Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 28

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
ངེས་པར་སྟེར་བར་འགྲོ་བའི་ཕྱི་རོལ་གྱི་བྱ་བ་ཕར་ལ་སྤང་ངོ་། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམ་པར་གནས་པ་རྣལ་འབྱོར་རོལ་པའི་བདེ་བའོ། །མཐོང་བ་རྡོ་རྗེ་རྣལ་འབྱོར་མ། །རྣམ་པར་དག་པའི་
ཡེ་ཤེས་སྤྱན། །སྐལ་ལྡན་རྣལ་འབྱོར་རབ་ཏུ་བརྟན། །སྙིང་རྗེ་ཆེན་པོའི་སེམས་ཀྱིས་སོ། །བརྩེ་བའི་དབང་གིས་གནས་པ་འདི་ལ་བསམ་གཏན་པས་མཐོང་བ་འདིས་བསྐོར་བའི་བྱ་བ་མེད་པའོ། །དེ་ཡིས་མཆོག་གི་དངོས་གྲུབ་དག །ཇི་ལྟར་འདོད་པ་སྟེར་བ་འགྲུབ། །ཡེ་ཤེས་
ཆགས་བྲལ་རྣལ་འབྱོར་པ། །བསྒྲུབ་པ་རབ་ཏུ་ངེས་པ་འདིས། །དེ་དག་ཅི་ཡི་ངོ་བོར་མཐོང་། །ཞེས་པ་བཅོམ་ལྡན་འདས་རྡོ་རྗེ་མ་བརྩེ་བའི་དབང་གིས་བདེན་པ་མཆོག་གི་དངོས་གྲུབ་ཡེ་ཤེས་ཇི་ལྟར་འདོད་པ་འབྱུང་བའི་རྣལ་འབྱོར་པའོ། །གཞན་ཡང་རལ་གྲི་ལ་སོགས་པ་ཇི་ལྟར་མངོན་

པར་འདོད་པ་གང་ཡིན་པ་ཡེ་ཤེས་བསྒྲུབ་པ་ཐམས་ཅད་རབ་ཏུ་བྱེད་པའོ། །སྣ་ཚོགས་འབད་པས་ཡང་དག་ལྡན། །བརྟུལ་ཞུགས་སྤྱོད་པ་ཅུང་ཟད་ཙམ། །དེ་ཉིད་བྱས་པ་བརྟུལ་ཞུགས་གནས། །གང་གང་རབ་ཏུ་སྤྱོད་པ་བྱ། །ཡེ་ཤེས་ཆགས་བྲལ་བསྒྲུབ་པ་ཡིས། །ཅི་བརྟུལ་ཞུགས་
ཀྱི་སྤྱོད་པ་འདི་བཏང་སྙོམས་འདི་ཞེས་པ། སྣ་ཚོགས་ཞེས་པ་འདི་རབ་ཏུ་བྱེད་པའི་ཐེག་པའི་ལུས་གཡེང་བའི་སྤྱོད་པ་མི་བརྗོད་དེ། འདི་ལྟར་རྒྱུན་དུ་གནས་པས་བསྐོར་བར་མི་བྱའོ། །དེ་ཁོ་ན་ཉིད་ཀྱི་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པའོ། །བཅོམ་ལྡན་འདས་ཀྱིས་བཟང་པོའི་དབང་དུ་
བརྟུལ་ཞུགས་ཀྱི་སྤྱོད་པ་གསུངས་པའོ། །གང་གང་རབ་ཏུ་སྤྱོད་པ་བྱས། །བཟའ་བ་བརྟན་པ་བརྟུལ་ཞུགས་ཅན། །བསམ་གཏན་བཟའ་བ་ཡིད་བསྐྱེད་པ། །སྨྱོན་པའི་སྤྱོད་པ་བརྟུལ་ཞུགས་ཅན། །མེད་པར་སྟོན་པའི་རྒྱུད་དུ་ཇི་ལྟར་བཟའ་བ་ལ་གནས་པས་འདི་ལ་ཅི་བྱ་ཞེས་བརྗོད་དོ། །གང་
གང་ཞེས་པ་རབ་ཏུ་བཟའ་བའམ་རབ་ཏུ་བཟའ་བ་མིན། བསླངས་པའམ་མ་བསླངས་པའམ། མོས་པས་བྱིན་པའམ། མོས་པ་མེད་པས་བྱིན་པའམ། བཟའ་བར་གནས་པ་བཟའ་བའི་བྱ་བ་བྱ། །བརྟུལ་ཞུགས་ཅན་གྱིས་བརྟུལ་ཞུགས་སོ། །བསྟན་བཅོས་ནས་བཟུང་བའི་སྤྱོད་པའི་
བརྟུལ་ཞུགས་ཀྱི་སྡོམ་པ་མི་བྱའོ། །ཉིན་མཚན་དུ་བསམ་གཏན་གྱི་བཟའ་བ་འདི་བཟའ་བའོ། །ངེས་པར་འབྱུང་བ་བརྟན་པར་སྨྱོན་པའི་རྣམ་པས་གནས་པར་བྱའོ། །གཞན་གྱི་དྲུང་དུ་འགྲོ་བ་གཡེང་བའི་ངོ་བོའོ། །དེ་ལྟར་གཅེར་བུས་གཅེར་བུ་མིན། །གང་དང་གང་ཡིད་དེ་དང་དེས། །རང་
གི་ལྟ་སྒོམ་བྱེད་པ་རྣམས། །དེ་ཁོ་ན་ཉིད་རྣམ་པར་བསམ། །མགོ་ལ་སོགས་པའི་སློང་མོ་གཡེང་བའི་སྤྱོད་པ་བརྟུལ་ཞུགས་ཀྱི་གཏམ་ལ་རྟོག་པའི་རྩ་བ་བྱེད་པ་འདི་གསུངས་པ། བྱ་བའི་རྒྱུད་ལ་སོགས་པར་གཅེར་བུ་ལ་སོགས་པ་སྤང་བ་དང་། ཅི་ལྟར་དྲུང་དུ་གནས་པའི་རྒྱུད་འདིར་གསུངས་
པའོ། །བཞི་མདོ་ལ་སོགས་པར་གང་དང་གང་དུ་གནས་པའི་དེ་ལ་སྐྱིལ་ཀྲུང་བཟའ་བས། ཉིན་མཚན་དུས་ཐམས་ཅད་དུ་བཟླས་པས་དེ་གང་གིས་ལུས་དཀའ་བ་འདིའོ། །དེ་དང་དེ་ལ་སོགས་པ་ངང་གིས་གནས་ཀྱང་ཡང་དག་པར་སྤོང་བ་བཞིའི་དེ་ཉིད་བསྒོམ་པར་བྱའོ། །ཟླ་དྲུག་རིམ་

པས་བདེན་པ་ལ། །ལྐུགས་པ་ལྟ་བུར་རབ་ཏུ་གནས། །རྣལ་འབྱོར་ཆེན་པོ་མར་མེ་འབར། །རྟོག་པ་མང་པོ་འདི་ཡིས་ཅི་ཞིག་བྱ། །ཡེ་ཤེས་དང་རྣམ་པར་ཤེས་པ་འདི་གསུངས་སོ། །ཟླ་དྲུག་ཅེས་པ་ལ་སོགས་པར་བདེན་པར་ཟླ་དྲུག་གིས་སངས་རྒྱས་ཀྱི་དངོས་གྲུབ་བོ། །
ཅིའི་ཕྱིར་འགྲོ་བ་དང་འགྲོགས་པར་དཀའ་བ་འདི་གསུངས་པ་མི་སྨྲ་བ་ལ་སོགས་པ་དངོས་པོའི་དབང་དུ་བྱས་པ་མི་སྨྲ་བའི་བརྟུལ་ཞུགས་འདིས། རྣལ་འབྱོར་ཆེན་པོ་འབར་བས་རྡོ་རྗེ་མཁའ་འགྲོ་མ་དྲུང་དུ་བྱོན་དུས་བཟང་པོར་བྱེད་དོ། །ཡེ་ཤེས་མཆོག་འབར་དེས་མཐོང་ནས། །རྣལ་འབྱོར་
མ་དེས་གཡོག་བྱེད་དོ། །ཇི་ལྟར་པདྨ་བཟང་པོ་ལ། །ངང་པ་དགའ་བ་གྲལ་དུ་གནས། །ཡེ་ཤེས་པ་ལ་སོགས་པ་ཡེ་ཤེས་དེ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་རྣམ་པས་འབར་བའི་སྣང་གསལ་དེ་བཟང་པོ་དེ་ལ་གསལ་ཞིང་སྣང་ངོ་། །ཇི་ལྟར་པདྨ་འབྱུང་བ་ལ་རྒྱས་པ་ལ་ངང་པ་
གྲལ་དུ་འཇུག་པ་ལྟར་མཁའ་འགྲོའོ། །དཔལ་ལྡན་རྡོ་རྗེ་འཛིན་ཡང་དག །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །གཟུགས་བརྙན་ལྟ་བུའི་འཇིག་རྟེན་འདི། །སེམས་ཅན་ཀུན་གྱི་དོན་བྱེད་པའོ། །དཔལ་ལྡན་ལ་སོགས་པ་འདིས་འབྲས་བུ་བསྟན་ཏེ། དཔལ་ལེགས་པར་རྟོགས་
པའོ། །འདི་ནི་བདག་གིས་སེམས་ཅན་གྱི་དོན་དུ། དག་པའི་སེམས་ཅན་རྣམས་ཀྱིས་གང་བྱས་པ། །འདི་དག་སྙིང་རྗེ་ཅུང་ཟད་ཙམ་གྱིས་ནི། །གང་བརྗོད་དེས་ནི་འབྱུང་འགྱུར་བའི། །ངེས་པར་བཟུང་བའི་དགོངས་པ་བརྗོད་པའོ། །འདི་དག་ལ་སོགས་པ་བདེ་བར་རྟོགས་པའོ། །
དེ་ཉིད་སྦས་པ་བདག་གིས་རྒྱས་མ་བྱས། །བླ་མའི་དྲིན་བཟུང་ཡང་དག་མཐའ་ལ་མོས། །སེམས་བཟང་བ་ཡི་དགེ་བ་བསགས་སྟོབས་ཀྱིས། །རྒྱས་མ་བྱས་ཞེས་པ་ལ་སོགས་པ་དེ་ཅི་ག་སྙམ་ན། དེ་ཉིད་མེད་པའི་དེ་ཁོ་ན་ཉིད་མ་བརྗོད་ཀྱི། སྦས་པའི་དོན་བླ་མའི་དྲིན་གྱིས་
སེམས་ཅན་བཟུང་བའོ། །བཤེས་གཉེན་མི་འགྱུར་རྗེས་ཡི་རང་། །དེ་ཁོ་ན་ཉིད་མན་ངག་བྲིས། །དགེ་བ་བདག་གིས་གང་ཐོབ་འདི་ཡིས་སེམས་ཅན་གྱི། །སྙིང་པོ་སྒོམ་མཆོག་སྤྱོད་བཟང་མྱུར་དུ་དགའ། །མ་འོངས་པ་ན་མི་བརྟན་པ་ལ་གསོལ་བ་འདེབས་འདི་བརྗོད། །སེམས་

ཀྱིས་བསགས་པ་ཞེས་པ་ནི་བསགས་པའི་སེམས་ནི་དུས་རིང་པོར་དགེ་བ་འཕེལ་བའི་རྣལ་འབྱོར་པའི་ལམ་བྱས་པའོ། །དེ་དག་ཐོབ་པར་གནས་པ་འདི་ཡིས་སེམས་ཀྱིས་རླབས་འཕེལ་བ་འདི་ལྟར་བྱས་པ་སྲེད་ཅིང་ཞེས་པས་གྲུབ་པ་ཐོབ་པའོ། །མྱོང་བ་གང་ཡིན་པ་བྱུང་བ་བརྟན་པ་མི་རྟོག་པ་
བྱེད་པ་འདི་ལ་ཡིད་ལ་བྱེད་པ་བཟང་པོ་འདི་ཐམས་ཅད་དུ་ཐམས་ཅད་རླབས་བྱེད་པའོ། །དེ་ཁོ་ན་ཉིད་ཀྱི་མན་ངག་ཡང་དག་པར་བྲིས་པའི་བདག་གི་བསོད་ནམས་འཕེལ་བ་དེས་འཇིག་རྟེན་ཐམས་ཅད་ལ་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ལྟར་གསལ་བ་རབ་ཏུ་འབྱུང་བར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་མན་
ངག་བྲིས་པའི་བསོད་ནམས་གང་དེས་ཐོབ་པ་འདི་བརྗོད་པའོ། །དེ་ཁོ་ན་ཉིད་འདི་ཞེས་པ་ལ་སོགས་པ་ལེགས་པར་གོ་བ་རྫོགས་སོ།། །།དེ་ཁོ་ན་ཉིད་ཀྱི་མན་ངག་མཁས་པ་ཆེན་པོ་སློབ་དཔོན་ཆེན་པོ་སློབ་དཔོན་སུ་ཛ་ཡ་ཤྲཱི་བྷ་དྲའི་ཞབས་ཀྱིས་མཛད་པའོ། །རྒྱ་གར་གྱི་མཁས་པ་
རིན་དཔལ་གྱི་ཞབས་ལ་གཏུགས་པ། པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པི་ཐི་ཀྲ་མ་ཏཱ་ར་དེ་བཱི་སྟོ་ཏྲཾ། བོད་སྐད་དུ། གནས་ཆེན་གྱི་རིམ་པའི་ལྷ་མོ་སྒྲོལ་མའི་བསྟོད་པ།
བཅོམ་ལྡན་འདས་འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐྱེ་དང་མཐའ་དབུས་རྣམ་པ་མེད། །ཨེ་ཡི་ཡི་གེའི་རིགས་ལས་སྐྱེས། །ཡེ་ཤེས་བདུད་རྩིའི་ཁུ་བས་མྱོས། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །བཅོ་ལྔའི་དུས་ཀྱི་རྣམ་པ་མེད། །དུས་མེད་ཐིག་ལེའི་ཚུལ་
གནས་པ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །དང་པོ་མཐའ་དང་དབུས་མའི་ཚུལ། །རིགས་ལྔའི་རྒྱན་གྱིས་བརྒྱན་པ་ཡི། །ཡེ་ཤེས་ལྔ་ནི་གཅིག་གི་ཚུལ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་
རྣམ་པ་ཐམས་ཅད་དུ། །ཁམས་ལྔ་ཡི་ནི་རྣམ་པའི་ཚུལ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །དབྱངས་དང་གསལ་བྱེད་ཐམས་ཅད་ལ། །ཡི་གེ་མེད་པའི་རྣམ་པ་ཐོབ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །སྐུ་གསུམ་རིགས་ལ་འཇུག་པའི་ཚུལ། །

ཐར་ལམ་རབ་ཏུ་འབྱུང་བ་ཡིས། །རིགས་ཀྱི་ཚུལ་མེད་ལྷག་པའི་ཚུལ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །སྟོང་ཕྲག་བདུན་ཅུ་གཉིས་གནས་པའི། །རྩ་ཡི་བུ་གའི་སྦུབས་ཀྱི་ནང་། །ཨ་ཝ་དྷཱུ་ཏཱིའི་དབུས་གནས་པ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །
སྟོང་པ་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོ་གང་དུ་གནས། །ཐམས་ཅད་སྟོང་པ་སྟེང་ན་གནས། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །བརྗོད་པ་ཙམ་ལས་སྐྱེ་འགག་མེད། །བརྗོད་པའི་མཐའ་ལ་གནས་པ་དང་། །ཚིག་བཞི་དག་གི་གང་དུ་འཕོ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །
ནང་དུ་རང་ལ་གནས་པ་ཡི། །འཁོར་ལོ་བཞི་ཡི་རྣམ་པར་གནས། །བྱང་ཆུབ་ལྷག་པའི་ཚུལ་གནས་པའི། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ཉི་ཤུ་རྩ་བཞི་དག་གི་ཡུལ། །ཞིང་གི་འདྲེན་པའི་ལྷ་མོ་དེ། །ཞིང་བཞིར་སྙོམས་པར་གནས་པ་ཡིས། །ཞིང་གནས་ལྷ་མོ་ཉིད་ཕྱག་
འཚལ། །མུ་སྟེགས་ལྟ་བ་ཁྱབ་འཇུག་མ། །ཉི་མ་ཚངས་པའི་རང་བཞིན་ཀུན། །ཅི་ཡང་མེད་པའི་གཟུགས་འཛིན་མ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ཨོཾ་གྱི་གསང་སྔགས་འདི་ཉིད་ལ། །བདག་གིས་མོས་པའི་སེམས་ཀྱིས་ནི། །མི་བསྐྱོད་རྡོ་རྗེ་བྱས་པ་ཡིས། །སེམས་
ཅན་རྗེས་སུ་འཛིན་པར་ཤོག །གནས་ཆེན་གྱི་ལྷ་མོ་སྒྲོལ་མ་ལ་བསྟོད་པ་རྫོགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པི་ཐི་ཤྭ་ར་སྟོ་ཏྲ། བོད་སྐད་དུ། ཞིང་གི་དབང་
ཕྱུག་མའི་བསྟོད་པ། བཅོམ་ལྡན་འདས་ཞིང་གི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ཀུན་རྟོག་ཐམས་ཅད་ཡང་དག་འཕྲོག །དངོས་རྣམས་རང་བཞིན་ངོ་བོ་ནི། །སེམས་ཅན་ཀུན་ལ་ཕན་དོན་དུ། །སྙིང་རྗེའི་མཆོག་ལ་ཕྱག་འཚལ་ལོ། །འཁྲུལ་པས་ཁྱབ་པ་ཐམས་ཅད་
དུ། །ཞབས་ཀྱིས་མནན་ནས་རྣམ་པར་སྤངས། །ཉོན་མོངས་ཐམས་ཅད་བསལ་བ་ཡི། །ཞིང་གི་དབང་ཕྱུག་ཕྱག་འཚལ་བསྟོད། །ཐམས་ཅད་གཉིས་མེད་མཆོག་ཏུ་སྤངས། །དོན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །རྣམ་པ་ཅན་ནི་རྣམ་པ་མེད། །བྱང་ཆུབ་གཟུགས་

ལ་ཕྱག་འཚལ་བསྟོད། །སྐུ་མདོག་དམར་མོ་ཞལ་བཞི་མ། །དགའ་བ་ལ་སོགས་གཟིགས་པ་ཡི། །ཁྲོ་མོའི་ཞལ་གསུམ་འོད་འཕྲོ་མ། །ཞི་བའི་གཟུགས་ལ་ཕྱག་འཚལ་བསྟོད། །ཕྱག་འཚལ་མགོ་བོའི་ཕྲེང་བ་མ། །ལྔ་ལྔ་སྟེང་དུ་ཡོངས་སུ་འཛིན། །སྐྱིལ་ཀྲུང་ཕྱེད་པའི་
གར་གྱིས་གནས། །གཡོན་དུ་གཟིགས་ལ་ཕྱག་འཚལ་བསྟོད། །སྙིང་གི་པདྨའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་ཡང་དག་གནས། །སྙིང་རྗེ་ཡིས་ནི་ཁྲོས་པའི་ཐུགས། །ཞིང་གི་དབང་ཕྱུག་ཕྱག་འཚལ་བསྟོད། །ལྷུང་བཟེད་རལ་གྲི་རྡོ་རྗེ་དང་། །ཌ་མ་རུ་ནི་གཡས་སུ་གནས། །
གཡོན་ན་ཁ་ཊྭཱཾ་དྲིལ་བུ་དང་། །རིན་ཆེན་ཨུཏྤལ་བསྟོད་ཕྱག་འཚལ། །རླུང་གི་དཀྱིལ་འཁོར་ནང་དུ་གནས། །སྟག་གི་པགས་པའི་ཤམ་ཐབས་ཅན། །སྣ་ཚོགས་པད་ཟླའི་དཀྱིལ་ན་གནས། །སྤྱན་གསུམ་མ་ལ་ཕྱག་འཚལ་བསྟོད། །རྩ་གསུམ་པ་ཡི་ནང་ནས་གནས། །དགུག་པ་གསུམ་
ནི་ཡང་དག་འཕྲོག །ངོ་བོ་གསུམ་ནི་ཡང་དག་ལྡན། །སྐུ་གསུམ་བསྙེམས་ལ་ཕྱག་འཚལ་བསྟོད། །དེ་ཉིད་གསུམ་གྱི་གཟུགས་མཛེས་མ། །སྡུག་བསྔལ་གསུམ་པོ་སྤངས་པ་ཡི། །ས་འོག་ས་སྟེང་ས་བླ་ཁྱབ། །རང་བཞིན་མ་ལ་ཕྱག་འཚལ་བསྟོད། །ཉི་ཤུ་རྩ་བཞིའི་ཞིང་རྣམས་
སུ། །རྣལ་འབྱོར་མ་ནི་ཉི་ཤུ་བཞི། །ཉི་ཤུ་རྩ་བཞིའི་གནས་ན་བཞུགས། །ཉི་ཤུ་རྩ་ལྔ་ཕྱག་འཚལ་བསྟོད། །པུལླཱི་ར་མ་ལ་པའི་ཞིང་། །ལེགས་དགའ་རྣལ་འབྱོར་དབང་ཕྱུག་མ། །ལྷ་མོ་དཀར་མོ་ཕྱག་བཞི་མ། །སྤྱི་བོར་གནས་ལ་ཕྱག་འཚལ་བསྟོད། །ལེགས་དགའ་འཛིན་མ་རྣལ་
འབྱོར་མ། །ཛཱ་ལནྡྷ་ར་སྤྱི་གཙུག་བཞུགས། །ལྗང་གུ་མགོ་བོའི་ཕྲེང་བ་ཅན། །རྣལ་འབྱོར་དབང་ཕྱུག་ཕྱག་འཚལ་བསྟོད། །ཨུ་རྒྱན་དུ་སོང་ཟེའུ་འབྲུ་ལ། །ལེགས་པར་དགའ་བ་ཟླ་བ་མ། །སྐུ་མདོག་དཀར་མོ་ཨརྦུའི་སྟེ། །ལེགས་དགའ་ཕྲེང་བ་སེར་མོ་ནི། །གོ་དཱ་བ་རཱི་ཉེ་བའི་ཞིང་། །
རྣ་བ་གཡས་ལ་ཡང་དག་གནས། །ལེགས་པར་དགའ་མ་ཟར་མ་ནི། །སྐུ་མདོག་སེར་མོ་ཕྱག་འཚལ་བསྟོད། །རཱ་མེ་ཤྭ་རི་སྨིན་མཚམས་སུ། །དཀར་མོ་ལེགས་དགའ་འདོད་མ་ནི། །དེ་བཱི་ཀོ་ཊི་མིག་གཉིས་ལ། །དམར་མོ་ལེགས་དགའ་ཁྲོ་མོའི་གཟུགས། །དཔུང་པའི་རྩ་གཉིས་ཡང་

དག་གནས། །མཱ་ལ་ཞིང་གི་འདྲེན་པ་མོ། །ལྷ་མོ་སྐུ་མདོག་སྔོན་མོའི་འོད། །ཕྱག་འཚལ་ལེགས་དགའ་བླ་མེད་མ། །ཞིང་དང་ཉེ་བའི་ཞིང་དང་བརྒྱད། །ཞལ་གཅིག་ཕྱག་ནི་བཞི་མའོ། །ཐམས་ཅད་ཐོད་པའི་ཕྲེང་བ་འཛིན། །ཕྱག་འཚལ་བླ་མེད་རྣལ་འབྱོར་
མ། །སྤྱན་གསུམ་ཐོད་པ་ཁ་ཊྭཱཾ་ག །དྲིལ་བུ་ཌ་མ་རུ་འཛིན་མ། །ཐམས་ཅད་ངོ་བོ་རང་བཞིན་བདག །ཕྱག་འཚལ་རྣལ་འབྱོར་མ་ཕྱག་འཚལ། །ཕྱག་འཚལ་ཀཱ་མ་རཱུ་པ་ལ། །ཞིང་དང་འཐུང་གཅོད་ཅེས་བྱ་བ། །མཆན་ཁུང་གཉིས་ལ་གནས་པའོ། །ལྷ་མོ་གཙུག་ཏོར་བསྟོད་ཕྱག་
འཚལ། །ཕྱག་འཚལ་ཨོ་ཏྲེ་འཐུང་གཅོད་ལ། །ནུ་མ་གཉིས་ན་གནས་པ་ཡི། །ཞིང་ན་ཡང་དག་ཡེ་ཤེས་གཟུགས། །རྣལ་འབྱོར་འཇིགས་མ་ཕྱག་འཚལ་ལོ། །ཉེ་ཞིང་ཏྲི་ཤ་ཀུ་ནེ་རུ། །གཙུག་ཏོར་ཅུང་ཟད་ཅེས་བྱ་བའི། །རྣལ་འབྱོར་ལྟེ་བའི་ཡུལ་ན་བཞུགས། །ཕྱག་འཚལ་
ཐམས་ཅད་འདོད་མ་ལའོ། །ཀོ་ས་ལ་ནི་ཉེ་བའི་ཞིང་། །རྣལ་འབྱོར་མ་ཞེས་བྱ་བ་ཡི། །སྣ་རྩེར་གནས་པའི་ཡིད་ཀྱིས་བསམ། །ཕྱག་འཚལ་མཆོག་ནི་དབང་ཕྱུག་མ། །ཀ་ལིང་ཀ་ནི་ཁ་ལ་གནས། །ཕྱག་འཚལ་རྣལ་འབྱོར་རལ་ཚོགས་མ། །ཚནྡོ་བཞུགས་པའི་ལྷ་མོ་ལ། །ཕྱག་
འཚལ་ལྷན་ཅིག་སྐྱེས་མ་ལའོ། །འཐུང་གཅོད་ཚནྡོ་ལ་པཱ་ཀ །དྲག་མོ་མགྲིན་པར་གནས་པ་སྟེ། །རལ་ཅན་ཉེ་བའི་ཚནྡོ་ལ། །ཀཱཉྩི་སྙིང་ག་བླ་ན་མེད། །ལི་དྷ་ཧི་མཱ་ལ་ཡི་གནས། །ཨུ་པ་ཚནྡོར་གནས་པའོ། །ཕྱག་འཚལ་རྣལ་འབྱོར་གཏུམ་མོ་ལ། །ཡང་དག་རྟོག་པས་
ཐམས་ཅད་སྲེག །འདུ་བ་པྲེ་ཏ་པུ་རི་པ། །ཐོད་ཅན་མ་ནི་གསང་བར་གནས། །སྲིན་པོའི་ཞལ་ནི་གནས་པ་ཡི། །རྣམ་པར་འགྱུར་བྱེད་མ་ཕྱག་འཚལ། །སཽ་རཱཥྚ་ཉེ་འདུ་བ། །ཐོར་ཚུགས་བརླ་གཉིས་ཡང་དག་གནས། །གསེར་གླིང་རྗེ་ངར་གཉིས་སུ་ནི། །ཉེ་བའི་འདུ་བ་གར་མཁན་
མའོ། །ཕྱག་འཚལ་སྐུ་གསུང་ཐུགས་བདག་ལ། །རྣལ་འབྱོར་མ་ནི་བཅུ་གཉིས་དྲན། །ཐོད་པ་ཁ་ཊྭཱཾ་ག་འཛིན་མ། །འཁོར་ལོ་རྡོ་རྗེ་ཀུན་དུ་བསྣམས། །ཐམས་ཅད་མགོ་བོའི་ཕྲེང་བ་འཛིན། །སྤྱན་གསུམ་སྐྲ་རྩེ་འབར་བ་ཅན། །གར་མ་དཔའ་མོ་ཆེན་པོ་ནི། །བཞད་པའི་གསུང་

གི་འོད་ཟེར་ཅན། །ཐབས་དང་ཤེས་རབ་རང་བཞིན་གྱིས། །ཕྱེད་ནི་དམར་ལ་ཕྱེད་ནི་ལྗང་། །སྐྲ་བརྫེས་ལེགས་པའི་སྤྱན་མངའ་མ། །ཕྱོགས་ཀྱི་གོས་ཅན་མཆོག་འཛིན་པའོ། །ཕྱག་འཚལ་ཕྱོགས་སྐྱོང་མ་རྣམས་ལ། །ཀཾ་པུ་ཛི་ལ་སོགས་པ་བཞི། །ཞལ་གཅིག་སྤྱན་ནི་གསུམ་མའོ། །
ཕྱག་བཞི་མ་ནི་མཛེས་མ་སྟེ། །སྣ་ཚོགས་པདྨའི་སྟེང་ན་གནས། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །བདུད་བཞི་ཡི་ནི་གདན་ལ་བཞུགས། །སྣ་ཚོགས་མདོག་ཅན་ཕྱོགས་ཀྱི་གོས། །རྔམ་པའི་ཞལ་ཅན་འཇིགས་པའི་གཟུགས། །གཡས་བརྐྱང་ཞབས་ཀྱིས་ཡང་དག་
བཞུགས། །དུར་ཁྲོད་ཉེ་བའི་དུར་ཁྲོད་གནས། །མགོ་བོའི་ཕྲེང་བས་ཀུན་ནས་བརྒྱན། །ཐོད་པ་ཁ་ཊྭཱཾ་ག་འཛིན་པ། །གྲི་གུག་མི་ཡི་མགོ་བོ་བསྣམས། །རྐང་པའི་བོལ་གོང་ཡུལ་དུ་ནི། །ཀཾ་བུ་ཛི་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལྷ་མོ་པུཀྐ་སཱི། །རྐང་པའི་མཐིལ་དུ་ཀུན་ནས་
བཞུགས། །སིན་དྷུའི་ཞེང་དུ་བཞུགས་པ་ནི། །རྣལ་འབྱོར་དབང་ཕྱུག་ཕྱག་འཚལ་བསྟོད། །དེ་བཞིན་མ་རོའི་ཡུལ་སོང་བ། །ཕྱག་འཚལ་རྣལ་འབྱོར་ལྟོ་བ་མེ། །པུས་མོ་གཉིས་ཀའི་ཡུལ་གནས་པའི། །མ་ཏཾ་གི་ལ་ཕྱག་འཚལ་བསྟོད། །ཟེའུ་འབྲུའི་དབུས་ན་བཞུགས་པ་
ཡི། །འཁོར་བའི་འདྲེན་པ་རྣལ་འབྱོར་མ། །ཐམས་ཅད་འབྱུང་བའི་ནང་ན་གནས། །སྒྲོལ་མའི་གཟུགས་ལ་ཕྱག་འཚལ་བསྟོད། །འཁོར་ལོ་བཞི་ཡི་ཏིང་འཛིན་གནས། །ཚངས་པ་ཡི་ནི་གནས་བཞི་མ། །སྙིང་རྗེ་ཆེན་པོ་ཡི་ནི་ཐུགས། །རང་བཞིན་མེད་ལ་ཕྱག་འཚལ་
བསྟོད། །དང་པོའི་ཡི་གེ་མན་ངག་ཞལ། །ཨཱ་ལི་ཀཱ་ལི་ལ་གནས་གཞན། །རོ་མ་བརྐྱང་མ་ཨ་བི་ན། །གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་པདྨ་ཡང་དག་བསྡུས། །སྙིང་གི་གནས་ལས་བཞེངས་པ་ཡི། །སྟོང་པ་སྙིང་རྗེ་གཉིས་སུ་མེད། །བྱང་ཆུབ་སེམས་ལ་ཕྱག་འཚལ་
བསྟོད། །བསམ་པ་ཐམས་ཅད་ཟླ་ཕྱེད་སྤངས། །ངག་བཞི་པོ་རྣམས་རྟོགས་པ་ཡི། །སྐྲ་རྩེ་བརྒྱ་ཆའི་རྣལ་འབྱོར་མ། །མཚན་ཉིད་མེད་ལ་ཕྱག་འཚལ་བསྟོད། །རྟོག་མེད་མཚམས་མེད་བརྟེན་པ་མེད། །རྟོག་མེད་གནས་པ་མེད་པ་ཡི། །ཐོགས་མེད་ཡོན་ཏན་རིམ་གྱིས་ལེགས། །

རྒྱུ་མེད་རྣམ་པ་ཕྱག་འཚལ་བསྟོད། །རྣམ་པར་མི་རྟོག་བརྟེན་པ་མེད། །བསམ་གཏན་བཟླས་བརྗོད་སྤངས་པ་ཡི། །སྤངས་པ་ང་རྒྱལ་མེད་པ་ཡི། །རྟག་ཏུ་ཤར་ལ་ཕྱག་འཚལ་བསྟོད། །རྟོག་མེད་བཅོམ་པ་རྣམ་བཅོམ་མེད། །སྤང་བྱ་མེད་ཅིང་གནས་པ་མེད། །
རང་བཞིན་མེད་པ་སྣང་བ་མེད། །ཐེ་ཚོམ་མེད་ལ་ཕྱག་འཚལ་བསྟོད། །མཆོག་ཏུ་ཞི་བ་ཕྲ་རགས་མེད། །མཆོག་དང་བར་དང་ཐ་མ་སྤངས། །ཀུན་ནས་ངོ་བོ་ཐམས་ཅད་བཞུགས། །ཐམས་ཅད་འདས་མ་ཕྱག་འཚལ་བསྟོད། །ཐམས་ཅད་སེམས་ཀྱི་གཟུགས་ཅན་མ། །ཐམས་
ཅད་མཆོག་ཏུ་ཡོངས་སུ་སྟེར། །བགེགས་རྣམས་རབ་ཏུ་ཞི་བ་མ། །བགེགས་མེད་མ་ལ་ཕྱག་འཚལ་བསྟོད། །ཚད་མེད་ལོངས་སྤྱོད་མེད་པ་ལ། །ས་འོག་ས་བླ་རྣམ་པར་ཁྱབ། །གཉིས་མེད་འཆི་མེད་ལྷ་མོ་ནི། །མཐོང་བ་མེད་ལ་ཕྱག་འཚལ་བསྟོད། །སྔོན་ནས་སྤངས་པ་མེད་
པ་འཛིན། །གཉིས་སུ་མེད་དུས་གཟི་བརྗིད་ཅན། །ཚད་མེད་ཀུན་ནས་རང་གི་རིག །ངོ་བོ་མེད་ལ་ཕྱག་འཚལ་བསྟོད། །གྲངས་མེད་པ་ཡི་མི་བཟད་པ། །ཤེས་མིག་འཇིགས་པ་སྤངས་པའོ། །འཆི་བ་སྤངས་པའི་དབང་ཕྱུག་མཐའ། །དགའ་བ་མ་ལ་ཕྱག་འཚལ་བསྟོད། །
བླ་མའི་དྲིན་གྱིས་གདུལ་བྱ་བཞིན། །རྣལ་འབྱོར་མ་མོས་སྤྱོད་ལམ་གྱིས། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཞིང་གི་རྣལ་འབྱོར་ཕྱག་འཚལ་ལོ། །མོས་པ་ཆེན་པོས་རྗེས་སུ་ཆགས། །བསྟོད་པས་བསྟོད་པའི་རྐང་པ་འདི། །སྒྲ་དང་སྒྲ་མེད་ཤེས་པ་མེད། །བཟོད་པ་མཆོག་གི་
དབང་ཕྱུག་མ། །བདག་ནི་བྱིས་པ་རྨོངས་པ་སྟེ། །མོས་པས་བསྟོད་པ་ཤིན་ཏུ་དགའ། །ཞིང་གི་དབང་ཕྱུག་མའི་བསྟོད་པ་འདི་བློན་པོའི་རིགས་ཤིན་ཏུ་དགའ་བའི་པཎྜི་ཏས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང་། ལོ་ཙཱ་བ་ནག་ཚོ་ཆེན་པོས་བསྒྱུར་བའོ།།
༄༅༅། །རྒྱ་གར་སྐད་དུ། བཛྲ་གྷཎྜ་ལཀྵ་ཎ་ནཱ་མ། བོད་སྐད་དུ། རྡོ་རྗེ་དྲིལ་བུའི་མཚན་ཉིད་ཅེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གྲུབ་པ་བཤད་པར་བྱའོ། །དེ་འཛིན་པ་ལ་རྟག་བསྟན་པ། །སོར་བཞི་པ་དང་བཅུ་པ་དང་བཅུ་གཉིས་པ་དང་། བཅུ་དྲུག་པ་དང་། བརྒྱད་

པ་དང་། ཉི་ཤུའི་ཚད་ཀྱི་གསེར་གྱི་རྡོ་རྗེས་སའི་གཙོ་བོའི་རིག་པ་འཛིན་པ་ཉིད་དང་། རྟག་ཏུ་རབ་ཏུ་བཟང་པོ་ཐོབ་པོ། །རྒྱལ་པོ་རབ་ཀྱི་རྒྱལ་པོ་གོང་མ་ཉིད་ཟངས་ཀྱི་རྡོ་རྗེས་འདོད་པ་འགྲུབ་བོ། །རྡོའི་རྡོ་རྗེས་ལྷ་མ་ཡིན་གྱི་དབང་པོ་ཀུན་དང་། གནོད་སྦྱིན་རྣམས་ཀྱང་བསྐྱོད་པའོ། །དོན་
ཐམས་ཅད་འགྲུབ་པར་འབྱུང་བ་ལྕགས་ཀྱིས་ཏེ། ལྕགས་གཅིག་གིས་དཔལ་ཆེ། ནད་མེད། ནོར་ཀུན་ཐོབ་པའོ། །གཟའ་ཐམས་ཅད་ལ་སེང་ལྡེང་གིས་སོ། །མ་དུ་གའི་ཤིང་གིས་གནོད་སྦྱིན་བསྒྲུབ་བོ། །དེས་ཆོས་ཀྱི་དོན་བསྒྲུབ་བོ། །ལྷའི་ཤིང་གིས་དགྲ་མེད་པར་འགྱུར་རོ། །མིའི་
རུས་པས་མིའི་སྲོག་འཕྲོག་གོ། །ཤེལ་གྱིས་ཐམས་ཅད་དབང་པོའི་གཞུ་ལྟར་སྣང་ངོ་། །ཞེ་སྡང་གི་ལས་ལ་ནིམ་པ་ཡིས་སོ། །ཝའི་བྷུ་ཤིང་གིས་གསད་པ་དང་། སྐམས་པ་དང་། ཤ་ཟ་འགྲུབ་རྟག་ཏུ་རབ་ཏུ་བཟང་བའོ། །དྲི་ཟ་གནོད་སྦྱིན་ཀུན་འགྲུབ་བོ། །སུ་རུ་ཙནྡན་
གྱིས་སོ། །ས་ཡིས་གཟུགས་གཞན་དུ་རྣམ་པར་འགྱུར་རོ། །སྲིན་པོས་སྐྱེ་གནས་འགྲུབ་བོ། །མྱ་ངན་མེད་པའི་ཤིང་ལས་བྱས་པའི་རྡོ་རྗེས་ནོར་འཕེལ་ལོ། །དམར་པོ་འམ་དཀར་པོ་ཙནྡན་གྱིས་གང་འདོད་པ་རབ་ཏུ་ཐོབ་བོ། །རྩེ་ལྔ་པ་སྲན་ཏེ་ཤེལ་གྱིས་རྟག་ཏུ་བསྲུང་བ་རྒྱལ་བའི་
ཞབས་དྲུང་བཟླས་པ་བྱས་ན་འགྲུབ་བོ། །དྲི་ཞིམ་པོས་མཆོད་པས་ཞི་བའི་སེམས་དང་ངག་གང་བཟླས་པ་རྡོ་རྗེར་བཟུང་ནས་བྱས་ན་འགྲུབ་བོ། །སྒྲུབ་པ་པོས་སྔགས་པ་གཟུང་ངོ་། །མིང་མེད་པ་རྡོ་རྗེ་བཅང་བ་བྱས་ཏེ་སེམས་རྩེ་གཅིག་པས་སོ། །རྡོ་རྗེའི་རྒྱུ་གང་ལས་བྱུང་བའི་མཚན་ཉིད་
རབ་ཏུ་བཏུས་ཏེ་ཕྱག་འཚལ་ནས་ཤེས་རབ་ཡེ་ཤེས་ཞིབ་ཏུ་བྲི་བ་མེད་པའོ། །རྡོ་རྗེའི་མཚན་ཉིད་བརྗོད་ནས་དྲིལ་བུའི་མཚན་ཉིད་འོག་ནས་འབྱུང་བས་ཤེས་སོ། །གསེར་གྱིས་བྱས་པ་རྩེ་ལྔ་པ་འོད་བཟང་པོ་ཆ་གསུམ་པ་བཟུང་བའོ། །རྩེ་མོ་བྱེ་བ་རྣམས་བྱེ་བྲག་ཏུའོ། །དང་པོ་དྲིལ་བུའི་གདོང་
བཤད་པ་ནི། དཔལ་གྱི་གདོང་དང་། པདྨའི་གདོང་དང་། བ་ལང་གི་གདོང་ཁོག་པ་བསིལ་བའི་དབྱིབས་སུའོ། །དེ་ལྟ་བུའི་དྲིལ་བུ་ཕུན་སུམ་ཚོགས་པ་འབྱུང་ངོ་། །དཔལ་གྱི་གདོང་གིས་རྒྱས་པའི་ལས་ཐམས་ཅད་འགྲུབ་བོ། །པདྨའི་གདོང་ནི་པདྨའི་དབྱིབས་སུ་བྱས་ཏེ། དབང་

གི་ལས་བྱེད་པའོ། །བ་ལང་གི་གདོང་དུ་བྱས་པའི་དྲིལ་བུས་ཞི་བའི་ལས་སྟེར་བར་བྱེད་པའོ། །སོར་བདུན་པ་དང་། བརྒྱད་པ་དང་། སོར་བཅུ་གཉིས་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིའོ། །རང་བྱུང་གི་ཤེས་རབ་ཀྱི་རྣམ་པ་ནི་དྲིལ་བུའི་ཁ་དོག་པ་ཆོས་
འབྱུང་བའི་དབྱིབས་དྲན་པའོ། །ཡེ་ཤེས་ལྡན་པ་ལྔའི་ཐབས་ཀྱིས་རྡོ་རྗེ་སྟེང་ན་གནས་པའོ། །ཆོས་འབྱུང་གི་ནང་དུ་ཧྲིཾ་གི་ཡི་གེ་ལས་དེ་བསྒོམ་པར་བྱའོ། །དྲིལ་བུ་དེ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །ཡི་གེ་ཧཱུཾ་ལས་རྡོ་རྗེ་ཡེ་ཤེས་ལྔའི་ངོ་བོ་དྲན་པར་བྱའོ། །
དེ་ནི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་གནས་སོ། །འདི་སྐད་འབྱུང་བའི་དྲིལ་བུ་དེ་ལུས་ངག་ཡིད་གསུམ་གྱི་རྣམ་པའོ། །ཁོག་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་གནས་དྲན་པའོ། །དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་གསུང་རྡོ་རྗེའོ། །དེའི་སྟེང་དུ་བུམ་
པའི་བསམ་གཏན་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་གང་བའོ། །དེའི་སྟེང་དུ་སེམས་ཀྱི་རྡོ་རྗེ་བསྒོམ་མོ། །པདྨའི་སྟེང་དུ་དེ་བཞིན་གཤེགས་པ་བཞིའི་མཚན་པའི་རྣམ་པའོ། །འཁོར་ལོ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེའོ། །ལྔ་པ་སྤྱི་བོར་ཡང་དག་པར་གནས་པའི་རྡོ་རྗེ་
འཛིན་པ་རང་གི་རྣམ་པའོ། །ས་གཞི་ཁོག་པའི་རྣམ་པ་ནི་ལྷ་མོ་སངས་རྒྱས་སྤྱན་ཡང་དག་པར་གནས་པའོ། །ཆུའི་རྣམ་པ་ནི་མཱ་མ་ཀཱི་བུམ་པ་ཡང་དག་པར་གནས་པ་བྱས་པའོ། །མེའི་རྣམ་པ་ནི་གོས་དཀར་མོའི་རང་བཞིན་ནོ། །ཁོང་པའི་རླུང་གི་རྣམ་པ་དབུས་སུ་བལྟས་པ་སྒྲོལ་མའོ། །
སྟོང་པའི་དབུས་ན་རྡོ་རྗེ་ལྕེ་གཡོ་བའི་གསུང་ངོ་། །ནམ་མཁའི་ནི་བུམ་པའི་སྟེང་ན་རྡོ་རྗེ་འཛིན་པའི་མགོན་པོ་ཡང་དག་གནས་པའོ། །སའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་མགོན་པོ་ནི་རྡོ་རྗེ་འཛིན་པ་གཞན་ནོ། །མཚན་མའི་སྟེང་དུ་ཕྲེང་བས་བསྐོར་བ་ནི་གསུམ་པོ་དེའི་ཚུལ་
གྱིས་བརྗོད་པའོ། །སྤྲེའུའི་གདོང་ནི་བྱང་ཆུབ་སེམས་དཔའི་ལྷའོ། །དེའི་གདོང་ནི་སྟེང་དུ་རྡོ་རྗེའི་ཕྲེང་བའི་རྣམ་པ་ནི་སྒོ་སྐྱོང་དང་དཔའ་བོ་ཆེན་པོ་ཁྲོ་བོ་བཅུ་དྲུག་པའོ། །སངས་རྒྱས་ཐམས་ཅད་ཀྱི་རྣམ་པའི་དྲིལ་བུ་ཤེས་རབ་ཀྱི་སྒྲའི་རྣམ་པ་དེའི་རྡོ་རྗེ་སེམས་དཔའི་སྙོམས་པར་འཇུག་

པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཆོས་འབྱུང་བའི་མཎྜལ་གྱི་ཞིང་དུ་གནས་པ་སྣ་ཚོགས་པདྨའི་སྟེང་དུ་གནས་པ། སྐུ་མདོག་དཀར་མོ་བསྒོམ་མོ། །རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་རྫགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་
རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀ་པཱ་ལ་པཱུ་ཛི་བི་དྷི་ནཱ་མ། བོད་སྐད་དུ། ཐོད་པ་མཆོད་པའི་ཆོ་ག་ཞེས་བྱ་བ། ཞིང་ཆེན་གྱི་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ལྷུང་བཟེད་ཆེན་པོའི་མཆོད་པའི་ཆོ་གའོ། །དེ་ཉིད་བདུད་རྩི་
ལྔས་གང་བའི་སྣོད་དང་། གཞན་གཉིས་ཀྱང་བཤམས་ལ། རང་རང་གི་ཆོ་ག་ལྟར་བྱིན་གྱིས་བརླབས་ལ། དེའི་སྟེང་དུ་མཆོད་པའི་གནས་ལ། རང་གི་ཡི་དམ་ལྷ་གང་ཡིན་པའི་གདན་པདྨ་དང་། ཉི་མའམ་ཟླ་བའམ་བདུད་དམ་རོ་ལ་སོགས་པ་ལ། རང་རང་གི་ས་བོན་གྱི་ཡི་གེ་
ལས་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་ལས་སྤྲོས་བསྡུས་པས་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་འཁོར་ལོའམ། ལྷ་རྐྱང་པ་བསྐྱེད་ལ། ཡེ་ཤེས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དབང་བསྐུར་ནས་རིགས་ཀྱི་བདག་
པོས་རྒྱས་གདབ་བོ། །གཡོན་གྱི་ལྷ་ཡི་དམ་གྱི་ལྷ་གཞན་བསྒོམ། གཡས་ཀྱི་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་སྤྲོས་བསྡུས་པ་ལས། བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་ཞལ་གསུམ་པ་གཡས་དཀར་
གཡོན་དམར་དབུས་སྔོ། སྤྱན་གསུམ་དམར་བ། མཆེ་བ་གཙིགས་པ། དབུ་སྐྲ་དང་སྨ་ར་སེར་བ། གཡས་དང་པོ་ན་སྣ་ཚོགས་རྡོ་རྗེ། གཉིས་པ་ན་འཁོར་ལོ། །གསུམ་པ་ན་རལ་གྲི། གཡོན་དང་པོ་ན་སྡིགས་མཛུབ་དང་དྲིལ་བུ། གཉིས་པ་ན་ཞགས་པ།
གསུམ་པ་ན་དགྲ་སྟ། ཞབས་གཡོན་བསྐུམ་པ། གཡས་བརྐྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ་བསྒོམ་མོ། །དེ་ནས་མེ་ཏོག་ལ་སོགས་པས་མཆོད་དོ། །དེ་ནས་བར་ཆད་ཞི་བར་གསོལ་བ་གདབ་བོ། །

མཐེ་བོ་དང་སྲིན་ལག་སྦྱར་བ་བཅུག་ལ། ཨོཾ་ཨཱཿཧཱུཾ་ལན་གསུམ་བཟླས་པས་བདུད་རྩིར་ཞུ་བར་བསྒོམ་མོ། །དེ་ནས་དབུས་མའི་མཎྜལ་ལ་མེ་ཏོག་ལ་སོགས་པས་མཆོད་དོ། །དེ་ནས་བདུད་རྩིའི་མཆོད་པའི་རང་གི་ལུགས་ལྟར་བཟླ་ཞིང་དབུལ་ལོ། །ཡང་ལྷ་གཞན་གྱི་
ལ་མེ་ཏོག་ལ་སོགས་པས་མཆོད་པ་དང་། ཡང་བདུད་རྩིས་མཆོད་དོ། །དེ་ཞུ་བས་ཡང་དབུས་མ་ལ་མཆོད་དོ། །དེ་ལྟར་མ་འབྱོར་ན་ཡང་ཅི་འབྱོར་པའི་སྣོད་གཅིག་ཏུ་བདུད་རྩི་བྱིན་གྱིས་བརླབས་ལ། ལྷུང་བཟེད་ལ་མཆོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །
ཐོད་པ་མཆོད་པའི་རིམ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྭཔྣ་ཏཱ་ར་ནོ་བི་ཀ །བོད་སྐད་དུ། རྨི་ལམ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་རྨི་ལམ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྤྲིན་བྲལ་མཁའ་དཀྱིལ་ཟླ་རྒྱས་གཟུགས། །རབ་དཀར་
བསིལ་བའི་འོད་ལྡན་མ། །མ་ལུས་རྨི་ལམ་གསལ་མཛད་དེའི། །ཞབས་ལ་མགོས་བཏུད་དེ་བསྒྲུབ་བཤད། །དགེ་བས་རབ་ཏུ་སྔར་ལངས་ཏེ། །གདོང་སོགས་དག་བྱས་དྲི་ཞིམ་བྱུགས། །རྗེ་བཙུན་དེ་རྟེན་མདུན་བདར་ལ། །ཡིད་འོང་མཆོད་པས་མཛེས་པར་བྱས། །
སྐྱབས་གསུམ་ལྷ་མོར་བཅས་པ་ལ། །སྐྱབས་གསུམ་འགྲོ་ལ་ཕན་ཡིད་ཀྱིས། །མི་དགེ་མེད་པའི་སེམས་ལྡན་པས། །ཐོག་མར་བསོད་ནམས་ཚོགས་བསགས་བྱ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་སརྦ་བིགྷྣཱཾ་ཏ་ཌ་ཧི་ཏ་ཌ་ཧ་སརྦ་བཱ་པཾ་ཧཱུཾ་ཕཊ་སྭཱ་ཧཱ། འཁྱིལ་པ་ཁྲོས་པའི་སྔགས་
འདི་ཡིས། །རྨི་ལམ་བར་ཆད་བགེགས་བསལ་ལ། །དྲི་མེད་བཻ་ཌཱུརྱ་འདྲ་ཡིས། །མཁའ་ལ་འཕགས་མ་བསྒོམ་པར་བྱ། །རབ་མཛེས་པཾ་ལས་ཆུ་སྐྱེས་སྣུམ་འཇམ་གསལ་ཞིང་གསར་པའི་འདབ་ཚོགས་རྒྱས། །དེ་སྟེང་དཀར་བསིལ་རི་བོང་འཛིན་འཁྱིལ་དེ་དབུས་ཁམས་
གསུམ་རྒྱས་འགེངས་ཏཱཾ། །ཀུན་ནས་མུན་སེལ་སྐར་མའི་རྒྱལ་པོ་འོད་བཟང་མདོག་ཅན་རབ་འཕྲོས་ལས། །ཡོངས་གྱུར་འཕགས་མ་རྨི་ལམ་སྒྲོལ་མ་ཞི་མ་དགེ་མ་མཛེས་མ་བལྟ། །རབ་དཀར་ལང་ཚོ་རྒྱས་པའི་གཟུགས། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་མཛད། །

ཨུཏྤལ་སྔོ་འཛིན་འགྱིང་ཚུལ་སྒེག །མཚུངས་མེད་གཅིག་པོས་ཀུན་ཁྱབ་མའོ། །དྲི་ཞིམ་དབུ་སྐྲ་བཟང་འཁྱིལ་ལི། །ལྷ་རྫས་རིན་ཆེན་དུ་མས་བརྒྱན། །མཐིང་གའི་དར་གྱིས་སྟོད་གཡོགས་ཤིང་། །སྣ་ཚོགས་ཁ་དོག་ཤམ་ཐབས་མནབས། །མུ་ཏིག་ཕྲེང་བའི་དྲ་བ་ཡིས། །
མཉམ་པར་མཛེས་པའི་སྐ་རགས་དང་། །ག་ཤ་སེ་རལ་ཁར་བཅིངས་ཤིང་། །ཅོད་པན་དོན་ཡོད་གྲུབ་པས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་སྐྱིལ་ཀྲུང་གིས། །སྲིད་དང་ཞི་ལ་མི་གནས་ཤིང་། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །སྤུ་སྒོ་ཀུན་ནས་རབ་འཕྲོ་
བའོ། །ཅི་འདྲའི་ཡེ་ཤེས་ལྷ་མོ་འདི། །བཀུག་ལ་མཆོད་པས་མཉེས་བྱས་བསྟིམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །བྱིན་རླབས་ཕྱོགས་བཅུའི་རྒྱལ་བས་བསྔགས། །དེ་རྣམས་མཎྜལ་མཆོད་བཅས་པས། །གུས་པར་ཕུལ་ལ་གསོལ་བ་གདབ། །ཞལ་ཟས་བཏུང་བ་བཟང་
ལྡན་པ། །དཀར་གསུམ་མངར་གསུམ་མེ་ཏོག་དབུལ། །རིན་ཆེན་ཕྲེང་བ་དཀར་ཐོགས་ཏེ། །མ་ཡེངས་བློ་ཡིས་འཕགས་མ་ལ། །རྩེ་གཅིག་ཡིད་གཏད་གསང་སྔགས་མཆོག །འབུམ་ཕྲག་ཉི་ཤུ་རྩ་བཞིར་བཟླས། །ཨོཾ་སྭཔྣ་ཏཱ་རེ་སྭཱ་ཧཱ། དེ་ནས་ཟང་ཟིང་མེད་པར་ནི། །རང་གཞན་
དོན་དུ་རྨི་ལྟས་བརྟག །གྲོང་པའི་ཆོས་ཀྱིས་མ་སྦགས་པའི། །བུ་མོ་དུས་བཟང་དག་ལ་མཆོད། །དྲི་ཞིམ་ཁྲུས་བྱས་གོས་རྒྱན་མཛེས། །རོལ་མོའི་གྲངས་སམ་བརྒྱད་དམ་བདུན། །ཨརྒྷ་ལ་སོགས་མཆོད་སྔོན་འགྲོས། །ཟས་དཀར་ཞོ་དང་འོ་མ་སྦྱིན། །འགྲོན་བུ་དར་སོགས་
ཡོན་བྱིན་ལ། །དུང་ཆོས་ཆུས་གཏོར་ཅི་བདེར་དེངས། །དེ་རྗེས་བྱི་དོར་དྲིལ་ལྡན་པའི། །ཁང་པར་ཚངས་སྤྱོད་བརྟུལ་ཞུགས་གནས། །སྔགས་སུ་མེ་ཏོག་དྲི་ཞིམ་གྱིས། །བྱུགས་པའི་མཎྜལ་བཟང་བྱས་ལ། །མཆོད་པ་ལྔ་དང་ཁྱད་པར་དུ། །གུ་གུལ་མར་མེ་དབུལ་བར་
བྱ། །འཇིམ་རིལ་སྲན་མའི་ཚད་བཅོས་ཏེ། །ཀུཎྜ་ལི་ཡི་སྔགས་བདུན་གྱིས། །བཏབ་ལ་ཉི་ཤུ་རྩ་གཅིག་ནི། །ཕྱོགས་བཅུར་གཏོར་བས་བར་ཆད་ཟློག །གསུམ་བདུན་གཅིག་ནི་རིན་པོ་ཆེར། །བསྒོམས་པས་མཎྜལ་སྟེང་དུ་དབུལ། །སྟན་ལ་དགྲམ་དང་གཟུང་བར་བྱ། །

དེ་རྗེས་གང་འདོད་གསོལ་བཏབ་ཉལ། །ཨོཾ་སྭཔྣ་ཏཱ་ར་སྭཔྣ་ཨ་བ་ལོ་ཀི་ནི། ཏྲཻ་ལོཀྱ་ནི་རྡཪྴ་ནི། ཏྲཻ་ལོཀྱ་བཛྲི་ར་ནི། བྷུ་ཏཾ་བྷ་བཾ་བྷ་བ་སི་ཤམ། ཤུ་བྷ་ཤུ་ཏཾ་མི་སད་ཏྱེ་ཀ་ཐ་ཡ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག །ཡང་ན་ལན་བདུན་བཟླས་པར་བྱ། །
གསོལ་བཏབ་སྔགས་འདིས་ཡིད་ཆེས་པས། །ལན་ཅིག་བཟླས་ཀྱང་མི་འགྲུབ་མེད། །དེ་ཚེ་འཕགས་མ་བདུན་གྱི་མཐའ་ལས་ཕྱོགས་བཅུར་འོད་མཛད་ཐུགས་ཀ་ལས་བྱུང་བསིལ་ཟེར་གྱིས། །བདག་སྙིང་གདུང་བསེལ་ཐབ་ཐིབ་དྲ་བ་མ་ལུས་སྤངས་ཏེ་སྤྲིན་མེད་མཁའ་ལྟར་
དག་བྱས་ནས། །གླང་ཆེན་སྣ་འདྲའི་ཕྱག་མཛེས་རིང་བརྐྱང་བདུད་རྩི་ཅན་ལས་བདུད་རྩིའི་རྒྱུན་ཕབ་སྙིང་སོགས་བཀང་། །དེ་མཐུས་ལུས་ཀུན་ཀུན་ནས་དྲི་མེད་ཤེལ་བུམ་མཆོག་ལྟར་གཙང་ཞིང་རབ་དག་ཡིད་འོང་འགྱུར། །དེ་འོག་རྩ་བའི་རིག་པ་བརྒྱད། །ལྷ་མོ་མཆོག་ལ་རྩ་
གཅིག་ཏུ། །མ་ཡེངས་སེམས་ཀྱི་དལ་བུས་ནི། །ཇི་སྲིད་གཉིད་ལོག་བར་དུ་བཟླས། །སེང་གེའི་ཉལ་སྟབས་དགེ་བས་ཉལ། །བག་ཡོད་དྲན་དང་མ་བྲལ་བ། །དངོས་སམ་བརྡའམ་ཚིག་དག་གིས། །དགེ་དང་མི་དགེ་མཐོང་བར་འགྱུར། །ཐུབ་པས་སྣ་ཚོགས་ལས་གྲུབ་ཀྱིས། །
རྒྱུད་དུ་གང་གསུངས་ལྷ་མོ་ཆེའི། །བརྟག་པ་དོན་ཀུན་སྒྲུབ་བྱེད་འདི། །རྨི་ལམ་སྒྲོལ་མ་ཡང་དག་བཤད། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཟླ་བའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་སུ་ག་ཏ་ཤྲཱི་དང་། ལོ་ཙཱ་བ་བྱམས་པའི་
དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ནམ་ཞིག་འཆི་བར་འགྱུར་བའི་ཚེ། །ལྟོས་པ་ཐམས་ཅད་རབ་སྤངས་ཏེ། །ཅི་འབྱོར་མཆོད་པ་སྔོན་དུ་བྱ། །བྱང་ཆུབ་སེམས་ནི་བརྟན་པར་བསྒོམ། །འབྱུང་བཞི་ཐིམ་པ་ལྷ་
བཞིར་བསྒོམ། །རྣམ་ཤེས་ཐིམ་པ་ཡིད་ཀྱི་ལྷ། །འོད་གསལ་ལ་ཐིམ་འོད་གསལ་ཏེ། །བསྐྱེད་རིམ་ཐིམ་པ་རྫོགས་རིམ་བསྒོམ། །ལུས་ཀྱི་ཤེད་ཉམས་སྨིག་རྒྱུ་སྣང་། །སྙིང་གར་བླ་མ་བསྒོམ་པར་བྱ། །སྒོ་དགུ་སྐམས་ན་དུ་བ་འབྱུང་། །ལྟེ་བར་རྡོ་རྗེ་སེམས་དཔའ་

བསྒོམ། །དྲོད་བརྟུལ་སྲིན་བུ་མེ་ཁྱེར་འདྲ། །གསང་བར་དོན་ཡོད་གྲུབ་པ་བསྒོམ། །དབུགས་ཆད་མར་མེ་འབར་བ་མཐོང་། །སྨིན་མཚམས་རྟ་མགྲིན་བསྒོམ་པར་བྱ། །སྲོག་བྲལ་ནམ་མཁའ་འདྲ་བ་ལ། །ཐམས་ཅད་འདུས་པ་ལྷག་པའི་ལྷ། །དེ་རྗེས་མ་བཅོས་འགྲོ་འོང་མེད། །རང་གིས་
ཇི་ལྟར་བཟོད་ལྟར་བསྒོམ། །མཐར་ནི་ཕ་མའི་ས་བོན་གཉིས། །དཀར་དམར་ཐིག་ལེ་ཉི་ཟླར་གྱུར། །ཁ་སྦྱར་དབུས་སུ་རང་གི་སེམས། །སྲོག་གི་ས་བོན་ཏཱཾ་ཡིག་བལྟ། །སྣ་ཚོགས་འོད་ཟེར་འཕྲོ་འདུ་ཡིས། །འཕགས་ཚོགས་མཆོད་ཅིང་འགྲོ་དོན་བྱས། །བཅུ་གཉིས་མཛད་པ་
མཐར་ཕྱུང་སྟེ། །གང་འདོད་ཞིང་དུ་འཚང་རྒྱའོ། །གསོན་ཚེ་སྲོག་རྩོལ་ལ་བརྟེན་ནས། །ཐིམ་པ་བདུན་ནི་རིམ་བཞིན་བསྒོམ། །འཆི་ཀར་དངོས་སུ་ཐིམ་འགྱུར་བས། །མ་བརྗེད་ཙམ་གྱིས་འགྲུབ་པར་བཞེད། །རྗེ་བཙུན་ཨཱརྱ་ཏཱ་རའི་མན་ངག་ལ་བརྟེན་ནས་འཆི་ཀ་མའི་ཉམས་ལེན་
དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་
མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྒྲོལ་མཛད་སྒྲོལ་མ་ཆེ། །དེ་ལ་ཕྱག་འཚལ་དེ་སྒྲུབ་ཐབས། །མདོ་ཙམ་སློབ་མ་ལ་ཕན་ཕྱིར། །འདིར་བྲི་སྒྲུབ་པོས་གྲུབ་གྱུར་ཅིག །དང་པོར་རེ་ཞིག་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཏཱཾ་ལྗང་གུ་བསམས་ལ། དེའི་འོད་ཟེར་གྱིས་བླ་མ་
དང་སངས་རྒྱས་ལ་སོགས་པ་སྤྱན་དྲངས་ཏེ། བླ་མ་རྡོ་རྗེ་སེམས་དཔའི་གཟུགས་ཅན་དུ་བསམས་ནས། ཡིད་ལས་བྱུང་བའི་མཆོད་པས་མཆོད་དེ། མེ་ཏོག་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བས། མཆོད་པའི་ཡན་ལག་བདུན་རྒྱས་པར་བྱའོ། །དཀོན་མཆོག་གསུམ་ལ་
སྐྱབས་སུ་མཆི། །སྡིག་པ་མ་ལུས་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་དང་གཞན་གྱི་དོན་སྒྲུབ་ཕྱིར། །བྱང་ཆུབ་སེམས་

ནི་བདག་གིས་བཟུང་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང་། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་པ་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་ཅིང་དེ་དག་གི་དོན་
དྲན་པར་བྱའོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པར་བྱས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དག་གོ །དེའི་རྗེས་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་པདྨ་དང་ཟླ་བ་རང་ཉིད་ཀྱི་ངོ་
བོར་བསམ་པའི་ཡི་གེ་ཏཱཾ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་འོད་དུ་ཞུ་ནས་ཏཱཾ་ལ་ཐིམ་པའི་བར་དང་དེ་ཡང་རིམ་གྱིས་ཞུ་ཞིང་ཐིམ་ནས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །ཡང་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་པདྨ་དང་ཟླ་བའི་གདན་ལ་ཏཱཾ་སྔོན་པོར་ལངས་ལ། དེ་ཡོངས་སུ་གྱུར་པ་
ལས་ཨུཏྤལ་ལྗང་གུར་བལྟ་ཞིང་། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མའི་སྐུར་བལྟའོ། །དེ་ཡང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཞབས་སྐྱིལ་ཀྲུང་དང་། ཕྱག་གཡས་མཆོག་སྦྱིན་པར་མཛད་པ་དང་། གཡོན་ཨུཏྤ་
ལའི་སྡོང་བུ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཆ་བྱད་ཕུན་སུམ་ཚོགས་པ་མེ་ལོང་གི་གཟུགས་ལྟ་བུར་བསམ་པར་བྱའོ། །དེ་ནས་རང་དང་འདྲ་བའི་ཡེ་ཤེས་བསྟིམས་ལ། ཐལ་མོ་གཉིས་སྦྱར་བ་ལས་གུང་མོ་གཉིས་རྒྱབ་ཏུ་མཛུབ་མོའི་རྩེར་སྦྱར་ཏེ། ཡིད་ཀྱིས་སྙིང་
གའི་པདྨ་ལ་ཏཱཾ་ལྗང་གུ་འོད་ཟེར་འབར་བས་དོན་ཐམས་ཅད་མངོན་པར་བསྒྲུབས་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །བསྙེན་པ་ནི་འབུམ་ཕྲག་བཅུས་འགྲུབ་པར་འགྱུར་རོ། །རིགས་པ་དང་ཡོན་ཏན་གྱི་ཚོགས་ཐམས་ཅད་སྡུད་པར་བྱེད་དོ། །སྒྱུ་
མ་ལྟ་བུའི་བློས་ནམ་མཁའ་ལྟ་བུར་བསྒོམ་པ་ནི་རིམ་པ་བཞིན་ནོ། །དེ་ལས་བྱུང་བའི་དགེ་བས་ཡོངས་སུ་བསྔོས་ནས་དགེ་བའི་སྤྱོད་པས་གནས་པར་བྱའོ། །རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་

རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སཱ་དྷ་ནཱཾ། བོད་སྐད་དུ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཐོག་མར་ཕྱག་འཚལ་བ་ལ་སོགས་པའི་ཡན་ལག་རྣམས་བྱས་ལ། བྱམས་པ་དང་། སྙིང་
རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པར་བྱས་ཏེ། དེའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་
ཏཱཾ་ལྗང་གུ་ཡོངས་སུ་གྱུར་པ་དང་། ཨུཏྤ་ལ་ཏཱཾ་གིས་མཚན་པ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག །ཕྱག་གཉིས་མ། གཡས་པ་མཆོག་སྦྱིན་དང་། གཡོན་པ་ཨུཏྤ་ལའི་སྡོང་བུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་གནས་པ་རྒྱན་སྣ་ཚོགས་ཀྱིས་ཉེ་
བར་མཛེས་པ། མེ་ལོང་དངས་པའི་གཟུགས་བརྙན་ལྟ་བུར་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཟླ་བའི་སྟེང་དུ་མཚོན་གང་གི་སྐུ་ཚད་དང་ལྡན་པའི་སྒྲོལ་མ། དེའི་ཐུགས་ཀར་ཨུཏྤ་ལའི་སྟེང་ན་ས་བོན་གྱི་ཡི་གེས་མཚན་པ་བསམ་པར་བྱའོ། །དེའི་འོད་ཀྱིས་འོག་མིན་ནས་ཡེ་
ཤེས་སེམས་དཔའ་བཀུག་ལ་མཆོད་པ་བྱ་ཞིང་། ཛཿཧཱུཾ་བཾ་ཧོཿས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱའོ། །དེ་ནས་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་པོ་དཀར་པོ་དང་དམར་པོ་དང་མཐིང་ནག་
གི་ཁ་དོག་ཅན་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡི་གེ་ཏཱཾ་གི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་ལ་མཆོད་པ་དབུལ་བ་དང་། དབང་བསྐུར་བ་བྱ་སྟེ། ཨོཾ་ཨཱཿསརྦ་
ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བརྗོད་པས་དེ་དག་གིས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཕབ་པ་དང་། བདག་ཉིད་ཀྱི་སྐུ་གསུང་ཐུགས་ཡོངས་སུ་ཚིམ་པར་འགྱུར་ཏེ། བདུད་རྩི་དེའི་རྒྱུན་ཕྱི་མ་ལས་གྲུབ་པའི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་སྤྱི་བོའི་སྟེང་དུ་

བསམ་པར་བྱའོ། །ཡང་ཏཱཾ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲོལ་མའི་སྐུར་གྱུར་ནས་སླར་དེ་ཉིད་ལ་འདུས་པར་བསམ་མོ། །དེ་ལྟར་ཡང་དང་ཡང་སྤྲོ་བསྡུ་བྱས་ཏེ། དེ་ལ་སྐྱོ་བར་གྱུར་ན་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་
སྭཱ་ཧཱ། ཞེས་བྱ་བས་སྔགས་བཟླས་པར་བྱའོ། །འཕགས་མ་སྒྲོལ་མའི་སྒྲུབ་ཐབས། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་བྱུང་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་ཏཱ་ར་སྟོ་ཏྲཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་སྒྲོལ་མ་
ལ་བསྟོད་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་ཕག་མོ་ཆེ། །སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཕ་རོལ་ཕྱིན། །སྒྲོལ་མའི་གསུང་ལ་ཕྱག་འཚལ་ལོ། །དྲི་མེད་ཡེ་ཤེས་ཟླ་བའི་ཐུགས། །སྒྲོལ་མའི་ཐུགས་ལ་ཕྱག་འཚལ་ལོ། །
ཟླ་འོད་སྲིད་པའི་མུན་སེལ་བ། །འཇོམས་བྱེད་ཉི་མའི་དཀྱིལ་དང་མཚུངས། །ཐབས་དང་ཤེས་རབ་ཡོན་ཏན་ལྡན། །སྒྲོལ་མ་ལ་ནི་རྟག་ཏུ་འདུད། །འགྲོ་ལ་བུ་བཞིན་རྟག་ཏུ་གདུང་། །སྲིད་གསུམ་རྣམ་ཐར་གསུམ་ལ་འགོད། །སེང་ལྡེང་ནགས་ལ་རབ་གནས་ཤིང་། །འཇིགས་པ་
བརྒྱད་ལས་ཤིན་ཏུ་སྐྱོབ། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །མངོན་པར་དགའ་བའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོར་སྐུར་སྟོན་ཅིང་། །འགྲོ་བའི་སྒྲིབ་གཉིས་སྦྱོང་མཛད་པ། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །དཔལ་དང་ལྡན་པའི་ཞིང་ཁམས་སུ། །རིན་ཆེན་མཁའ་འགྲོར་སྐུར་སྟོན་ཅིང་། །འགྲོ་བའི་སྡུག་
བསྔལ་ནད་སེལ་མཛད། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །བདེ་བ་ཅན་གྱི་ཞིང་ཁམས་སུ། །པདྨ་མཁའ་འགྲོར་སྐུར་སྟོན་ཅིང་། །བདེ་བ་ཆེན་པོའི་ངང་ལ་གནས། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །རྣམ་པར་དག་པའི་ཞིང་ཁམས་སུ། །ལས་ཀྱི་མཁའ་འགྲོར་སྐུར་
སྟོན་ཅིང་། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །མཐའ་དབུས་མེད་པའི་ཞིང་ཁམས་སུ། །ཕ་རོལ་ཕྱིན་མའི་སྐུར་སྟོན་ཅིང་། །ཕྱོགས་བཅུའི་སངས་རྒྱས་ཚོགས་དང་བཅས། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །དུར་ཁྲོད་

བརྒྱད་ཀྱི་ཞིང་ཁམས་སུ། །རྡོ་རྗེ་ཕག་མོར་སྐུར་སྟོན་ཅིང་། །མེ་དཔུང་འབར་བའི་དབུས་ན་བཞུགས། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །པཎྜི་ཏ་ཟླ་བ་གྲགས་པས་བསྟོད་པ་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་དྲེ་ཏཱ་རཱ་མཱུ་ལ་
ཏནྟྲ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྒྲོལ་མ་ཁྲོ་མོ་ལ་རྩ་བའི་སྔགས་ཀྱིས་བསྟོད་པ། ཇོ་མོ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་རལ་པ་གཅིག་འཆང་ཁྲོ་མོ་ནི། །མི་རོ་དམར་པོའི་སྟེང་ན་བརྐྱང་བསྐུམ་བཞུགས། །རྒྱས་པའི་ལྷ་མོ་སྟག་དང་སྦྲུལ་གྱིས་བརྒྱན། །
ཤིན་ཏུ་ཁྲོས་པས་གད་རྒྱངས་ཆེར་སྒྲོགས་པ། །གཡས་པས་རལ་གྲི་མཐིང་གསེར་རྩེ་ལ་མེ་འབར་ཞིང་། །འོག་མ་གཅོད་བྱེད་གྲི་གུག་རབ་ཏུ་འཕྱར། །གཡོན་གྱི་དང་པོ་ཨུཏྤལ་རབ་རྒྱས་ཤིང་། །འོག་མ་ཐོད་པ་སྐྲ་བཅས་རཀྟས་བཀང་། །རལ་པའི་ཐོར་ཅོག་དབུ་ལ་རབ་
ཏུ་མཛེས། །སྤྱན་གསུམ་ས་གསུམ་གཟིགས་པས་དྲི་མེད་ཚུལ། །མགོ་བོའི་ཐོད་ཕྲེང་སྐམ་རློན་སྤེལ་མས་མཛེས། །དེ་ལྟའི་གཟུགས་ནི་གཞན་མིན་བདག་ཉིད་དོ། །དཔལ་རལ་པ་གཅིག་མའི་རྩ་བའི་སྔགས་དོན་འགྱུར་དུ་བསྒྱུར་བའི་བསྟོད་པ་ཚིགས་སུ་བཅད་པ་རྐང་པ་
བཅུ་གཉིས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་གྲ་ཏཱ་ར་དེ་ཝཱི་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས། ཤེས་རབ་གསལ་བྱེད་ཨུ་གྲ་ཏཱ་ར་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་བསྒྲུབ་པ་ཉམས་སུ་ལེན་པར་འདོད་
པའི་གང་ཟག་གིས། གནས་ཀྱི་ཁྱད་པར། ལིང་ག་གཅིག་པའམ། དུར་ཁྲོད་དམ། ཁང་སྟོང་ལ་སོགས་པའི་གནས་སུ། རོ་མ་ཉམས་པའམ། བདེ་བའི་སྟན་ལ་འདུག་ནས། གནས་གསུམ་དུ་རྡོ་རྗེ་གསུམ་བསམ་པར་བྱ་ཞིང་། ཡི་གེ་གསུམ་ལས་འོད་
ཟེར་འཕྲོས། སྲིད་པ་གསུམ་པོ་ཐམས་ཅད་སྣང་བར་བྱས། སླར་ཚུར་འདུས་ནས་ཐིམ་པར་བསམ་མོ། །དེ་ནས་སྟོང་པ་ཉིད་ཀྱི་དོན་བསམ་ཞིང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དོ། །དེ་ནས་སྟོང་པའི་ངང་ལས་ནམ་མཁའི་གནས་སུ་ཨཱཿ

ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། དེའི་སྟེང་དུ་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་མཚན་དང་ལྡན་པའོ། །དེའི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ལས། གྲི་གུག་སྔོན་པོ་ཧཱུཾ་གིས་མཚན་པའོ། །དེ་ཡོངས་སུ་གྱུར་པ་ལས་
རང་ཉིད་རྗེ་བཙུན་མ་ཨུ་གྲ་ཏཱ་ར་ཉིད་དུ་གྱུར་པ་ནི། སྐུ་མདོག་སྔོན་མོ་འཇིགས་སུ་རུང་བ། མི་མགོ་རློན་པའི་ཕྲེང་བ་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པ། སྐུ་ལུས་སྦོམ་ཐུང་། གསུས་ཁྱིམ་ཆེ་བ། ཨུཏྤ་ལའི་ཕྲེང་བས་བརྒྱན་པ། ཞལ་གཅིག་
མ། ལྷའི་གཟུགས་ཅན་མ། བཞད་པའི་གད་རྒྱངས་ཅན། དགྱེས་པར་མཛད་མ། རོའི་གདན་ལ་བཞུགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ལང་ཚོ་གཞོན་ཤ་དང་ལྡན་པ།
ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། ལྗགས་འདྲིལ་བ། མཆེ་བ་དྲག་ཏུ་གཙིགས་པ། རྩ་བའི་ཕྱག་གཉིས་ཀྱིས་གྲི་གུག་དང་། ཐོད་པ་ཐུགས་ཀར་འཛིན་ཅིང་། འོག་མ་གཉིས་ཀྱིས་རལ་གྲི་དང་། ཨུཏྤ་ལ་འཛིན་པ། དམར་སེར་དང་ལྡན་པའི་རལ་པ་གཅིག་མའི་ཁྲོད་ན་
རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པའི་ལྷ་མོའི་སྐུར་བསམ་པར་བྱའོ། །དེ་ལྟར་ལྷ་མོའི་སྐུར་བསྒོམ་པ་ཉམས་སུ་བླངས་པ་ཉིད་ཀྱིས་སྒྲུབ་པ་པོ་ནི་སྙན་དངགས་མཁན་ཆེན་པོར་འགྱུར་རོ། །དེ་ནས་བཟླས་པ་བྱ་སྟེ། ཧྲཱིཾ་ཏྲཱིཾ་ཧཱུཾ་ཕཊ། ཅེས་པ་སྙིང་གའི་གནས་སུ་
འོད་ཟེར་རྣམ་པ་ལྔ་དང་ལྡན་པར་བསམས་ནས། ཡི་གེ་རྣམས་ཀྱི་འོད་ཟེར་ལྔས་མི་ཤེས་པའི་བུད་ཤིང་བསྲེགས་ཤིང་། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པར་བསམ་མོ། །གཡས་རལ་གྲིའི་གནས་སུ་མི་རུས་ཀྱི་ཕྲེང་བ་འཆང་བར་མོས་ལ་བཟླས་པ་བྱའོ། །དེ་ལྟར་འདིའི་
སྔགས་འབུམ་ཕྲག་གཅིག་བཟླས་པ་ཙམ་གྱིས་འཇམ་པའི་དབྱངས་ཀྱི་གསུང་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཉིད་ཀྱིས་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་ལ་བསྒོམ་ཞིང་། རང་ཉིད་སྙན་དངགས་མཁན་ཆེན་པོའི་རིག་པའི་གནས་ལྔ་པ་ཆེན་

པོའི་པཎྜི་ཏ་ཡིན་སྙམ་དུ་ང་རྒྱལ་བྱའོ། །དེ་ལྟར་བསྒོམ་པ་ལ་རྩེ་གཅིག་ཏུ་གནས་པ་ཉིད་ཀྱིས་ཐེ་ཚོམ་མེད་པར་སྙན་དངགས་མཁན་ཆེན་པོ་དང་། གནས་ལྔ་པའི་པཎྜི་ཏ་ཆེན་པོར་འགྱུར་རོ། །གཏོར་མ་གཏོང་བར་འདོད་ན། གཏོར་མ་བསང་སྦྱངས་ནས། ཨཱཿལས་བྱུང་བའི་
ཐོད་པ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་བསམས་ལ། སྔགས་འདི་ཉིད་ཀྱིས་གཏོར་མ་དབུལ་ལོ། །ཨོཾ་ཧྲཱིཾཿཨེ་ཀ་ཛ་ཊེ། མ་མ་ཨུ་པ་ནཱི་ཏཱ་ཡ། སརྦ་སཏྭཱ་ནཱཾ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། རཀྵཾ་ཀུ་རུ། མཧཱ་ཏཀྵ་ཀ །ནཱ་གཱ་དྷི་པ་ཏ་ཡེ། ཨི་མཾ་བ་ལིཾ་
གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་པ་ར་བི་དྱཱ་ཀཪྵ་ཡ་ཀཪྵ་ཡ། ཏྲ་ཊ་ཏྲ་ཊ། ཙྪེ་ད་ཙྪེ་ད། ཙྪེ་ད་ཡ་ཙྪེ་ད་ཡ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་བདུན་གྱིས་སོ། །མཆོད་པས་མཆོད་ནས། ཧཱུཾ་གི་ཡི་གེ་ལས་བྱུང་སྔོ་ཞིང་སྦོམ་ཐུང་རལ་པའི་ཐོར་ཚུགས་ལྡན། །
གཡོན་བརྒྱད་མཆོག་གིས་མི་རོ་མནན་ཅིང་མི་བཟད་མཆོག་གི་གད་རྒྱངས་ཅན། །རལ་གྲི་ཨུཏྤལ་དང་ནི་གྲི་གུག་ཐོད་འཛིན་ཀླུ་ཆེན་རྒྱན་དང་ལྡན། །འགྲོ་བའི་མི་ཤེས་མུན་པ་འཇོམས་མཛད་སྒྲོལ་མ་དྲག་མོ་ཁྱོད་ལ་འདུད། །ཅེས་པས་བསྟོད་དོ། །གལ་ཏེ་དངོས་དང་རྨི་
ལམ་ལ་སོགས་པར་འབྱུང་པོ་དང་། ཤ་ཟ་འཇིགས་སུ་རུང་བ་དང་། བུད་མེད་ཤིན་ཏུ་རིད་པ་དང་། སྦྲུལ་ལ་སོགས་པས་འཚེ་བ་དང་། ཡིད་མི་ཕེབས་པ་དང་། བསྒྲུབ་སྙིང་མི་འདོད་པ་རྣམས་བྱུང་ན་གེགས་ཡིན་པས། འདིའི་གཏོར་སྔགས་ཀྱིས་གཏོར་མ་གཏོང་
ཞིང་། རྗེ་བཙུན་ལྷ་མོའི་རྣལ་འབྱོར་ལ་ཡིད་བརྟན་པས་ཐམས་ཅད་སྟོང་པ་ཉིད་དུ་བསམ་ཞིང་། ཉམ་ང་བ་དང་། བག་ཚ་བ་ཉིད་དུ་མི་བྱའོ། །དེ་དག་ཐམས་ཅད་རང་བཞིན་པར་འགྱུར་རོ། །སྒྲུབ་པ་པོ་ཡིད་སྤྲོ་བ་དང་། སེམས་དཔའ་བ་དང་། བསྒྲུབ་པ་ལ་བློ་བརྟན་པ་དང་།
རྨི་ལམ་དུ་མ་དང་། སྲིང་མོ་དང་། རྗེ་མོ་ལ་སོགས་པའི་བུད་མེད་རྒྱན་གྱིས་བརྒྱན་པ་དང་། ལུས་སྦོམ་ཞིང་བརྗིད་པ་དང་། དྲི་ངད་ལྡན་པ་ལ་སོགས་པའི་བུད་མེད་ཀྱི་ཚོགས་ཀྱིས་ཕྱག་མཚན་པུསྟི་ལ་སོགས་པ་སྟེར་བ་དང་། རང་གིས་རྙེད་པ་དང་། ཉི་ཟླ་ཤར་

བ་ལ་སོགས་པའི་མཚན་མ་ནི་གྲུབ་པའི་རྟགས་སོ། །རྗེས་སུ་ཡི་གེ་བརྒྱ་པས་ནོངས་པ་བཤགས་ཤིང་། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོ་བར་བྱའོ། །ལྷ་མོའི་ང་རྒྱལ་ལ་གནས་པས་སྤྱོད་ལམ་ཐམས་ཅད་ཡོངས་སུ་
བསྐྱང་བར་བྱའོ། །ལྷ་མོ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རསྣའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཞེས་བྱ་བས་དཔལ་འཁོར་བདེ་ཆེན་དུ་བསྒྱུར་ཅིང་ཞུས་
པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨུ་གྲ་ཏཱ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་སྲིད་པ་གསུམ་སྒྲོལ་ཨུ་གྲ་ཏཱ་ར་ལ་བཏུད་དེ། །པདྨའི་
མན་ངག་ཇི་བཞིན་དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །ལིང་ག་གཅིག་དང་དེ་བཞིན་དུར་ཁྲོད་ཡང་ན་ཁང་པ་སྟོང་པར་ནི། །གནས་དེར་སྲིད་གསུམ་གྲོལ་བའི་རིག་མ་རྣལ་འབྱོར་པ་ཡིས་བསྒྲུབ། །འཇམ་པར་གྱུར་པའི་བྱིས་པའི་རོའམ་ཡང་ན་འཇམ་པ་ཡི། །སྟན་ལ་སོགས་
ལ་མཉམ་གནས་དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱའོ། །ཐོག་མར་ཁ་གདོང་དག་པར་རབ་བྱས་གསུམ་ལ་སྐྱབས་སུ་འགྲོ། །མདུན་གྱི་ནམ་མཁའ་བླ་མ་མཆོད་ལ་སྡིག་པ་བཤགས་པ་དང་། །རྗེས་སུ་ཡི་རང་བསོད་ནམས་ཡོངས་བསྔོ་ལམ་ནི་རབ་ཏུ་བསྟེན། །ཚངས་པའི་
གནས་བཞི་རྗེས་སུ་དྲན་པར་བྱང་ཆུབ་སེམས་ནི་བསྐྱེད། །སྐད་ཅིག་རྣམ་པའི་སྦྱོར་བས་རྡོ་རྗེ་གསུམ་ནི་བདེ་མཉམ་བཞག །དེ་ནི་གནས་གསུམ་བསམ་བྱ་དེ་ལས་འོད་ཟེར་རབ་འཕྲོས་ནས། །སྲིད་གསུམ་སྤྱོད་པའི་སེམས་ཅན་གསལ་བར་མཛད་ནས་སླར་ཡང་ནི། །ཁམས་
གསུམ་མཐའ་དག་བསྡུས་ནས་སྟོང་པ་ཉིད་དུ་བསམ་པར་བྱ། །དེ་ནས་ཤཱུ་ནྱ་ཏཱ་སོགས་རང་བཞིན་རྒྱལ་བའི་གསང་སྔགས་བརྗོད། །དེ་ནས་ནམ་མཁའ་ཨ་ཡིག་ལས་བྱུང་ཆུ་སྐྱེས་དམར་པོ་བསམ། །སླར་ཡང་དེ་སྟེང་ཏཱཾ་ཡིག་ལས་ནི་པདྨའི་སྟེང་བསམ་བྱ། །དེ་དབུས་

ཧཱུཾ་ཡིག་མཐོན་མཐིང་དག་དང་མཚུངས་པ་བསམས་ནས་ནི། །ཧཱུཾ་ཡིག་དེ་ལས་སྐྱེས་པའི་གྲི་གུག་ས་བོན་གྱིས་བརྒྱན་པ། །གྲི་གུག་ཡོངས་གྱུར་བདག་ཉིད་སྒྲོལ་མ་མཚུངས་པར་བསྒོམ་པ་ནི། །གཡོན་བརྐྱང་ཞབས་ཅན་མི་བཟད་མགོ་བོའི་ཕྲེང་བ་རབ་ཏུ་འཕྱང་། །ཆུ་སྐྱེས་སྔོན་པོ་
རྣམ་པར་བརྒྱན་ཅིང་ཐུང་ཞིང་ལྟོ་འཕྱང་འཇིགས་བྱེད་མ། །བཟང་མོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་གད་རྒྱངས་འོད་དང་ལྡན། །རབ་ཏུ་དགྱེས་ཤིང་རོ་མནན་ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །དམར་ཞིང་ཟླུམ་པའི་སྤྱན་ཅན་སྟག་གི་པགས་པ་རྐེད་ལ་བསྣམས། །ལང་ཚོ་གཞོན་
ཞིང་ཕུན་ཚོགས་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ལྗགས་ནི་རབ་འཁྱུག་མཆེ་བ་གཙིགས་ཤིང་འཇིགས་ཆེན་འཇིགས་བྱེད་མ། །ཕྱག་གཡས་རལ་གྲི་གྲི་གུག་གཡོན་ན་ཨུཏྤལ་ཐོད་པ་བསྣམས། །རལ་གཅིག་དམར་སེར་གྱེན་བརྫེས་མི་བསྐྱོད་པ་ཡིས་དབུ་བརྒྱན་མ། །
བསྒོམས་པས་སྟོབས་ནི་རབ་རྫོགས་རྣལ་འབྱོར་སྙན་དངགས་ཆེན་པོར་འགྱུར། །གལ་ཏེ་བླུན་རྨོངས་གྱུར་ཀྱང་བསྒོམ་པའི་རོ་ལ་འབད་བྱེད་ན། །བཟླས་པ་འབུམ་ཕྲག་གཅིག་གིས་འཇམ་པའི་དབྱངས་ཉིད་ཐོབ་པར་འགྱུར། །སྙིང་གར་ཡིག་གསུམ་སྔགས་ཆེན་
རབ་བཀོད་ཕཊ་ཡིག་མཐའ་རུའོ། །ཡང་དག་འོད་ཟེར་ལྔ་ལྡན་མི་ཤེས་བུད་ཤིང་རབ་ཏུ་བསྲེག །རྣལ་འབྱོར་སྤྱོད་པའི་རྗེས་འབྲང་དེ་ཉིད་བཏུ་བའི་ཆོ་ག་བརྗོད། །དང་པོར་ས་ཡི་ཕ་རོལ་དབྱངས་ཡིག་བཞི་པས་རྣམ་བརྒྱན་ཅིང་། །ར་ཡིས་བཞོན་ཞིང་འོད་འཕྲོས་ཟླ་བའི་
ཐིག་ལེ་ཡང་དག་ལྡན། །དེ་བཞིན་བཞི་པས་ཏ་ཡིག་བརྒྱན་ཏེ་རྣམ་པར་ཡང་དག་སྦྱིན། །སླར་ཡང་ཧཾ་ཡིག་ལས་སྦྱོར་ཡང་དག་ཨུ་ཡིག་རིང་པོར་ལྡན། །ཕཊ་ཡིག་དེ་ནས་སྦྱིན་ཞིང་ཡོངས་རྫོགས་སྒྲུབ་པའི་སྔགས་ཉིད་དོ། །རལ་གྲིའི་གནས་སུ་མཁས་པས་མི་མགོའི་
ཕྲེང་བ་རྣམ་པར་བསམ། །ཡང་དག་སྔགས་མཆོག་བཟླ་ཞིང་སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །བརྟན་པའི་སེམས་ཀྱིས་བརྟག་བྱས་བདག་ཉིད་མཁས་ཤིང་སྙན་དངགས་ཚེ། །རབ་ཏུ་བསྒོམ་ལ་གོམས་པས་དེ་ཉིད་ཐེ་ཚོམ་མེད་པར་འགྲུབ། །ཧཱུཾ་གི་ཡི་གེ་ལས་བྱུང་

སྔོ་ཞིང་སྦོམ་ཐུང་རལ་པའི་ཐོར་ཚུགས་ལྡན། །གཡོན་བརྐྱང་མཆོག་གིས་མི་རོ་མནན་ཅིང་མི་བཟད་མཆོག་གི་གད་རྒྱངས་ཅན། །རལ་གྲི་ཨུཏྤལ་གྲི་གུག་ཐོད་པ་འཛིན་ཅིང་ཀླུ་ཆེན་རྒྱན་དང་ལྡན། །འགྲོ་བའི་མི་ཤེས་མུན་པ་འཇོམས་མཛད་སྒྲོལ་མ་དྲག་མོ་
ཁྱོད་ལ་འདུད། །སྒྲོལ་མའི་སྒྲུབ་ཐབས་རབ་བྱས་དགེ་བ་བདག་གིས་གང་བསགས་པ། །དེ་ཡིས་འགྲོ་བ་མ་ལུས་རྒྱལ་བའི་བསྟན་ལ་མཁས་པར་ཤོག །དེ་འདིར་རྟག་པའི་རྡོ་རྗེས་བློ་འཕེལ་སྒྲུབ་ཐབས་བྱས་པ་ཡིས། །ཟབ་མོ་ལ་ནི་མཁས་པ་རྣམས་ཀྱིས་འདི་ལ་བཟོད་པ་
མཛད་རིགས་སོ། །འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་དང་། ལོ་ཙཱ་བ་མཉྫུ་ཤྲཱིས་སླད་ནས་བསྒྱུར་བའོ།།
༄༅༅། །རྒྱ་གར་སྐད་དུ། ཨཱཪྻོ་གྲ་ཏཱ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །ཧཱུཾ་ཡིག་ལས་བྱུང་གཡོན་བརྐྱང་ཞབས་ནི་རོ་ཡི་སྙིང་ག་ལ་གཏད་ཅིང་། །མཆོག་
ཏུ་དྲག་ཏུ་བཞད་པའི་ཕྱག་གིས་རལ་གྲི་ཨུཏྤལ་གྲི་གུག་བསྣམས། །ནག་མོ་སྦོམ་ཐུང་ཆེར་ཡངས་དམར་སེར་རལ་པའི་ལན་ཚར་དྲག་པོ་ཡི། །ཀླུས་བརྒྱན་ཀ་པཱ་ལར་བཀོད་འཇིག་རྟེན་གསུམ་རྨོངས་བདག་ལ་བཞོན་པར་མཛོད། །སྲིད་གསུམ་སྒྲོལ་མཛད་རྒྱ་ནག་རིམ་པའི་
སྒྲོལ་མ་ལ་བཏུད་དེ། །བླ་མའི་མན་ངག་ཇི་བཞིན་དེ་ཡི་སྒྲུབ་ཐབས་ཆོ་ག་བརྗོད། །ལིང་ག་གཅིག་པའམ་དུར་ཁྲོད་རྟག་ཏུ་སྟོང་པའི་ཁང་པ་ཡི། །གནས་དེར་སྲིད་གསུམ་ལས་གྲོལ་རིག་མ་རྣལ་འབྱོར་པ་ཡིས་སྒྲུབ། །བྱིས་པའི་རོ་ནི་འཇམ་པོའི་སྟན་ནམ་གཞན་ཡང་འཇམ་
པ་ཡིས། །སྟན་ལ་ཡང་དག་འདུག་སྟེ་དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །སྐད་ཅིག་རྣམ་པའི་སྦྱོར་བས་རྡོ་རྗེ་གསུམ་པོ་གནས་གསུམ་དུ། །མཉམ་པར་གཞག་པས་བསམ་བྱས་དེ་ལས་འོད་ཟེར་རབ་འཕྲོས་པས། །སྲིད་གསུམ་སྤྱོད་པའི་སེམས་ཅན་རྣམས་ནི་ཡང་

ཡང་གསལ་བྱས་ནས། །སྣ་ཚོགས་སླར་ཡང་བསྡུས་ཏེ་ཀུན་ནས་སྟོང་པ་ཉིད་དུ་བསམ། །དེ་ནས་ཤཱུ་ནྱ་ཏཱ་སོགས་རང་བཞིན་རྒྱལ་བའི་གསང་སྔགས་བརྗོད། །དེ་ནས་ནམ་མཁའ་ཨཱཿཡིག་ལས་བྱུང་ཆུ་སྐྱེས་དམར་པོ་བསམ། །སླར་ཡང་དེ་སྟེང་ཏཱཾ་ཡིག་ལས་ནི་པདྨའི་སྣོད་
བསམ་བྱ། །དེ་ཡི་དབུས་སུ་ཧཱུཾ་ཡིག་མཐོན་མཐིང་དང་མཚུངས་བསམ་བྱས་ནས། །ཧཱུཾ་ཡིག་དེ་ལས་བྱུང་བའི་གྲི་གུག་ས་བོན་གྱིས་བརྒྱན་བལྟ། །གྲི་གུག་ཡོངས་གྱུར་བདག་ཉིད་སྒྲོལ་མ་དང་མཚུངས་བསམ་བྱ་སྟེ། །གཡོན་བརྐྱང་ཞབས་ཅན་མི་བཟད་མགོ་བོའི་ཕྲེང་བས་
རབ་ཏུ་བརྒྱན། །སྦོམ་ཐུང་འཇིགས་མ་གསུས་པ་འཕྱང་ཞིང་ཆུ་སྐྱེས་སྔོན་པོས་མཛེས། །ཞལ་གཅིག་སྤྱན་གསུམ་དྲག་ཏུ་བཞད་པའི་བཟང་མོ་འོད་བཟང་ཅན། །རབ་ཏུ་དགྱེས་པས་རོ་མནན་ཀླུ་བརྒྱད་ཀྱིས་ནི་རྣམ་བརྒྱན་མ། །དམར་ཞིང་ཟླུམ་པའི་སྤྱན་ཅན་སྟག་གི་པགས་
པས་སྨད་དཀྲིས་ལ། །ཕྱག་རྒྱ་ལྔ་ཡིས་རབ་བརྒྱན་ལང་ཚོ་གསར་པ་ཕུན་ཚོགས་ལྡན། །བསྐྱོད་པའི་ལྗགས་དང་མཆེ་བ་གཙིགས་པས་འཇིགས་བྱེད་ཕྱག་བཞི་ཡི། །གཡས་པས་རལ་གྲི་གྲི་གུག་གཡོན་ན་ཨུཏྤལ་ཐོད་པ་བསྣམས། །དམར་སེར་གྱེན་བརྫེས་རལ་
གཅིག་ཅོད་པན་མི་བསྐྱོད་བརྒྱན། །བསྒོམ་པའི་སྟོབས་ནི་རྫོགས་ལས་རྣལ་འབྱོར་སྙན་དངགས་ཆེན་པོར་འགྱུར། །གལ་ཏེ་རྨོངས་ཤིང་བླུན་པའང་བསྒོམ་པའི་རོ་ལ་འབད་བྱེད་ན། །སྔགས་བཟླས་འབུམ་ཕྲག་གཅིག་གིས་འཇམ་པའི་ཚིག་ཉིད་ཐོབ་པར་འགྱུར། །སྙིང་
གར་ཡིག་གསུམ་སྔགས་ཆེན་འདི་བཀོད་ཕཊ་ཡིག་མཐའ་རུའོ། །འོད་ཟེར་ལྔ་དང་ལྡན་པས་མི་ཤེས་བུད་ཤིང་བསྲེག་བྱེད་པ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲང་དེ་ཉིད་བཏུ་བའི་ཆོ་ག་བརྗོད། །དང་པོར་ས་ཡི་ཕ་རོལ་བཞི་པའི་དབྱངས་ཉིད་བྱིན་པས་བརྒྱན། །ར་ཡིག་
ལ་ཞོན་འོད་འཕྲོ་ཟླ་བ་ཐིག་ལེར་ཡང་དག་ལྡན། །དེ་ནས་བཞི་པ་སྟེང་དུ་བྱིན་པས་བརྒྱན་པའི་ཏཱཾ་ཡིག་དང་། །རིང་པོའི་ཨུ་དང་སྦྱོར་བའི་སླར་ཡང་ཧཾ་ཡིག་དང་ལྡན་པ། །དེ་ནས་ཕཊ་ཡིག་བྱིན་པས་ཡོངས་སུ་རྫོགས་པའི་སྔགས་གྲུབ་བོ། །རལ་གྲི་མི་རུས་ཕྲེང་བའི་གནས་

སུ་མཁས་པས་བསམ་བྱ་སྟེ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས་ནི་ཡང་དག་སྔགས་མཆོག་བཟླས། །བརྟན་པའི་སེམས་ཀྱིས་རང་ཉིད་མཁས་དང་སྙན་དངགས་ཆེན་པོར་བརྟག །རྟག་ཏུ་བསྒོམ་པ་གོམས་ལས་ཐེ་ཚོམ་མེད་པར་འགྱུར་བ་ཉིད། །སྒྲོལ་མའི་
སྒྲུབ་ཐབས་བདག་གིས་བྱས་ལས་དགེ་བ་གང་བསགས་པ། །དེ་ཡིས་སྲོག་ཆགས་རྣམས་ནི་རྒྱལ་བའི་བསྟན་ལ་མཁས་གྱུར་ཅིག །འདི་ནི་རྟག་པའི་རྡོ་རྗེའི་ཞབས་ཀྱིས་མཛད་པ་དག་སྟེ་འདིར། །ནོངས་གང་མཆོག་གི་སྐྱེ་བོ་རྣམས་ཀྱིས་བཟོད་པར་མཛད་པའི་རིགས། །
རལ་པ་གཅིག་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།། །།ཨོཾ་ཧྲཱིཾཿཨེ་ཀ་ཛཱ་ཊཱིམ་མོ་ས་ནཱི་ཏཱ་ཡ་སརྦ་སཏྭཱ་ནཱཾ་ཤཱནྟིཾ་
ཀུ་རུ་པུཥྚིཾ་ཀུ་རུ་རཀྵཾ་ཀུ་རུ་མ་ཧཱ་ཏཀྵ་ཀ་ནཱ་གཱ་དྷི་པ་ཏི་ཡེ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་པ་ར་བིདྱཱ་ཀཪྵ་ཡཱ་ཀཪྵ་ཏཊ་ཏྲ་ཊ་ཙྪེ་ད་ཙྪེ་ད། ཙྪེ་ད་ཡ་ཙྪེ་ད་ཡ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། རལ་
གཅིག་མའི་སྒྲུབ་ཐབས། རལ་གཅིག་མ་ལ་ཕྱག་འཚལ་ལོ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་རོ་ཡི་སྙིང་དང་རྐང་མནན་ཁྲོ་བོའི་གད་མོས་བསྡིགས་མཆོག་མ། །རལ་གཅིག་ཨུཏྤལ་གྲི་གུག་ཐོད་པ་གཡས་གཡོན་ཕྱག་ལྡན་ཧཱུཾ་ཡིག་ས་བོན་ལས་བྱུང་མཆོག །མི་ཐུང་
ཐོད་མོ་རལ་པ་ཁམ་པ་རྒྱས་པའི་ཐོར་ཅོག་དྲག་མོ་ཀླུ་ཡིས་རབ་བརྒྱན་མ། །འགྲོ་བ་གསུམ་གྱི་མུན་པ་ལ་བཞག་རོལ་ལྡན་སྒྲོལ་མ་དྲག་མོ་རང་གི་གསོད་པར་ཤོག །རྒྱ་ནག་ལས་བྱུང་སྲིད་པ་གསུམ། །གྲོལ་བྱེད་སྒྲོལ་མ་ལ་བཏུད་དེ། །བླ་མ་རྣམས་ཀྱི་མན་ངག་བཞིན། །དེ་
ཡི་སྒྲུབ་ཐབས་བདག་གིས་བརྗོད། །མཚན་མ་གཅིག་གམ་དུར་ཁྲོད་དམ། །དུས་ཀུན་དུ་ནི་ཁང་སྟོང་དུ། །རབ་ཏུ་མཁས་པའི་རྣལ་འབྱོར་པས། །སྲིད་པ་མཐར་ཕྱིན་རིག་མ་སྒྲུབ། །བུ་ཆུང་རོ་འཇམ་ལ་གནས་སམ། །ཡང་ན་གདན་འཇམ་འབོལ་བ་ལ། །ཀུན་

ཏུ་གནས་ཏེ་རྣལ་འབྱོར་པས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །སྐད་ཅིག་རྣམ་པའི་རྣལ་འབྱོར་པས། །ཡང་དག་རྣལ་འབྱོར་ལ་འདུག་ནས། །གནས་གསུམ་རྡོ་རྗེ་གསུམ་བསྒོམས་ལ། །དེ་ནས་འོད་ཟེར་སྤྲོ་བར་བྱ། །སྲིད་གསུམ་སྤྱོད་པའི་སེམས་ཅན་རྣམས། །
གསལ་བར་བྱས་ལ་ཚུར་དགུག་ཅིང་། །བསྡུས་རྗེས་ཡང་ནི་བསྒོམ་པར་བྱ། །སྣ་ཚོགས་ཀུན་ལས་སྟོང་པ་ཉིད། །དེ་ནས་རྒྱལ་བའི་སྔགས་བརྗོད་དེ། །སྟོང་ཉིད་བསྒོམ་ཞིང་དེ་དང་ལས། །ཨ་ལས་མཚོ་སྐྱེས་དམར་པོ་ལྟར། །དེ་ཡི་སྟེང་དུ་ཡང་བསྒོམ་པ། །ཊྭཱཾ་ཡིག་
ལས་བྱུང་པདྨའི་སྣོད། །དེ་ཡི་དབུས་སུ་ཡང་ནི་བསྒོམ། །ཧཱུཾ་མཛད་ཡི་གེ་སྔོན་པོ་སྟེ། །དེ་ནས་ཧཱུཾ་མཛད་ལས་སྐྱེས་པའི། །གྲི་གུག་ས་བོན་གྱིས་བརྒྱན་པ། །གྲི་གུག་ཡོངས་སུ་གྱུར་པ་ལས། །བདག་ཉིད་སྒྲོལ་མ་རབ་ཏུ་བསྒོམ། །གཡས་བསྐུམ་གཡོན་བརྐྱང་
འཇིགས་སུ་རུང་། །མགོ་ཡི་ཕྲེང་བ་འཕྱང་བ་མོ། །མིའུ་ཐུང་འཇིགས་བྱེད་གསུས་པ་སྦོམ། །སྔོན་མོ་མཚོ་སྐྱེས་ཀྱིས་བརྒྱན་མ། །ཞལ་གཅིག་སྤྱན་གསུམ་ལྡན་མ་ནི། །ཁྲོ་བཞད་སྡིགས་བྱེད་ཤིན་ཏུ་གསལ། །ཀུན་ནས་དགའ་བྱེད་རོ་ལ་གནས། །ཀླུ་བརྒྱད་
རྣམ་པར་བརྒྱན་པ་སྟེ། །སྤྱན་རྩ་དམར་ཞིང་ཟླུམ་པའོ། །སྐུ་སྨད་སྟག་གི་པགས་པས་གཡོགས། །ལང་ཚོ་དར་བབ་ཕུན་ཚོགས་མ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་ནས་ལྗགས་འདྲིལ་འཇིགས་ལྡན་མ། །མཆེ་བ་གཙིགས་ཤིང་གཡོན་དུ་གཟིགས། །
གཡས་པས་རལ་གྲི་གྲི་གུག་འཛིན། །གཡོན་པས་ཨུཏྤལ་ཐོད་པ་འཛིན། །དབུ་སྐྲ་ཁམ་པ་དྲག་པོས་བརྒྱན། །སྤྱི་གཙུག་མི་བསྐྱོད་རྣམ་པར་བརྒྱན། །སྒོམ་གྱི་སྟོབས་ཀྱིས་རྫོགས་པ་ན། །རྣལ་འབྱོར་མཁས་པ་ཆེན་པོར་འགྱུར། །གལ་ཏེ་རྨོངས་པ་བེམས་པོ་ཡང་། །
སྒོམ་གྱི་རོ་ལ་དབང་གྱུར་ནས། །འབུམ་ཕྲག་སྔགས་ཀྱི་བཟླས་པ་ཡིས། །འཇམ་པའི་དབྱངས་དང་མཚུངས་པར་འགྱུར། །སྔགས་ཆེན་འདི་ནི་ཡི་གེ་གསུམ། །ཕཊ་ཡིག་མཐའ་ཅན་སྙིང་ལ་གནས། །འོད་ཟེར་ལྔ་དང་ཡང་དག་ལྡན། །མི་ཤེས་བུད་ཤིང་སྲེག་

བྱེད་པ། །རྣལ་འབྱོར་སྤྱོད་པས་རྗེས་འབྲངས་ནས། །དེ་ཡི་བསྡུ་བའི་ཆོ་ག་བརྗོད། །དང་པོ་ས་ཡི་ཕྱི་མ་བཟུང་། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །གསལ་ཞིང་འབར་བ་ར་ལ་ཞོན། །ཟླ་ཚེས་ཐིག་ལེས་རྣམ་པར་བརྒྱན། །དེ་ནས་ཏཱཾ་ཡིག་སྦྱིན་
པར་བྱ། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །ཧཾ་ཡིག་དབྱངས་ཡིག་དྲུག་པས་བརྒྱན། །ཡང་དག་ཉིད་དུ་སྦྱིན་པར་བྱའོ། །དེ་ནས་ཕཊ་ཡིག་སྦྱིན་པར་བྱ། །གྲུབ་པའམ་སྔགས་ནི་ཡོངས་སུ་རྫོགས། །མཁས་པས་རལ་གྲི་སྟོད་ས་རུ། །མི་རུས་ཕྲེང་བ་བསྒོམ་པར་བྱ། །
སྤྲོ་དང་བསྡུ་བའི་རྣལ་འབྱོར་གྱིས། །སྔགས་མཆོག་ཡང་དག་བཟླས་པ་བྱ། །བརྟན་པའི་སེམས་ཀྱིས་བསམ་པར་བྱ། །པཎྜི་ཏ་བདག་སྙན་དངགས་མཁན། །སྒོམ་སྟོབས་རྒྱུན་ནི་མ་ཆད་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྒྲོལ་མའི་སྒྲུབ་ཐབས་བྱས་པ་ཡིས། །
བདག་གི་བསོད་ནམས་གང་བསགས་དེས། །རྒྱལ་བའི་བསྟན་པར་སྐྱེ་བོ་རྣམས། །སྙན་དངགས་མཁན་དུ་འགྱུར་བར་ཤོག །འདི་ནི་བློ་གྲོས་རབ་བསྒྲུབ་མ། །རྟག་པའི་རྡོ་རྗེས་བྱས་པ་ཡིན། །མཁས་པ་ཆེན་པོ་པཎྜི་ཏས། །འདི་ལ་ཤིན་ཏུ་བཟོད་པར་འོས། །རྒྱ་
ནག་ལས་ནི་བྱུང་བ་ཡི། །སྒྲོལ་མའི་སྒྲུབ་ཐབས་ཡོངས་སུ་རྫོགས།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་འོན་འདིའི་སྐུ་གྲོང་དུ་ལྷའི་སྐད་ལས་བོད་ཀྱི་བརྡ་ལ་འཁྲུལ་པ་མེད་པར་བསྒྱུར་བའོ།། །།ལྷ་མོ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །
སྒྲོལ་མ་ཁྲོ་མོའི་བ་ལིཾ་གི་གཏོར་མ་ལ་སྔགས་འདིས་ལན་གསུམ་མམ། བདུན་གྱིས་དབུལ་ཏེ། སྔགས་ནི་འདི་ཡིན་ནོ། །ཨོཾ་ཧྲཱིཾཿཨེ་ཀ་ཛཱ་ཊི་ས་མ་ཡ། མ་བཱ་ན་ས་ཧ་ན་སྭཱ་གྲི་ཀུ་རུ་པུཥྚིཾ་ཀུ་རུ་མ་ཧེ་ཏཀྵ་ཀ་ནཱ་གཱ་རཱ་པ་ཏ་ཡ། ཨི་མཾ་བ་ལཱིཾ་གྲྀཧྞ་གྲྀཧྞ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་
ཡ། བར་མིརྱ་ཀྲོ་ས་བྲུ་ཊ་བྲུ་ཊ། ཚིནྡ་ཚིནྡ། བིནྡ་བིནྡ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་ཕུལ་ལ། དེ་ནས་རྡོ་རྗེ་དབྱངས་ཅན་མ་ལ་བདག་གི་དོན་ལ་གསོལ་བ་གདབ། རྗེས་མི་དམིགས་པའི་རྒྱས་གདབ། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་

དོན་དུ་བསྔོ། །སྒྲོལ་མ་ཁྲོས་པའི་བ་ལིཾ་གི་གཏོར་མ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལས། འགྲེན་གྱི་འཕྱང་སར་དུ་རང་འགྱུར་དུ་མཛད་པའོ།། ༄། །སྒྲོལ་མ་རལ་གཅིག་མའི་བློ་འཕེལ་བཞུགས། ༄༅༅། །འཕགས་
མ་སྒྲོལ་མ་རྡོ་རྗེ་དབྱངས་ཅན་མ། །བ་ལིཾ་གཏོར་མ་ཕུལ་བ་བཞེས་ནས་སུ། །འགྲོ་རྣམས་མ་རིག་མུན་པ་བསལ་ནས་སུ། །ཤེས་རབ་བློ་ཡི་པདྨ་ཁ་འབྱེད་ཤོག །དམར་མོ་རབ་འཇིགས་ནམ་མཁའི་མདོག །ཞལ་གཅིག་ཕྱག་བཞི་སྟང་སྟབས་མཛེས། །མི་ཤེས་ཡིད་
འཇོམས་ལ་བཏུད་དེ། །གཞུང་དོན་སྒོམ་རིམ་འདི་གསལ་བྱ། །དང་པོ་ཁོ་ནར་རིག་པ་དང་ལྡན་པའི་གང་ཟག་གིས། དུར་ཁྲོད་དམ་ཕྱི་ནང་གི་རྟེན་སྟོབས་ལྡན་བཞུགས་པའམ། རབ་ཏུ་དགའ་ཞིང་དབེན་པའི་ས་ཕྱོགས་སུ་གནས་ཁང་བྱི་དོར་བྱ། རྟེན་དང་མཆོད་པ་དངོས་
སམ་ཡིད་ཀྱི་རྣམ་འཕྲུལ་གྱིས་བཀོད་དེ། བུ་ཆུང་གི་རོ་འཇམ་ཞིང་མཉེན་པ་དྲི་ཞིམ་པོའི་ཆུས་བཀྲུས་ལ། མེ་ཏོག་གི་ཕྲེང་བ་བཏགས་ལ། རང་ཉིད་བདེ་བར་གནས་པའམ། དེ་མེད་ན་ཡང་སྟན་འབོལ་བ་ལ་གནས་ཏེ། བདག་གིས་རལ་གཅིག་མ་བསྒྲུབས་ལ། རང་
གཞན་གྱི་མི་ཤེས་པའི་མུན་པ་རྣམ་པར་གཞོམ་པར་བྱའོ་སྙམ་དུ་བསམ་མོ། །དེ་ནས་སྐད་ཅིག་གིས་རྣམ་པ་ཀུན་ཏུ་རྟོག་པའི་ཚོགས་རང་སར་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། །རྗེས་ལ་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ། ཨོཾ་དཀར་པོ་དང་།
ཨཱཿདམར་པོ་དང་། ཧཱུཾ་སྔོན་པོ་དང་གསུམ་ཤིན་ཏུ་གསལ་བར་བལྟ་ཞིང་། འོད་ཟེར་གྱི་ཚོགས་སྤྲོས་པས་འགྲོ་བའི་མི་ཤེས་པའི་མུན་པ་རྣམ་པར་བཅོམ་ནས་གནས་གསུམ་གྱི་ཡི་གེ་ལ་བསྡུས་ལ། སྐུ་གསུང་ཐུགས་རྣམ་པར་དག་ཅིང་འཕོ་འགྱུར་མེད་པའི་ཏིང་ངེ་
འཛིན་བསྒོམ་པར་བྱའོ། །དངོས་པོའམ་མཚན་མ་ཐམས་ཅད་རང་གི་ངོ་བོས་སྟོང་པའི་དོན་དེ་ཉིད་བལྟ་བར་བྱ་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་། དངོས་པོ་དང་མཚན་མའི་བག་ལ་ཉལ་ཕྲ་མོ་ཙམ་ཡང་མེད་པའི་ཏིང་ངེ་འཛིན་

ལ་གནས་པར་བྱའོ། །དེའི་ངང་ལས་ཨཱཿདང་ཊྭཱཾ་རིམ་གྱིས་གྱུར་པ་ལས། པདྨ་དམར་པོ་དང་ཐོད་པ་ཁྲག་གིས་བཀང་བ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་སྔོ་ཞིང་དངས་པ་བལྟ་བར་བྱའོ། །ཧཱུཾ་ཡོངས་སུ་གྱུར་པ་ལས་གྲི་གུག་གི་ཡུ་བ་ནས་ཉི་མའི་སྟེང་ན་
ཧཱུཾ་གནས་པའ། །དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རལ་པ་གཅིག་མ་སྐུ་སྦོམ་ཞིང་ཐུང་བ། མདོག་བཻ་ཌཱུརྱ་ལྟར་སྔོ་ཞིང་དངས་པ། ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་རལ་གྲི་དང་ཨུཏྤ་ལ་བསྣམས་པ། འོག་མ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་
འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་དབུགས་བྲལ་གྱི་སྙིང་དང་རྐང་པ་མནན་པ། ཕྱག་རྒྱ་ལྔ་དང་། བརྒྱ་ཕྱེད་དང་། སྟག་ལྤགས་དང་། ཀླུ་བརྒྱད་སྦྲུལ་སྔོན་པོའི་གཟུགས་ཀྱིས་དབུ་རྒྱན་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་།
ཕྱག་གདུབ་དང་། ཞབས་གདུབ་དང་། སྐ་རགས་དང་། སེ་རལ་ཁ་རྣམས་ཀྱིས་རབ་ཏུ་དཔའ་བའི་ཆས་སུ་ཞུགས་པ། སྤྱི་གཙུག་ན་ཐུབ་པ་མི་བསྐྱོད་པ་བཞུགས་པ། སྤྱན་གསུམ་མེ་མདག་ལྟར་དམར་ཞིང་འཁྲུག་པ་ཅུང་ཟད་གཡོན་དུ་གཟིགས་པ། ལྕེ་གློག་ལྟར་
འཁྱུག་པ། གད་རྒྱངས་ཆེན་པོ་སྒྲོགས་པ། ཕྱི་ནང་གི་བདུད་ཐམས་ཅད་རླག་པར་བྱེད་པར་བསྒོམ་མོ། །དེའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བཞི་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་སྔོན་པོ་བལྟ་ཞིང་། མདུན་གྱི་འདབ་མ་ནས་གཡས་སྐོར་དུ། ཧྲཱིཾ་ཏྲིཾ་ཧཱུཾ་
ཕཊ་རྣམས་བསྒོམ་ཞིང་ཡིག་འབྲུ་དེ་དག་ལས་དཔག་ཏུ་མེད་པའི་འོད་ཟེར་གྱི་ཚོགས་འཕྲོས་པས་འགྲོ་བའི་མི་ཤེས་པའི་མུན་པ་ཐམས་ཅད་བསྲེག་པར་བསམ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་བློ་གྲོས་ཀྱི་སྣང་བ་ཐམས་ཅད་ཚུར་འདུས་ཏེ་རང་ལ་བསྟིམ་
ཞིང་བདག་ཉིད་ཡོན་ཏན་དང་བློ་གྲོས་ཀྱི་སྣང་བ་ཐམས་ཅད་ཕུན་སུམ་ཚོགས་པས་བརྒྱན་པར་བསམ་མོ། །དེ་ནས་བཟླས་པ་བྱ་སྟེ། གཡས་དང་པོའི་རལ་གྲི་མི་རུས་ཀྱི་ཕྲེང་བར་བསྒྱུར་ལ། ཐུགས་པདྨ་ཉི་མར་རིག་སྔགས་ཀྱི་ཏིང་ངེ་འཛིན་ལ་མ་གཡོས་པའི་ངང་ལས་

ཧྲཱིཾ་ཏྲིཾ་ཧཱུཾ་ཕཊ་ཅེས་ཅི་ནུས་བཟླས་སོ། །དེ་ལས་སྐྱོ་ན་པད་འདབ་ཀྱི་ཡི་གེ་ཧཱུཾ་ལ་བསྡུ། བདག་གཞན་གྱི་བློ་གྲོས་ངན་པའི་མུན་པ་ཐམས་ཅད་གཏན་ནས་དག་པར་གྱུར་ཅིག་སྙམ་པའི་སྨོན་ལམ་དྲག་པོ་གདབ་བོ། །རྗེས་ཤེས་ཀྱི་སྐབས་སུ་ཡང་རྟག་ཏུ་དཔའ་མོའི་ང་རྒྱལ་དང་མ་
བྲལ་བར་བྱའོ། །དེ་འདྲའི་ཏིང་འཛིན་བཟླས་པར་བསམ། །བརྟན་ཞིང་ཚད་དུ་སྐྱོལ་གྱུར་ན། །མི་ཤེས་སྤྲིན་ཚོགས་དཔག་མེད་རྣམས། །དབྱར་ཟད་བཞིན་དུ་དེངས་པར་འགྱུར། །སྒྲོལ་མའི་བློ་འཕེལ་སློབ་དཔོན་ཀླུ་སྒྲུབ་ཀྱི་མན་ངག་སྙན་དངགས་མཁན་རྟག་པ་རྡོ་རྗེས་
ཚིག་ལེའུར་བྱས་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་གསུང་ལྷག་ཆད་མེད་པར་བཀོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤུཀླ་ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས། རལ་
གཅིག་མ་ལ་ཕྱག་འཚལ་ལོ། །པདྨར་གནས་པའི་སྣོད་མཆོག་ལ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་དཀར་མོ་ནི། །གཡས་བརྐྱང་གཡོན་བསྐུམ་ཞབས་ཀྱིས་གནས་མ་ནུ་མ་རབ་རྒྱས་སྤྱན་གཉིས་ཡང་དག་དམར། །གཡས་པས་མི་རུས་ཕྲེང་འཛིན་གཡོན་པས་ཁ་མ་བྱེ་
བའི་ཨུཏྤལ་སྔོན་པོ་བསྣམས། །རལ་པ་ཁམ་པ་དང་ནི་ལྡན་པའི་ལྷ་མོས་རྟག་ཏུ་ཁྱེད་ལ་སྐྱོང་གྱུར་ཅིག །ཀླུ་བརྒྱད་འཇིགས་རུང་དང་བཅས་སེམས་ཀྱི་དབང་ཕྱུག་དབུ་རྒྱན་ཅན། །སྙིང་རྗེ་རོ་ཡིས་ཀུན་ནས་གང་བའི་ལྗགས་བསྐྱོད་བཞད་མཛད་མ། །རི་དགས་དགྲ་བོའི་ཡི་
ནི་པགས་པའི་ན་བཟའ་འཆང་བ་མོ། །དེ་ལྟའི་སྒྲོལ་མས་མི་ཤེས་མུན་པ་གསོད་པར་བྱེད་པར་ཤོག །དཔལ་ལྡན་གཉིས་མེད་རྡོ་རྗེ་ཡིས། །བླ་མའི་ཞབས་ཀྱི་ཆུ་སྐྱེས་ལ། །བཏུད་དེ་རོལ་པ་སྦས་པ་ཡིས། །སྒྲོལ་མའི་སྒྲུབ་ཐབས་བརྗོད་པར་བྱ། །དང་པོར་རེ་ཞིག་
སྔགས་པས་ཁ་བཤལ་བ་ལ་སོགས་པ་བྱས་ཏེ་སྟན་བདེ་བ་ལ་ཉེ་བར་འདུག་ནས་མེ་ཏོག་དྲི་ཞིམ་པོ་བཀྲམ་པའི་ས་ཕྱོགས་སུ་ཇི་ལྟར་འབྱོར་པའི་མཆོད་པ་བཤམས་ལ། རང་གི་སྙིང་གར་ཧཱུཾ་དཀར་པོ་ཉེ་བར་བལྟའོ། །ཧཱུཾ་དཀར་པོ་དེ་ལས་རང་གི་བ་སྤུའི་བུ་ག་དང་། ཁ་ལ་

སོགས་པའི་སྒོ་ལས་འོད་ཟེར་རྣམ་པ་ལྔ་འཕྲོ་བར་བསམས་ཏེ། འོད་ཟེར་དེ་དག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་བྱས་ནས། དེ་ནས་འོག་མིན་ན་བཞུགས་པའི་བཅོམ་ལྡན་འདས་མ་འཆད་པར་འགྱུར་བའི་
སྐུ་མདོག་ལ་སོགས་པ་དང་ལྡན་པ། གང་ཡང་བདག་ལ་གསོལ་བ་འདེབས་པའི་སེམས་ཅན་དེ་དག་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་པ་ཅིག་ཅར་མདུན་ན་འདུག་པར་བསམས་ལ། དེ་ནས་ཡི་གེ་ཧཱུཾ་ལས་མེ་ཏོག་བདུག་སྤོས་དྲི་དང་ཕྲེང་བ་ལ་སོགས་པ་སྤྲོས་པས་མཆོད་
དོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། མཆོད་པ་དབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་པས་
བསྔགས་པའི་མེ་ཏོག་ལ་སོགས་པ་མིང་སྤེལ་དང་བཅས་པས་དབུལ་ལོ། །དེ་ནས་བདག་དང་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།
ཞེས་བརྗོད་དོ། །དེ་ནས་སྨོན་ལམ་གྱི་དབང་གིས་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་དང་། དེའི་དབུས་སུ་ཡི་གེ་ཊཾ་ཡོངས་སུ་གྱུར་པ་ལས་ཐོད་པ་ནོར་བུ་ཆུ་ཤེལ་ལྟ་བུའི་འོད་ཅན་ཁྲག་གིས་ཡོངས་སུ་གང་བ། དེའི་དབུས་སུ་ཡི་གེ་ཧཱུཾ་དཀར་པོ་འོད་ཟེར་ལྔ་
དང་ལྡན་པ། ཤིན་ཏུ་མཛེས་པ་དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་སྔོན་པོ་ཁ་མ་བྱེ་བ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པར་བལྟས་ལ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མའི་སྐུ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དཀར་མོ་སྟག་གི་
པགས་པའི་སྨད་དཀྲིས་ཅན་ཕྱག་གཡས་པས་མི་རུས་ཀྱི་ཕྲེང་བ་འཛིན་པ། གཡོན་ན་ཨུཏྤལ་སྔོན་པོ་ཁ་མ་བྱེ་བ་བསྣམས་པ། རལ་པ་ཁམ་པ་གྱེན་དུ་བརྫེས་པ་ཚངས་པའི་གནས་ཀྱི་བར་དུ་ཤིན་ཏུ་ཁྱབ་པ། ཀླུ་གདུག་པ་ཅན་བརྒྱད་ཀྱིས་བརྒྱན་པ། ཀརྐོ་ཊ་སྔོན་

པོས་ཐོད་བྱས་པ། འཇོག་པོ་དམར་པོའི་དོ་ཤལ་ཅན། དགའ་བོ་དང་ཉེ་དགའ་བོ་སེར་པོ་དག་གིས་རྣ་ཆ་དག་དང་ལྡན་པ། མཐའ་ཡས་དཀར་པོའི་ཚངས་སྐུད་ཅན། ནོར་རྒྱས་དཀར་པོའི་སྐ་རགས་དང་། དུང་སྐྱོང་དཀར་པོས་ཕྱག་གདུབ་བྱས་པ། པདྨ་དང་པདྨ་
ཆེན་པོ་དམར་པོས་ཞབས་གདུབ་བྱས་པ། དོ་ཤལ་དང་། ཞབས་གདུབ་དང་། དབུ་རྒྱན་དང་། སེ་རལ་ཁས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་རོའི་སྟེང་དུ་གནས་པ། ཤིན་ཏུ་འཇིགས་སུ་རུང་བ་ཞལ་མཆེ་བ་ཅུང་ཟད་གཙིགས་པ།
ལྗགས་འདྲིལ་བ། དཔལ་མི་བསྐྱོད་རྡོ་རྗེའི་ཅོད་པན་གྱིས་སྤྱི་བོར་བརྒྱན་པ། བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་པ་ཅིག་བསྒོམ་མོ། །རང་གི་སྙིང་གའི་ཧཱུཾ་དཀར་པོའི་འོད་ཟེར་གྱིས་ཡེ་ཤེས་སེམས་མའི་དཀྱིལ་འཁོར་དགུག་པར་བལྟས་ཏེ། དེ་ནས་ཛཿཧཱུཾ་
བཾ་ཧོཿཞེས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་སྟེ། ཡེ་ཤེས་སེམས་མ་དང་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་པར་བལྟའོ། །དེ་ནས་རྗེ་བཙུན་མའི་ཐུགས་ཀའི་པདྨའི་སྟེང་དུ་ཡི་གེ་ཧྲཱིཾ་ཤེལ་དག་པའི་མདོག་ལྟ་བུར་འོད་ཟེར་བརྒྱ་སྟོང་
འཕྲོ་བར་བྱའོ། །བསྒོམས་པ་ལས་དུབ་ན་སྔགས་དོན་དང་ལྡན་པ་གཞལ་དུ་མེད་པར་མྱུར་བ་དང་། བུལ་བ་དང་། མི་གསལ་བ་དང་། མ་ཚང་བ་སྤངས་ནས་ཡིད་ཀྱིས་དམིགས་ཏེ་བཟླས་པར་བྱའོ། །དེ་ལ་སྔགས་བཏུ་བ་ནི་སྡེ་ཚན་བདུན་པའི་བཞི་པ་ལ་མེས་ཡང་དག་
པར་ལྡན་པའི་ཡི་གེ་ཨི་ཡིས་བརྒྱན་ཅིང་ཟླ་ཚེས་དང་ཐིག་ལེས་མཛེས་པར་བྱས་