་སྭཱ་ཧཱ། སྔགས་འདིས་ཁྲུས་བྱའོ། །ཨོཾ་ སརྦ་བྷཱུ་ཏ་རཀྵནྟུ་སྭཱ་ཧཱ། སྤྱི་བོར་བསྲུང་བ་རྣམ་པར་སྦྱིན་པར་བྱའོ། །ཨོཾ་ཛཱ་ཊོ་ཛཱ་ཊོ། ཨུ་ད་ཀེ་ན་ཀཱ་ཡཤྩ་ཀ་ཙ་ཏཾ་བི་ཤོ་དྷ་ཡ་ཧྲཱིཿ འདིས་ཆུ་འཐུང་དུ་གཞུག་སྟེ་ལུས་ངག་ཡིད་རྣམ་པར་དག་པར་བྱ་བའི་ཕྱིར། ཨོཾ་ཛཱ་ཊི་ཛཱ་ཊི་ཨི་ན་ནིར་ཛ་ཊཱ་ཡ་ཀཱ་ཡཾ་བི་ཤོ་དྷཱ་ཡ་སྭཱ་ཧཱ། འདིས་ རལ་པ་སྤྱི་བོར་བཅིང་བར་བྱའོ། །ལུས་རྣམ་པར་སྦྱང་བའོ། །ཨོཾ་ཧྲཱི་ཊཾ་མ་ལེ་མ་ལེ་ཨ་ནེ་ཀཱ་མ་ལ་ཝཱག་བི་ཤོ་དྷ་ནཱ་ཡ་སྭཱ་ཧཱ། འདིས་ཕྲེང་བ་སྦྱིན་ནོ། །ངག་རྣམ་པར་སྦྱང་བའོ། །ཨོཾ་ཛཱ་ཊི་ཛཱ་ཊི་མ་ཧཱ་རཀྵ་ཀརྟ་རི་ཀ་པཱ་ལ་དྷ་ནུཿཤ་ར་ཡ་ཙིཏྟཾ་བི་ཤོ་དྷཱ་ཡ་སྭཱ་ཧཱ། འདིས་གྲི་གུག་དང་ ཐོད་པ་དང་གཞུ་དང་མདའ་སྦྱིན་པར་བྱ་སྟེ། སེམས་རྣམ་པར་སྦྱང་བའོ། །ཨོཾ་ཧཱུཾ་སྙིང་ག་ལའོ། །ཧྲཱི་མགོ་བོར། ཕཊ་སྤྱི་བོར། ཏྲཾ་མིག་ལའོ། །དྷྲིག་ཕྲག་ལའོ། །ཁཾ་ཡན་ལག་ཐམས་ཅད་ལའོ། །འདིས་ཡན་ལག་དྲུག་བསྲུང་བར་བྱའོ། །ཨོཾ་ཨེ་ཧྱེ་ཧི་ཨེ་ ཀ་ཛཱ་ཊི་ར་ཎ་ར་ཎ་ད་ཤ་དི་ཀ་སཾ་གྷཾ་ཀུ་རུ་ཛྩ་གྷཱ་བི་ནཱ་ཡ་ཀ་ན་ནིརྨ་ཐཱ་ནིརྨ་ཐཱ་བི་དྷྭཱཾ་ས་ཡ། ཁ་ད་ཁ་ད་མཱ་ར་ཡ་མཱ་ར་ཡ། ཧེ་བྷ་ག་ཝ་ཏཱི་སརྦ་སྭ་དྷ་ནི་སྭཱ་ཧཱ། འདིས་ཕྱོགས་བཅིང་བར་བྱའོ། །དེ་ནས་སྔགས་བཤད་ལ། བུ་ཀྱེ་ང་ནི་མི་བསྐྱོད་པ། །མཁའ་ལ་བཅོམ་ལྡན་འདས་ མ་བཞུགས། །གལ་ཏེ་བྱིན་བརླབས་མེད་པ་ལ། །སྔགས་འདི་བཤད་ནས་དེ་ཡི་ཚེ། །ཁྱོད་ནི་དམྱལ་བར་ལྷུང་བར་འགྱུར། །ཞེས་རྣམ་པར་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་མའི་མན་ངག་བསྒོམ་པ་ལ་སོགས་པ་སྔར་བཤད་པ་ལྟར་བྱའོ། །རལ་གཅིག་ མ་དམར་མོའི་བྱིན་བརླབས་ཀྱི་ཆོ་ག །ནག་པོ་སྤྱོད་པ་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་མི་དབང་བཟང་པོ་དང་། ལོ་ཙཱ་བ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་གྲ་ཏཱ་རཻ་ཀ་ཛཱ་ཊཱི་ཨུ་པ་དེ་ཤ་སཱ་དྷ་ནཾ། བོད་སྐད་དུ། མཆོག་གི་སྒྲོལ་མ་རལ་པ་གཅིག་པའི་མན་ངག་གི་སྒྲུབ་ཐབས། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་རྨོངས་པའི་བློ་ལྡོངས་དང་། །ཚེ་ཐུང་ནད་དབུལ་དགྲ་བགེགས་སོགས། །འཇིགས་ཀུན་སྒྲོལ་མཛད་སྒྲོལ་མའི་མཆོག ། དེ་ཡི་བསྒོམ་རིམ་འདིར་གསལ་བྱ། །དང་པོ་ཁོ་ནར་བསྙེན་པ་ཚད་དུ་སོན་ཅིང་། སྒྲུབ་ཐབས་ལ་བློ་འདྲིས་པའི་རྣལ་འབྱོར་པས། དུར་ཁྲོད་དམ་ཕྱི་ནང་གི་རྟེན་སྟོབས་དང་ལྡན་པ་ལ་སོགས་པ་བཞུགས་པ། ཡིད་དང་མཐུན་ཞིང་ཤིས་པའི་གནས་ ཁང་བྱི་དོར་བྱས་ལ། རྟེན་གསུམ་དང་། མཆོད་པ་ལྔ་ཅི་རིགས་པ་དངོས་སམ་ཡིད་ཀྱིས་བཤམས་ལ། ཉལ་བའི་རས་འཇམ་དྲི་བཟངས་ཀྱིས་བྱུགས་པའམ། ཡང་གདན་གཞན་དེར་བསྒོམ་པའི་སྟེང་དུ། སེམས་གནས་པའི་ཡན་ལག་ཏུ་ལུས་སྐྱིལ་ཀྲུང་ གིས་འདུག་ལ། ལེགས་ལམ་གྱི་གཞི་མ་ནས་བརྩམས་ཏེ། ཆོས་ཐམས་ཅད་ཀྱི་མཆོག་གི་བློ་སྔོན་དུ་བཏང་ནས། རང་ལུས་ཐ་མལ་པར་གནས་པའི་མདུན་གྱི་ནམ་མཁར་ལཾ་གྱུར་པ་ལས་སའི་དཀྱིལ་འཁོར། སྣ་བུག་གཡས་པ་ནས་རྔུབས་པ་ལས། རླུང་ མཁྲིས་བད་ཀན་ལ་སོགས་པའི་ནད་གཞི་ཐམས་ཅད་དང་། ནང་ཁྲོལ་ལྗན་ལྗིན་མི་གཙང་བའི་རྫས་ཐམས་ཅད་དེད་པས་བཤང་ལམ་ནས་འཐོན་ཏེ། འོག་གི་ཞིང་ཁམས་དཔག་ཏུ་མེད་པ་བློས་ཆུད་ཚད་དུ་བསྐྱལ། ཡང་མདུན་གྱི་བཾ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ སྣ་བུག་གཡོན་ནས་རྔུབས་པས། ལུས་ཀྱི་ནང་གི་དྲི་མ་ཐམས་ཅད་དག་པར་བཀྲུས་ཏེ། ཆུ་ལམ་ནས་བཏོན་ནས་སྔ་མ་བཞིན་དུ་བསྐྱལ་ལོ། །དེ་ནས་རླུང་ཁ་སྦྱོར་གྱི་འོག་ནང་དུ་ལུད་པའི་ལྟེ་བར་ཡཾ་དང་། རྩ་གསུམ་གྱི་མདུད་མདོར་རཾ་གྱུར་པ་ལས། མེ་དབལ་ སྲན་མ་ཙམ་ཅིག་བསྒོམ་མོ། །དེའི་འོག་སྒོའི་ཡཾ་ལས་རླུང་གཡོས་པ་ལས་མེ་ལྕེ་དར་སྐུད་ཙམ་ཅིག་དམར་ནར་གྱིས་འབར་ཏེ་དེ་ལས་འོད་ཟེར་དུས་མཐའི་ཉི་མ་ལྟར་ཚ་བ་དུ་མ་འཕྲོས་པས། ཚེ་ཐོག་མ་མེད་པ་ནས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་ལ་མེ་མཆེད་ པ་ལྟར་སྐད་ཅིག་གིས་བསྲེགས། མེ་ལྕེ་སྙིང་གར་སླེབས་པས་སྙིང་གི་པདྨོའི་དབུས་ཀྱི་ཧཱུཾ་སྤྲོས་པས། དེ་ལས་འོད་ཟེར་ཉི་མ་ཤར་བ་ལྟར་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་དུ་ཁྱབ་པས། སྒྲིབ་གསུམ་གྱི་གནས་ངན་ལེན་བག་ཆགས་དང་བཅས་པ་ཐམས་ཅད་ ཁ་སྣ་དང་བ་སྤུའི་བུ་ག་ཐམས་ཅད་ནས་རླུང་གི་ཚུལ་དུ་འཐོན་ནས། ལུས་ཤེལ་དཀར་གྱི་གཞལ་ཡས་ཁང་བཞིན་དུ་དག་པར་བསམ། དེ་ནས་མེ་ལྕེ་མགྲིན་པར་སླེབས་པས། ཨཱཿལས་འོད་འཕྲོས་པས། སྤྱི་བོའི་ཨོཾ་ཞུ་བའི་དངས་མའི་ཐིག་པས་ཐུགས་ཀར་འབར་ འཛག་གི་ཏིང་ངེ་འཛིན་བརྟན་པར་བསྒོམ། དེ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དོན་གཉིས་བྱས། ཚུར་འདུས་པས་དཔའ་བོ་བརྒྱུད་པ་དང་བཅས་པའི་བླ་མ་རྣམས་སྤྱན་དྲངས་ཏེ། རང་གི་སྤྱི་གཙུག་གི་སྟེང་ནས་མར་རིམ་གྱིས་ཞུགས་པ་ལ་བདུན་རྣམ་དག་སྔོན་དུ་ བཏང་ལ། གསོལ་བ་དྲག་ཏུ་བཏབ་པས་པདྨ་འདབ་མ་བཞི་པ་དེ་སྟེང་ཐོད་ཁྲག །དེའི་སྟེང་རཾ་ལས་ཉི་མ། དེ་སྟེང་ཧཱུཾ་ལས་གྲི་གུག་རྡོ་རྗེའི་ཡུ་བ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་པས་དོན་གཉིས་བྱས་པ་ལས། ཚུར་འདུས་པས་བདག་ཉིད་བཅོམ་ལྡན་འདས་ མ་སྐུ་མདོག་སྔོ་བསངས་བཻ་ཌཱུརྱ་ལྟར་དངས་པ། མེ་རི་འབར་བའི་དབུས་ན། ཉི་མ་དངས་པ་དང་། མ་དང་དབུགས་བྲལ་གྱི་རོའི་སྟེང་ན་ཞབས་གཡས་བསྐུམ་པས་རོ་འཇམ་པའི་ལོང་བུ་མནན་པ། གཡོན་པ་ཅུང་ཟད་བརྐྱང་བས་སྙིང་གར་བརྫིས་པ། བཅུ་དྲུག་ལོན་ པའི་ན་ཚོད་ལང་ཚོ་དང་གཟི་བརྗིད་ཀྱིས་མཛེས་པ། ཤིན་ཏུ་འཁྲུགས་པ་མིའུ་ཐུང་གི་ཤ་ཚུགས་ཅན། སྐུ་སྦོམ་ལ་རགས་པ་གསུས་ཁྱིམ་ཆེ་བ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། མགོ་རློན་ཀླད་ཁྲག་འཛག་བཞིན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཞལ་ གཅིག་ཕྱག་བཞི་པའི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་པ། འོག་མ་གཉིས་ཀྱིས་རལ་གྲི་དང་། ཨུཏྤ་ལ་པུསྟིས་བརྒྱན་པ་བསྣམས་པ། ཞལ་མཆེ་བ་བཞི་གཙིགས་པ། ལྗགས་བར་སྣང་གི་གློག་ལྟར་འཁྱུག་པ། ཧ་ཧ་དང་། ཧི་ ཧིའི་གད་རྒྱངས་ཆེན་པོ་བསྒྲགས་པས་ཕྱི་ནང་གི་བདུད་ཐམས་ཅད་སྐྲག་ནས་འབྱེར་བ། སྨ་ར་དམར་སེར་གྱེན་དུ་འཚུབ་པ། སྨིན་ཕྲག་དང་དཔྲལ་བར་ཁྲོ་གཉེར་བསྡུས་པ། སྤྱན་གསུམ་པོ་དག་མེའི་ཕུང་པོ་ལྟར་དམར་ཤིག་གེ་བགྲད་ནས་ཅུང་ཟད་གཡོན་དུ་གཟིགས་པ། རལ་གཅིག་ཁམ་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔ་ཡིས་སྐྲ་མཚམས་བརྒྱན་པ། མེ་ཏོག་སྣ་ཚོགས་མཛེས་པས་སྤྲས་པ། དབུ་རྒྱན། རྣ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ་རྣམས་ཀླུ་ཆེན་བརྒྱད་ཀྱིས་ རིགས་ལྔའི་ཁ་དོག་ཏུ་དཔའ་བའི་ཆས་སུ་བཙུགས་པ། རྒྱན་དྲུག་པོ་དེ་དག་ཀྱང་རུས་ཆེན་དང་། རིན་པོ་ཆེ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་གསལ་བཏབ་ལ། ཅིག་ཅར་ཆུ་ནང་གི་ཟླ་བའི་གཟུགས་ལྟར་མི་སྐྱོ་བའི་བར་དུ་བསྒོམ་པར་བྱའོ། །བསྒོམས་ པས་སྐྱོ་ན་བཟླས་པ་ལ་འཇུག་པར་བྱའོ། །དེའི་རང་ཐུགས་པདྨ་ཉི་མའི་དབུས་ཀྱི་ཧཱུཾ་སྔོན་པོ་ལ། མདུན་ནས་གཡས་སྐོར་དུ་འདབ་མ་བཞི་ལ་ཧྲཱི་ཏྲིཾ་ཧཱུཾ་ཕཊ། ཅེས་པ་ལས་འོད་ཟེར་འཕྲོས་པས་འགྲོ་བ་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བག་ཆགས་དང་བཅས་པ་བཅོམ་ ནས། སྡིག་པའི་ཚོགས་ཐམས་ཅད་ཡེ་ནས་ཡང་དག་པར་བརྗོད་དེ། འོད་དེས་བླ་མ་བརྒྱུད་པ་དང་བཅས་པ་དང་། རིགས་ལྔ་ཡབ་ཡུམ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་བསྐུལ་ཏེ། བདག་ལ་དབང་བསྐུར་བའི་ཡེ་ཤེས་ཀྱི་བདུད་ རྩིའི་ལྷག་མ་ལུས་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །ཡང་དེ་ལས་འོད་འཕྲོས་པས་དོན་གཉིས་བྱས། ཚུར་འདུས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མ་ལུས་པ་བདག་གི་ཐུགས་ཀར་ཐིམ་པས། ཕྱོགས་བཅུ་ནས་དུས་གསུམ་ གྱི་སངས་རྒྱས་གྱུར་པ་ང་ཡིན་སྙམ་པའི་སེམས་པ་ཡང་བྱའོ། །གང་ན་ཡང་ཕྲིན་ལས་ཚད་མེད་ཀྱི་འཁོར་ལོ་དང་། སྒྲོལ་མ་འོད་ལུས་ཀྱི་འཕོ་བ་དང་། བར་དོ་ཉི་ལམ་གྱི་མན་ངག་དང་། ཕན་བརྩོན་བྱང་ཆུབ་ཀྱི་སྤྱད་རླབས་ལ་སོགས་པ་ཐུན་མོང་མ་ཡིན་པའི་གནད་ཡིན་ པས་སྐབས་གཞན་དུ་ཤེས་པར་བྱའོ། །དེ་ལྟར་སྔོན་འགྲོའི་སྒོམ་ཐབས་རྫོགས་པ་དང་། གཡས་རལ་གྲི། གཡོན་ཨུཏྤ་ལའི་པུསྟིའི་རྒྱབ་ཏུ་བཤགས་པའི་ཚུལ་དུ་ཕྱག་གུག་གི་དུང་ཆེན་གྱི་ཕྲེང་བ་བཟུང་ལ། ཐུགས་པདྨ་འདབ་ཅན་བནྡུའི་མེ་ཏོག་ལྟར་དམར་ བ་ལ་ཡི་གེ་འབྲུ་བཞི་བཙོ་མའི་མདོག་ཅན་མདུན་ནས་ཆོས་སྐོར་དུ་བཀོད་ལ། བསྐྱེད་རིམ་ལས་མ་གཡོས་ཤིང་། ཕྲིན་ལས་ཀྱི་རྣལ་འབྱོར་གྱི་ངང་ལས་བཟླས་སོ། །འཇོག་ཁར་ཡིག་འབྲུ་ལས་འོད་ཟེར་དཀར་སྔོ་དམར་སེར་ནག་པོ་ལྔ་ལས། ཚེ་དང་ལོངས་སྤྱོད་འཁོར་དང་གྲགས་པ་ཡེ་ཤེས་ལྔ་བསྡུ་བར་བྱའོ། ། འཆི་མེད་དབང་ཕྱུག་མི་ཟད་གཏེར་ཁ་བྱེ། །ས་གསུམ་ཀུན་ཁྱབ་འགྲོ་ཀུན་འདྲེན་པའི་མཆོག །ལྔ་རིག་ཀུན་མཁྱེན་ང་སྙམ་ང་རྒྱལ་གཟུང་། །སེམས་ཉིད་ཡིད་བཞིན་མཆོད་ན་འདོད་དགུ་འགྲུབ། །ཅེས་སོ། །དེ་ནས་ཡིད་སྐྱོ་ན་པད་འདབ་ཀྱི་ཡི་གེ་ཧཱུྃ་ལ། དེ་ཐིག་ལེ་ལ་བསྡུས་པ། ཐིག་ལེ་སྟོང་པ་ཡི་གེ་མེད། ། ཅེས་སོ། །སྤྲོས་པའི་མཐའ་ཐམས་ཅད་དང་གྲོལ་ཏེ། བདག་གཞན་གྱི་བློ་གྲོས་ངན་པའི་ཚོགས་ཐམས་ཅད་དག་པར་བསམས་ནས། འདོད་པའི་དོན་གཞན་ལ་གསོལ་བ་དྲག་ཏུ་བཏབ་སྟེ། རང་བཞིན་མེད་པའི་ངང་ལས་བསྔོ་བའི་རྒྱས་བཏབ་སྟེ། རྗེས་ཤེས་ཀྱི་གནས་སྐབས་སུའང་སྤྱོད་ལམ་ ཐམས་ཅད་ཕྲིན་ལས་ཀྱི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །དེ་ལྟར་བསྒོམ་བཟླས་ཀྱི་རྣལ་འབྱོར་འདྲིས་པ་དང་། དངོས་སམ་རྨི་ལམ་གྱི་རྟགས་རྣམས་འབྱུང་། ཡིད་གཞུངས་དྲན་བཟང་ངག་རྒོད་སྙན་དངགས་མཁས། །གཞན་བྱམས་ནད་ཞི་སྟོབས་དང་ལོངས་སྤྱོད་འཕེལ། །ཞིང་མཐོང་ཕྱག་ཡུལ་ རིན་ཆེན་རི་དང་ཁྲི། །ཆུ་འཐུངས་རྒྱུན་གཉིས་ཟག་པ་མི་རྟག་བརྒྱད། །དེ་ལྟར་རྟགས་རྣམས་མ་བྱུང་ན་སྦྱིན་སྲེག་བྱ་ཞིང་སྔགས་ཀྱི་བསྒྲུབ་པ་འབད་པར་བྱའོ། །ཆོས་རྣམས་གདོད་ནས་ཡེ་སྟོང་ཕྱིར། །བསམ་བརྗོད་བྲལ་བའི་དོན་འདི་ལ། །སྣ་ཚོགས་ལྟ་བ་ཀུན་སྤངས་ལ། །མཆོག་གི་རྣལ་འབྱོར་ཡིད་ལ་གྱིས། །མཆོག་ གི་སྒྲོལ་མ་རལ་པ་གཅིག་པའི་མན་ངག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་བདུད་རྩི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱི་མཆོག་གི་རིམ་པ་ཚེའི་དངོས་གྲུབ་བརྙེས་པ་འཆི་མེད་གོ་ཆ་ལས་བརྒྱུད་པ། སྙན་དངགས་མཁན་པོ་རྟག་པའི་རྡོ་རྗེའི་མན་ངག །ལྔ་རིག་སྐོལ་དུ་གྱུར་པ་བྷ་གུ་པཎྜི་ཏའི་ཁྱད་ཆོས། རྒྱ་གར་ཤར་ ཕྱོགས་ཀྱི་པཎ་ཆེན་དཱ་ན་ཤཱི་ལ་ལས། ཤཱཀྱའི་དགེ་སློང་རིག་པ་འཛིན་པ་ཁུ་རྣལ་འབྱོར་པས་འོན་དམར་སཾ་སྐྲྀ་ཏའི་སྐད་ལས་རང་འགྱུར་དུ་གསུངས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་དེ་བ་པཉྩ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས། ཐུགས་རྗེ་ཆེ་ལྡན་མ་ཡི་དཔལ་ལྡན་ཡེ་ཤེས་མ། ། གསལ་བའི་ཐུགས་རྗེ་འགྲོ་ལ་སྟོན། །བདུད་བཞི་ཚར་གཅོད་སྟོན་པའི་མཆོག །ལྷ་མོ་བརྩེ་ལྡན་མ་ལ་ཉེར་བཏུད་དེ། །འགྲོ་བའི་གདུགས་གཅིག་མ་ལ་ཕྱག་འཚལ་ལོ། །དེ་ཡི་སྒྲུབ་ཐབས་ཆོ་ག་བཤད། །བས་མཐའ་ཤིང་གཅིག་ལྷ་ཡི་གནས། །དུར་ཁྲོད་དབེན་པ་བཀྲ་ཤིས་པ། །དད་ལྡན་དབང་ཐོབ་ དམ་ཚིག་ལྡན། །གསང་ཐུབ་གུས་ལ་ཤེས་རབ་ཆེ། །དཔའ་ལ་བརྩོན་འགྲུས་བློ་ལྡན་པས། །མཎྜལ་མཆོད་པ་བདུད་རྩིར་ལྡན། །རྟེན་དང་མཆོད་པའི་ཡན་ལག་བཅས། །ལྷ་གསལ་སྤྱན་དྲངས་ཕྱག་འཚལ་ཏེ། །མཆོད་པ་བདུན་པོ་ཚད་མེད་གསལ། །འོད་སྤྲོ་བསྡུ་དང་སྟོང་པར་གསལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧཾ། དེ་ལས་ཏཱཾ་གི་ས་བོན་ལས། །ཡཾ་དང་བཾ་གྱིས་རླུང་དང་ཆུ། །ལཾ་དང་རཾ་གྱིས་ས་དང་མེ། །དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་། །གྲུ་བཞི་རྟ་བབས་བཞི་དང་ལྡན། །མུ་ཁྱུད་ལྟེ་བ་རྩིབས་བཞིར་ལྡན། །གྲུ་ཆད་སྒོ་བཞི་རྒྱན་དང་ལྡན། །དབུས་སུ་པདྨ་དུར་ཁྲོད་གདན། །རྩིབས་ལ་དུར་ཁྲོད་པདྨས་མཛེས། །དེ་ སྟེང་ཏཱཾ་ཞུ་ཧཱུཾ་དུ་གསལ། །དེ་ལ་ཐོད་པ་ཧཱུཾ་གིས་མཛེས། །སྤྲོ་བསྡུ་སྦྱོར་བས་སྐུ་བསྐྱེད་དོ། །མཐིང་ནག་ཞལ་གཅིག་ཕྱག་བཞི་མ། །སྤྱན་གསུམ་རྔམ་པའི་ང་རོ་ཅན། །སྦྲུལ་དང་སྟག་ལྤགས་རུས་པས་བརྒྱན། །རལ་གྲི་རུས་ཕྲེང་གྲི་གུག་བསྣམས། །ཨུཏྤལ་ཐོད་པ་གཡོན་པར་འཛིན། །ཐོད་ཕྲེང་བོང་ཐུང་འགྱིང་ བ་ཅན། །ནུ་འཕྱང་བཅུ་དྲུག་ལོ་ལྟར་མཛེས། །མེ་རི་ཕྱག་རྒྱ་ལྔ་ཡིས་བརྒྱན། །དབུ་སྐྲ་དུད་ཁ་ཐོད་པས་བརྒྱན། །ཤིན་ཏུ་གསལ་བར་མདངས་ལྡན་བསྐྱེད། །དེ་ནས་ཐུགས་ཀའི་ས་བོན་ལས། །ཤར་གྱི་རྩིབས་ལ་ཨོཾ་འཕྲོས་པས། །དཀར་པོ་འོད་ལྡན་གསལ་བར་བསམ། །ཞུ་བས་རྡོ་རྗེ་སྒྲོལ་མ་བསྐྱེད། །མདོག་ དཀར་ཞལ་གཅིག་ཕྱག་གཉིས་མ། །རུས་པའི་རྒྱན་དང་སྦྲུལ་གྱིས་བརྒྱན། །སྟག་ལྤགས་ཐོད་པའི་ཕྲེང་བ་ཅན། །ཕྱག་གཡས་རྡོ་རྗེ་གཡོན་པ་ནི། །ཨུཏྤལ་དཀར་པོ་འཛིན་པ་བསྐྱེད། །ལྷོ་ཕྱོགས་རྩིབས་ལ་ཧྲཱིཿའཕྲོས་པས། །སེར་པོ་འོད་ལྡན་ཞུ་བ་ཡིས། །རིན་ཆེན་སྒྲོལ་མ་གསེར་མདོག་ལ། །རྒྱན་ལྡན་ཕྱག་ གཡས་རིན་པོ་ཆེ། །ཨུཏྤལ་སེར་པོ་འཛིན་པ་སྟེ། །བརྐྱང་བསྐུམ་ཁྲོ་མོའི་ཆ་ལུགས་ལ། །དགྱེས་པའི་གར་དང་ལྡན་པ་བསྐྱེད། །ནུབ་ཕྱོགས་རྩིབས་ལ་ཏྲིཾ་འཕྲོས་པས། །པདྨའི་སྒྲོལ་མ་ཐུགས་རྗེ་ཅན། །མདོག་དམར་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་པདྨ་དམར་པོ་འཛིན། །གཡོན་པ་ཨུཏྤལ་རང་རྟགས་ ཏེ། །རྒྱན་ལྡན་གོང་དང་མཐུན་པར་བསྐྱེད། །བྱང་ཕྱོགས་རྩིབས་ལ་ཕཊ་འཕྲོས་པས། །ལས་ཀྱི་སྒྲོལ་མ་སྣ་ཚོགས་མདོག །ཕྱག་གཡས་རལ་གྲི་འབར་བ་སྟེ། །གཡོན་པ་ཨུཏྤལ་རང་རྟགས་ཏེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །བསྐྱེད་ལ་ཡེ་ཤེས་སྤྱན་དྲངས་ལ། །མཆོད་བསྟོད་བྱས་ལ་གཉིས་མེད་ བསྟིམ། །བྱིན་བརླབས་དབང་བསྐུར་རྫོགས་བྱས་ལ། །མི་གསལ་བར་དུ་གསལ་བར་བསྒོམ། །སྐྱོ་ན་བཟླས་པ་འབད་པར་བྱ། །སྙིང་གའི་དཀྱིལ་དུ་ཡིག་འབྲུ་ལྔ། །ཁ་དོག་ལྔ་རུ་གསལ་བྱས་ལ། །ལྔ་ལས་འོད་ལྔ་སྤྲོ་བྱས་ལ། །ལྔ་སྦྱངས་ཚུར་འདུས་ལྔ་རུ་གསལ། །རབ་འབྲིང་ཐ་མ་གསུམ་དང་དྲུག །བཅུ་གཉིས་ བར་དུ་འགྲུབ་པར་འགྱུར། །ཐབས་དང་ཤེས་རབ་གསལ་བར་བསྒོམ། །བཞི་པོ་སྲེག་གསོ་བདེ་བ་རྒྱས། །རྡོ་རྗེ་ནོར་བུའི་རྩེ་ལ་དྲང་། །བསྒྱིལ་ཞིང་བདེ་བ་ཉིད་ལ་བལྟ། །མཚན་ལྡན་སྣོད་དུ་བཟང་པོས་དགང་། །ལྔ་ལས་འོད་འཕྲོས་འདོད་ལྔ་དགུག །གཉིས་མེད་བསྟིམས་ལ་ལོངས་སྤྱོད་བྱ། །མི་རྒོད་ས་དང་སྐེ་ཚེ་ དང་། །སྔགས་དང་ཏིང་འཛིན་བཅས་པས་བཅིང་། །ཨོཾ་ཨ་མུ་ཀི་པྲ་ཤཱ་མ་ནཱ་ཡ་སྭཱ་ཧཱ། །ཞི་བ་དཀར་པོ་འཕྲོ་འདུས་སྦྱར། །རྒྱས་པ་སེར་པོ་བསོད་ནམས་རྒྱས། །མི་རྨོངས་དབང་དུ་དམར་པོས་བསྡུས། །མངོན་སྤྱོད་ནག་པོའི་ལས་ཀྱིས་གསད། །ཤེས་རབ་འཕེལ་བའི་འཇམ་པའི་དབྱངས། །ཉི་ཤུ་བར་དུ་བསྒྲུབ་པར་བྱ། ། དཀར་གསུམ་ཆུ་གཙང་སྐྱུར་རྩིས་དགང་། །སྔགས་བཟླས་ཐོ་རངས་དུས་ཉིད་དུ། །གསོལ་བཏབ་དེ་དུས་བཟའ་བར་བྱ། །ཨོཾ་པྲཛྙཱ་པ་ར་ཏཱ་ར་ས་ཏ་མུཾ་ཕཊ་སྭཱ་ཧཱ། འཇམ་དབྱངས་ཤེས་རབ་ལྟ་བུར་འགྱུར། །བརྩོན་འགྲུས་ལྡན་པས་སྦྱར་བར་བྱ། །ལྷ་ཉེ་འདོད་པའི་སྦྱོར་བ་ཡི། །ཐང་ཀ་ལུགས་སྐུ་རས་རིས་ལ། །རབ་ གནས་བྱས་ལ་ལྷར་བསྐྱེད་ལ། །ཡེ་ཤེས་བསྟིམས་ལ་མཆོད་བསྟོད་བྱ། །བདག་ཉིད་ཐ་མལ་ཉིད་དུ་སྟེ། །བཟླས་པ་བྲི་བྱ་གསོལ་བཏབ་འགྲུབ། །ཨོཾ་རཏྣ་སི་ཏུ་བཱི་རསྟི་ཧཱུཾ་ཕཊ། མིག་ནི་གསལ་བར་འདོད་པ་ཡི། །རིན་ཆེན་སྣོད་དུ་འོ་མས་དགང་། །ན་ལེ་ཤམ་གྱི་རྫས་ཀྱང་བླུགས། །རྟེན་གྱི་མདུན་དུ་བཞག་བྱས་ ལ། །ལྷར་བསྐྱེད་གསང་སྔགས་འབུམ་དུ་བཟླས། །ཨོཾ་ཏཱ་ར་ཙཀྵུ་ས་མ་ཏི་ཧཱུཾ་ཕཊ། སྲིད་གསུམ་གསལ་བའི་ཤེས་རབ་འཆར། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །རོ་ལངས་མཁའ་འགྲོ་མི་མ་ཡིན། །གནོད་པར་མི་འགྱུར་དབང་དུ་འདུ། །བདུད་དང་མུ་སྟེགས་ཕམ་པར་བྱེད། །འཇིགས་ཆེན་བརྒྱད་ལས་རྣམ་ པར་ཐར། །འདོད་པའི་ལོངས་སྤྱོད་ཟླ་བཞིན་རྒྱས། །ཤེས་རབ་ཉི་མ་ལྟ་བུར་འགྱུར། །ཉོན་མོངས་བག་ཆགས་མཁའ་བཞིན་འགྱུར། །གང་འདོད་ཐམས་ཅད་དབང་དུ་འགྱུར། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །གཟུགས་དང་སྒྲ་དང་དྲི་རྣམས་དང་། །རོ་དང་རེག་ལས་ཕུན་སུམ་ཚོགས། །ཞི་ རྒྱས་དབང་དང་མངོན་སྤྱོད་ལས། །སྐད་ཅིག་མ་ལུས་འགྲུབ་པར་འགྱུར། །ནད་ཀྱི་རིགས་སུ་གང་གཏོགས་པ། །མེ་དང་རྩི་བུར་ལྟ་བུར་འགྱུར། །མཐུ་སྟོབས་དབང་ཕྱུག་གྲགས་དང་ལྡན། །ཤི་འཕོས་བླ་མེད་ཞིང་དུ་སྐྱེ། །བླ་མ་མཁའ་འགྲོའི་སྤྱན་སྔ་རུ། །ལོ་གཅིག་ཟླ་བ་གང་བསྒྲུབ་པ། །སྨོད་དུ་བཙུགས་ཏེ་འབད་པར་བྱ། ། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །རབ་གནས་དབང་ནི་བསྐུར་བྱས་ལ། །དུས་བཟང་མཆོད་དང་གཏོར་མ་དབུལ། །མེ་ཏོག་སྔོན་པོས་མཎྜལ་དབུལ། །དེ་ལྟར་ལྷ་རྣམས་ལུང་སྟོན་འགྱུར། །འབད་པར་གྱུར་ཀྱང་རྟགས་མེད་ན། །ཉམས་དང་སྡིག་པ་ཆེ་ལྡན་པས། །སྦྱིན་སྲེག་ཚོགས་འཁོར་མཎྜལ་དང་། །སྐུ་གཟུགས་ བཞེངས་ལ་བཤགས་པ་བྱ། །ལྷ་ཡི་སྤྱན་སྔར་གསོལ་བ་གདབ། །བཟླས་པ་གཉིས་འབུམ་བསྐྱར་ལ་འབད། །བདག་ལ་བྲི་བའི་མཐུ་མེད་ཀྱང་། །སྒྲོལ་མ་རལ་གཅིག་གཙོ་བཅས་ལ། །མོས་པའི་གང་ཟག་དངོས་གྲུབ་འདོད། །དེ་ཡི་དོན་དུ་རྣམ་པར་བཀོད། །དངོས་གྲུབ་ལྷ་ཡི་ཞལ་མཐོང་ཤོག །སྒྲོལ་མ་ལྷ་ ལྔའི་སྒྲུབ་ཐབས་རིན་པོ་ཆེ་གསལ་བ་ཞེས་བྱ་བ། སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ར་ཏ་ན་དྷ་ཏི་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་གྱི་ཡུལ་ཤར་ཕྱོགས་ན། སློབ་དཔོན་རྟག་པའི་རྡོ་རྗེ་ཆོས་བཤད་ཀྱིན་ཡོད་པ་ལ། ཕག་རྫི་མ་རྒན་མོ་ཞིག་དེར་བཏུད་ནས། རེས་ཞིང་ནི་ངུ་། རེས་ཞིང་ནི་དགོད་པ་ལ། སློབ་དཔོན་གྱིས་མཁའ་འགྲོ་མ་ཅིག་ཡིན་པར་ཤེས་ནས། ཁྱོད་རེས་ངུ་རེས་དགོད་པ་ཅི་ཉེས་བྱས་པས། ང་དགོད་པ་ཁྱོད་ཕྱིན་ཅི་མ་ལོག་པར་བཤད་པ་ལ་དགའ་ནས་དགོད་པ་ཡིན། ངུ་བ་ཁྱེད་རང་གི་རྒྱུད་ལ་མང་མ་ཐེབས་ པར་འདུག །སློབ་མ་ལ་ཡང་ཁྱེད་གྲགས་ཕྱིར་ལ་ཉན་གྱིན་འདུག་པ་ལ་ངུ་བ་ཡིན་ཟེར། དེར་ཕྱག་དང་བསྐོར་བ་བྱས། མཎྜལ་ཕུལ་ནས་གང་ལས་ཞུ་བྱས་པས། ང་ཕག་རྫི་མ་རྒན་མོ་ཅིག་ལ་ཆོས་ཅི་ལ་ཡོད། ངས་ཁྱོད་ལ་ལུང་བསྟན་གྱིས། ཟངས་གླིང་ཕྱིའི་ཡུལ་ན་རྣལ་འབྱོར་པ་ཇོ་མོ་སྒྲོལ་མ་བསྒོམ་པ་ཅིག་ཡོད་ ཀྱིས། དེར་སོང་ལ་གདམས་པ་ཞུས་ཤིག་ཟེར་ནས། སློབ་དཔོན་གྱིས་གསེར་མང་བར་བསྣམས་ནས་བྱོན་པས་ཟངས་གླིང་གི་རྒྱལ་པོ་ཅིག་ལ་འདི་ན་ཇོ་མོ་སྒྲོལ་མ་བསྒོམས་པའི་རྣལ་འབྱོར་པ་ཅིག་ཡོད་པར་འདུག་པ། གང་ན་ཡོད་དྲིས་པས། དེ་ངའི་མཆོད་གནས་ཡིན་ལུང་པའི་ཕུ་ཡ་གི་ན་ཡོད་ཟེར། དེར་རྒྱལ་པོ་ལ་ གསེར་ཞོ་གཅིག་ཕུལ་ནས། ང་དང་མཇལ་བར་ཞུ་བའི་ཞུ་བ་འབུལ་དགོས་བྱས་པས་དེ་བྱར་མི་འདོད་ཁོང་གི་ང་མ་ཤི་བར་དུ་མཆོད་གནས་བྱས་པར་ཆད། ངས་ཁོང་ལ་ཆོས་ཞུ་བ་ལ་སོགས་པ་ཅི་བྱུང་ཡང་ངོ་མི་བྱེད་པར་ཆད་པ་ཡིན་ཟེར། འཕྲད་པའི་ཐབས་ཡོད་དམ་བྱས་པས་ཡོད་ཀྱིས། དགོན་པར་སོང་དེའི་སྒོ་ན་ཇོ་མོ་སྒྲོལ་མའི་སྐུ་ ཅིག་ཡོད་ཀྱིས་བསྐོར་བ་བྱེད་དུ་ནང་པར་འོང་གིས། བསྐོར་བ་ཟིན་ཟིན་དུ་སྡོད་ལ་ཟིན་པ་དང་། རྡོ་གྲུ་བཞི་ཅིག་གི་སྟེང་དུ་ཅུང་ཞིག་སྡོད་ཀྱིས། དེར་མཎྜལ་ཕུལ་ལ་ཞུས་ཤིག་ཟེར་རོ། །དེར་བྱོན་ནས་བསྡད་པས་ནང་པར་བྱོན་ནས་མདུན་ལ་བསྐོར་བ་མཛད་ནས་རྡོའི་སྟེང་དུ་བཞུགས་པ་ལ་གསེར་ཕུལ་ནས་གདམས་པ་ཞུས་པས། གསེར་བསྣམས་ནས་སློབ་དཔོན་ལ་ཕྱི་རྒན་རྒྱབ་ནས་ནང་དུ་གཤེགས་སོ། །དེར་ཞག་གསུམ་ལ་གསོལ་བ་འདེབས་ཀྱིན་བསྡད་པས། ཞག་གསུམ་ནས་བྱོན་ནས་ཁྱོད་ཅི་འདོད་གསུང་། བདག་སངས་རྒྱས་པའི་གདམས་ངག་ཞུ་བྱས་པས། ཇོ་མོ་སྒྲོལ་མ་དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལ་བརྟེན་ནས་ གདམས་པ་གནང་ནས་བསྒྲུབས་པས་ལོ་གསུམ་གྱིས་ཞལ་གཟིགས། དེས་སྒྲུབ་ཐབས་ལས་ཚོགས་ཐམས་ཅད་མཛད། དེའི་སློབ་མ་ཨ་མོ་གྷ་བཛྲ་ཆེན་པོ། དེའི་སློབ་མ་བླ་མ་རྡོ་རྗེ་གདན་པ། དེས་བ་རི་ལོ་ཙཱ་བ་དང་། རྨ་ཆུང་ལོ་ཙཱ་བ་ལ་གནང་ངོ་།། །།༄༅༅། །རྒྱ་གར་སྐད་དུ། ཀཱ་རུ་ཎ་ཏཱ་ར་སདྷ་ ནཾ། བོད་སྐད་དུ། ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། ཐུགས་རྗེ་ཉེ་འགྱུར་ཁྲོ་མོ་ལྷ་མོར་སྟོན། །མཐོ་རིས་ཐར་པའི་བགེགས་རྣམས་སྒྲོལ་མཛད་མ། །འཇིགས་པ་ཆེན་པོ་བརྒྱད་སྐྱོ་བཅིང་། །འདོད་ཡོན་ལྔ་ཡི་གདུང་བ་སེལ། །ཕྲིན་ལས་བཞི་ཡིས་འགྲོ་དོན་མཛད། །རྟག་ཏུ་སེམས་ཅན་མདུན་དུ་བཞུགས། ། གསོལ་བ་བཏབ་པས་མི་བསླུ་བའི། །སྒྲོལ་མ་རལ་གཅིག་མ་ལ་འདུད། །བླ་མ་བརྒྱུད་པའི་བཀའ་དྲིན་གྱིས། །སྙན་བརྒྱུད་ཞལ་ནས་ལུང་བསྟན་པའི། །སངས་རྒྱས་ཉིད་ཀྱིས་གསུངས་པ་ནི། །གཉིས་པོ་འབྲེལ་འདོད་དོན་དུ་བྲི། །གསང་བ་ལས་ཀྱང་ཆེས་གསང་བ། །ཟབ་པ་བས་ཀྱང་ཟབ་པ་ཉིད། །མཆོད་པ་བཞིན་དུ་ འདོད་པ་ཡིས། །ཐེག་ཆེན་རིགས་ལྡན་སྨིན་པ་དེས། །ལྷ་ཡི་མཚན་མ་དུར་ཁྲོད་དང་། །ཁང་སྟོང་དབེན་ལ་བཀྲ་ཤིས་པར། །མཆོད་ཡོན་ཞལ་ཟས་ལྡན་པ་ལ། །བསྡམ་བྱ་བསྡམས་པར་བྱས་ནས་ཀྱང་། །འཇམ་པའི་སྟན་ལ་འདུག་ནས་ནི། །སྐད་ཅིག་ལེགས་ཉེས་བདུན་པོ་གསལ། །འོད་ཀྱིས་སྲིད་གསུམ་ གསལ་ནས་སུ། །བསྡུས་ཏེ་ཐམས་ཅད་སྟོང་སྔགས་གསལ། །དང་པོ་པདྨ་དམར་པོའི་སྟེང་། །ས་བོན་པདྨ་ནང་དུ་ཧཱུྃ། །གྲི་གུག་ཧཱུཾ་བཅས་བྱུང་བ་ནི། །རལ་གཅིག་སྒྲོལ་མ་རྗེ་བཙུན་མ། །གཡོན་བརྐྱང་མགོ་བོའི་ཕྲེང་བས་བརྒྱན། །ཐུང་ཞིང་གསུས་པ་འཕྱང་ལྡིར་འཇིགས། །པདྨ་སྔོན་པོ་རོ་ཡི་གདན། །ཕྱི་ནང་གསང་ བའི་སྐུ་མདོག་འཆང་། །ཞལ་གཅིག་སྤྱན་གསུམ་ཧེ་ཧེ་བཞད། །ཀླུ་བརྒྱད་སྟག་གི་པགས་པས་དཀྲིས། །བཅུ་དྲུག་གནས་པ་འོ་མས་བརྒྱན། །ལྔས་བརྒྱན་ལྗགས་འདྲིལ་མཆེ་གཙིགས་འཇིགས། །རུས་ཆེན་ཕྲེང་བ་རལ་གྲི་གུག །རང་རྟགས་བདེ་སྐྱོང་ཁམ་རལ་གཅིག །དམར་ཟླུམ་མེ་སྟག་ཕུང་པོ་ཅན། །དབུ་རྒྱན་ དུར་ཁྲོད་རིན་ཆེན་སྤྲས། །དགུག་དང་གཞུག་དང་མཆོད་སྟོན་ནས། །ཡི་གེ་གསུམ་ནི་སྔགས་ཆེན་པོ། །ཕཊ་ནི་མཐའ་རུ་སྙིང་གར་གནས། །འོད་ཟེར་ལྔ་དང་མཉམ་དུ་མཚུངས། །མི་ཤེས་བུད་ཤིང་བསྲེགས་པའོ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ནས། །དེ་ཡི་བཏུ་བའི་ཆོ་ག་བཤད། །དང་པོ་ས་ཡི་ཕར་ཕྱོགས་སྦྱིན། །དབྱངས་ ཡིག་བཞི་པས་རྣམ་པར་བརྒྱན། །ར་ལ་ཞོན་ཅིང་འཕྲོ་བའི་འོད། །ཐིག་ལེ་ཟླ་ཚེས་ཡང་དག་ལྡན། །དེ་ནས་ཏཱཾ་ཡིག་སྦྱིན་པར་བྱ། །བཞི་པ་ཉིད་ཀྱིས་རྣམ་པར་བརྒྱན། །རིང་པོ་དག་དང་ཡང་དག་ལྡན། །ཧཱུཾ་ཡིག་ཡང་ནི་སྦྱིན་པར་བྱ། །ཕཊ་ཀྱི་ཡི་གེ་དེ་ནས་སྦྱིན། །ཡོངས་རྫོགས་གྲུབ་པའི་སྔགས་ཉིད་དོ། །སྤྲོ་དང་བསྡུ་བའི་སྦྱོར་ བ་ཡིས། །དྲུག་པ་གསུམ་ན་འགྲུབ་པར་འགྱུར། །གསུམ་ཁ་གསལ་ཞིང་བརྟན་པས་སོ། །མཆོག་ཐུགས་གསུམ་སྟེ་ཁ་དོག་ལྔ། །ལྔ་སྦྱངས་ལྔ་གསལ་ལྔ་རུ་འགྲུབ། །ནམ་མཁའ་འབྲུག་སྒྲ་སྤྲིན་སངས་ནས། །ཉི་མ་ཟླ་བ་གསལ་བཞིན་རྒྱས། །ཤེས་རབ་ངོས་ན་གནས་པ་ཡི། །འབྱུང་བའི་ལྷ་མོ་གཤེགས་བྱོན་ནས། ། རང་ཉིད་དབྱིབས་ཀྱི་རྣམ་པ་ཡི། །གཉིས་ཀྱི་གཅིག་ཏུ་གཏུབས་ལ་རོལ། །ལྔ་ལས་ལྔ་འཕྲོས་ལྔ་བཀུག་ལ། །བྷ་གར་ཐིམ་པས་ལོངས་སྤྱོད་བདེ། །ཡིད་དུ་འོང་བ་ཐམས་ཅད་ལ། །དབྱིབས་དང་ངག་ནི་བརྟན་པས་བྱ། །རྒྱུ་བའི་བར་ཆོད་མི་རྒོད་དང་། །ས་དང་རྣལ་མ་སྐེ་ཚེ་ཡང་། །དབང་པོའི་ཏིང་འཛིན་སྔགས་དང་བཅས། ། གསལ་ན་ཐེ་ཚོམ་མི་བྱའོ། །གཅིག་ནས་ཕྱེད་དུ་འཇམ་དབྱངས་བསྒྲུབ། །ཆུ་གཙང་དཀར་གསུམ་སྐྱུར་རྩི་ལ། །སྔགས་བཟླས་བསྒྲུབས་ཏེ་ཐོ་རངས་བཏུང་། །རིགས་གསུམ་གཙོ་བོ་ལྟ་བུར་འགྱུར། །ཨོཾ་པྲཛྙཱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཕན་ཡོན་བཞིན་དུ་འདོད་པ་ཡིས། །སྐུ་གཟུགས་སྤྱན་སྔར་མཆོད་པ་དབུལ། །རྒྱུ་བ་བཟང་ དུས་གསོལ་བཏབ་འགྲུབ། །བར་ཆད་གཟུངས་ཀྱིས་ཞི་བར་འགྱུར། །ཨ་མུ་ཀི་པ་ཤ་མ་ནཱ་ཡ་སྭཱ་ཧཱ། ཚངས་པ་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་རྩེ་མོའི་གནོད་མི་ནུས། །འཆི་བདག་ལས་རྒྱལ་འགྲོ་བ་བཞིན། །སྐྲ་དཀར་གཉེར་མ་སྐད་ངན་ནད། །དབུལ་བ་ལ་སོགས་མདོར་ བསྡུས་པ། །ནད་སོགས་འཇིགས་པ་ཆེ་བརྒྱད་དང་། །སྡུག་བསྔལ་རབ་ཏུ་འཇོམས་པར་བྱེད། །བསྐུལ་བ་མེད་པར་གོས་བཏུང་དང་། །ཁང་བཟང་རིན་ཆེན་སོགས་ཀྱང་འདུ། །རལ་གྲི་དང་ནི་མིག་སྨན་དང་། །རྐང་པ་བུམ་པ་བཟང་སོགས་འགྲུབ། །ཚིགས་བཅད་མཁན་དང་སྙན་དངགས་མཁན། །བློ་རྣོ་ཤེས་རབ་ དྲི་མེད་འགྱུར། །གཞན་ཡང་ཅི་འདོད་དངོས་གྲུབ་ལ། །འཁོར་ལོ་ལས་ནི་འབྱུང་བར་འགྱུར། །བདག་ལ་བྲི་བའི་མཐུ་མེད་ཀྱང་། །བཀའ་དང་བླ་མའི་གདམས་པ་ཡིས། །རལ་གཅིག་མ་ཡི་སྒྲུབ་ཐབས་བཀོད། །འགལ་གཟིགས་མཁས་རྣམས་བཟོད་པ་མཛད། །དད་པོའི་ལས་ཅན་དམན་དང་བར་མ་མཆོག་དག་ ལས། །དངོས་གྲུབ་སྐལ་བ་རང་རང་སོ་སོར་མོས་པ་རྣམས། །དད་ཅིང་མོས་པ་ཐམས་ཅད་མཐར་ཕྱིན་རྩེ་མོ་དགོད་པར་བྱ་ཕྱིར་བྲིས། །ཕན་ཡོན་དགོས་པ་འདི་ཡིས་གང་གིས་བསྒྲུབ་པ་མྱུར་དུ་འགྲུབ་པར་ཤོག །ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་ཕྲེང་བ་ཞེས་བྱ་བ། སློབ་དཔོན་རྟག་པའི་བཛྲས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་བ་རིས་རྒྱ་དཔེ་བོད་དུ་སྤྱན་དྲངས་ནས། བ་སྦུག་རོང་གི་གསེར་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄། །སྒྲོལ་མའི་ནང་གི་གཏོར་ཆོག་བཞུགས། ༄༅༅། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གཏོར་མ་གཏོང་བར་འདོད་པ་ཡིས། །མཚན་ལྡན་ བཀྲ་ཤིས་སྣོད་དུ་ནི། །ཤ་དང་བདུད་རྩི་སྣ་ལྔ་དང་། །ཁྲག་དང་ཆང་སྣ་ཚོགས་ཀྱིས་དགང་། །རླུང་དང་སྒྱེད་པུ་མེ་ཡིས་བསྐོལ། །སྐུ་གསུང་ཐུགས་སྔགས་སྦྱངས་ནས་ནི། །རང་མདུན་འཁོར་ལོ་མཆོད་ནས་ནི། །སྔགས་ཀྱིས་བཏབ་ལ་འདོད་གསོལ་གདབ། །བཤགས་དང་དགེ་བའི་རྩ་བ་བསྔོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ན། ། ཧེ་ཧེ་བྷ་ག་བ་ཏི། མ་ཧཱ་སཏྭ་སརྦ་བུདྡྷ། ཨ་བ་ལོ་ཀི་ཏི། མ་བི་ལཾ་པ་ཏཱ་ར་ཨེ་ཀ་ཛཱ་ཊི། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་ཧཱུཾ། སརྦ་བི་ས་རེ་སྭཱ་ཧཱ། ཧཱུཾ་པདྨ་རིགས་ཀྱི་ལྷ་ཚོགས་དང་། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་རལ་གཅིག་མ། །མཆོད་པ་དམ་པ་འབུལ་བ་ནི། །དཀར་མོ་དང་ནི་སྟོབས་ ཆེན་མོ། །རྩུབ་མོ་དང་ནི་རླག་བྱེད་མ། །ནག་མོ་མཚན་མོ་ནག་མོ་དང་། །སྲུང་བ་མོ་དང་སྦེད་བྱེད་མ། །ཚངས་མོ་དང་ནི་རིག་བྱེད་མ། །གསང་བ་མོ་དང་བཀྲ་ཤིས་མ། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མ་བདུད་རྩི་མ། །བསོད་ནམས་གཏེར་དང་མཐར་བྱེད་མ། ། དྲག་མོ་བརྟུལ་ཞུགས་ཆེན་མོ་དང་། །ཕན་མཛད་མ་དང་སྐྱབས་བྱེད་མ། །དོན་གྲུབ་དང་ནི་ནོར་སྟེར་མ། །རལ་པ་གཅིག་མ་འཁོར་དང་བཅས། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ། །མ་མོ་མཁའ་འགྲོ་མ་ལུས་དང་། །ལྷ་དང་ལྷ་མིན་ཐམས་ཅད་རྣམས། །མཆོད་སྦྱིན་གཏོར་མ་ འདི་བསྣམས་ལ། །བདག་ལ་དངོས་གྲུབ་གསོལ་འདེབས་པས། །ཟང་ཟིང་ལོ་ཏོག་འབྲས་བུ་རྣམས། །རིན་པོ་ཆེ་ནི་སྣ་ཚོགས་ཀྱི། །དུད་འགྲོ་རྐང་འགྲོས་མི་ནོར་ཕྱུགས། །རོ་བརྒྱའི་ཟས་དང་སྣ་ཚོགས་ཟས། །བཏུང་བ་ཁ་མངར་ཆང་སྣ་ཚོགས། །གོས་བཟང་སྲབ་འཇམ་སྣ་ཚོགས་ དང་། །ཅང་ཤེས་གླང་ཆེན་འདོད་འཇོའི་བ། །ཞིང་དང་ཁང་བཟངས་འདོད་འཇོ་བར། །འཇིགས་པ་བརྒྱད་དང་བྲལ་བར་མཛོད། །བཅུད་ལེན་ཚེ་རིང་ནད་མེད་མཛོད། །ཕྱོགས་སྐྱོང་སྡེ་བརྒྱད་ཚོགས་རྣམས་དང་། །འཆི་བདག་བདུད་ལས་རྒྱལ་བར་མཛོད། །རལ་གྲི་མིག་སྨན་བུམ་ པ་བཟང་། །རྐང་མགྱོགས་གཏེར་དང་ལོངས་སྤྱོད་དང་། །བློ་རྣོ་ཤེས་རབ་ཚིགས་བཤད་དང་། །སྙན་དངགས་མ་ཐོས་ཆོས་ཤེས་ཤོག །རྒྱལ་རིགས་ལ་སོགས་རིགས་བཞི་རྣམས། །འགྲོ་བ་དབང་དུ་འདུ་བར་ཤོག །རིགས་དྲུག་ངན་སོང་ལྕགས་གྲོལ་ཤོག །གནོད་དང་བདུད་ རྣམས་བར་ཆོད་ཞི། །ཚེ་དང་སྟོབས་དང་འཁོར་རྒྱས་ཤིང་། །ཚེ་དང་ཆོས་དང་བསྟན་པ་དང་། །བླ་མའི་སྐུ་དགྲ་སྐད་ཅིག་སྒྲོལ། །རྟག་ཏུ་གར་སྐྱེས་གར་གནས་ཀྱང་། །གསང་སྔགས་ལམ་དང་མི་འབྲལ་ཞིང་། །ཆོས་ཀྱི་འཁོར་ལོ་ལོངས་སྤྱོད་ཤོག །མདོར་ན་རང་ལ་ཅི་ འདོད་པ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །མི་འདོད་ཐམས་ཅད་མྱུར་བྲལ་ནས། །སེམས་ཅན་ཀུན་གྱི་དོན་གྲུབ་ཤོག །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མའི་ཞལ་མཐོང་ཤོག །རལ་པ་གཅིག་པའི་དངོས་གྲུབ་གཉིས། །བསམས་ཤིང་བསྒྲུབ་ པས་མྱུར་ཐོབ་ཤོག །རྗེ་བཙུན་སྒྲོལ་མའི་ནང་གི་གཏོར་མའི་ཆོ་ག །སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།ཡུལ་བལ་པོ་རྫོང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏ་ལིས་ཏི་ཙཀྲ། བོད་སྐད་དུ། ཕྱིར་ཟློག་པའི་འཁོར་ ལོ། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བསྙེན་པ་ཡོངས་རྫོགས་རྣལ་འབྱོར་པས། །བར་ཆོད་བཟློག་པའི་ཆོ་ག་བརྩམས། །དབེན་པའི་གནས་སུ་མཎྜལ་དང་། །མཆོད་པ་གཏོར་མ་བཤམས་ལ་ནི། །བསྐྱེད་པའི་རིམ་པ་རྫོགས་བསྒོམས་ལ། །མཆོད་ པ་བསྟོད་པ་དུས་གསུམ་དབུལ། །དེ་ནས་སྙིང་གར་རྩ་བསམས་ལ། །ཞུ་བས་འཁོར་ལོ་རྩིབས་བཞིར་གྱུར། །ལྟེ་བ་སྟོང་པའི་ནང་ཉིད་དུ། །བདག་ཉིད་ལྷ་ཡི་རྣལ་འབྱོར་གནས། །རྩིབས་གཉིས་རྩེ་ལ་གྲི་གུག་བསམ། །གཉིས་པ་རལ་གྲི་མེ་འབར་བསམ། །འབར་བ་ མེ་དང་འོད་འཁྲུགས་ནས། །འཁོར་ལོ་དེ་ལ་མཚོན་ཆ་ནི། །ཆར་པ་བབ་པས་གསོད་པར་བསམ། །དེ་ནས་སྔགས་འདིས་འཁོར་ལོ་བསྐོར། །ཨོཾ་ཧྲཱིཾ་ཏྲིཾ་དྷ་ར་དྷ་ར། ཙ་ཀྲ་ལོ་ཀ་མཱ་ར་ཡ་མཱ་ར་ཡ། བྷྲུཾ་བྷྲུཾ། ཙི་རི་ཙི་རི། ཏ་ར་ཏ་ར། ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་དྲག་པོའི་སྔགས་བཟླས་ པས། །འཁོར་ལོ་སྐད་ཅིག་མི་སྡོད་འཁོར། །མཚོན་ཆའི་ཆར་དང་འོད་འཁྲུགས་པས། །གཞན་གྱི་རིག་སྔགས་སྨོད་པ་དང་། །གདོན་དང་བར་ཆོད་གང་ཡིན་པ། །བཀུག་ལ་འཁོར་ལོ་མཚོན་ཆས་གཏུབ། །ཏིང་འཛིན་གསལ་དང་བཟླས་པ་ནི། །བརྩོན་པས་རབ་ཏུ་འབད་ པར་བྱ། །དེ་ལྟར་ཞག་ནི་ལྔའམ་བདུན། །གསུམ་གསུམ་བར་དུ་བྱས་གྱུར་ན། །ཕྱག་ན་རྡོ་རྗེའི་སྟོབས་ཀྱང་རྡུགས། །ཕྱིར་བཟློག་འཁོར་ལོ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་པོ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་གུ་ཧྱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་གསང་བའི་སྒྲུབ་ཐབས། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་འདོད་པ་དང་། །བར་ཆོད་ཉེར་འཚེ་ཞི་བ་དང་། །འདོད་པའི་ཡོན་ཏན་འཕེལ་འགྱུར་ཞིང་། ། ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །ལྷ་མོ་གསང་བའི་སྒྲུབ་ཐབས་བཤད། །དང་པོ་ཉམས་པའི་སྐྱོན་བྲལ་ཞིང་། །བརྩོན་འགྲུས་ལྡན་པའི་སྐྱེས་བུ་ཡིས། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །མཎྜལ་ཁྲུ་གང་ཚད་དུ་བྱ། །དྲི་ཆེན་དྲི་ཆུས་ཆག་ཆག་གདབ། །མཆོད་པ་ལྔ་ལྡན་ རས་རིས་དགྲམ། །ཕྱི་ནང་བར་ཆོད་ཞི་བར་བལྟ། །སྟན་ལ་ལེགས་འདུག་ནུབ་ཏུ་བལྟ། །སྐད་ཅིག་ལྷ་བསམ་འོད་ཀྱིས་སུ། །སྲིད་གསུམ་ཞིང་སྦྱངས་སྤྱན་དྲངས་ལ། །ཡན་ལག་བདུན་པོས་རྒྱུད་དག་བྱས། །ཚད་མེད་བཞི་བསམ་སྟོང་ཉིད་བསྒོམ། །ཨ་ལས་མེ་བྱུང་གྲུ་ གསུམ་དབྱིབས། །དཀར་པོ་བསམས་ལ་དེ་སྟེངས་སུ། །ཨ་བསམ་ཞུ་བས་ལྷ་མོ་བསྐྱེད། །མདོག་སྨུག་བོང་ཐུང་ཐོད་ཕྲེང་ཅན། །ཞལ་གཅིག་ཕྱག་གཉིས་དགོད་པའི་གདངས། །རུས་པའི་ཕྲེང་བས་སྐུ་བརྒྱན་ཅིང་། །མེ་དཔུང་འབར་བའི་གདན་ལ་བཞུགས། །ཕྱག་གཡས་ མདའ་གཞུ་རབ་ཏུ་འཛིན། །ཨུཏྤལ་ཐོད་པ་བྱང་སེམས་གང་། །གཡོན་པ་ཐོད་དཀར་འཛིན་པ་བསྐྱེད། །སྙིང་གར་ཨེ་ཡི་ཆ་བྱད་ལ། །ཨ་ཡི་མཚན་མ་འོད་འཕྲོས་པས། །ཡེ་ཤེས་དྲངས་པ་མཆོད་པ་ནི། །ཚིག་ཏུ་མ་ཡིན་བློ་ཡིས་དབུལ། །བཞིས་བསྟིམ་བྱིན་བརླབ་ དབང་བསྐུར་བྱ། །བསྐྱེད་ལ་གསང་སྔགས་ཡིད་ལ་བཟླས། །ཁ་དོག་ལྔ་ལྡན་སྙིང་གར་བསམ། །ཆེད་དུ་བཟླས་པ་བྱ་བ་ནི། །ཨོཾ་ཨཱཿཨ་དྷི་སི་ཏུ་ཧཱུཾ། འབྲུ་བདུན་དངོས་གྲུབ་འབྱུང་བར་བྱེད། །བཞིའམ་གཅིག་དང་བདུན་པ་གྲུབ། །ཐུན་བར་གཏོར་མ་ཡང་ཡང་དབུལ། ། མིང་དང་གཏམ་ཡང་གསང་སྤྱོད་བྱ། །བཞི་ལས་མེ་སུར་བདེ་བ་དབབ། །བསྐྱིལ་ལ་ལྷན་སྐྱེས་བདེ་བ་བསྒོམ། །ཨེ་ཡི་ཨ་ལས་འོད་འཕྲོས་པས། །འདོད་པའི་ཡོན་ཏན་དེ་བཀུག་ལ། །མཚན་ལྡན་སྣོད་དུ་བཀུག་བྱས་ལ། །རྟགས་རྫོགས་ལོངས་སྤྱོད་གཞན་དུ་མིན། །ཕྲིན་ ལས་རྣམ་བཞི་སྐབས་དང་སྦྱར། །རིན་ཆེན་དང་འདྲ་སྒྲུབ་པའི་ཐབས། །འཇིགས་པ་ཀུན་སྒྲོལ་བདེ་བ་སྟེར། །ནད་མེད་གནོད་རྣམས་རང་བཞིན་འགྱུར། །ཕོངས་པ་ཀུན་སྒྲོལ་འབྱོར་པར་ལྡན། །སངས་རྒྱས་ཀུན་གྱིས་དབང་བསྐུར་འགྱུར། །སྒྲུབ་ཐབས་འགྲོ་ལ་ཕན་ཕྱིར་བཀོད། ། ལྷག་པའི་ལྷ་ཡི་ཞལ་མཐོང་ཤོག །བར་ཆོད་ཉེ་བར་ཞི་གྱུར་ནས། །འགྲོ་རྣམས་དེ་ཡི་ཞལ་མཐོང་ཤོག །སྒྲོལ་མ་གསང་བའི་སྒྲུབ་ཐབས། དཔལ་རྟག་པའི་རྡོ་རྗེ་ལུང་བསྟན་པས་བཀོད་པ། གསང་བ་ཟ་མ་ཏོག་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ར་ཏ་ དྷ་ར་དང་། ལོ་ཙཱ་བ་རྨས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་རུ་ཎ་སཱ་དྷ་ནཾ་ཀརྨ་བི་ཤྭ། བོད་སྐད་དུ། ཐུགས་རྗེ་སྒྲོལ་མ་ལས་སྣ་ཚོགས་པའི་སྒྲུབ་ཐབས། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དབེན་པའི་གནས་སམ་ས་ཕྱོགས་སུ། ། སྲོག་ཆགས་སྤངས་པའི་ས་ལ་ནི། །རིན་ཆེན་འབྲུ་ལ་དྲི་དང་བཅས། །ཆུ་གཙང་ལ་ནི་སྔགས་ནི་བཟླས། །ཨོཾ་ཧྲཱིཾ་ཏྲིཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ། བརྒྱ་རྩ་བརྒྱད་དང་བཟླས་ལ་གདབ། །དེ་ནས་འཇིམ་པ་སྦྱང་བྱས་ལ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །སྙིང་གའི་སྔགས་ལ་ལྔ་འཕྲོས་པས། །འཇིམ་ པ་འོད་ལྔ་དག་ཏུ་འགྱུར། །དེ་ལས་འོད་འཕྲོས་འཇིམ་པ་ཡི། །བྱིན་བརླབས་བསྡུས་ཏེ་དེ་ལ་བསྟིམ། །དེ་ནས་འབི་འབི་བྱ་བ་དང་། །སྐོལ་ཕོར་སྔགས་ཀྱི་འོད་ཀྱིས་སྦྱང་། །སྔགས་འདིས་སཱཙྪ་གདབ་པར་བྱ། །ཨོཾ་ཧྲཱིཾ་ཏྲིཾ་ཧཱུཾ་ཕཊ་ཧྲཱིཿཨཱ་ཡུཿབཛྲ་ཀཱ་ཡ་ཙིཏྟ་ཧཱུཾ། སྒྲོལ་མ་འོད་ཀྱིས་ སྐོར་གསལ་ནས། །ཡེ་ཤེས་དགུག་དང་གཞུག་པ་དང་། །མཆོད་པ་བསྟོད་པ་རྒྱས་པར་བྱ། །མེ་ཏོག་ལ་ནི་རྟེན་འབྲེལ་སྔགས། །ལན་བདུན་བཟླས་ཏེ་གཏོར་བས་ན། །རབ་ཏུ་གནས་པར་བྱ་བའོ། །རྟེན་ལ་བསྐོར་བ་བྱེད་པ་ནི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །སྙིང་གའི་སྔགས་ ལས་འོད་འཕྲོས་པས། །རྟེན་དེ་སྟོང་པ་ཉིད་དུ་བསམ། །སྟོང་པའི་ངང་ལས་མཾ་ལས་ནི། །པདྨ་འདབ་བརྒྱད་བསམ་པར་བྱ། །དེ་སྟེང་ཧཱུཾ་སྔོན་ཞུ་བ་ལས། །ཐོད་པ་གྲི་གུག་སྐུ་རུ་བསམ། །སྙིང་གར་སྔགས་ཀྱི་འཁོར་ལོ་ལས། །འོད་འཕྲོས་སངས་རྒྱས་ཐམས་ཅད་དགུག ། བསྟིམ་ལ་མཆོད་པ་བསྟོད་པ་བྱ། །དེ་ནས་བསྐོལ་བ་ཐ་མལ་གྱིས། །བསྟོད་དང་སྔགས་བཟླས་གུས་པར་བྱ། །ཏིང་འཛིན་ལྷ་ཡི་ཐུགས་ཀ་ནས། །འོད་བྱུང་བདག་ལ་ཕོག་པ་ཡིས། །སྒྲིབ་དག་སྒྲོལ་མའི་སྐུ་རུ་གསལ། །སྔགས་འདིས་རབ་ཏུ་བསྐོར་བར་བྱ། ། ཨོཾ་ཧྲཱིཾ་ཏྲིཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ་ས་ཏི་ས་མ་ཡ་ཧཱུཾ་ཕཊ། དེ་ལྟར་བསྒོམ་པའི་ཆོ་གའོ། །སྦྱིན་སྲེག་ཆོ་ག་བྱ་བ་ནི། །ཡར་གྱི་ངོ་ཡི་ཚེས་བརྒྱད་ནས། །ཉ་ཡི་བར་དུ་བརྩམ་པར་བྱ། །སྣོད་གཙང་རས་ཀྱི་སྡོང་བུའོ། །མར་དཀར་གྱིས་ནི་མར་མེ་སྦར། །མེ་ལོང་ཁུད་དུ་ཏིལ་ལ་ནི། །སྡིག་པ་ཡི་ ནི་གཟུགས་བྱས་ལ། །མདུན་དུ་བཞག་ལ་སྤྱི་བོར་ནི། །ཀཾ་བསམ་ཞུ་བས་ལུས་ལ་ཐིམ། །དེ་ཡི་འོད་ཀྱིས་བདག་གིས་ནི། །སྡིག་པ་ཐམས་ཅད་བཤད་པ་ཡི། །ལམ་ནས་སྡིག་གཟུགས་དེ་ལ་བསྟིམ། །མར་མེ་ཧཱུཾ་ལས་སྒྲོལ་མར་བསྐྱེད། །ཡེ་ཤེས་དགུག་ལ་སོགས་ པ་ནི། །སྔོན་གྱི་ཇི་བཞིན་ཤེས་པར་བྱ། །དེ་ནས་སྡིག་པ་སྔགས་འདིས་བསྲེག །ཨོཾ་ཧྲཱིཾ་ཏྲིཾ་ཧཱུཾ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཐེབ་སྲིན་གཉིས་ཀྱིས་སྡིག་པ་བསྲེག །བརྒྱ་རྩ་བརྒྱད་དུ་བྱ་བར་གསུངས། །སེར་བ་སྲུང་བའི་ཆོ་ག་ནི། །བསྙེན་པ་མངོན་རྫོགས་རྣལ་འབྱོར་ པས། །ཡུངས་ཀར་མེ་ཏོག་སྔོན་པོ་ལ། །སྔགས་བཏབ་ནམ་མཁའི་ཕྱོགས་སུ་གཏོར། །ཨོཾ་ཧྲཱིཾ་ཏྲིཾ་ཧཱུཾ་རཀྵ་ས་མ་ཡ་བྷྱི་ཏ་དྷ་རེ་ཧུཾ་ཧུཾ་ཧུཾ་ཕཊ་ཕཊ། ལྷ་ཡི་ང་རྒྱལ་ལྡན་པས་སུ། །སྐུ་གཟུགས་མངོན་དུ་མཆོད་པ་དང་། །གསོལ་བ་གདབ་ཅིང་འབད་པ་བྱ། །ཁྲོ་མོ་ལྷ་ལ་བསྟོད་པ་ནི། ། ཆོས་ཉིད་མཉམ་པའི་ངང་ལས་ཀྱང་། །མཛེས་མ་ཁྲོ་བོ་སྒྲོལ་མ་མཆོག །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །སྐུ་མདོག་དྲག་པོའི་ཁྲོ་ཚུལ་ཅན། །བོང་ཐུང་གསུས་འཕྱང་འགྱིང་བག་ཅན། །མགོ་ཕྲེང་བརྒྱ་ཡིས་སྐུ་ལ་བརྒྱན། །དུར་ཁྲོད་རོ་ཡི་དཀྱིལ་ན་བཞུགས། །སྐུ་གསུམ་འཆང་ བའི་ལྷ་མོ་ཁྱོད། །ཞལ་གཅིག་སྤྱན་གསུམ་ཧེ་ཧེ་སྒྲ། །ཡན་ལག་ཀླུ་བརྒྱད་ལྡན་དང་ལྡན། །སྐུ་སྨད་སྟག་གི་པགས་པས་དཀྲིས། །ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །ཕྱག་བཞི་དང་པོ་ཕྲེང་བ་སྟེ། །ཐུགས་རྗེ་འགྲོ་འདྲེན་གྲི་གུག་གིས། །ཉོན་མོངས་བག་ཆགས་རྩད་ ནས་གཅོད། །མཛེས་པའི་རང་རྟགས་ཨུཏྤལ་དང་། །ཐོད་པ་དུག་ལྔ་རྣམས་འཇོམས་རྟགས། །ཁྲོ་མོ་ཁྱོད་ལ་དུས་གསུམ་དུ། །བདག་ནི་དྲན་བགྱིད་སྐྱབས་སུ་མཆི། །དུས་རྣམས་གདུག་པའི་བར་ཆད་རྣམས། །ཞི་བར་ཁྲོ་མོ་ཁྱོད་ཀྱིས་མཛོད། །རྒྱ་གར་བསིལ་བའི་སེང་ ལྡེང་ཕུག་ཏུ་སློབ་དཔོན་རྟག་པའི་བཛྲས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་པོ་བ་རི་ལོ་ཙཱ་བས་བསྒྱུར་བའོ།། ༄། །ཁྭ་གདོང་མ་སྲང་མདའ་ནག་པོ་ཞེས་བྱ་བ་བཞུགས། ༄༅༅། །དུར་ཁྲོད་འཇིགས་པའི་གནས་ཉིད་དུ། །དྲག་པོ་བདུད་ཀྱི་ཉི་མ་ ལ། །དཀྱིལ་འཁོར་བཅའ་དང་ཐུན་རྫས་བསོག །ལྷ་མོ་སྲང་མདའ་བཅའ་བྱས་ལ། །བདག་ཉིད་གཙོ་བོའི་ང་རྒྱལ་བྱ། །སྒོ་ངའི་བྱ་བ་རྫོགས་པ་དང་། །ཐུན་རྫས་རྣམས་ལ་སྔགས་འདི་གདབ། །ཨོཾ་ཁཱ་ཏར་ཝརྟི་རྦད་ཛ་ཛ། ཞག་བདུན་བསྔགས་ལ་ཐུན་རྫས་འདི། ། དཀྱིལ་འཁོར་བྱང་གི་ཕྱོགས་སུ་བཞག །དེ་ནས་སྒོ་ངའི་སྟེང་ཉིད་དུ། །ཁ་ལས་ལྷ་མོ་བསྐྱེད་བྱས་ལ། །གདུག་པའི་སྔགས་རྒོད་འདི་ཡིས་གདབ། །ཧེ་ཁཱ་ཏ་ཧེ་བཛྲ་མ་ནུ་སརྦ་ཐང་རྦད། སྒོ་ང་ལ་ནི་ཟླ་ཕྱེད་བར། །དྲག་པོའི་སེམས་ཀྱིས་གདབ་པར་བྱ། །སྒོ་ང་བྲུབ་ཁུང་ལྷུང་བ་ དང་། །གྲི་གུག་དག་གིས་བརྟོལ་བྱས་ལ། །ཐུན་གྱིས་བྲབ་ཅིང་སྔགས་འདིས་གསད། །ཛཱ་ཛ་ཐང་ཐང་རྦད། ཧེ་མུགས་སྲོག་མཱ་ར་ཡ་ཐུན་ནི་རྦད་ཧཱུཾ་ཧཱུཾ་སྲོག་ལ་ཧེ་ཁ་ཏ་བཛྲ་རྦད། བཅུ་གཅིག་བར་དུ་ཐུན་གྱིས་བྲབ། །དེ་ནས་མནན་དང་བསྲེག་པར་བྱ། །ལྷ་མོ་ངན་སོང་ལས་ལ་སྦྱར། ། ཁྭའི་གདོང་པ་སྲང་མདའ་ནག་པོ་ཞེས་བྱ་བ་སློབ་དཔོན་རྟག་པའི་བཛྲས་མཛད་པའོ།། ༄། །སྒྲོལ་མའི་མན་ངག་མེ་ལོང་དངས་པ་ཞེས་བྱ་བ་བཞུགས། ༄༅༅། །རྗེ་བཙུན་སྒྲོལ་མ་ཐུགས་རྗེ་སྒྲོལ། །དངོས་གྲུབ་སྒྲོལ་མ་གུས་བཏུད་དེ། །ཕྱག་འཚལ་སྐྱབས་ འགྲོ་བྱིན་གྱིས་རློབས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྒྲོལ་མ་དངོས་གྲུབ་བླ་ན་མེད་པའི་གསང་བ་ལྟར་བསྒྲུབ་པའི་སྒྲུབ་ཐབས་ཀྱི་མན་ངག་མེ་ཏོག་གི་ཕྲེང་བ་ལྟ་བུ་ནི། འདིར་ཆོས་འདི་ལ་མོས་ཤིང་གུས་པས་སྐྱེ་བ་འདི་ཉིད་ལ་སྒྲོལ་མའི་གོ་འཕང་ཐོབ་པར་འདོད་ པས། རྒྱུ་བཞི་སྟེ་འཁོར་བ་ལ་གཤེད་མར་མཐོང་བ་དང་། ཟས་ནོར་ལ་དུག་ཏུ་མཐོང་བ་དང་། འཁོར་བའི་ལས་འབྲས་བུ་ངན་སོང་གསུམ་དུ་མཐོང་བ་དང་། བྱས་པ་དོན་མེད་ཅིང་འབྲལ་ཞིང་མི་རྟག་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་འདོད་པ་ཚད་པས་ གདུངས་པ་ཆུ་འདོད་པ་ལྟ་བུ་བརྩོན་འགྲུས་ཅན་དེ་ལས་འབྱུང་གི །གཞན་ལ་མ་ཡིན་པས་ཀུན་ལ་སྤེལ་ཞིང་རང་གི་དམ་ཚིག་ཉམས་ཤིང་དངོས་གྲུབ་རིང་ལ་དོན་མེད་པར་འགྱུར་རོ། །དེ་ཡང་སྡོམ་པ་གསུམ་གྱི་ལུང་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་བྱས་ལ། ལམ་དུ་བླངས་ནས་སངས་ རྒྱས་སྒྲོལ་མ་ཐོབ་པར་འདོད་པ་ལ་དོན་གསུམ་སྟེ། བསྐྱེད་པའི་རིམ་པ་ཐུན་མོང་མ་ཡིན་པའི་ཚོགས་ལམ་དང་། རྫོགས་པའི་རིམ་པ་ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་ལམ་དང་། གཞན་མ་དད་པ་བཟློག་པ་ལས་ཚོགས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་གསུམ་མོ། །སྒྲུབ་ཐབས་ བཞིན་བསྐྱེད་རིམ་རྫོགས་ནས་རང་གི་ཐུགས་ཀའི་ཉི་ཟླའི་སྟེང་དུ་ཏཱཾ་ལྗང་སྔོན་མཐའ་མར་དཔའ་མོ་འབྲུ་ལྔའི་འོད་ཟེར་ཁ་དོག་ལྔའི་འོད་ཀྱི་འཇའ་ཚོན་ལྟར་བསམས་ནས་སྔགས་བཟླས་ཏེ། དམིགས་པ་དེ་ལ་གཏད་པས་འོད་འཕྲོས་ཏེ། འགྲོ་བ་ལྔའི་རྒྱུད་སྦྱངས་པ་དང་། རང་གི་དུག་ ལྔ་སྦྱངས་བསྲེགས་ཏེ། འགྲོ་བ་དྲུག་གི་ས་བོན་ཡེ་ཤེས་ལྔའི་འོད་ཀྱིས་བསྲེགས་པས་སེམས་ཅན་གྱི་དོན་ཐ་མི་དད་པའོ། །སླར་འདུས་པ་ལས། རང་གི་ཕུང་པོ་ལྔ་རྡོ་རྗེ་སྒྲོལ་མ་དང་། འཁོར་ལོ་སྒྲོལ་མ་དང་། རིན་ཆེན་སྒྲོལ་མ་དང་། པདྨ་སྒྲོལ་མ་དང་། ལས་ཀྱི་སྒྲོལ་མར་གྱུར་ པ་དང་། སྣང་ལ་རང་བཞིན་མེད་པ་དང་། གསལ་ལ་འཛིན་པ་མེད་པ་བསྒོམ། ཐུན་བཞིའི་སྦྱོར་བས་བྱའོ། །དེའི་གྲོགས་གཏོར་མ་དང་། མཆོད་པ་དང་། བསྐོར་བ་དང་། མཎྜལ་དང་། བསྟོད་པ་དང་། གཟུངས་དང་སཱཙྪ་གདབ་པ་ལ་སོགས་པས་བསྐངས་ཏེ། བསྐྱེད་རིམ་ནང་དུ་བསླང་བའོ། །རྫོགས་པའི་རིམ་པ་བསྒོམ་པ་ལ་དོན་བཞི་སྟེ། སྣ་ཚོགས་ལམ་ཁྱེར་དང་། ཉི་མ་ལམ་ཁྱེར་དང་། ནམ་མཁའ་ལམ་ཁྱེར་རོ། །སྣ་ཚོགས་ནི་རྒྱ་ཆེ་སྟེ། སྐར་མ་ལྟར་སྣང་བ་སྣ་ཚོགས་འདི། གཟུང་བའི་ཡུལ་ཆགས་སྡང་གཉིས་ལ་བརྟེན་ ནས། ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པས། དེ་ཟིལ་གྱིས་མནན་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །མྱ་ངན་ལས་འདས་པའི་ཆོས་ཀྱང་རྨི་ལམ་ལྟ་བུར་ཤེས་པར་བྱ། དེ་ལས་ཆེས་ལྷག་པའི་ཆོས་གཅིག་ཡོད་ནའང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་ཤེས་པར་བྱའོ། ། དངོས་པོར་རང་བརྒྱུད་པའི་ཞེན་པ་ལོག་སྟེ། སྒྱུ་མར་ཤེས་པས་གཟུང་བས་སྟོང་ཞིང་འཛིན་པས་དབེན་པ་ཐབས་ལྷའི་རྣལ་འབྱོར་དང་། ཤེས་རབ་སྟོང་པ་དེ་རྒྱུ་སྟོང་པ་དབྱེར་མེད་པ་ལམ་ཡིན་པར་རྒྱལ་བའི་བཀའ་ལས་གསུངས་སོ། །དེ་བས་ན་ལྷའི་ལུས་སྒྱུ་མ་ལྟ་བུ་དང་། ངག་སྔགས་ འབྲུག་སྒྲ་ལྟ་བུ་དང་། སེམས་ཏིང་ངེ་འཛིན་གསལ་བ་ནམ་མཁའི་ངོ་བོར་འདས་པ་ནི། རྫོགས་པའི་རིམ་པའི་ལམ་དང་པོའོ། །ལམ་གཉིས་པ་ཉི་མ་ནི། ལུས་ཀྱི་སྒྲོལ་མ་བསྒོམ་སྟེ། འབྱུང་བ་རིམ་པར་བརྩེགས་ལ་སྒོ་ཕྱི་མ་གཉིས་བཅད་ལ། བདག་པོ་ནང་དུ་བསྡད་ལ་ ཁང་པ་དབུས་མར་མེ་སྒྲོན་བཏང་ལ་གདུགས་ཀྱི་འོད་ཕབ་ལ། ལམ་པོ་ཆེ་ནས་འཐོན་ཏེ། ཡུལ་བཞི་རུ་གནས་ལ། ཕྱི་རོལ་ཐམས་ཅད་ལ་མི་སྤྲད་པར་བྱས་ཏེ། མར་མེ་རླུང་གིས་བསྐྱོད་པར་བྱས་ལ། རང་གི་དགོས་པ་ནོར་བུ་རིན་པོ་ཆེ་དེ་ལ་རྐུན་མས་མི་ཁྱེར་བའི་མེལ་ཚེ་ ལ་བརྩོན་པར་བྱས་ན་དབུལ་ཕོངས་པར་མི་འགྱུར་རོ། །གསུམ་པ་ཐབས་ཁྱད་པར་ཅན་གྱི་ལམ་གྱིས་སངས་རྒྱས་མྱུར་དུ་ཐོབ་པར་བྱ་བ་ནི། མིའི་བུ་མོ་ཤེས་རབ་སྒྲོལ་མ་བསྟེན་ལ་བྱ་སྟེ། དབང་པོ་འབྲིང་པོ་རྟོག་པ་ཟིལ་གྱིས་མནན་པ་ནི་ཚད་དང་ལྡན་པའི་བུ་མོ་དང་། དམ་ཚིག་ ཏུ་ལྡན་པ་གསང་སྤྱོད་ཀྱི་རྟེན་དང་། བཱ་ཡུ་ལས་སུ་རུང་བའི་ཕོ་ཉས་སྟེང་འོག་ལས་ཐམས་ཅད་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེ་ཆུ་བཞིན་ཕབ་ནས། དོན་དམ་དང་གཉིས་སུ་མེད་པའི་སེམས་རྫིང་བཞིན་དུ་བསྐྱིལ་ལ། ཕྱི་ནང་གཟུང་འཛིན་སྣ་ཚོགས་ཐམས་ ཅད་སྐད་ཅིག་མ་ཡེ་ཤེས་ཀྱི་འོད་དུ་བསྡུས་ནས་བདེ་བ་ཆེན་པོར་བསྒོམ། སྒོ་ལྔ་ཡུལ་ཐམས་ཅད་བཞི་རུ་བསྡུས་ལ་དེ་ཡང་གཅིག་གི་ངོ་བོར་གསལ་བ་ཐུན་དང་ཐུན་མཚམས་སུ་བཅད་ལ་བསྒོམ་མོ། །དབང་པོ་རབ་ཀྱི་དབང་དུ་བྱས་ན་ནམ་མཁའ་ལམ་ཁྱེར་བསྒོམ་པར་བྱ་སྟེ། རྟེན་ མེད་ལམ་དུ་འཇུག་པ་ནི་ནམ་མཁའ་རྣམ་པ་གསུམ་སྟེ། ནང་གི་ནམ་མཁའ་དང་། ཕྱིའི་ནམ་མཁའ་དང་། བར་སྣང་གི་ནམ་མཁའོ། །ནང་གི་ནམ་མཁའ་ལ་གཉིས་ཏེ། ཤེས་པར་བྱ་བ་ལ་གསུམ་དང་། གཞག་པར་བྱ་བ་ལ་གསུམ་མོ། །ཤེས་ པར་བྱ་བ་གསུམ་ནི། ཕྱི་ནང་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱ་བ་དང་། སེམས་ཉིད་སྤྲོས་པ་ཉེ་བར་ཞི་བ་དང་། དེ་བདེ་ཆེན་ཟུང་འཇུག་འོད་གསལ་བའོ། །གཞག་པར་བྱ་བ་གསུམ་ནི། ནང་ཟབ་མོའི་གཏན་ཚིགས་གསུམ་སྟེ། བླ་མ་ དམ་པའི་གདམས་ངག་གིས་ཐོག་མ་བར་གསུམ་དབྱིབས་དང་ཁ་དོག་ངོས་བཟུང་རྟེན་བརྩམ་པ་ལ་སོགས་པ་དང་། ཟབ་མོ་དབང་གི་དུས་དང་། སྣང་སྟོང་དབྱེར་མེད་ཀྱི་མཚམས་ནི་གཉུག་མའི་སྒྲོལ་མ་སྟེ། འཁོར་བ་ལས་སྒྲོལ་བའི་སྒྲོལ་མའོ། །ཕྱིའི་ནམ་མཁའ་ལ་བཞི་སྟེ། དཔེ་དོན་ལ་བསྲེ་བ་དང་། དོན་དཔེ་ལ་བསྟིམ་པ་དང་། དེ་གཉིས་དབྱེར་མེད་དུ་གནས་ལ་གནས་པ་དང་། ཉིད་གསུམ་གཅིག་ཏུ་གོ་བར་བྱ་བའོ། །བར་སྣང་གི་ནམ་མཁའ་ལ་དྲུག་སྟེ། བེམས་པོའི་སྣ་རྩེ་དང་། འོད་ཀྱི་སྣ་རྩེ་དང་། དྲན་པའི་སྣ་རྩེ་དང་། དུས་ཀྱི་སྣ་རྩེ་ དང་། དབྱིབས་ཀྱི་སྣ་རྩེ་དང་། མྱོང་བའི་སྣ་རྩེ་དང་། ཐུན་དུ་བཅད་ལ་བསྒོམ་པའོ། །དེ་དག་ལ་འབད་པས་བསྐྱེད་པའི་རིམ་པ་བརྟན་ཞིང་ཞལ་མཐོང་བ་དང་། སྣང་རྟགས་ཐམས་ཅད་སྒྱུ་མར་མྱོང་བ་དང་། ངོ་བོ་མ་སྐྱེས་པའི་ཆོས་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་མཐོང་བ་དག་ ནས་ས་དང་ལམ་ལ་འཇུག་སྟེ་མཐར་ཕྱིན་པར་འགྱུར་རོ། །ད་ནི་གསུམ་པ་ལས་ཀྱི་ཚོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པས་འགྲོ་བ་མ་དད་པ་དད་པར་བྱ་བ་དང་། དད་པ་ཕྱིར་མི་ལྡོག་པར་བྱ་བ་དང་། སྐྱེ་བོ་ངན་པ་བསྟན་པ་ལ་སྡང་བ་ཚར་གཅད་པར་བྱ་བའི་ཕྱིར་ཕན་ གདགས་པར་ཚར་གཅད་པར་བྱ་སྟེ། རྒྱལ་བའི་བཀའ་དང་བླ་མའི་གདམས་ངག་གི་རྗེས་སུ་འབྲང་སྟེ། སྣོད་དང་མི་མཚུངས་པ་རྣམས་ལ་བསྟན་པ་ན་རང་ངན་སོང་དུ་འགྲོ་སྟེ། སྔོན་གྱི་པཎྜི་ཏ་རྣམས་སོང་བའི་གཏམ་རྒྱུད་ལས་ཤེས་པར་བྱའོ། །མཚམས་མེད་པ་བྱེད་པའི་སྐྱེ་བོ་ བླ་མ་དང་ཆོས་ཀྱི་བར་ཆད་བྱེད་པ་དེ། ཁ་སྦྱོར་དབྱེ་བར་འདོད་ན། བདག་རྗེ་བཙུན་མའི་བསྐྱེད་རིམ་བརྟན་པ་དང་། ཐུགས་ཀའི་འཁོར་ལོ་འབུམ་ཚོ་དྲུག་འཐོན་པས་དེ་ཤེས་རབ་དང་ནི་དུས་ཀྱི་གནད་དང་སྦྱར་བ་སྟེ། རྗེ་བཙུན་མ་འབྱུང་བ་ལྔའི་ལྷ་མོ་དེས་ཡང་མེ་ལྷ་གཏམ་གྱི་ངོ་བོར་རྒྱུ་བ་ན་ ཁྲོ་མོ་ཆེན་མོའི་དབྱིབས་ཀྱིས་འོད་ཀྱི་གྲི་གུག་གིས་སྙིང་ནས་དྲལ། སྔགས་ལ་ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཞེས་པ་ནི་གཉིས་ཞེས་བྱའོ། །བཀུག་སྟེ་ཀ་པཱ་ལར་བཅུག་སྟེ། རལ་གྲིས་གཏུབས་ལ་ཁོའི་སྲོག་རླུང་གི་དོན་སྙིང་ལྔ་སྲོག་རྩ་ནས་དྲངས་ནས། ཁྲོ་མོའི་ཞལ་དུ་གསོལ་ཏེ། ཤ་ ཟོས་ཁྲག་རྔུབས་རུས་པ་འཆོས། ཤེས་པ་རླུང་ལ་བསྟིམས་པ་སྟེ་ལྷ་མོའི་ཐུགས་ནམ་མཁའ་སྟོང་པར་ཕྱལ་གྱིས་གཏོང་སྟེ། ནམ་ཕྱེད་ན་བརྒྱའམ་སྟོང་དུ་བྱ། ཉིན་ཕྱེད་དང་ཐོ་རངས་སུ་བྱས་ན་བསྒྲུབ་བྱ་ལུས་སེམས་ཁ་སྦྱར་ཕྱེད་པར་འགྱུར་རོ། །ད་ནི་འདོད་པའི་ཡོན་ཏན་ལྔ་སྟེ་ བཟའ་བ་དང་བཏུང་བ་དང་། དྲི་ཞིམ་པ་དང་། གོས་དང་། ཡུལ་དང་། མི་ཡིད་དུ་འོང་བ་དང་། དགྲ་ཐམས་ཅད་དབང་དུ་རང་ཇི་ལྟ་བར་བསྒྲུབ་པ་ནི། ཡིད་བཞིན་ནོར་རྙེད་པ་ལྟ་བུ་སྟེ། རྣལ་འབྱོར་པ་ཆོས་ཀྱི་བར་ཆད་འཚོ་བས་མི་འབྱུང་བ་ནི། སྔར་བསྟན་པ་ལྟ་བུ་ཐུགས་ཀ་ ནས་ཉི་ཟླའི་སྟེང་ན་འོད་ཟེར་ལྔའི་འཁོར་ལོ་གནས་པ་ལས། འོད་ཟེར་ལྔ་འཕྲོས་ཏེ་རང་གར་འདོད་པའི་རང་གི་ཀ་པཱ་ལ་དུམ་བུ་གཅིག་པ་མཛེས་ཤིང་རྒྱ་ཆེ་བའི་ནང་དུ་འོང་བར་བསམས་ཏེ། ཐམས་ཅད་རང་གིས་སིདྡྷི་ཧཱུཾ་ཞེས་འོངས་པར་བསམ་པ་ཙམ་གྱིས་རྒྱལ་པོའི་བསོད་ནམས་ཙམ་ ཡང་འབྱུང་བར་འགྱུར་རོ། །དེ་བས་ན་ཡིད་དུ་འོང་བ་ཐམས་ཅད་ལ་ཞེས་བྱ་བའོ། །དེ་གང་གིས་འགྲུབ་ན་ལྷ་གསལ་བ་དང་། ངག་བརྟན་པས་ཏེ་བཟླས་པས་འགྲུབ་པ་དང་། དུས་ཀྱི་གནད་ལ་ངལ་སོ་ནུས་པ་ངེས་སོ། །ད་ནི་རྣལ་འབྱོར་པ་འཇིགས་པ་ཆེན་པོ་བརྒྱད་དང་། མི་ རྒོད་མ་རུངས་པ་བཅིང་ཞིང་བཟློག་པར་བྱ་སྟེ། དབེན་པར་བག་ཡངས་སུ་རྒྱུ་བ་ནི། བདག་གང་ཡང་རུང་བའི་ལམ་དུ་རྒྱུ་བའི་དུས་སུ་གོམ་པ་འབོར་ཁར་རྗེ་བཙུན་སྒྲོལ་མ་ཡིད་ལ་དྲན་པར་ཝལ་གྱིས་བྱ་བ་དང་། གཡས་པའི་རོགས་པོ་སྤངས་ལ། དེ་མ་ཡིན་པའི་རོགས་ཀྱི་ཐད་ ཀར། སྤྱི་གཙུག་ཨུཏྤ་ལའི་ཕྱག་རྒྱ་བཅིངས་ལ། ཡི་དམ་གྱི་གསོལ་བ་གདབ། གོས་ཀྱི་གཤམ་གྱི་སྣ་ལ་ནང་གི་ཡི་གེ་པཾ་ལས་པདྨའི་སྟེང་དུ་ཏཱཾ་ལྗང་སྔོན་བསམས་ལ། དེའི་འོད་ཀྱིས་འཇིགས་པ་བརྒྱད་གང་འོད་དུ་ཉེ་བ་དེ་གོས་དེའི་གོས་ཁུད་དུ་ཧྲི་ལ་གྱིས་དྲིལ་ལ། རྒྱུ་བ་གཉིས་ཀ་བཅད་ལ། བསྒྲུབ་བྱ་མཚམས་ཚུན་ཆད་ཕྱག་མཚན་རུས་ཕྲེང་གིས་བཅད་དེ་འགུལ་མི་ཤེས་པར་བྱས་ནས་ལམ་གྱིས་ཚུམས་ཅིག་གཏུམས་ལ་སྔགས་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་དོ། །མདུད་པ་དམར་པོ་བཅིངས་ལ་སྔགས་ཨ་མུ་ཀཾ་བཱ་ཤཾ་མ་ནཱ་ཡ་སྭཱ་ཧཱ། དེ་ རྣམས་རེ་འཇོག་མ་ཡིན་པར་དུས་གཅིག་ཏུ་བྱ་བའི་མན་ངག་གོ། །འཇིགས་པ་ལས་ཐར་ནས་མདུད་པ་མ་བཀྲོལ་ན་སྡིག་པ་ཆེའོ། །རྟེན་འབྲེལ་དེ་རྣམས་ཚང་ན་ཐེ་ཚོམ་མེད་དོ། །ད་ནི་ཤེས་རབ་བློ་འཕེལ་བསྒྲུབ་པར་བྱ་སྟེ། ཡང་སྔར་བསྟན་པའི་རྣལ་འབྱོར་དང་ལྡན་པས། ཆོས་ཀྱི་ ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་བྱ་བ་ནི། ཚེས་གཅིག་ནས་བཟུང་ནས་ཙནྡྲ་རུལ་པའི་བར་དུ་བསྒྲུབ་པར་བྱ་སྟེ། ཞག་ལྔར་ཆུ་གཙང་ལ་སྔགས་བཏབ་སྟེ་ཐོ་རངས་དུས་ཀྱི་གནད་ལ་སྦྱར་ཏེ་བཏུང་ངོ་། །དེ་ནས་ཞག་ལྔར་དཀར་གསུམ་ལ་བཏབ་སྟེ་དུས་གསུམ་དུ་བཏུང་ངོ་། །དེ་ནས་ ཞག་ལྔར་སྐྱུར་རྩི་གཞན་གྱིས་མ་འབགས་པ་ལ་སྔགས་བཏབ་ལ་བཏུང་སྟེ་དེའི་སྔགས་ནི་འདིའོ། །ཨོཾ་པྲཛྙཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་མཐར་རྟེན་གྱིས་བཟླས་ཏེ་ཐོ་རངས་འཐུངས་ན་འགྲུབ་བོ། །ནམ་རེ་ལ་ཤློ་ཀ་སུམ་སྟོང་ཟིན་ནོ། །གལ་ཏེ་མ་གྲུབ་ན་ཡོན་ཏན་ལ་སོགས་པ་སྟེ་སྔར་བསྟན་པ་ ལྟར་བསྙེན་པ་གྲུབ་ནས་རང་ཇི་ལྟར་འདོད་པ་བཞིན་དུ་འདོད་པ་ཐམས་ཅད་བསྒྲུབས་ནས། རྟེན་ལྷ་མོ་བྱིན་རླབས་ལྡན་པ་ལ་གཡོན་པའི་ས་དང་། མེའི་དུས་མཆོད་པ་དང་གཏོར་མས་མཉེས་པར་བྱས་ལ། བསྟོད་པ་དང་གསོལ་བ་བཏབ་སྟེ། དེ་མ་ཏཱ་རེ་ཨེ་ཀ་ཛཱ་ཊི་མ་ནི་སིདྡྷི་ཧཱུཾ་ཞེས་ པས་འགྲུབ་བོ། །ཤེལ་ཆུ་ཤེལ་གྱི་སྦྱོར་བ་བཞིན་ནོ། །གཞན་ཡང་འགྲོ་བ་ཐམས་ཅད་དབང་དུ་བསྡུ་བར་འདོད་ན། སྔགས་འདི་མཐར་རྟེན་བྱ་སྟེ། ན་མོ་བྷ་ག་ཏེ་ཨུཥྞཱི་ཥ་ས་དྷ་རེ་དྷ་ར་ན་ཏྲི་ཡེ་སྭཱ་ཧཱ། གི་ཝཾ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ནས་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་ བལྟས་པ་དེ་དགའ་བར་འགྱུར་རོ། །མིག་རྫས་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ་མིག་ལ་བསྐུས་ན་གང་འཕྲད་པ་དེ་དགའ་བར་འགྱུར་རོ། །ཆུ་ཁྱོར་གང་ལ་སྔགས་ལན་བདུན་བཟླས་ཏེ་འཐུངས་ན་མ་བསླངས་པར་ཟས་རྙེད་པར་འགྱུར་རོ། །ཚོགས་ཀྱི་ནང་དུ་འགྲོ་ན་རང་གི་གོས་ཀྱི་མཐའ་ མ་ནས་ལག་པ་གཡོན་པས་བཟུང་ལ་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱིན་ན་ཚིག་བཙན་ཞིང་བདེན་པར་འགྱུར་རོ། །ཤགས་འདེབས་ན་ལན་ཐེབས་ཤིང་མི་འདའ་བར་འགྱུར་རོ། །ལམ་དུ་འགྲོ་ན་དུས་དང་སྦྱར་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གཟུངས་རིང་རྟག་ཏུ་བཟླས་ན་བདུད་ དང་ནག་པོའི་ཕྱོགས་ཀྱིས་མི་ཚུགས་ཤིང་དགྲ་དང་བགེགས་ཀྱིས་མི་ཐུབ་པར་འགྱུར་རོ། །གཞན་ཡང་ཕན་ཡོན་དང་ཕན་ཡོན་གྱིས་ཉམས་སུ་བླང་བའི་མན་ངག་བླ་མ་དམ་པ་རྣམས་ལས་ཇི་ལྟར་ཤེས་པར་བྱའོ། །ལས་ཚོགས་པའོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཉེར་བསྡུས་པ། ། རྗེ་བཙུན་སྒྲོལ་མ་དྲན་པས་འདོད་སྒྲུབ་མ། །དེ་ཡི་སྒྲུབ་ཐབས་དཀའ་འགྲེལ་མན་ངག་ཉམས་སུ་བླང་ཐབས་མཛུབ་ཚུགས་འདིས། །མུན་པ་བསལ་ནས་འགྲོ་བའི་དོན་བཀོད་བདག་གིས་རློབ་པར་ཤོག །རྗེ་བཙུན་མ་སྒྲོལ་མའི་མན་ངག་མེ་ལོང་དངས་པ་ཞེས་བྱ་བ་རྫོགས་སོ།། །། བེམས་པོའི་སྣ་རྩེ་དང་། འོད་ཀྱི་དང་། དྲན་པའི་དང་། དུས་ཀྱི་དང་། དབྱིབས་ཀྱི་དང་། མྱོང་བའི་སྣ་རྩེའོ། །རྟག་པའི་བཛྲ་ནས་བརྒྱུད་པའི་དངོས་གྲུབ་བརྟན་གཟིགས་ཀྱི་རྒྱུད་སྐོར་འདི། རྨ་དང་བ་རི་གཉིས་ཀྱི་ལུགས། །དྷརྨྨཱ་ཀཱིརྟི་ཞེས་བྱ་བས། །དཔྱལ་དང་བླ་མ་ གུས་སྟོན་ལ། །ཞུས་པ་རིན་ཆེན་ལྟ་བུ་འདི། །སྒྲོལ་མའི་ཞབས་ལ་གཏུགས་པར་སྨོན།། ༄༅༅། །རྒྱ་གར་སྐད་དུ། སེ་དནྟ་ཤྲཱི་ཡོ་ག་ཡོ་གི་ནི་སྭརྦྷཱུ་ཏ་སཾ་བྷོ་ག་ཤྨ་ཤཱ་ན་ཀལྤ་ནཱ་མ། བོད་སྐད་དུ། དཔལ་ཨུ་རྒྱན་གྱི་རྣལ་འབྱོར་དང་རྣལ་ འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་ལོ། །ཤར་གྱི་དུར་ཁྲོད་དབང་པོ་གཏུམ་དྲག་དཔག་ཚད་བཅུ་གཉིས་ཁོར་ཡུག་ལ། དཔག་ཚད་ལྔ་ཞེང་དུ་གནས་པ། དབྱིབས་ནི་ཤིང་རྟ་རྐང་པ་གསུམ་པ་ལྟ་བུ། གཙོ་བོ་ཀླུ་སྒྲུབ་སྙིང་པོས་བྱིན་གྱིས་བརླབས། །ཤིང་ནི་གསེར་མདོག་ལོ་མ་བརྒྱར་གྱེས་ཤིང་། །ཞིང་སྐྱོང་དཀར་པོ་གྲི་ཐོད་གླང་ཆེན་གདོང་། །ཕྱོགས་སྐྱོང་བརྒྱ་བྱིན་གླང་ཆེན་གདན་རིགས་བཅས། །རྡོ་རྗེ་མཁའ་འགྲོ་ པྲེ་ཏ་ཡི་དགས་ཟ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱིས་ས་འཛིན། །མཐའ་ཡས་སྔོན་པོའི་ཀླུ་ནི་འདུད་བྱེད་ཅིང་། །ཐོད་པ་བརྩེགས་པའི་སྤྱིལ་བུས་ཀུན་བཀང་ཞིང་། །དེ་ན་རྣལ་འབྱོར་པའི་རྒྱལ་པོ་ཨཱརྱ་དེ་བ་ལ་སོགས་པ་ཤིན་ཏུ་མང་བ་བཞུགས་སོ། །རྣལ་འབྱོར་མ་ནི་ མཛེས་མ་དང་སྙིང་སྟོབས་ཅན་མ་ལ་སོགས་པའོ། །དེ་དག་ནི་རྒྱུད་གསང་འདུས་ཀྱི་རྗེས་སུ་འཇུག་ཅིང་ཀླུ་སྒྲུབ་ཡིད་ལ་བྱེད་པའོ། །ལྷོའི་དུར་ཁྲོད་གཤིན་རྗེ་འབར་བའི་ནགས་ཚལ། དཔག་ཚད་དྲུག་ཅུ་གཉིས་ཁོར་ཡུག །དཔག་ཚད་བཅོ་ལྔ་རྒྱང་གྲགས་གཅིག །དབྱིབས་ནི་འཁོར་ ལོ་འདྲ། ཌོམྦི་ཧེ་རུ་ཀ་ཡིས་བྱིན་གྱིས་བརླབས། །བཻ་ཌཱུརྱ་མདོག་ལོ་མ་བརྒྱར་གྱེས་ཤིང་། །ཞིང་སྐྱོང་ནག་པོ་གྲི་ཐོད་མ་ཧེ་གདོང་། །ཕྱོགས་སྐྱོང་གཤིན་རྗེ་མ་ཧེའི་གདན་རིགས་བཅས། །རིན་ཆེན་མཁའ་འགྲོ་ཀང་ཀ་དབང་བསྐུར་བྱེད། །ཆོ་འཕྲུལ་སྟོན་པའི་མཆོད་རྟེན་གྱིས་ས་འཛིན། ། དུང་སྐྱོང་དཀར་པོའི་ཀླུ་ནི་འདུད་པར་བྱེད། །ཐོད་པ་རུས་པ་དུམ་བུའི་སྤྱིལ་བུས་བཀང་། །རྣལ་འབྱོར་པ་ནི་ཨ་ཝ་དྷཱུ་ཏཱི་དང་། ཕྱག་མོ་ལ་སོགས་པའོ། །དེ་དག་ནི་གསང་འདུས་དང་། གཤིན་རྗེ་གཤེད་ནག་པོའི་རྗེས་སུ་འཇུག་ཅིང་ཌོམྦི་ཧེ་རུ་ཀ་ཡིད་ལ་བྱེད་དོ། །ནུབ་ཀྱི་དུར་ཁྲོད་ ཆུ་བདག་ཐོད་པ་ཅན་དཔག་ཚད་བཞི་བཅུ་བརྒྱད་ཁོར་ཡུག་ལ། དཔག་ཚད་བཅུ་གཉིས་ཞེང་དུ་གནས། དབྱིབས་ནི་བན་ལོང་སྤྱོད་ལྟ་བུ་ཟླུམ་པོ་སྟེ། མཁས་པ་རྟ་དབྱངས་ཀྱིས་ནི་བྱིན་གྱིས་བརླབས། །ཤིང་ནི་བྱི་རུའི་མདོག་ཅན་ལོ་འདབ་རྒྱས། །ཞིང་སྐྱོང་དམར་པོ་གྲི་ཐོད་ཆུ་སྲིན་ གདོང་། །ཕྱོགས་སྐྱོང་ཆུ་ལྷ་ཆུ་སྲིན་གདན་རིགས་བཅས། །པདྨ་མཁའ་འགྲོ་ཆོས་སྟོན་ཀུན་དྷ་ར། །ལྷ་ལས་བབས་པའི་མཆོད་རྟེན་གྱིས་ས་འཛིན། །དམར་པོ་དགའ་བོའི་ཀླུ་རྣམས་འདུད་བྱེད་ཅིང་། །རོ་རྣམས་བརྩེགས་པའི་སྤྱིལ་བུས་ཀུན་བཀང་ཞིང་། །དེ་ནི་རྣལ་འབྱོར་ པ་ནི་ཀུ་ཀུ་རི་པ་དང་། རྣལ་འབྱོར་མ་ནི་སྙིང་པོའི་རྒྱན་མ་དང་། དེ་དག་ཐམས་ཅད་ནི་རྒྱུད་སྒྱུ་འཕྲུལ་ཆེན་མོའི་རྗེས་སུ་འཇུག་ཅིང་སློབ་དཔོན་རྟ་དབྱངས་ཡིད་ལ་བྱེད་པའོ། །བྱང་གི་དུར་ཁྲོད་ལུས་ངན་འཇིགས་བྱེད་དང་། །དཔག་ཚད་བརྒྱད་ཅུ་པ་ཁོར་ཡུག་ལ། དཔག་ཚད་ཉི་ཤུ་ ཞེང་དུ་གནས། དབྱིབས་ནི་ཤིང་རྟ་རྐང་པ་བཞི་པ་ལྟ་བུ། སློབ་དཔོན་པདྨ་ཅན་གྱིས་བྱིན་གྱིས་བརླབས། །མ་རྒད་ལྗང་མདོག་ལོ་མ་བརྒྱར་གྱེས་ཤིང་། །ཞིང་སྐྱོང་ལྗང་གུ་གྲི་ཐོད་ཁྱུ་མཆོག་གདོང་། །ཕྱོགས་སྐྱོང་གནོད་སྦྱིན་ཁྱུ་མཆོག་གདན་རིགས་བཅས། །ལས་ཀྱི་མཁའ་ འགྲོ་ལས་འབྱོར་དམ་ཚིག་ལ། །བཀྲ་ཤིས་བརྩེགས་པའི་མཆོད་རྟེན་གྱིས་ས་འཛིན། །ལྗང་གུ་ཀརྐོ་ཊ་ཡི་ཀླུ་རབ་འདུད། །རོ་ཡི་སྤྱིལ་བུས་ཀུན་ནས་བཀང་བའི་ཞིང་། །དེ་ན་རྣལ་འབྱོར་པ་ནི་བཟང་པོ་དང་། རྣལ་འབྱོར་མ་ནི་བརྡུང་མ་ལ་སོགས་པའོ། །དེ་དག་རྒྱུད་དགྱེས་ པ་རྡོ་རྗེའི་རྗེས་སུ་འཇུག་ཅིང་སློབ་དཔོན་མཚོ་སྐྱེས་རྗེས་སུ་དྲན་པར་བྱེད་དོ། །ཤར་ལྷོའི་དུར་ཁྲོད་མེ་མཚམས་དཔལ་འདྲེན་དཔག་ཚད་བཅུ་གཉིས་ཁོར་ཡུག་ལ། དཔག་ཚད་གསུམ་ནི་ཞེང་དུ་གནས། དབྱིབས་ནི་སྐྱེས་པ་གཞོན་ནུའི་ལག་མཐིལ་ལྟ་བུ་སྟེ། གཙོ་བོ་ས་ར་ཧ་ ཡིས་བྱིན་གྱིས་བརླབས། །ཤིང་ནི་ཨ་མྲའི་མདོག་ཅན་ལོ་འདབ་རྒྱས། །ཞིང་སྐྱོང་སེར་པོ་གྲི་ཐོད་ར་སྐྱེས་གདོང་། །ཕྱོགས་སྐྱོང་མེ་ལྷ་ར་སྐྱེས་གདན་རིགས་བཅས། །སྣ་ཚོགས་མཁའ་འགྲོ་རོ་ལངས་སྦྱིན་སྲེག་བྱེད། །པདྨ་སྤུངས་པའི་མཆོད་རྟེན་གྱིས་ས་འཛིན། །དཀར་ པོ་པདྨ་ཆེན་པོའི་ཀླུ་རབ་འདུད། །ཡི་དགས་རོ་ཡི་སྤྱིལ་བུས་ཀུན་བཀང་ཞིང་། །དེ་ན་རྣལ་འབྱོར་པ་ནི་གྷུ་ན་ཀ་ན་ཀ་དང་། རྣལ་འབྱོར་མ་ནི་པདྨ་རྡོ་རྗེ་ལ་སོགས་པའོ། །དེ་དག་ནི་རྒྱུད་བདེ་མཆོག་འཁོར་ལོའི་རྗེས་སུ་འཇུག་ཅིང་དཔལ་ས་ར་ཧ་པ་རྗེས་སུ་དྲན་པར་བྱེད་པའོ། །ལྷོ་ ནུབ་ཀྱི་དུར་ཁྲོད་དབང་ལྡན་ཧ་ཧ་སྒྲོགས་ཞེས་པ་དཔག་ཚད་དྲུག་ཁོར་ཡུག་ལ། དཔག་ཚད་བཞི་ནི་ཞེང་དུ་གནས། དབྱིབས་ནི་པདྨ་དཀར་པོ་ཁ་བྱེ་བ་ལྟ་བུ་སྟེ། དཔལ་མཆོག་ནག་པོ་ཞབས་ཀྱིས་བྱིན་གྱིས་བརླབས། །ཨིནྡྲ་ནཱི་ལའི་ཤིང་ནི་ལོ་འདབ་རྒྱས། །ཞིང་སྐྱོང་ནག་པོ་གྲི་ ཐོད་མི་ཡི་གདོང་། །ཕྱོགས་སྐྱོང་སྲིན་པོ་ཡི་དགས་གདན་རིགས་བཅས། །དམ་ཚིག་མཁའ་འགྲོ་ཀྱང་རྣམས་ཉེ་བར་སྟོན། །བདུད་འདུལ་ཆེན་པོའི་མཆོད་རྟེན་གྱིས་ས་འཛིན། །གཟི་ཅན་དཀར་དམར་མདོག་ཅན་ཀླུ་རབ་འདུད། །ཀེང་རུས་ཡི་དགས་ལོ་ མའི་སྤྱིལ་བུས་གང་། །དེ་ན་རྣལ་འབྱོར་པ་ནི་བྲམ་ཟེ་སྟོབས་ཅན་གྱི་བུ་རྣལ་འབྱོར་པ་གསེར་མདོག་ཅན་དང་། རྣལ་འབྱོར་མ་ནི་བཞིན་ཁྲོ་མ་ལ་སོགས་པའོ། །དེ་དག་ནི་རྒྱུད་སྙིང་པོ་གཉིས་དང་། རྟ་མཆོག་གི་རྒྱུད་ཀྱི་རྗེས་སུ་འཇུག་ཅིང་དཔལ་ནག་པོ་ཞབས་རྗེས་སུ་དྲན་པར་བྱེད་དོ། ། ནུབ་བྱང་དུར་ཁྲོད་བདེན་བྲལ་མུན་ཆེན་ཞེས་པ་དཔག་ཚད་བཅུ་བཞི་པ་ཁོར་ཡུག་ལ། དཔག་ཚད་བཅུ་གཉིས་ཞེང་དུ་གནས། །དབྱིབས་ནི་ཆུའི་རི་མོ་འཁྱིལ་བ་ལྟ་བུ་སྟེ། མཁས་པ་ཀུ་ཀུ་རི་པས་བྱིན་གྱིས་བརླབས། །ཤེལ་གྱི་མདོག་ཅན་ཤིང་ནི་ལོ་འདབ་རྒྱས། །ཞིང་སྐྱོང་སྔོན་པོ་གྲི་ ཐོད་ཤ་བའི་མདོག །ཕྱོགས་སྐྱོང་རླུང་ལྷ་ཤ་བའི་གདན་རིགས་བཅས། །ཐམས་ཅད་མཁའ་འགྲོ་གསང་བའི་ཆོས་སྟོན་ཅིང་། །གཙུག་ཕུད་དག་པའི་མཆོད་རྟེན་གྱིས་ས་འཛིན། །པདྨ་དཀར་པོའི་ཀླུ་ནི་རབ་ཏུ་འདུད། །རྩྭ་སྤྱིལ་རུས་པའི་རྒྱན་སྤྲས་ཀྱིས་གང་ཞིང་། །དེ་ན་རྣལ་ འབྱོར་པ་ནི་རྒྱུན་ཏུ་ཞུགས་པ་དང་། རྣལ་འབྱོར་མ་ནི་ཞིང་ལ་སོགས་པའོ། །དེ་དག་ནི་རྒྱུད་རྣལ་འབྱོར་མའི་རྗེས་སུ་འཇུག་ཅིང་དཔལ་ཀུ་ཀུ་རི་རྗེས་སུ་དྲན་པར་བྱེད་དོ། །བྱང་ཤར་གྱི་དུར་ཁྲོད་རླུང་དུ་ཅ་ཅོ་སྒྲོགས་ཞེས་པ་དཔག་ཚད་ཉི་ཤུ་ཁོར་ཡུག་ལ། དཔག་ཚད་ལྔ་ནི་ཞེང་དུ་གནས། དབྱིབས་ནི་དགེ་སློང་གི་ལྷུང་བཟེད་ལྟ་བུ་སྟེ། མཁའ་འགྲོ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །རིན་ཆེན་དུང་མདོག་ཤིང་ནི་ལོ་འདབ་རྒྱས། །ཞིང་སྐྱོང་དཀར་ཤམ་གྲི་ཐོད་རྟ་ཡི་གདོང་། །ཕྱོགས་སྐྱོང་འབྱུང་པོ་རྟ་ཡི་གདན་རིགས་བཅས། །འཇིག་རྟེན་མཁའ་འགྲོ་བསྐྱོད་ ཅིང་གཏོར་མ་འཛིན། །ཆོས་ཀྱི་འཁོར་ལོའི་མཆོད་རྟེན་གྱིས་ས་འཛིན། །ནོར་འཛིན་ན་རོས་མདོག་ཅན་ཀླུ་རབ་འདུད། །སོ་ཕག་བརྩེགས་པའི་སྤྱིལ་བུས་ཀུན་བཀང་ཞིང་། །དེ་ན་རྣལ་འབྱོར་པ་ནི་དཔལ་ཧེ་རུ་ཀ་པ་དང་། རྣལ་འབྱོར་མ་ནི་བདག་མེད་མ་དང་བདུད་རྩི་མ་ལ་སོགས་ པའོ། །དེ་ནི་རྒྱུད་མཱ་ཧཱ་མཱ་ཡ་ནམ་མཁའ་དང་མཉམ་པའི་རྗེས་སུ་འཇུག་ཅིང་རྡོ་རྗེ་ཕག་མོ་རྗེས་སུ་དྲན་པར་བྱེད་དོ། །དཔལ་ཨུ་རྒྱན་གྱི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། སློབ་དཔོན་བིཪྺ་པས་མཛད་པ་ལས་བཏུས་པ། རྣལ་འབྱོར་པ་ པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ༄། །རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་མན་ངག་བཞུགས། ༄༅༅། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཁྲུལ་པ་མྱ་ངན་ཐང་ཆེན་ལ། །ཉོན་མོངས་ཉི་མས་རབ་ གདུངས་པའི། །འགྲོ་བ་འཚོ་བའི་ཀླུང་གྱུར་པ། །སྲོག་འཛིན་མགོན་ལ་ཉེར་བཏུད་ནས། །གང་གིས་ཉོན་མོངས་ཞི་བྱེད་པ། །རྟོགས་དཀའ་ཐབས་མང་རྒྱ་མཚོ་ལས། །མཆོག་གྱུར་མགོན་པོས་གསུངས་པའི་དོན། །བླ་མའི་གསུང་ལས་བླངས་པ་བརྗོད། །འདི་ན་གང་དག་ ཉོན་མོངས་ཅན། །ཉོན་མོངས་སྤོང་བ་ཉོན་མོངས་འགྱུར། །ཇི་ལྟར་བཀྲེས་པས་ཁ་ཟས་དང་། །སྐོམ་པ་ཆུ་ལ་རྒྱབ་ཕྱོགས་བཞིན། །དཔེར་ན་མེ་ཡི་བུད་ཤིང་དང་། །མ་ཕྲད་སྡུད་ཅིང་མི་གསལ་ཞིང་། །འཆི་འགྱུར་དེ་ལྟར་འགྲོ་བའི་སེམས། །འདོད་པ་སྤངས་ན་རུང་འགྱུར་ བཞིན། །ཡུལ་ལ་ཤིན་ཏུ་ཆགས་པའི་སེམས། །འདོད་པ་སྤངས་པས་ཟློག་བྱེད་པ། །དེ་ལྟར་མི་འགྱུར་ཐབས་དམན་ཕྱིར། །ཉོན་མོངས་འཕེལ་བ་ཁོ་ནར་ཟད། །གང་དག་ཤིན་ཏུ་བཅིངས་པའི་མི། །འདུག་ན་གཞན་དུ་འགྲོ་བ་ཡི། །བསམ་པ་རྟག་ཏུ་སྟེན་བྱེད་ཅིང་། །ལུས་ སེམས་བདེ་བར་མི་འགྱུར་བཞིན། །སེམས་མི་བདེ་བ་དོན་གཉེར་བས། །དེ་རྙེད་པར་ནི་མ་གྱུར་པར། །ཀུན་ཏུ་རྟོག་པ་རྒྱས་འགྱུར་ཞིང་། །གཉུག་མའི་ཡིད་གནས་མི་འགྱུར་བ། །དཔེར་ན་གླང་ཆེན་མ་རུངས་པ། །གང་ཚེ་ཆང་གིས་རབ་མྱོས་པ། །ཕྱི་ནས་ངང་གིས་དུལ་འགྱུར་ བ། །དེ་ལྟར་སེམས་ཀྱི་གླང་པོ་ཡང་། །ཡུལ་གྱི་ཆང་གིས་རབ་མྱོས་ན། །དམུ་རྒོད་རྟོག་པ་དུལ་འགྱུར་ཞིང་། །གཉུག་མ་རྣལ་འབྱོར་པ་ཡིས་ལེན། །གང་དག་སྤྲོས་པས་མ་སྤྲོས་པའི། །གཉུག་མའི་སེམས་ཡིད་མ་རྙེད་ན། །རྟོག་པའི་དྲ་བས་འཆད་མིན་ཏེ། །རྟོག་ ལས་འཁོར་བ་སྣ་ཚོགས་འབྱུང་། །དེ་ཕྱིར་ཡང་དག་གཉུག་མའི་ཡིད། །མཐོང་བར་འདོད་པས་ལུས་དང་སེམས། །ཀུན་རྟོག་རླུང་རྣམས་ཞི་བྱའི་ཕྱིར། །ནམ་ཡང་གདུང་བར་མི་བྱའོ། །དེ་ལྟར་གདུང་བ་སྤངས་པ་ལས། །སེམས་ནི་བདེ་བའི་ངོ་བོར་འགྱུར། ། འཁྲུལ་པའི་སྤྲིན་སྟུག་འགག་འགྱུར་ཞིང་། །འོད་གསལ་དྲི་མེད་ནམ་མཁའ་མཐོང་། །བདེ་དེ་འདོད་པ་ཀུན་ལས་འབྱུང་། །ཡང་དག་བླ་མའི་མན་ངག་གཞན། །ཐབས་དང་བཅས་པའི་རྣལ་འབྱོར་པས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །གཏི་མུག་འཁྲུལ་པ་ལས་ཀྱི་ སྦྲུས། །སྡུག་བསྔལ་དབའ་ཀློང་ཆེར་འཁྲུགས་པའི། །འཁོར་བའི་ཆུ་བོར་བྱིང་བ་ཡི། །འགྲོ་ལ་བརྩེ་བ་ཆེན་པོ་བསྐྱེད། །འདིར་ནི་འདི་དོན་འདིས་མི་ནུས། །ཡང་དག་ཡེ་ཤེས་སྣང་ལྡན་པའི། །ཡི་དམ་རྒྱལ་པོའི་གཟུགས་ཀྱིས་ནི། །སེམས་ཅན་སྐྱབས་ལ་བརྩོན་ པར་བྱ། །རང་གི་བསྐྱེད་པ་ཡི་གེའི་གཟུགས། །དེ་ཉིད་སྙིང་གི་དཀྱིལ་དུ་གཞག །འོད་ཀྱིས་སྡིག་པ་ཟད་བྱས་ཏེ། །འགྲོ་མང་སྡུག་བསྔལ་ཞི་བར་བྱ། །བཏུས་པའི་སྦྱོར་བས་ལྷ་གང་གི །གནས་ལ་དད་པས་དེ་ཉིད་བསམ། །བྱིན་གྱིས་བརླབས་དང་དབང་བསྐུར་བ། །གཞུག་ དང་མཆོད་སོགས་ཐམས་ཅད་བྱ། །དེ་ནས་བཞིན་བཟངས་མིག་ཡངས་མ། །ལང་ཚོ་རྒྱས་ཤིང་སྐྱེ་གནས་དང་། །ནུ་མ་མཁྲང་ཞེང་ཤ་རྒྱས་པའི། །བུ་མོ་ཡིད་འོང་མདུན་དུ་བཞག །གཙུག་ཏུ་མཛེས་དང་རོ་ལྡན་དང་། །བུ་ག་འཕེན་དང་བསྐྱོད་པ་དང་། །མཚམས་སུ་མཛེས་པར་ གྱུར་པ་ཡིས། །མཛེས་པ་མཛེས་པར་བྱ་བ་དང་། །རྣལ་འབྱོར་ལ་ནི་རྟག་གུས་ཤིང་། །ལྷག་པར་ཟབ་མོའི་ཆོས་ལ་དད། །ཁྲོ་མེད་རྣམ་རྟོག་སྤངས་པའི་བདག །ཡོངས་སུ་སྨིན་བྱས་བྱིན་གྱིས་བརླབ། །གཙོ་ཉིད་གང་གི་རིག་མ་རུ། །ཆོ་ག་མཁས་པས་བསྒོམས་ནས་ཀྱང་། ། དེ་རུ་ཡེ་ཤེས་འཁོར་ལོ་གཞུག །མཚན་མ་གཉིས་ཀྱང་སྔགས་ཀྱིས་སྦྱང་། །ལིང་ག་བརྟན་པོར་གྱུར་པ་ནི། །སྐྱེ་གནས་དབུས་སུ་གཞག་པར་བྱ། །དམ་པོར་འཁྱུད་པས་གནས་ནས་ནི། །ཡང་དང་ཡང་དུ་ཙུམྤ་བྱ། །སེན་མོས་ཅུང་ཟད་བྲུད་པ་དང་། །མ་མཆུ་སོ་ཡིས་བཙིར་ བར་བྱ། །མིག་ནི་རབ་ཏུ་བསྒྱུར་བྱ་ཞིང་། །ལྕེ་ཡང་ལྕེ་ཡིས་བསྐྱོད་པར་བྱ། །མགྲིན་པར་ང་རོས་དགང་བ་དང་། །གཤུགས་པའམ་ཡང་ན་གསལ་པོ་རུ། །ཆགས་པའི་ཚིག་གིས་སྦྱོར་བ་ཡིས། །ཁ་སྦྱོར་བདེ་བ་དང་པོ་བསྒོམ། །སུམ་ཅུ་རྩ་གཉིས་འདབ་ལྡན་པའི། །རླུང་ གི་རང་བཞིན་པདྨ་ལས། །མགྲིན་པར་འབར་བའི་ཡེ་ཤེས་ནི། །བྱ་བ་གྲུབ་པ་ཉོན་མོངས་འཇོམས། །དེ་རུ་རྡོ་རྗེ་ནུབ་གྱུར་ནས། །རྐེད་པ་བསྐྱོད་པ་སྤངས་ནས་ནི། །ལུས་ངག་སྦྱོར་དང་ལྡན་པ་ཡིས། །དགྲམ་ཞིང་བསྡུ་བ་དག་ཏུ་བྱ། །མིག་ནི་སྣ་རྩེར་ཕབ་ནས་སུ། །གཟུགས་ སོགས་ཡུལ་ལ་མ་ཞེན་པར། །དེ་དག་ལས་སྐྱེས་བདེ་བ་མཆོག །ཡང་དག་ཡེ་ཤེས་གཉིས་པ་བསྒོམ། །བརྒྱད་གཉིས་འདབ་མར་བཅས་པ་ཡི། །ཆུ་ཡི་ངོ་བོ་པདྨ་ལས། །སྙིང་གར་འབབ་པའི་ཡེ་ཤེས་ནི། །སོ་སོར་ཀུན་དུ་རྟོག་པར་བརྗོད། །སྒྱུ་རྩལ་མཁས་པས་བསྐྱོད་བྱ་ ཞིང་། །བུ་མོས་ཀྱང་ནི་རྐེད་པ་བསྐོར། །དབུགས་ཀྱང་ཅུང་ཟད་ཅུང་ཟད་བསྡམ། །དལ་གྱིས་སྒྱུ་རྩལ་ཐམས་ཅད་སྤྱད། །མིག་ནི་མི་འཛུམས་པར་གྱུར་པས། །རེག་ལ་རྟོག་ཅིང་མ་ཞེན་པར། །བདེ་བའི་ཡེ་ཤེས་གསུམ་པ་ནི། །རྣལ་འབྱོར་མཁས་པས་རྟོགས་པར་བྱ། །བཅུ་ དྲུག་ཕྱེད་ཀྱི་འ