Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 28

Văn bản gốc(Tây Tạng)

Trang 5 / 19 (50.000 ký tự/trang)
ྟག་ཏུ་ནི། །བདུད་རྩི་ལྔ་ནི་ལྷ་བཤོས་ཏེ། །དུས་ཀུན་རྣལ་འབྱོར་རྣམས་ཀྱི་ནི། །དུད་འགྲོ་བསད་ནས་མཆོད་པར་བྱ། །སྔགས་པས་ཙཱ་རུའི་བསྒྲུབ་པ་བྱ། །རྣལ་འབྱོར་མ་ལྡན་བཟའ་བར་བྱ། །བཟའ་དང་བཟའ་མིན་བཟའ་བར་བྱ། །བཏུང་དང་བཏུང་མིན་རྟག་ཏུ་བཏུང་། །
བྱ་དང་བྱ་མིན་བྱ་བའོ། །རྣལ་འབྱོར་མ་ཚོགས་དཀྱིལ་འཁོར་དུ། །སྡིག་པ་ཡིས་ནི་མི་རེག་གོ། །མཉམ་ཉིད་བསྟན་པའི་ཆོས་ཉིད་དོ། །རྣལ་འབྱོར་བླ་མེད་ནོར་བུའོ། །གསང་བ་བླ་མེད་བླ་མེད་དོ། །རབ་སྣང་མིན་པ་བཤད་མིན་བྱ། །སྐྱེ་བ་འདི་ལ་གྲུབ་པ་ཐོབ། །སྲོག་གཅོད་ལ་
སོགས་སྤངས་པ་སྟེ། །བརྫུན་དང་ཕྲ་མ་མི་བྱའོ། །བློ་ནི་སེམས་ཅན་དོན་དུ་བྱ། །དེ་ནི་རྣལ་འབྱོར་ཐོབ་པའོ། །དགེ་བ་བཅུ་ནི་ངེས་པར་བྱ། །དེ་བཞིན་ཚངས་པའི་གནས་བཞི་དང་། །སྦྱིན་པ་ལ་སོགས་གཏོང་ལ་དགའ། །མཉེས་ཤིང་མཆོག་ནི་སྒྲུབ་པའོ། །གཞན་ཡང་རྣལ་
འབྱོར་བླ་མེད་བསྒོམ། །ཇི་ལྟར་བློ་ཡི་རིམ་པ་ལྟར། །རྣལ་འབྱོར་སོགས་བདག་རྣལ་འབྱོར་མ། །རིགས་རིམ་ཇི་ལྟར་བསྟན་བཅོས་སོ། །རི་དགས་ཐོགས་པ་སྣ་ཚོགས་པད་ཉི་ལ། །སྒྲོལ་མ་བདག་ཉིད་བསྒོམ་བྱ་བ། །སྣ་ཚོགས་མདོག་དང་ཞལ་བཞི་པ། །གཡོན་བསྐུམ་གཡས་

བརྐྱང་གནས་པ་སྟེ། །དབུས་ཀྱི་ཞལ་ནི་ལྗང་གུ་ལ། །གཡས་ནི་སེར་བར་བལྟ་བར་བྱ། །གཡོན་གྱི་ཞལ་ནི་སྔོ་བ་ལ། །སྟེང་གི་ཞལ་ནི་དཀར་བའོ། །བསམ་གྱིས་མི་ཁྱབ་མཆེ་བ་གཙིགས། །ཐོད་པས་དབུ་ལ་བརྒྱན་པ་མོ། །དབུ་ལ་དོན་ཡོད་གྲུབ་པས་བརྒྱན། །མི་ཡི་རུས་པའི་རྒྱན་
གྱིས་བརྒྱན། །སྐྲ་གྲོལ་མིག་ནི་ཡངས་པ་མོ། །སྤྱན་གསུམ་དམར་མོ་མཛེས་མ་སྟེ། །རལ་གྲི་རྡོ་རྗེ་གསོར་བ་སྟེ། །འཁོར་ལོ་ལྕགས་ཀྱུ་འཛིན་པ་མོ། །དྲིལ་བུ་ཐུགས་ཀར་སྡིགས་མཛུབ་མཛད། །གྲི་གུག་མགོ་བོའི་ལག་པ་གཞན། །ཨུཏྤལ་ཐོད་པ་ཁ་ཊྭཱཾ་ག །ཚངས་པའི་པགས་པ་
སྟེང་དུ་གནས། །ཁྱབ་འཇུག་དབང་ཕྱུག་ཆེ་ཞབས་དག །མནན་པས་གདན་ལ་འཇིགས་རུང་འགྱུར། །སྔར་སྨོས་རྣལ་འབྱོར་མ་ཚོགས་རྣམས། །རེག་གི་དཀྱིལ་འཁོར་དབུས་གནས་པ། །དེ་རྣམས་ཐམས་ཅད་སྣ་ཚོགས་མདོག །གཅེར་བུ་འཇིགས་པའི་རྗེས་སུ་སོང་། །གསང་བ་
ཟབ་མོ་བླ་མེད་སྔགས། །དབུ་རྒྱན་དཔལ་རིམ་ལས་བྱུང་བ། །རྣལ་འབྱོར་མ་གནས་ཐམས་ཅད་ལ། །རིམ་པ་ཡང་དག་སྤྱོད་པ་མཆོག །གནས་ཀུན་བླ་མེད་མཉམ་སྦྱོར་ཏེ། །རྣལ་འབྱོར་མ་ཐུགས་བླ་ན་མེད། །ལྷ་མོའི་ལས་ནི་ཐམས་ཅད་བྱེད། །དག་པ་སྡིག་པ་སེལ་བར་བྱེད། །
མཉམ་གཞག་མེད་པའི་སྒྲུབ་པ་ཡིས། །རྣལ་འབྱོར་བསྒོམ་པ་སྒོམ་པ་སྟེ། །སྔགས་པས་རྟག་ཏུ་བསམ་གཏན་གང་། །ཉོན་མོངས་མ་ལུས་ཟད་པར་འགྱུར། །གཡོ་དང་མི་གཡོ་ས་གཞིར་རོ། །དེ་ཡི་རྣལ་འབྱོར་ཆེ་རྣམས་སྤྱོད། །གནས་ཀྱི་ཆོ་ག་གྲུབ་བདག་ཉིད། །ཇི་ལྟར་བདེ་བས་
སྤྱད་པར་བྱ། །ཧཱུཾ་ཐུགས་ཀར་རོ། །ཨོཾ་མཚོག་ཁར་རོ། །ཧྲཱིཿསྤྱི་བོར་རོ། །ཧཱུཾ་སྤྱན་ལའོ། །ཧཱུཾ་གོ་ཆའོ། །ཕཊ་ཕྱག་མཚན་ལའོ། །གོ་ཆའི་གོ་ཆ་འདིར་ཤེས་བྱ། །རིམ་པའི་རྗེས་སུ་རིམ་པ་ནི། །བདག་ཉིད་ཡི་དམ་ལྷ་གྲུབ་བདག །འགྲོ་བ་མ་ལུས་དེ་ལྟར་བལྟ། །སྲིད་པའི་
དབའ་རླབས་སྒྲོལ་སྒྲོལ་མ། །བསྒོམ་པ་བཟླས་པ་རྟག་ཏུ་བྱ། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །རི་ཡི་རྩེ་མོ་ས་ཕུག་ཁྱིམ། །ཁྱིམ་མམ་སྨད་འཚོང་གནས་སུ་འམ། །གཞན་ཡང་། རྒྱལ་པོའི་ཁབ་ཏུའམ་རྟགས་གཅིག་དྲུང་། །ཕྱི་ཡི་ནགས་ཚལ་ཤི་བའི་གནས། །རྒྱ་

མཚོ་དང་ནི་ཆུ་མིག་རྣམས། །མ་མོའི་གནས་སུ་ངེས་པར་གནས། །གང་ཡང་ལོན་མེད་གྲུབ་པའོ། །ཐོགས་མེད་རྟག་ཏུ་སྦྱང་བར་བྱ། །རྣལ་འབྱོར་དེ་ཡིས་སྒོམ་པ་རྣམས། །གནས་ཀྱི་སྡེ་ཡི་རྣལ་འབྱོར་མ། །རིགས་ཀྱི་རྡོ་རྗེ་སྐྱེས་པའང་རུང་། །ཡེ་ཤེས་
རྡོ་རྗེའི་སྒོམ་པའང་། །རིམ་པ་སྡེ་ཡི་རྣལ་འབྱོར་གྱིས། །བླ་ཡི་སྡེ་ཡི་རྗེས་རིམ་པའོ། །བྱང་ཆུབ་སེམས་ནི་རབ་བརྟན་བྱ། །ཐམས་ཅད་ཤིན་ཏུ་རབ་བརྟན་བློ། །བདེན་མིན་རྣམ་པར་རྟོག་པ་བྲལ། །ཡུལ་ཆོས་རྣམ་པར་སྤང་བར་བྱ། །ལུས་དང་ངག་ཡིད་སྡེ་ཡིས་ནི། །མྱུར་དུ་དེ་
གསུང་དངོས་གྲུབ་ཐོབ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཨོཾ་ཡིག་དག་ནི་རྣམ་པར་བསྒོམ། །སྤྱི་བོའི་སྟེང་དུ་སོང་བར་ལྟ། །བདུད་རྩི་ལྔ་ཡི་ཆར་ཕབ་བོ། །ཇི་ལྟར་རྣལ་འབྱོར་རབ་ཏུ་བྱ། །ཨུ་པ་ཧ་ར་དབུལ་བར་བྱ། །དེར་ནི་རྣལ་འབྱོར་རྣལ་འབྱོར་གྱིས། །སྐད་ཅིག་ཙམ་
གྱིས་གཟི་བརྗིད་འགྲུབ། །རྣལ་འབྱོར་ཐམས་ཅད་སེལ་བར་བྱེད། །ཇི་ལྟར་རྡོ་རྗེ་སེམས་དཔའི་གཏམ། །སྒྲོལ་མའི་གཟུགས་ནི་གཟུགས་ཆེན་མོ། །བསྒོམས་ཤིག་དེ་ཉིད་ཡང་དག་དོན། །བཾ་ཡིག་ཁར་སོང་བསྒོམ་པར་བྱ། །ཨོཾ་ནི་ལྕེ་ཡི་རྩེ་མོར་བལྟ། །ཐམས་ཅད་བཟའ་བའི་
གནས་ཡིན་ཅིང་། །ཡིད་བཞིན་ནོར་བུ་མཆོག་བཞིན་ནོ། །ཞི་བ་ཐམས་ཅད་སྡུག་བསྔལ་སེལ། །ཡེ་ཤེས་སེམས་དཔའ་རབ་བསྒོམ་བྱ། །རྣལ་འབྱོར་གང་ཞིག་འདི་བསྒོམ་དེ། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །གནས་གསུམ་གྲུབ་པ་ཐོབ་པར་འགྱུར། །སྒྲོལ་མའི་
ལྷ་མོ་རྣལ་འབྱོར་ལྡན། །རྡོ་རྗེ་གསང་རྒྱུད་བླ་མེད་དུ། །རྡོ་རྗེ་ལྡན་མས་བྲིས་པའོ། །སེམས་ཅན་ཡེ་ཤེས་འཕེལ་བའོ། །འཕགས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་གསང་བའི་རྒྱུད་ལས་མཁའ་འགྲོ་མ་རྡོ་རྗེ་ལྡན་མས་ཕྱུང་བ་རྫོགས་སོ།། །།
ཐུགས་རྗེ་ཆེན་པོས་དབང་ལན་གསུམ་བསྐུར་བའི་གྲུབ་ཐོབ་ཝ་ནི་ཏ་བྷ་དྲའི་སློབ་མ་སཾ་གྷ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་བའོ། །རྡོ་རྗེ་ལྡན་མ། པཎྜི་ཏ་བ་ར་ཧེ་ཏ། ཝ་ནི་ཏ་བྷ་དྲ། སཾ་གྷ་ཤྲཱི་བྷ་དྲ། འཇམ་དཔལ་སྒེག་པའི་རྡོ་རྗེ། མཁས་པས་

ཕུག་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨོ་ཌི་ཡན་ཏཱ་རེ་ཀྲ་མཱ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་ཨུ་རྒྱན་གྱི་སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་སྲིད་པའི་མུན་པ་ནི། །སེལ་
བར་བྱེད་པའི་ཉི་འོད་ཅན། །ཐུགས་ཀར་སྙིང་རྗེས་བརླན་པ་ལ། །རྟག་ཏུ་བདག་ནི་ཕྱག་འཚལ་ལོ། །དང་པོར་རེ་ཞིག་རྣལ་འབྱོར་པའམ་རྣལ་འབྱོར་མས། བསམ་གཏན་གྱི་ཁང་པ་ཡིད་དང་མཐུན་པར་འཇམ་པའི་སྟན་ལ་འདུག་ནས། རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་
དཀྱིལ་འཁོར་ལ་ཏཱཾ་ཡིག་དམར་པོ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་མ་ལུས་པའི་ནམ་མཁའི་འཁོར་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་འོད་ཟེར་གྱི་ཞལ་མཐོང་བར་བྱ་བའི་མ་ལུས་པའི་བླ་མ་དང་། ཡི་དམ་གྱི་ལྷ་དང་། དེ་བཞིན་གཤེགས་པ་རྣམས་བལྟས་ཏེ། དེ་རྣམས་ལ་
སེམས་ཀྱིས་མཆོད་པ་བྱས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་དེ། དེ་ནས་བརྟན་པ་དང་གཡོ་བའི་འགྲོ་བ་རང་བཞིན་གྱིས་སྟོང་པའི་བདག་ཉིད་དང་ལྡན་པར་བལྟའོ། །སྔགས་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་སུ་
ནམ་མཁའ་ལ་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་ཁྲོ་བོའི་རྡོ་རྗེས་བགེགས་བསྐྲད་དོ། །རྡོ་རྗེ་ར་བ་བསྒོམ་པར་གནས་པའི་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་གི་ནང་དུ། ཟླ་བའི་དབུས་སུ་ཧཾ་ཡིག་བལྟས་ཏེ་དེ་ནས་ཧཾ་ཡིག་ལས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བར་
བྱ་སྟེ། བདག་ཉིད་སྒྲོལ་མའི་གཟུགས་སུ་བསྒོམ་པར་བྱའོ། སྐུ་མདོག་དམར་མོ་ཞལ་བཞི་པ་ཕྱག་བརྒྱད་པ་གར་བྱེད་པ། ཐོད་པའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པས་སྨད་གཡོགས་པ། །རྣལ་འབྱོར་མའི་ཚོགས་ཀྱི་དབུས་ན་གནས་པ།
སྤྱན་གསུམ་མ། ཞལ་ཁྲོ་གཉེར་ཅན། དེའི་དང་པོའི་ཞལ་དམར་པོ་གཡས་ཀྱི་གནག་པ། གཡོན་པའི་ལྗང་བ། སྟེང་དུ་ཞི་བ་སེར་པོའི་གཡས་པའི་ཕྱག་རྣམས་ན། ཌ་མ་རུ་དང་། ཐོད་པ་དང་། རལ་གྲི་དང་། རྡོ་རྗེ་འཛིན་པ། གཡོན་པ་ན་ཨུཏྤ་ལ་དང་། རིན་པོ་ཆེ་དང་།

དྲིལ་བུ་དང་། ཁ་ཊྭཱཾ་ག་འཛིན་པའོ། །དེ་ནས་ཚོགས་པདྨ་ལ་ལྷ་མོ་བརྒྱད། སུ་ར་ཏི་ཤྭ་རི་དང་། སུ་ར་ཏ་སོནྟ་རི། སུ་ར་ཏ་ཙནྡྲ། སུ་ར་ཏ་མ་ལི་ནི། སུ་ར་ཏ་བྷ་ཀྵི། སུ་ར་ཏ་ཀ་མི་ནི། སུ་ར་ཏ་ཨུ་གྲ། སུ་ར་ཏ་ཨུཏྟ་མ། དཀར་མོ། ལྗང་གུ། སྔོན་མོ།
སེར་མོ། དཀར་མོ། དམར་མོ། སྔོན་མོ། སེར་མོ། ཇི་ལྟར་གཡས་ཀྱིས་ཌ་མ་རུ་དང་ཀ་པཱ་ལ་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པ། ཁྲོ་གཉེར་ཅན། ཐོད་པའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱི་རོལ་དུ་འཁོར་ལོ་
རྩིབས་བཅུ་གཉིས་པ་ལ་ཤི་ཁི་བྷི་མ། ཤི་ཁཎྜཱི། ཀ་རཱ་ལཱི། ཛ་ཊ་ལཱི། ར་ཨུ་དྲ། ཛོ་ཏྲཱི། ཙནྡྲི། མ་ཨུ་དྷི། བི་ཀ་ཏ། ཨུཏ་ཀ་ཏ། ཀི་རི་ཊི། ནརྟ་ཀི །དེ་དག་ཐམས་ཅད་གཡོན་ཕྱེད་དམར་བ། གཡས་ཕྱེད་ལྗང་གུ། གཡས་ན་འཁོར་ལོ་དང་རྡོ་རྗེ་འཛིན་པ།
གཡོན་ན་ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། ཞལ་ཁྲོ་གཉེར་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྲ་གྲོལ་བ། གཡས་བསྐུམ་གཡོན་བརྐྱང་དང་། གཡོན་བསྐུམ་གཡས་བརྐྱང་གི་གར་གྱིས་གཡས་པ། དང་པོ་གཡོན་དང་། གཡས་སུ་འགྲོ་བ། གཞན་ཡང་
དེའི་ཕྱི་རོལ་དུ་སྒོ་བཞི་མ། ཀཾ་པུ་ཙི། པུཀྐ་སཱི། ཌོཾ་བི་ནཱི། མ་ཏཾ་གཱི །གཡས་ན་གྲི་གུག་དང་ཐོད་པ་འཛིན་པ། གཡོན་པས་མགོ་བོ་དང་། ཁ་ཊྭཱཾ་ག་འཛིན་པ། མཆེ་བ་གཙིགས་པའི་ཞལ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཉི་མའི་གདན་ལ་གཡོན་བསྐུམ་གཡས་
བརྐྱང་བས་བདུད་བཞིའི་སྟེང་དུ་གཡོན་དུ་བསྐོར་བ། ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ། །དེ་ནས་གནས་ཀྱི་ཆོ་ག་བྱ་སྟེ། དེ་ལ་མཚོག་ཁ། སྤྱི་བོ། རྣ་བ་གཡོན། ལྟག་པ། སོག་ཕྲག །རྣ་བ་གཡས། སྨིན་མའི་བར། མིག་གཉིས། དཔུང་པ། མཆན་ཁུང་།
གཉིས། ནུ་མ་གཉིས། ལྟེ་བ། སྣ་རྩེ། ཁ། ཐུགས་ཀ །ལྟེ་བའི་འོག །གསང་གནས། བཤང་ལམ། བརླ་གཉིས། ངར་གདོང་གཉིས། རྐང་པའི་རྟིང་། རྐང་པའི་འོག །རྐང་པའི་མཐེ་བོང་། པུས་མོ་གཉིས་ལ་རིམ་པ་ཇི་ལྟ་བར། པུ་ཛཱ་ཨོ་ཨ།

གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ །ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ། ན་སི་མ་ཀུ། པུལླཱི་ར་མ་ལ་ཡཾ། ཛཱ་ལནྡྷ་རཾ། ཨོ་ཌྱ་ཡན། ཨརྦུ་དཾ། གནས་བཞིའོ། །གོ་དཱ་ཝ་རཱི། རཱ་མེ་ཤྭ་ར། དེ་ཝཱི་ཀོ་ཊི། མཱ་ལ་ཝ། ཉེ་བའི་གནས་བཞིའོ། །ཀཱ་མ་རཱུ་པ། ཨོ་ཏྲེ། ཞིང་གཉིས་
སོ། །ཏྲི་ཤ་ཀུ་ནེ། ཀོ་ས་ལཾ། ཉེ་བའི་ཞིང་གཉིས་སོ། །ཀ་ལིཾ་ག །ལཾ་བཱ་ཀཾ །འདུ་བ་གཉིས་སོ། །ཀཱཉྩི། ཧི་མཱ་ལ་ཡཾ། ཉེ་བའི་འདུ་བ་གཉིས་སོ། །པྲེ་ཏ་པུ་རི། གྲྀ་ཧ་དེ་བ་ཏ། མ་ལ་ཡ་གཉིས་སོ། །སཽ་རཱཥྚཾ། སུ་ཝརྞ་དྭཱི་པ། ཉེ་བའི་མ་ལ་ཡ་གཉིས་སོ། །
ན་ག་རཾ། སིནྡྷུ། དུར་ཁྲོད་གཉིས་སོ། །མ་རུ་དི་ཤཾ །ཀུ་ལུ་ཏཱ། ཉེ་བའི་དུར་ཁྲོད་གཉིས་སོ། །མཚོག་ཁ། ཐུགས་ཀ །ལྟེ་བ། གསང་གནས། བརླ་གཉིས། བྱིན་པ་ལ་རིམ་པ་བཞིན་དུ། བྷྲཱུཾ་བྷྲཱུཾ་ཨ་ཧྲིཾ་ཁཾ་ཞེས་བྱ་བ་ནི་གོ་ཆའོ། །དེ་རྡོ་རྗེ་པདྨ་འཁོར་ལོའི་དབུས་སུ་
ཧཱུཾ་ཨཱཿཨོཾ། དེ་ལྟར་ཡེ་ཤེས། ཡེ་ཤེས་ཅན་གྱིས་བསྒོམ་པར་བྱའོ། །དེ་ནས་དབང་བསྐུར་བར་བྱའོ། །ལྷ་མོའི་དབུ་ལ་དེ་བཞིན་གཤེགས་པ་ལྔ། སུ་ར་ཏི་ཤྭ་རི་ལ་སོགས་པ་ལ། དབུ་ལ་རིན་ཆེན་འབྱུང་ལྡན་ནོ། །ཤི་ཁི་ལ་སོགས་པ་རྣམས་ལ་དབུ་ལ་རྣམ་པར་སྣང་མཛད།
ཀཾ་བུ་ཙི་ལ་སོགས་པ་རྣམས་ལ་དབུ་ལ་མི་བསྐྱོད་པའོ། །དེ་ནས་ཨརྒྷཾ་སྦྱིན་པར་བྱའོ། །དེ་ནས་བདུད་རྩི་མྱང་བར་བྱའོ། །དེ་ལ་ཡཾ་རཾ་ལས་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་པདྨའི་སྣོད་བདུད་རྩི་ལྔས་བཀང་ནས་ཤ།།གོ་ཧ་ཨ་མ་ཨོཾ་ཨཱཿཧཱུཾ་དེས་བྱིན་གྱིས་བརླབ་པོ། །དེ་ནས་སྔགས་
བཟླས་པ་ནི། ཡི་གེ་བཅུ་ཕཊ་མཐར་སྦྱང་སྭཱ་ཧཱ་མཐར་སྤངས་པའོ། །ལྷ་མོ་ལ་བཟླས་པ་བྱས་པ་ཐམས་ཅད་ལ་ཨོཾ་སྔར་མིང་གི་ཡི་གེ་མཐར་ཧཱུཾ་ཕཊ་སྔགས་བཟླས་སོ། །ཛཿཧཱུཾ་བཾ་ཧོཿདང་ལྡན་པ་སྒོའི་ལྷ་མོ་རྣམས་ལའོ། །བསྒོམ་པ་ལས་ལངས་ནས་ལྷ་མོའི་གཟུགས་སུ་འཛིན་པར་
བསྒོམ་པར་བྱའོ། །ཇི་ལྟར་ནུས་པས་མཆོད་པའོ། །གཏོར་མ་སྦྱིན་པའོ། །དེ་ལ་གཏོར་མའི་སྔགས་འདིའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་རྟག་ཏུ་བྱས་ན་གྲུབ་པ་ཐོབ་པོ། །དེ་ལ་ཐེ་ཚོམ་མ་བྱེད་ཅིག །བཅོམ་ལྡན་འདས་མ་ཨུ་

རྒྱན་གྱི་སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ་རྫོགས་སོ།། །།ཐུགས་རྗེ་ཆེན་པོས་དབང་ལན་གསུམ་བསྐུར་བའི་གྲུབ་ཐོབ་ཝི་ནི་ཏ་བྷ་དྲའི་སློབ་མ་པཎྜི་ཏ་སཾ་གྷ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་བའོ།།
༄༅༅། །རྒྱ་གར་སྐད་དུ། ཨོ་ནྱན་ཏཱ་རེ་ཀྲ་མ། བོད་སྐད་དུ། ཨུ་རྒྱན་གྱི་སྒྲོལ་མའི་རིམ་པ། སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་ནམ་བཅུ་གསུམ་མམ། །དགུའམ་ལྔ་ཡི་བདག་ཉིད་ཅན། །གཙོ་བོ་འབའ་ཞིག་བསྒོམས་ནས་ནི། །སྔགས་ནི་འདི་རྣམས་བཟླས་
པ་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། ཨོཾ་སུ་ར་ཏེ་ཤྭ་རི་ཧཱུཾ་ཕཊ། ཨོཾ་སུ་ར་ཏ་སོནྟ་རེ་ཧཱུཾ་ཕཊ། ཨོཾ་སུ་ར་ཏ་ཙནྡྲ་ཧཱུཾ་ཕཊ། ཨོཾ་སུ་ར་ཏ་ཀ་མི་ནི་ཧཱུཾ་ཕཊ། ཨོཾ་སུ་ར་ཏ་ཨུ་གྲ་ཧཱུཾ་ཕཊ། ཨོཾ་སུ་ར་ཏ་ཨུཏྟ་མ་ཧཱུཾ་ཕཊ། ཨོཾ་ཤི་ཁི་ཧཱུཾ་ཕཊ། ཨོཾ་བྷི་མ་ཧཱུཾ་ཕཊ། ཨོཾ་ཤི་ཁཎྜི་ཧཱུཾ་ཕཊ། ཨོཾ་ཀཱ་རཱ་
ལི་ཧཱུཾ་ཕཊ། ཨོཾ་ཛཱ་ཊི་ལི་ཧཱུཾ་ཕཊ། ཨོཾ་ར་ཨུ་ཏྲི་ཧཱུཾ་ཕཊ། ཨོཾ་ཛ་ཊི་ཧཱུཾ་ཕཊ། ཨོཾ་མ་ཨུནྟྲི་ཧཱུཾ་ཕཊ། ཨོཾ་བྷི་ཀ་ཊ་ཧཱུཾ་ཕཊ། ཨོཾ་ཨུཏ་ཤ་ཊ་ཧཱུཾ་ཕཊ། ཨོཾ་ཀེ་རེ་ཊི་ཧཱུཾ་ཕཊ། ཨོཾ་ནརྟེ་ཀི་ཧཱུཾ་ཕཊ། ཨོཾ་ཛཿཀཾ་པུ་ཙི་ཧཱུཾ་ཕཊ། ཨོཾ་ཧཱུཾ་པུཀྐ་སཱི་ཧཱུཾ་ཕཊ། ཨོཾ་མཾ་ཌོམྦི་ནི་ཧཱུཾ་ཕཊ། ཨོཾ་ཧོ་མ་ཏཾ་གི་
ཧཱུཾ་ཕཊ། གསང་སྔགས་འདི་རྣམས་ཡང་དག་བརྗོད། །སྙིང་གི་དབུས་སུ་གཙོ་མོ་སྟེ། །མཚོག་ཁ་ལ་སོགས་གནས་རྣམས་སུ། །ལྷ་མོ་ཉི་ཤུ་རྩ་བཞི་བསྒོམས། །སློབ་མ་རྣམས་ལ་ངེས་པར་ནི། །ལྷ་རྣམས་ཀུན་གྱིས་བྱིན་གྱིས་རློབ། །ཨུ་རྒྱན་གྱི་སྒྲོལ་མའི་རིམ་པ་གསང་བ་
ལས་ཀྱང་ཆེས་གསང་བ་རྫོགས་སོ།། །།པཎྜི་ཏ་སཾ་གྷ་ཤྲཱི་དང་། ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་བའོ།། །།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། ཨོཾ་སུ་ར་ཏེ་ཤྭ་རི་ཧཱུཾ་ཕཊ་ལ་སོགས་པའོ། །ཨོཾ་ཨ་ཤ་པུ་ཙ་ཧཱུཾ་ཕཊ་ཨོཾ་ཧཱུཾ་ལ་སོགས་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ད་ཧ་ད་
ཧ། པ་ཙ་པ་ཙ། མ་ཐ་མ་ཐ། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་ཀརྱ་ནི། སྭ་ད་ཡ། སྭ་ད་ཡ། ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཌཱ་ཀི་ནི་རྡོ་རྗེ་ལྡན་མ། པཎྜི་ཏ་པར་ཧེ་ཏ། གྲུབ་ཐོབ་ཝི་ནི་ཏ་བྷ་དྲ། ཁ་ཆེའི་པཎྜི་ཏ་སཾ་བྷ་མ་ཧེ་བྷ་དྲ། འཇམ་དཔལ་གསར་མ་

དེས་ས་ཕུག་པ།། ༄༅༅། །རྒྱ་གར་སྐད་དུ། མཎྜ་ལ་ཨ་བྷི་ཥེ་ཀ་ཏ་བི་དྷིཿ། བོད་སྐད་དུ། དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་གིས་གང་གསུངས་ཤིང་། །
བླ་མའི་མན་ངག་ལས་འོངས་པའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །བསྙེན་པ་སྔོན་དུ་སོང་བ་ཡིས། །ས་རྣམས་སྦྱང་སོགས་བྱས་ནས་ནི། །ཁྲོ་བོ་ཆེན་པོ་བཟླས་བྱ་ཞིང་། །ཆོ་ག་ཤེས་པས་དཀྱིལ་འཁོར་བྱ། །རབ་ཏུ་དྲག་པའི་གསང་སྔགས་དང་། །གོ་ཆ་སྲད་བུ་འཁོར་
ལོ་དང་། །དུམ་གཅིག་རྡོ་རྗེ་ར་བ་དང་། །རབ་འབར་མེ་དང་ཁྲོ་བོས་སྲུང་། །ས་ཡི་ལྷ་མོ་ལྷག་གནས་དང་། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོའི་བར་དུ་ནི། །བླ་མ་དམ་པར་གསོལ་འདབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་པས་
མཎྜལ་དབུལ་བ་ལན་གསུམ་མོ། །སེམས་བསྐྱེད་པ་དང་གསོ་སྦྱོང་དང་། །ཉི་ཤུ་བཞི་ཡིས་སྡོམ་པ་དྲུག །སོ་ཤིང་དོར་དང་རྨི་ལམ་བརྟག །ངན་ན་འབད་པས་དེ་བཟློག་བྱ། །སྲད་བུ་མདུང་པ་གསུམ་ལྡན་པ། །གསང་སྔགས་བཟླས་པས་ལག་གཡོན་ལ། །ལེགས་པར་
བཅིངས་ཏེ་བསྲུང་བར་བྱ། །ས་གཞི་བསྟར་བར་བཅུ་ཕྱེད་བྱུགས། །མན་ངག་ལྡན་པས་ཐིག་གདབ་བྱ། །དཀར་དང་སེར་དང་དམར་དང་ལྗང་། །ཀུན་གྱི་ནང་རོལ་ནག་པོར་གནས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །འདོད་ཡོན་ལ་ནི་ལྷ་མོ་
མཛེས། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །མེ་ལོང་རྔ་ཡབ་རིན་ཆེན་ཕྲེང་། །པདྨ་དུར་ཁྲོད་རྡོ་རྗེ་དང་། །མེ་འོད་འབར་བ་ལེགས་པར་བྲི། །དབུས་སུ་པདྨ་གེ་སར་འབར། །འདབ་བརྒྱད་ཁ་དོག་སྣ་ཚོགས་པ། །ཕྱི་རོལ་འབར་བའི་འཁོར་ལོ་ནི། །མཛེས་པའི་རྩིབས་བཟང་བཅུ་གཉིས་པ། །
དབུས་སུ་ཟླ་བར་ཨུཏྤལ་དམར། །འདབ་མར་ཐོད་པའམ་དྲིལ་བུ་ནི། །དཀར་ལྗང་སྔོ་སེར་ཕྱོགས་གཡོན་སྐོར། །སེར་དཀར་དམར་སྔོ་མཚམས་རྣམས་སུ། །གཡས་སུ་སྐོར་བ་ཟླ་བ་ལའོ། །འཁོར་ལོའི་རྩིབས་ལ་འཁོར་ལོ་ནི། །བཅུ་གཉིས་ཟླ་བར་གནས་པར་བྱ། །སྒོ་བཞིར་

གྲི་གུག་རབ་འབར་བ། །ཉི་མའི་གདན་ལ་གནས་པ་བྲི། །བསམ་གཏན་གྱིས་ནི་བསམ་གཏན་བསྒོམ། །ཕྱི་ནང་གསང་བར་བཅས་པ་ཡི། །མཆོད་པ་རིམ་བཞིན་ལེགས་མཆོད་བྱ། །རྡོ་རྗེས་བལྟམས་པར་བྱས་ནས་ནི། །སློབ་མས་གསོལ་བ་བཏབ་
པ་ལ། །བླ་མའི་མན་ངག་གིས་དབང་བསྐུར། །ནམ་མཁར་ཐབས་དང་ཤེས་རབ་རྣམས། །སྙོམས་འཇུག་ཁུ་བ་མི་བསྐྱོད་པའི། །དབུར་བཞུགས་རྡོ་རྗེའི་ལམ་ནས་འཐོན། །ཤེས་རབ་པདྨར་ལྷགས་གྱུར་ཏེ། །ནམ་མཁར་སྤྲོས་ཏེ་དབང་བསྐུར་རོ། །མི་བསྐྱོད་རང་
བཞིན་ཆུ་ཡིས་སོ། །ཨོཾ་ཨཱཿབཛྲ་ཨུད་ཀ་ཋ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་ཏྭཾ་ཧཾ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་བ་གསུམ་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་རྡོ་རྗེ་ཆེན་པོ་བྱིན། །ཅོད་པན་རྒྱལ་བ་ལྔ་བསྟིམས་ཏེ། །
མགོ་བོའི་གནས་ལྔར་དབང་བསྐུར་རོ། །ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སརྦ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྲུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཨ། ཨོཾ་དྷརྨཱ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་སརྦ་བི་ཤྭ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཿསྔགས་འདི་དར་དཔྱངས་དཔྲལ་བར་བཅིངས། རིན་ཆེན་
འབྱུང་ལྡན་གནས་པས་སོ། །འོད་དཔག་མེད་པར་གནས་པ་ཡིས། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དི་རིང་ཁྱོད་ལ་བསྐུར་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་། །ཞེས་བརྗོད་གནས་གསུམ་རེག་སྟེ་སྦྱིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧྲི།
རྟ་མཆོག་ཏུ་ནི་གནས་པ་ཡིས། །ཨོཾ་བཛྲ་གྷཎྜ་ཨ་ཨཿགྲྀ་ཧི་སོ་སེ་བྷ་ག་ཝན་མ་ཡེ་སནྣ་ནི་ཧི་ཏོ་བྷ་བ་ཏི། གཡོན་པར་ཡོངས་སུ་གཏད་པར་བྱ། །རྟག་པར་རྡོ་རྗེས་གནས་པ་ཡིས། །རྡོ་རྗེ་དྲིལ་བུ་མགོར་བཞག་སྟེ། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ཨ་བྷི་ཥེ་ཀ་ཏ། ཁྱོད་ནི་
རྡོ་རྗེ་ཆེ་གེ་མོ། །མེ་ཏོག་ལྷུང་བའི་རྗེས་འགྲོར་བརྗོད། །སློབ་དཔོན་དབང་སོགས་བརྗོད་ན་ཡང་། །ཀྱེ་ཡི་རྡོ་རྗེ་ཇི་བཞིན་བརྗོད། །དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བསྡུས་པ་པ་ར་ཧེ་ཏ་པཎྜི་ཏས་སྦྱར་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སཾ་གྷ་ཤྲཱི་བྷ་དྲ་དང་།

འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་བའོ།། །།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་གཱ་མི་ནི་དེ་བ་ཏཏྟ་ཨུཙྪ་ཏྲ་ཡ་ཧཱུཾ། འདི་བྱ་རོག་གི་སྒྲོས་ལན་སུམ་ཅུ་རྩ་གཅིག་བཟླས་ནས་བསྒྲུབ་བྱའི་སྒོ་ལ་སྦས་པས་ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །སྒྲོལ་མའི་གཟུངས་
ཀྱིས་སྲིན་ལག་ལ་ལན་བདུན་བཟླས་ལ། བདག་གི་མིག་གཉིས་ཕྱིས་ཏེ། དེ་ནས་རྒྱལ་པོའི་དྲུང་དུ་ཕྱིན་ན་རྒྱལ་པོ་དེ་སློབ་མ་ལྟ་བུར་འགྱུར་བས་དད་པ་བྱེད་པ་དང་། ངག་ཏུ་མི་སྨྲ། སྦྱིན་པ་སྟེར། ཁོལ་ལྟར་འགྱུར་རོ། །ཁྲོས་ཀྱང་དབང་དུ་འགྱུར་རོ། །འདི་ནི་ཡིད་ཆེས་
པས་ངོ་མཚར་རོ། །བདག་ཉིད་སྒྲོལ་མར་བསྒོམས་ཏེ། ཚ་བའི་མར་ཁུས་ལུས་བྱུག་པ་བྱ། སྔགས་ཁྲི་བཟླས། བཟླས་པའི་རྗེས་སུ་འབྲས་མཁར་མ་ཅན་གྱི་མ་དག་པ་དྲི་མ་བཏོན། དེ་ལ་སྣུམ་ཁུར་བྱས་ལ་བསྒྲུབ་བྱ་ལ་བྱིན་ན་ངེས་པར་ཐེ་ཚོམ་མེད་པའོ། །གོས་ཀྱི་
ཐུ་བ་ནས་བཟུང་སྟེ་གང་དུ་འགྲོ་བའི་ཕྱོགས་ཀྱི་གནོད་བྱེད་བཀུག་ལ་ཐུ་བར་གཏུམས་ཏེ་མདུད་པ་བྱས་ལ་སྔགས་འདི་ལན་བདུན་བསྔགས་ལ། འཇིགས་པའི་ས་གང་དུ་འགྲོ་ཡང་འཇིགས་པ་མི་འབྱུང་ངོ་། །སྟག་དང་། ཆོམ་རྐུན་དང་། སྦྲུལ་དང་། གླང་པོ་ཆེ་དང་།
མ་ཧེ་དང་། དྲེད་ལ་སོགས་པས་ཀྱང་གནོད་པར་མི་འགྱུར་རོ། །དབང་གི་ཐབ་ཏུ་ཨུཏྤ་ལ་དམར་པོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །སྤྲ་ཚིལ་དང་སྐེ་ཚེའི་འབྲས་བུ་དང་། པོ་སོ་ཆ་དང་། ཨ་ཤོ་ཀའི་ལོ་མ་རྣམས་མར་དང་སྦྲང་རྩིའི་ལྡེ་གུ་དང་
བཅས་པས་སྟོང་ཕྲག་ལྔའི་སྦྱིན་སྲེག་གིས་ཉི་མ་བདུན་གྱིས་རང་འདོད་པའི་བུ་མོ་ཐོབ་བོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་བྷི་དྷ་ན་ཀུ་མཱ་རི་མ་ཧཱ་མུ་རྦྷ་ཧེ་ན་ཧ་པྱ་པི་ཏཱ་པྲ་ཡཙྪ་དུ་མེ་སྭཱ་ཧཱ། རྒྱ་ཤུག་གི་ཚེར་མ་སྟོང་ཕྲག་ལྔ་རང་བྱུང་གི་མེ་ཏོག་དང་བཅས་པས་སྲེག་བླུགས་བྱས་ན། སྐྱེས་
པས་སྐྱོང་བའི་བུ་མོ་ཡང་འགུགས་སོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་བྷཏྟཱ་ནཾ་སྭཱ་ཐ་ན་ཏ་པས་ཀ་རཱ་ཡ་མ་མ་ན་ཀེ་ཛ། ཟླ་མཚན་འཛག་པའི་རས་ལ་བཅོམ་ལྡན་འདས་མ་ཕྱག་གཉིས་ཞལ་གཅིག་མ་ལྕགས་ཀྱུ་དང་ཨུཏྤལ་ཞགས་པ་དང་བཅས་པ་རྣམས་བྲི། དེའི་མདུན་

དུ་མཆོད་པ་བྱས་ནས། ཕྱི་ནས་བསྒོམས་ལྡན་སྔགས་བཟླ་བར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀི་མ་མ་ཨི་པིས་ཏཾ་སྭབྣཾ་ཀ་ཐཱ་ཡ་ཧཱུཾ་ཕཊ། སྟོང་ཕྲག་ལྔས་འོང་བར་འགྱུར་རོ། །ཞགས་པས་ཨ་མུ་ཀའི་མགྲིན་པ་བཅིངས། ལྕགས་ཀྱུས་དྲངས་ནས་
བསྒྲུབ་བྱ་རྐང་པའི་འོག་ཏུ་བསམས་ཏེ། ཁོལ་མོའི་ཚུལ་གྱིས་བཟའ་བར་བྱའོ། །ན་མོ་གུ་རུ་བྷྱཿ། མེ་སྦར་བསངས་ནས་ཐབ་བསྐྱེད། བྱིན་བརླབས་སྤྱན་དྲངས་པད་གདན་དབུལ། །ཆུ་བཞི་ཕུལ་ལ་ཕྱག་རྒྱ་བསྟན། །དགུག་གཞུག་དབང་བསྐུར་རྒྱས་གདབ་བྱ། །ཀུ་ཤ་
བྱོན་ཟན་མེ་ལྟས་བརྟག །སྲེག་རྫས་ཕུལ་ནས་མཆོད་བསྟོད་བྱ། །ནང་མཆོད་ཧཱུཾ་ཏྲ་ཛྭ་ཡིས་བསང་། །འདས་པའི་དམ་ཚིག་བསྐྱེད་ཅིང་གཞུག །དབང་བསྐུར་མཆོད་བསྟོད་བྱོན་ཟན་དབུལ། །སྲེག་རྫས་མཆོད་བསྟོད་གསོལ་བ་གདབ། །བཟོད་གསོལ་གཤེགས་ཤིང་
དམ་ཚིག་བསྡུ། །མེ་ལྷ་གསོལ་གདབ་སྲེག་རྫས་ཀྱི། །ལྷག་མ་ཕུལ་ལ་དགང་བླུགས་གསུམ། །ཡོན་བདག་ལག་པ་ནས་བཟུང་དབུལ། །གཏོར་མ་མཆོད་པ་བསྟོད་པ་དབུལ། །གསོལ་བ་གདབ་ཅིང་མེ་ལྷ་གཤེགས། །དམ་ཚིག་བསྡུ་ཞིང་ལྷག་ཆད་བསྐང་།།
༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་ཡོ་གཱི་ནི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཞིང་ཆེན་གྱི་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ས་བོན་ཡང་དག་བསྡུས། །
གསུམ་པ་གཟུགས་རྟེན་ཡང་དག་རྫོགས། །བཞི་པ་ཡི་གེ་རིམ་བཞིན་དགོད། །ཅེས་གསུངས་པ། དང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྙིང་རྗེ་ཆེན་པོ་སྔོན་དུ་དམིགས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་སྟོང་
པ་ཉིད་ཀྱི་རང་བཞིན་རྣམ་པར་མི་རྟོག་པའི་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །གཉིས་པ་ནི་སྟོང་པ་ཆེན་པོའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་ཆེ་བ་བསམ་མོ། །དེའི་དབུས་སུ་ཏཱཾ་དམར་མོ་

དེ་གྱུར་པ་ལས་པདྨ་དམར་པོ་ཡུ་བ་ལ་ཏཱཾ་གིས་མཚན་པའོ། །གསུམ་པ་ནི་དེ་ལས་འོད་ཟེར་འཕྲོས་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ནས་ཐིམ་པས་རྗེ་བཙུན་མའི་སྐུ་རུ་བདག་ཉིད་བསྐྱེད་པར་བྱ། །ཞལ་
བཞི་ཕྱག་བརྒྱད་མ་གཡས་ཀྱི་ཞལ་སྔོན་པོ། གཡོན་ལྗང་གུ། དབུས་དམར་པོ། སྟེང་ཞི་བའི་ཞལ་སེར་པོ། ཁྲོ་ཞལ་གསུམ་པོ་ལ་སྤྱན་དམར་པོ་ཟླུམ་པ་གསུམ་གསུམ་མཆེ་བ་གཙིགས་པའོ། །ཕྱག་བརྒྱད་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་རལ་གྲི། གསུམ་པ་ན་ཀ་པཱ་ལ།
བཞི་པ་ན་ཌ་མ་རུའོ། །གཡོན་པ་དང་པོ་ན་ཨུཏྤ་ལ། གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་ཁ་ཊྭཱཾ་ག །བཞི་པ་ན་དྲིལ་བུའོ། །སྐུ་མདོག་ཤིན་ཏུ་དམར་བ་དོན་ཡོད་གྲུབ་པས་དབུ་བརྒྱན་བྱས་པའོ། །དཔྲལ་བའི་སྟེང་ན་ཐོད་པ་ལྔ་ཡོད་པ། མི་མགོ་ལྔ་བཅུ་ཐམ་པའི་ཕྲེང་བའི་
དོ་ཤལ་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཟླ་བ་ཉི་མའི་གདན་ལ་བཞུགས་པར་བསམ་མོ། །བཞི་པ་ནི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་སྟེང་དུ་ཨཱཿདམར་པོ།
སྙིང་གར་རྡོ་རྗེ་རྩེ་ལྔ་པའི་སྟེང་དུ་ཧཱུཾ་སྔོན་པོ་བསྒོམ་མོ། །བཟླས་པ་ནི་སྙིང་གའི་སྨད་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨུཏྤ་ལ་དམར་པོའི་ཡུ་བ་ལ་ཏཱཾ་དམར་པོ་བསམ། དེ་ལ་སྔགས་ཀྱི་ཕྲེང་བ་འོད་ཟེར་དམར་པོ་དང་བཅས་པ་སྤྲོས་པས། སེམས་ཅན་གྱི་སྡིག་པ་སྦྱངས་ལ། བདེ་བ་མཐའ་
དག་ཐོབ་པར་བྱའོ། །ཚུར་འདུས་ཁ་ནས་མར་ཞུགས་ཕྱག་མཚན་ས་བོན་ལ་ཐིམ། ནང་དུ་རང་ལ་རྟོགས་པ་སྐྱེས་པར་བསམ་མོ། །དེ་བཞིན་དུ་ཡང་ནས་ཡང་དུ་བསམ་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། ཅེས་པ་ནུས་ཚད་བཟླས་སོ། །འཇོག་ཙ་ན་སེམས་ཅན་ཐམས་ཅད་ཀྱིས་
རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་བྱའོ། །དེ་ནས་སྤྱོད་ལམ་ཐམས་ཅད་སྒྲོལ་མའི་ང་རྒྱལ་གྱིས་གོམས་པར་བྱའོ། །དཔའ་མོ་གཅིག་པའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་རྒྱལ་

མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨོ་ཌྱན་ཀ་མ་ཏཱ་རེ་དེ་བཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཨུ་རྒྱན་གྱི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་མ་ལྷ་མོ་འཕགས་མ་སྒྲོལ་མ་གནས་ཆེན་གྱི་དབང་
ཕྱུག་མ་ལ་ཕྱག་འཚལ་ལོ། །གསང་བའི་རྒྱུད་དུ་རྡོ་རྗེའི་ཚིག་འདི་གསུངས། །དེ་ཁོ་ན་ཉིད་རྟོགས་དཀའ་མན་ངག་འདི། །སྤྲོས་པ་དང་བྲལ་རྣམ་པར་རྟོག་མེད་ལས། །དང་པོ་ཉིད་རྗེས་ལངས་ཏེ་བཤད་པར་བྱ། །ཉམ་ང་སྤངས་པའི་སེམས་ཀྱིས་ས་གཞིར་བྲིས། །མཎྜལ་བྱས་
ཏེ་བདུད་རྩི་ལྔས་གང་བའི། །ཐོད་པ་རླུང་མེས་དག་བསྒོམ་བདུད་རྩི་འབར་བ་ཡིས། །ལུས་ལ་ཁྱབ་བྱུགས་ཕྱི་ནང་དག་བྱས་ནས། །འབོལ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་དང་། །ཡེ་ཤེས་ཕྱག་རྒྱས་བརྟན་པས་རབ་འདུག་ནས། །སྟོང་ཀྱང་སྣང་བའི་འགྲོ་གསུམ་ཐམས་ཅད་ལ། །
རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་འདྲར་བལྟ། །སྙིང་ནང་མཁའ་དབུས་ཡེ་ཤེས་དྲི་བྲལ་བའི། །ཟླ་བའི་སྟེང་དུ་ཏཱཾ་ཡིག་འོད་ཟེར་ལྔ། །འབར་བ་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་། །སྒྲོལ་མ་དང་བཅས་ཐམས་ཅད་གྲུབ་པ་རྣམས། །ཀུན་ནས་ཡེ་ཤེས་སྐུ་ཅན་དྲན་པར་བྱ། །ཡེ་ཤེས་
འོད་ཟེར་དག་གི་ཕྱོགས་བཅུ་ཡི། །སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ནི། །སངས་རྒྱས་ས་ལ་རབ་བཀོད་མཁའ་དབྱིངས་དང་། །འགྲོ་བ་ཐམས་ཅད་སྒྲོལ་མར་རབ་བལྟས་ཏེ། །ཡེ་ཤེས་མཆོད་པས་སྣ་ཚོགས་གཉིས་མེད་མཆོད། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་
བ་དང་། །སེམས་ཅན་ཀུན་གྱི་དོན་བྱས་གསུམ་པོ་ཡིས། །དབྱེ་བས་མི་ཤེས་དང་བཅས་སྡིག་པ་བཤགས། །སྡིག་ལས་རྣམ་གྲོལ་མྱུར་དུ་སངས་རྒྱས་ཤོག །བདག་ཉིད་འགྲོ་བ་སངས་རྒྱས་སྒྲོལ་མ་དང་། །སྣང་བའི་ཡུལ་རྣམས་ཐམས་ཅད་སྒྲོལ་མར་བྱ། །རྣམ་པར་
རྟོག་པ་མ་ལུས་བཅོམ་པ་ཡིས། །ཆོས་རྣམས་རང་བཞིན་སྟོང་ཞིང་བདག་མེད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནམ་མཁའི་ཁམས་སུ་ཟླ་བའི་དབུས་གནས་པའི། །དེ་ལ་སྟོང་པའི་ཡེ་ཤེས་ཀྱིས་མནན་པ། །ཟླ་བའི་དབུས་སུ་ཏཱཾ་གི་ཡི་གེ་ལས། །

རྡོ་རྗེ་རླུང་མེ་གཡོ་བའི་རྣམ་དག་པའི། །ཡེ་ཤེས་བྱིན་བརླབས་སངས་རྒྱས་ཀུན་ཞིང་གི། །རྣལ་འབྱོར་རྣལ་འབྱོར་མ་དང་དེ་བཞིན་གཤེགས། །བྱང་སེམས་མགོན་པོ་ཀུན་ནས་གཡོ་བ་ཡི། །ཡེ་ཤེས་རླུང་གི་གཉིས་མེད་ཡི་གེ་ལ། །ཐིམ་པས་ཡེ་ཤེས་མ་ལུས་ཐམས་ཅད་
མཁྱེན། །དེ་ཁེངས་འདྲེས་ལས་གྱུར་པས་བདག་ཉིད་དང་། །འགྲོ་བ་མཐའ་དག་སྒྲོལ་མའི་སྐུར་བསྐྱེད་དེ། །དམར་དང་སྔོན་པོ་ལྗང་གུ་ཅུང་ཟད་ཁྲོ། །དཔའ་བོ་ཞི་བ་སེར་པོ་སྟེང་གི་ཞལ། །ཐོད་པའི་ཕྲེང་བས་དབུ་བརྒྱན་ཡེ་ཤེས་ལྔ། །རྒྱན་རྣམས་མ་ལུས་ཐམས་ཅད་བརྒྱན་པ་
ཡི། །རྡོ་རྗེ་རལ་གྲི་ཨུཏྤལ་རིན་པོ་ཆེ། །ཐོད་པ་ཁ་ཊྭཱཾ་དྲིལ་བུ་ཌ་མ་རུ། །འཛིན་ཅིང་བདེ་བའི་ཡེ་ཤེས་འབྲས་བུ་འབྱུང་། །སྟག་ལྤགས་ཤམ་ཐབས་ཕྱེད་ཀྲུང་གར་གྱིས་གནས། །སྣ་ཚོགས་པད་ཟླའི་དཀྱིལ་བརྟན་སྙིང་རྗེ་ཁྲོས། །སྤྱན་གསུམ་དམར་བས་ཀུན་ལ་གཟིགས་
གཡོན་དུ། །བལྟ་ཞིང་རླུང་གི་དཀྱིལ་འཁོར་ལ་གནས་པ། །ཞིང་དུ་སྤྲོས་པ་མཆོག་གི་རྣལ་འབྱོར་མ་ཚོགས་དབུས། །འཇུག་ཅིང་བདེ་བ་ཐམས་ཅད་རབ་སྟེར་བཞུགས། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ། ཡི་གེ་ཉི་ཤུ་རྩ་བཞི་འདི་དག་ཀྱང་། །
རྣལ་འབྱོར་མ་གནས་འཁོར་ལོ་ལུས་ལ་དགོད། །རྣལ་འབྱོར་མ་ཡི་དབང་ཕྱུག་རབ་ཏུ་བསྒྲུབ། །སྤྱི་བོ་སྤྱི་གཙུག་རྣ་གཡོན་ལྟག་ཁུང་དུ། །རྣ་གཡས་སྨིན་མཚམས་མིག་དང་ལག་གཉིས་ལ། །དེ་བཞིན་མཆན་ཁུང་གཉིས་གནས་ནུ་མ་གཉིས། །ལྟེ་བ་སྣ་རྩེ་ཁ་མགྲིན་སྙིང་ག་
རྣམས། །ཕོ་ཁ་གསང་གནས་བཤང་ལམ་དེ་བཞིན་བརླ། །རྗེ་ངར་བོལ་གོང་རྐང་མཐིལ་རྐང་སོར་དང་། །པུས་མོ་རིམ་བཞིན་འདི་དག་ལུས་ལ་དགོད། །དེ་ནས་ལྷ་ཡི་རིམ་པ་དགོད་པར་བྱ། །དང་པོ་ལྷ་མོ་སུ་ར་ཏེ་ཤྭ་རི། གཉིས་པ་སུ་ར་ཏ་སནྟོ་རི། གསུམ་པ་སུ་ར་ཏ་ཙནྡྲ། བཞི་
པ་སུ་ར་ཏ་མ་ལི་ནི། ལྔ་པ་སུ་ར་ཏ་བྷཀྵི་དང་། དྲུག་པ་སུ་ར་ཏ་ཀ་མི་ནི། བདུན་པ་སུ་ར་ཏ་ཨུ་གྲ་དང་། བརྒྱད་པ་སུ་ར་ཏ་ཨུཏྟ་མ། །གནས་དང་ཉེ་བའི་གནས་ནས་ལྷ་མོ་བསྒོམ། །རྣལ་འབྱོར་མ་ཡི་དབང་ཕྱུག་རབ་ཏུ་བདེ། །དཀར་པོ་ལྗང་གུ་སྔོ་སེར་ཁ་དོག་བཞི། །

སེར་དཀར་དམར་སྔོ་ཁ་དོག་དེ་བརྒྱད་དོ། །ཐོད་པ་ཁ་ཊྭཱཾ་དྲིལ་བུ་ཌ་མ་རུ། །ཕྱོགས་འཛིན་བརྒྱད་པོ་ཐོད་པའི་ཕྲེང་བ་དང་། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཁྲོ་བོ་ཡི། །ཤི་ཀྵེ་བྷི་མ་ཤི་ཁཎྜཱི་དང་བཅས། །ཀེ་རཱ་ལི་ཛ་ཏྲ་ལཱི་དེ་བཞིན་དུ། །ཨུ་དྲ་ཛོ་ཏྲཱི་དེ་
བཞིན་ཙནྡྲི་དང་། །མཽཎྜི་བི་ཀ་ཏ་ཨུཏྐ་སྟེ་བཅས། །ཀི་རི་ཊི་ན་རྟ་ཀི་ཀཾ་པུ་ཛཱི། །པུཀྐ་སཱི་ཌོམྦི་ནཱི་མ་ཏཾ་གེ་ནི། །ཡོངས་བསྐོར་འདི་དག་ཞིང་དང་ཉེ་བའི་ཞིང་། །ཚནྡོ་ཉེ་བའི་ཚནྡོ་འདུ་བ་ཉེ་འདུ་བ། །དུར་ཁྲོད་ཉེ་བའི་དུར་ཁྲོད་ལྷ་མོ་ནི། །བཅུ་གཉིས་ཕྱེད་དམར་ཕྱེད་ལྗང་ཐོད་ཕྲེང་
གིས། །དབུ་རྒྱན་སྣ་ཚོགས་རྒྱན་ལྡན་སྐྲ་གྲོལ་བ། །ཅུང་ཟད་བསྒྱིངས་ཤིང་ཅོད་པན་རྣམ་སྣང་ལྡན། །ཐོད་པ་ཁ་ཊྭཱཾ་འཁོར་ལོ་རྡོ་རྗེ་བསྣམས། །སྒོ་སྐྱོང་བཞི་ནི་སྣ་ཚོགས་མདོག་ཅན་ལ། །མཆེ་བ་གཙིགས་ཤིང་གཡས་བརྐྱང་གཡོན་བསྐུམ་བཞུགས། །སྣ་ཚོགས་
པདྨ་ཉི་མའི་སྟེང་དབུས་ན། །མི་བསྐྱོད་པ་ཡི་དམ་ཚིག་ཐོར་ཚུགས་བརྒྱན། །ཐོད་པ་ཁ་ཊྭཱཾ་གྲི་གུག་མི་མགོ་འཛིན། །སྦྲུལ་གྱི་རྒྱན་ཅན་བདུད་བཞིའི་སྟེང་གནས་པ། །ཐམས་ཅད་ཕྱོགས་ཀྱི་གོས་ཅན་སྙིང་རྗེ་ཡིས། །དག་པ་བདེ་ལྡན་རིན་ཆེན་ཡེ་ཤེས་ཀྱིས། །བདག་པོས་
སྤྱི་བོར་སྤྲས་པ་རྣམ་པར་བརྒྱན། །བདེ་ཆེན་དབང་ཕྱུག་ལྟེ་བའི་དབུས་བཞུགས་པའི། །བཟང་ཞིང་ཆེ་བའི་སྒྲོལ་མ་རྣལ་འབྱོར་མ། །དགའ་བདེའི་དབང་ཕྱུག་མ་ཀུན་འདབ་མ་ལ། །གཡོན་སྐོར་གཡས་སྐོར་དབྱིངས་ཀྱི་དབང་ཕྱུག་མའི། །འགྲོ་བའི་བདག་མོའི་འཁོར་ལོ་
མང་པོ་ནི། །ཤི་ཀྵེ་ནས་བཟུང་ཙནྡྲ་མཐའ་མ་ནི། །ནིརྟི་རྐང་སྟབས་གར་གྱིས་བསྐོར་བའོ། །སྒོ་བཞི་ཀཾ་བུ་ལ་སོགས་གཡོན་སྐོར་གནས། །སྤྱི་བོ་སྙིང་ག་ལྟེ་བ་གསང་བ་བརླ། །པུས་མོའི་རིམ་བཞིན་རང་གི་མཚན་མའི་དབུས། །ཤིན་ཏུ་བཟང་བ་ཡེ་ཤེས་ལྔ་ཡི་རིགས། །
ལུས་ལ་དགོད་པ་བྲུཾ་ཧཱུཾ་ཨཱཾ་ཏྲཱཾ་ཁཾ། །རྡོ་རྗེ་པདྨ་འཁོར་ལོ་ལ་སོགས་དབུས། །སེམས་ལ་སོགས་པའི་མཚན་ཉིད་བཀོད་ནས་ནི། །ཡེ་ཤེས་འོད་ཟེར་གྱིས་ནི་འཁོར་ལོ་དགུག །མཉམ་པའི་སེམས་ཀྱིས་མཆོད་ཡོན་ལ་སོགས་དང་། །ཡེ་ཤེས་བདུད་རྩི་ལྔ་ཡི་མཆོད་ཡོན་གྱིས། །

མཆོད་ཅིང་བསྟོད་ནས་ཡེ་ཤེས་བདག་ལ་ཞུགས། །རང་གི་སྤྲོས་ནས་ཡེ་ཤེས་ཆུ་རྒྱུན་གྱིས། །དབང་བསྐུར་ཤིན་ཏུ་སྤྲོས་ཤིང་ཡེ་ཤེས་ཀྱིས། །མཆོད་པ་སྤྲོས་ནས་སངས་རྒྱས་རྣལ་འབྱོར་པ། །སེམས་ཅན་མཐའ་དག་སྒྲོལ་མའི་གཟུགས་སུ་མཐོང་། །བསྒོམ་པར་བྱ་བའི་རྣལ་
འབྱོར་མ་ཡི་བསྒོམ་པ་ཡི། །ངོ་བོ་མཆོག་གི་དེ་ཉིད་ཞིང་རྣམས་རིམ་པ་ལྟར། །རྣལ་འབྱོར་མ་ཡི་མན་ངག་དམ་ཚིག་རིམ། །བླ་མའི་རྗེས་འབྲངས་བདག་གིས་ཐོབ་པའོ། །བླ་མའི་ཞབས་ཀྱི་བཀའ་དྲིན་ལས་རྟོགས་པ། །ཡེ་ཤེས་རྟོགས་པའི་བདག་ཉིད་ངོ་བོས་རྟོགས། །
ཡེ་ཤེས་རྟོགས་པའི་དྲི་བྲལ་ཡེ་ཤེས་མེད། །རྟོག་མེད་ཆོས་ཀྱི་བདག་མེད་མཉམ་པ་ཉིད། །ཁ་དོག་དབྱིབས་དང་ཡི་གེ་རང་བཞིན་མེད། །རིང་མེད་ཆོས་རྣམས་ཀུན་གྱི་དེ་ཁོ་ན། །མཆོག་གི་དཀྱིལ་འཁོར་རྣལ་འབྱོར་ཡེ་ཤེས་གནས། །དེ་ཁོ་ན་ཡི་བཟླས་པ་མཆོག་
གི་མཆོག །དེ་ནི་རྣལ་འབྱོར་དབང་ཕྱུག་རབ་ཏུ་བསྒྲུབ། །བདག་གི་དེ་ཉིད་བཟང་པོ་རབ་གྲུབ་པའི། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་འདི་དག་གི །མིང་གི་ཡི་གེ་དབུས་གནས་ཐམས་ཅད་ལ། །དང་པོའི་ས་བོན་དང་སྦྱར་མཐའ་མ་རུ། །ཧཱུཾ་ཕཊ་སྦྱར་བས་སྒོ་བཞིའི་ལྷ་མོ་
བསྡུས། །དེ་སྟེང་ཛཿཧཱུཾ་བཾ་ཧོཿསྦྱར་བ་ཡིས། །དུས་རྣམས་ཀུན་ཏུ་རྣལ་འབྱོར་བྱ་བའོ། །ཕྱུགས་དག་བསད་ནས་གཡོས་བྱས་ལྷ་བཤོས་བཞིན། །རྣལ་འབྱོར་མ་གྲོགས་བཟང་དང་སྒོམ་པ་པོ། །རྟག་ཏུ་བཟའ་དང་བཟའ་མིན་དེ་བཞིན་དུ། །བཏུང་དང་བཏུང་མིན་བགྲོད་བྱ་བགྲོད་
མིན་སྤྱོད། །རྣལ་འབྱོར་མ་ཚོགས་དཀྱིལ་འཁོར་འདི་དག་ནི། །སྡིག་པས་མ་གོས་མཉམ་ཉིད་བརྟན་པའི་ཆོས། །རྣལ་འབྱོར་གོང་མ་རྣལ་འབྱོར་སྟེར་གསང་བ། །ཤིན་ཏུ་གསང་བ་འོག་མའི་གོང་མ་འདི། །སྦ་ཞིང་མི་བརྗོད་སྐྱེ་བ་འདི་ལ་འགྲུབ། །དགེ་བ་བཅུ་དང་ཚངས་པའི་
གནས་བཞི་ལྡན། །སྦྱིན་སོགས་མང་པོ་གཏོང་བའི་སྙིང་སྟོབས་ཅན། །མཆོག་དང་མཆོག་མིན་གོང་དུ་བསྒོམ། །ཇི་ལྟར་རིགས་ཀྱི་རིམ་པར་སོན་པ་ཡི། །གང་ལ་མོས་པ་སྣ་ཚོགས་རྣལ་འབྱོར་མ། །རི་དགས་གདན་ཅན་སྣ་ཚོགས་པད་ཉི་ལ། །བདག་ཉིད་རྗེ་བཙུན་སྒྲོལ་མའི་

གཟུགས་འཛིན་མ། །སྣ་ཚོགས་མདོག་ཅན་ཞབས་བཞི་བརྐྱང་བསྐུམ་དུ། །ཡང་དག་བརྟན་བཞུགས་ལྗང་གུ་སེར་པོ་དང་། །དམར་པོ་སྟེང་ཞལ་གཡོན་དཀར་མཆེ་གཙིགས་ཞལ། །ཐོད་པ་ཞལ་གྱི་སྟེང་གནས་དོན་གྲུབ་ཀྱི། །དབུ་རྒྱན་མི་རུས་རྒྱན་
འཛིན་སྐྲ་གྲོལ་བ། །སྤྱན་གསུམ་དམར་བས་མཛེས་པའི་གཟུགས་ཅན་ལ། །རལ་གྲི་རྡོ་རྗེ་གསོར་བ་འཁོར་ལོ་དང་། །ལྕགས་ཀྱུ་དྲིལ་བུ་སྙིང་གར་སྡིགས་མཛུབ་འཆང་། །གྲི་གུག་མི་མགོ་མཆོག་ཏུ་ཨུཏྤལ་ཐོད། །ཁཊྭཱཾ་ག་འཛིན་ཚངས་པའི་པགས་སྟེང་གཡོགས། །དབང་
ཕྱུག་ཆེན་པོ་ཁྱབ་འཇུག་གི་སྟེང་དུ། །ཞབས་ཀྱི་པདྨར་བཞུགས་ཤིང་ཐུགས་འཁྲུག་པ། །སྔོན་དུ་བརྗོད་པའི་དཀྱིལ་འཁོར་དབུས་ན་བཞུགས། །རྣལ་འབྱོར་མ་ཚོགས་ཐམས་ཅད་སྣ་ཚོགས་མདོག །ཕྱོགས་ཀྱི་གོས་འཛིན་གསང་བ་སྦས་པ་ཡིས། །གང་གི་དཔལ་
ལྡན་རྣལ་འབྱོར་བྱང་ཕྱོགས་ཀྱི། །རིམ་པའི་རིམ་པ་གོང་མའི་རྣལ་འབྱོར་མཆོག །བརྒྱུད་པའི་རིམ་པ་ཐམས་ཅད་བླ་ན་མེད། །བསམ་གཏན་རྣལ་འབྱོར་མ་སྙིང་བླ་ན་མེད། །འདིས་ནི་བཟང་པོའི་ལས་རྣམས་ཐམས་ཅད་བྱེད། །སྦྱངས་པས་སྡིག་སྤྱོད་སྤྲོས་མེད་བསྒོམ་
པར་བྱ། །གང་ཞིག་རྣལ་འབྱོར་གང་གིས་ས་འོག་དང་། །ས་སྟེང་ས་བླ་མ་ལུས་ཕྱི་ནང་ཀུན། །ལུས་ཀྱི་ཞིང་གི་ངོ་བོའི་བདག་ཉིད་ནི། །གནས་སུ་ཇི་ལྟར་བདེ་བར་སྙིང་གར་ཧཱུཾ། །དཔྲལ་སྟེང་ཨོཾ་དང་སྤྱི་བོར་ཧཾ་མིག་ཏུ། །ཧཱུཾ་དགོད་ལུས་ཀུན་ཧཾ་ཕཊ་ཡན་ལག་ཀུན། །ལུས་
ཀྱི་ཞིང་གི་ངོ་བོའི་བདག་ཉིད་ནི། །མདའ་སྤྲོ་ཧེ་ཧོ་ཧི་ཧཾ་ཕཊ། །སྙིང་ག་དཔྲལ་བ་སྤྱི་བོ་མིག་ལུས་ཀུན། །ཡན་ལག་ཐམས་ཅད་ཡན་ལག་དྲུག་ལུས་ལ། །ཆོ་ག་རིམ་བཞིན་འགྲོ་བའི་རིམ་པར་དགོད། །ཡི་དམ་ལྷ་ཡི་ངོ་བོའི་བདག་ཉིད་དུ། །འགྲོ་བ་ཐམས་ཅད་བལྟས་ཏེ་སྲིད་
པ་ལས། །སྒྲོལ་བའི་སྒྲོལ་མའི་བཟླས་བསྒོམ་དེ་མཆོག་ཡིན། །དུར་ཁྲོད་ཤིང་གཅིག་རི་ཁྲོད་གནས་གཞི་ཕུག །མཆོད་རྟེན་མཐའ་འཁོབ་རྣལ་འབྱོར་མ་ཡི་གནས། །སྨད་འཚོང་མ་གནས་ལམ་དང་རྒྱལ་པོའི་གྲོང་། །ཆུ་འགྲམ་ཆེན་པོའི་དྲུང་དང་རྟགས་གཅིག་པ། །དབང་

ཕྱུག་ཆེ་གནས་རྫིང་བུ་ལྟེང་ཀའམ། །འཇིག་རྟེན་མཁའ་འགྲོ་མ་ཡི་གནས་སམ་གང་རུང་དུ། །བརྩོན་པས་གཅིག་ཏུ་གྲོགས་མེད་ངོ་བོའི་བདག་ཉིད་དུ། །ཡིད་དགའ་རྣལ་འབྱོར་བརྒྱུད་པ་ཞིང་བརྒྱུད་རིགས་བརྒྱུད་པའི། །རྣལ་འབྱོར་མ་ཡི་བདག་མོ་ཤིན་ཏུ་ཟ། །འཁོར་ལོ་བརྒྱུད་པ་
ཡེ་ཤེས་བརྒྱུད་པ་བསྒོམ། །རིམ་པར་བརྒྱུད་པ་བླ་མའི་རིམ་བརྒྱུད་པ། །མི་ཕྱེད་བྱང་སེམས་ངོ་བོ་བརྟན་པ་འདི། །ལེགས་པར་མི་ཕྱེད་ངེས་པའི་ཤེས་པ་ཡི། །མི་བདེན་ཡུལ་ཆོས་རྣམ་པར་རྟོག་པ་སྤངས། །ལུས་ངག་ཡིད་ཀྱི་རྒྱུད་ལས་བསྒོམ་འགྲུབ་པ། །སྤྱི་བོའི་སྟེང་དུ་ཟླ་བའི་
དཀྱིལ་འཁོར་གྱི། །སྟེང་ན་བདུད་རྩི་ལྔ་འབབ་ཡང་དག་འཕྲོ། །གང་ཞིག་བརྟན་པས་ཨོཾ་ཡིག་བསྒོམ་པར་བྱ། །མི་ཕྱེད་བྱས་པ་ཇི་ལྟར་རྣལ་འབྱོར་གྱིས། །སྟེང་ནས་འབབ་པ་འབྱུང་བར་བྱེད་པ་ཡི། །འདི་ཡི་རྣལ་འབྱོར་མ་ཡི་རྣལ་འབྱོར་གྱིས། །རང་གི་ངོ་བོ་གཟི་བརྗིད་བཅས་
པ་དང་། །ཀུན་ནས་སྡུག་བསྔལ་ཐམས་ཅད་རྣམ་སྤངས་ཤིང་། །མཆོད་གནས་ཆེན་པོ་རྗེ་བཙུན་སྒྲོལ་མའི་སྐུ། །བསམ་གཏན་དེ་ཁོ་ན་ཉིད་དོན་ཕྱུག་པའི། །དཔལ་ལྡན་རྡོ་རྗེ་སེམས་དཔས་གང་གསུངས་པའི། །མཆུ་ལ་བཾ་ཡིག་དག་གི་ལཾ་གྱི་ལྕེ་ལ་ཨ་བཞག་སྟེ། །
ཡིད་བཞིན་ནོར་བུ་འདི་མཆོག་སྡུག་བསྔལ་ཐམས་ཅད་འཕྲོག་ཅིང་ཞི། །ཡེ་ཤེས་དེ་ཉིད་རང་བཞིན་མཐོང་བ་འདི། །གང་ཞིག་འདི་བསྒོམ་རྣལ་འབྱོར་བྱང་ཆུབ་སེམས་དཔའ་ཡི། །གྲགས་པ་ཆེན་པོས་ཞི་གསུམ་འགྲུབ་པར་ཤོག །ལྷ་མོ་སྒྲོལ་མའི་རང་བཞིན་རྣལ་འབྱོར་
ལྡན། །རྡོ་རྗེ་གསང་བའི་རྒྱུད་དུ་སྒྲོལ་མ་ཡི། །སྒྲུབ་ཐབས་གོང་དུ་བྲིས་པ་རྡོ་རྗེའི་ཚིག །སེམས་ཅན་ཡེ་ཤེས་ཐོབ་བྱེད་གང་ཡིན་འདི། །མ་དད་པའམ་མ་སྦྱིན་བྱ་བ་ངན་པ་དང་། །ཆགས་ཅན་ཁྲོ་བ་ཅན་མིན་སློབ་མིན་བུ་ལ་མིན། །སྡུག་བསྔལ་བློ་ཅན་ལ་མིན་སློབ་དཔོན་
གྱིས། །གཞན་ལ་སྒྲུབ་ཐབས་འདི་སྦྱིན་བྱང་ཕྱོགས་ཀྱི། །ཨུ་རྒྱན་ནས་འོང་བྲམ་ཟེའི་གནས་ཀྱི་ནང་། །ཞིང་གི་བུ་མོའི་རྣལ་འབྱོར་མ་ཚོགས་རྡོ་རྗེའི་ཚིག་དེ་གྲུབ། །བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ཨུ་རྒྱན་གྱི་རིམ་པའི་སྒྲུབ་ཐབས་རྫོགས་སོ།། །།

མཁའ་འགྲོ་མ་རྡོ་རྗེ་ལྡན་མས་གསུངས་པའོ། །མཧཱ་ཨཱ་ཙརྱ་རཏྣ་ཤྲཱིའི་སློབ་མ་པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་ལིཾ་ཨལྤ་བི་དྷིཿ། བོད་སྐད་
དུ། གཏོར་མའི་ཆོ་ག་ཉུང་ངུ་། གནས་ཆེན་གྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །བདག་ཉིད་ལྷ་ཡི་རྣལ་འབྱོར་དང་ལྡན་པས། ཅི་འབྱོར་པའི་རྫས་སྔོན་དུ་བཤམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པའི་ངང་ལས་ཡཾ་ཡོངས་སུ་
གྱུར་པ་ལས་རླུང་གི་དཀྱིལ་འཁོར། དེར་གནས་པའི་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་ཐོད་པ་ཆེ་བ་ཅིག་བསམ་མོ། །དེའི་ནང་དུ་མ་ར་བི་ཤུ་མུ་ལས། དབུས་སུ་མ་ལས་ཤ་ཆེན། ཤར་དུ་ར་ལས་ཁྲག །བི་ལས་ལྷོ་རུ་དྲི་ཆེན། ནུབ་ཏུ་ཤུ་ལས་བྱང་
ཆུབ་ཀྱི་སེམས། བྱང་དུ་མུ་ལས་དྲི་ཆུ། དེ་དག་ཞུ་བ་ལས་ཧཱུཾ་ཨོཾ་ཏྲཱཾ་ཨཱཿཁཾ་ལྔར་གྱུར་པར་བསམ་མོ། །དེ་དག་ཞུ་བ་ལས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་གཟུགས་སུ་དམིགས་ལ། དེ་རྣམས་ཞུ་བས་བདུད་རྩི་དཀར་པོའི་རྣམ་པར་བསམས་ཏེ། སྟེང་དུ་རིམ་པར་ཧཱུཾ་ཨཱཿ
ཨོཾ་རྣམ་པར་བསམས་ཏེ་སྦྱར་བ་དང་སྦར་བ་དང་རྟོགས་པར་བྱའོ། །དེ་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་རྣལ་འབྱོར་མེའི་འཁོར་ལོ་བལྟས་ཏེ། ཨོཾ་ཨཱ་རལླི་ཧོཿཛཿཧཱུཾ་བཾ་ཧོཿསརྦ་ཙཀྵ་ཡོ་གི་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱཾ་ཡེ་ཨི་མཾ་བ་ལིཾ་པྲ་ཏིཙྪ་ས་མ་ཡ་མ་ནུ་སྨ་ར་མ་མ་སརྦ་སཱ་དྷ་ནཱ་
ནཉྩ་ཤཱནྟིཾ་པུཥྚིཾ་སརྦ་ཏྲ་རཀྵཱ་བཱ་ར་ན་གུཔྟིཾ་ཀུ་རུ་ཧཱུཾ། ཞེས་པ་ལན་གསུམ་བརྗོད་ལ་དབུལ་ལོ། །དེ་ནས་སྙིང་གའི་ཏཱཾ་གི་འོད་ཟེར་ལས། མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཙནྡན། གུར་གུམ་ལ་སོགས་པ་དང་། ཞལ་ཟས། བླ་རེ། གདུགས།
རྒྱལ་མཚན། བ་དན། ན་བཟའ་ལ་སོགས་པས་མཆོད་དོ། །དེ་ནས་དེ་མ་ཐག་ཏུ་དངོས་གྲུབ་གང་འདོད་པ་ལ་གསོལ་བ་བཏབ་ལ་གཤེགས་སུ་གསོལ་ལོ། །རང་གི་སྙིང་ལ་རྗེས་སུ་ཞུགས་པར་བསམ་མོ། །གཏོར་མའི་ཆོ་ག་ཉུང་ངུ་ཞེས་བྱ་བ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། པི་ཐི་ཤྭ་ར་པཱུ་ཛ་ཀྲ་མ། བོད་སྐད་དུ། ཞིང་གི་དབང་ཕྱུག་མའི་མཆོད་པའི་རིམ་པ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་སྡིགས་མཛུབ་བསྣམས། །ཁ་དོག་ནག་པོ་ཁྲོ་བོས་མཛེས། །བོང་ཐུང་ཡན་ལག་
སྦྲུལ་གྱིས་བརྒྱན། །སྨིན་མ་སྨ་ར་སྐྲ་སེར་གྱེན། །སྤྱན་གསུམ་སྡིགས་མཛུབ་སྙིང་གར་འཆང་། །བགེགས་མཐར་བྱེད་པ་དང་པོ་རུ། །སང་ནས་སྟན་ལས་ལངས་བྱས་ཏེ། །སྐད་ཅིག་མ་ཡི་རྣལ་འབྱོར་བྱ། །དང་པོ་གཙུག་ལག་ཁང་ལ་སོགས་པར་ཞུགས་ལ། ཕྱག་
བྱས་པའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟཱ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི་ཞེས་བྱས་སོ། །སྟན་གྱི་སྟེང་དུ་འདུག་སྟེ། གོང་གི་བགེགས་མཐར་བྱེད་ཀྱི་ཏིང་ངེ་འཛིན་གྱིས་ཕྱོགས་བཅུར་སེ་གོལ་གཏོགས་ཤིང་། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་སརྦ་བིགྷྣཱཾ་ད་ཧ་ད་ཧ་སརྦ་པཱ་པཾ་ཧཱུཾ་
ཕཊ། ཅེས་པས་བགེགས་བསྐྲད་དོ། །ཨོཾ་བིགྷྣཱཾ་ཏ་ཀྲྀཏ་ས་མ་ཡེ་ཏ་མྨེ་ཡཙྪ་ཨཿཧཱུཾ་ཧཱུཾ་ཨ་མྲྀ་ཏ་ཀུཎྜ་ལི་ནི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷུང་བཟེད་དང་། དྲི་དང་། བདུག་པའི་འཁོར་ལོ་ཡིས་བྱའོ། །དེ་བླུགས་ལ་བདུད་རྩིའི་བསྒོམ་པ་ཡིས་བྱིན་གྱིས་བརླབ་པོ། །བདག་
དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །ཞིང་གི་སྒྲོལ་མའི་རྣལ་འབྱོར་རྫོགས་པར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུའི་བསྒོམ་པར་བྱ་སྟེ། དེ་ནས་གཡོན་དུ་དྲིལ་གནས་ལ་འདི་ལྟར་བསྒོམ་མོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྟོང་པའི་ངང་ལས་གྲུ་
གསུམ་པའི་མཎྜལ་གྱི་ནང་དུ་སྣ་ཚོགས་པདྨའི་དཀྱིལ་འཁོར་གྱི་དབུས་སུ་ཧྲིཾ་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐུ་མདོག་དཀར་མོ་བསྒོམ་མོ། །ཕྱག་བཅུ་ཞལ་ལྔ་སངས་རྒྱས་ཐམས་ཅད་ཀྱི་ཕྲེང་བ་ཅན། དང་པོའི་ཞལ་དཀར་པོ། གཡས་སེར་པོ། རྒྱབ་དམར་པོ།
གཡོན་ཨིནྡྲ་ནཱི་ལ། སྟེང་གི་ནག་པོ་གཡས་པའི་ཕྱག་ན་རྡོ་རྗེ། འཁོར་ལོ། རལ་གྲི། ལྕགས་ཀྱུ། ཆོས་འབྱུང་ངོ་། །གཡོན་པ་རིན་པོ་ཆེ། པདྨ། དྲིལ་བུ། ཞགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་པུསྟིའོ། །དེ་ལས་སྤྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་གཟུགས་ཀྱིས་བཀུག་པར་བསམས་ནས། བགེགས་གདུག་པ་ཅན་ཐམས་ཅད་དང་། སྡུག་བསྔལ་གྱི་བྱེ་བྲག་དང་བཅས་པ་གཅོད་པའི་རྡོ་རྗེ་རལ་གྲིའོ། །སེམས་ཅན་སྒྲོལ་མའི་མཆོད་པའི་སྔགས་ཞལ་
ནས། ཨོཾ་ན་མོ་བྷ་ག་བ་ཏི་སརྦ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་སཏྭ་ཨ་པྲ་ཏི་ཧ་ཏ་གྷོ་ཥཱ་ནཱཾ་ཨོཾ་གནྡྷེ་ཨ། ཞེས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་བདག་ཉིད་ཀྱི་སྔགས། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སྭ་བྷཱ་བ་བི་ཤུདྡྷེ། བཛྲ་དྷ་ར་ཧྲྀ་ད་ཡཱ་
སནྟོ་ཥ་བ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐམས་ཅད་རབ་ཏུ་བསྐུལ་ལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔ་དང་། བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང་བཅས་པ་སྒྲས་ཡང་དག་པར་བསྐུལ་བ་བྱས་པས། མཆོད་པའི་དུས་སུ་རྟག་ཏུ་སྤྱན་འདྲེན་པ་སྟེ། གང་ཞིག་གིས་བདུག་
པ་དང་བཅས་པས་བཀྲོལ་བས་སོ། །དྲིལ་བུ་འདིས་སྤྱན་འདྲེན་པ་མྱུར་དུ་བསྐུལ་བ་དཀྱིལ་འཁོར་གྱི་ནང་དུ་བརྟན་པར་བྱེད་པའོ། །ཆོ་ག་འདིའི་སྒྲས་དེ་བཞིན་གཤེགས་པའི་ངོ་བོ་མྱུར་དུ་ཐོབ་པ་དང་། མཐོང་བ་དང་དགེ་བ་དང་། ཐོས་པ་གང་གིས་སྡིག་པ་ཐམས་ཅད་ལས་རྣམ་པར་
གྲོལ་བ་དང་། བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་རོ། །བཀྲོལ་བ་དེས་སྡུག་བསྔལ་ཐམས་ཅད་མེད་པ་དང་། ནད་དང་། དེ་བཞིན་དུ་འཇིགས་པ་ཆེན་པོ་བརྒྱད་དང་། གདུག་པའི་སྤྲིན་གྱི་གནོད་པ་དང་། རླུང་དང་ཆར་ཆེས་པ་དང་། ཆུང་བ་ཡང་སྤང་བར་འགྱུར་རོ། །བདུད་
དང་བགེགས་དང་ལོག་འདྲེན་དང་། དེ་བཞིན་དུ་གནོད་སྦྱིན་དང་སྲིན་པོ་དང་མཆེ་བ་ཅན་དང་བཅས་པ་དེ་ཐམས་ཅད་སྐྲག་ནས་གཡོ་ཞིང་བརྒྱལ་བ་དང་ཕྱོགས་བཅུར་འབྲོས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་རྡོ་རྗེ་ཁྲོ་བོ་དང་།
འཇིག་རྟེན་སྐྱོང་བ་དང་། ལྷ་ཆེན་པོ་རྣམས་དང་། ལྟོ་འཕྱེ་ཆེན་པོ་དང་། འཕགས་སྐྱེས་པོ་ལ་སོགས་པ་རྒྱལ་པོ་ཆེན་པོ་དང་། འཕྲོག་མ་དང་། གཟའ་དང་། རྒྱུ་སྐར་ལ་སོགས་པ་རང་བཞིན་གྱིས་འོང་བར་འགྱུར་རོ། །བྱིན་གྱི་རླབས་རབ་ཏུ་བྱེད་པའོ། །གྲུབ་པ་

ཆེན་པོའི་དངོས་གྲུབ་སྟེར་རོ། །འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཚེ་རིང་བ་དང་། ནད་མེད་པ་དང་། མི་སྡུག་པ་དང་བྲལ་བ་དང་། སྡུག་པ་དང་བདེ་བ་ཆེན་པོ་བླ་ན་མེད་པའི་ཡེ་ཤེས་སྟེར་བ་དང་། འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་དུ་སྒྲོལ་བའོ། །མཆོད་པའི་
མཎྜལ་གྱི་དུས་དང་། རབ་ཏུ་གནས་པ་བྱེད་པ་དང་། སྦྱིན་སྲེག་གི་ལས་བྱེད་པ་དང་། དེ་བཞིན་དུ་གཟུགས་བརྙན་མཆོད་པ་རབ་ཏུ་སྤྱོད་པའི་དང་པོར་འདི་བླངས་ཏེ་ཕྱག་བྱའོ། །དེ་བཞིན་དུ་དེ་ནས་རྡོ་རྗེ་འཛིན་པར་འགྱུར་རོ། །ལག་པ་གཡོན་པ་བྱིན་གྱིས་བརླབ་སྟེ། ཨོཾ་ཨཱཿ
ཧཱུཾ་ཏྲཱཾ་ཁཾ་སོར་མོ་རྣམས་ལ་རིམ་པར་ཡི་གེ་མཐེའུ་ཆུང་གི་བར་དུ་བཀོད་ལ། དེ་ནས་ཕྱག་བྱས་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་གཡས་སུ་འདུག་པའི་དྲི་འཁོར་ལོའི་དུང་བཟུང་ལ་འདིས་སྤྱན་དྲང་བའི་དུས་དང་། དེ་བཞིན་དུ་གཤེགས་སུ་གསོལ་བ་གཉིས་ལ་རྡོ་རྗེ་དྲིལ་བུའི་ཏིང་ངེ་འཛིན་གྱིས་
དཀྱིལ་འཁོར་བར་བྱའོ། །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཁྲོ་བོ་དེ་བཞིན་དུ་གང་གི་རིགས་ཀྱི་ཆོ་ག་ལ། མཚན་མ་གང་གིས་མཚན་པ་དེ་མངོན་དུ་བྱས་ཏེ་དྲིལ་བུ་དཀྲོལ་བར་བྱའོ། །ཞི་བ་ལ་འཁོར་ལོ་མངོན་དུ་བྱས་ཏེ་དཀྲོལ་ལོ། །རྒྱས་པ་ལ་
རིན་པོ་ཆེ་མངོན་དུ་བྱས་ལ་གཟུང་ངོ་། །ཆགས་པ་དང་། དགུག་པ་དང་། དབང་དུ་བྱ་བ་ལ་པདྨ་མངོན་དུ་བྱས་ཏེ་མྱུར་དུ་དཀྲོལ་བར་བྱའོ། །དྲག་པོའི་ལས་ཐམས་ཅད་ལ་སྣ་ཚོགས་རྡོ་རྗེ་མངོན་དུ་བྱས་ཏེ་དཀྲོལ་ལོ། །གང་གིས་ལས་ཀྱི་རྗེས་སུ་འཇུག་པ་དེའི་འོད་སྤྲོས་ཏེ་འོང་། གནས་
གཞིའི་གཙུག་ལག་ཁང་དང་རང་གི་ཁྱིམ་དུ་དེ་བཞིན་དུ་བཟུང་བ་དང་མཆོད་པས། རྟག་ཏུ་ལོངས་སྤྱོད་ཆེན་པོའི་རྒྱུ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་འདིའོ། །སྔགས་ཐམས་ཅད་ཀྱི་གནས་དྲན་པས་ཐམས་ཅད་འགྲུབ་པར་བྱེད་དོ། །དེ་བཞིན་གཤེགས་པ་ལ་མོས་པ་འདིས་
བཅོམ་ལྡན་འདས་མའི་རྡོ་རྗེ་དང་དྲིལ་བུ་ལས་གང་གི་རྗེས་སུ་འཇུག་པ་འཛིན་པའི་ཆོ་ག་དེའི་བསམ་གཏན་བསྒོམ་པའི་རིམ་པའོ། །རྡོ་རྗེ་སློབ་དཔོན་ཆེན་པོ་ལྷའི་རིགས་ལྷ་ཉི་མ་དཔལ་གྱི་ཞལ་གྱིས་མཛེས་པ་ལས་མཚན་ཉིད་ལ་སོགས་པ་འདིར་མ་བརྗོད་དོ། །གཡས་སུ་གནས་

པའི་རྡོ་རྗེ་ལས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་ཐུགས་ཀར་རྡོ་རྗེ། གཡོན་པ་དྲིལ་བུ་དཀུར་བརྟེན་པ།
སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞི་བའོ། །རིན་པོ་ཆེའི་རྒྱན་དང་ཁ་དོག་སྣ་ཚོགས་པའི་དར་གྱིས་དཀྲིས་པ་བསྒོམ་མོ། །དེ་ལས་འོད་ཟེར་སྤྲོས་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་གྱུར་ཏེ་ཐིམ་པས་རྡོ་རྗེར་གྱུར་པ་གཡས་པས་བཟུང་ལ། ཨོཾ་བཛྲ་རཱ་ཛ་ཧཱུཾ། ཞེས་པས་
མཆོད་པས་མཆོད་དོ། །ཡི་གེ་བརྒྱ་པའི་སྔགས་བརྗོད་པས་མཎྜལ་བདུད་རྩི་ལྔར་གཏོར་ལ། ཨོཾ་མ་ཧཱ་མཎྜལ་བི་དྷི་ཧཱུཾ། དེ་བཞིན་དུ་སྒྲོལ་མའི་སྒྲུབ་ཐབས་ལས་འབྱུང་བ་བཞིན་བྱིན་གྱིས་བརླབས་པའི་སྔགས་ཀྱིས་མཆོད་པ་ལ་སོགས་པ། བསང་གཏོར་བྱ་སྟེ། ཨོཾ་བཛྲ་
ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱེ་སྭཱ་ཧཱ། དྲིལ་བུས་མཆོད་པར་བྱས་ལ་སྲིན་ལག་གི་སོར་མོས་རྡོ་རྗེ་བཟུང་བ། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་ཧཱུཾ། ཨོཾ་བཛྲ་ཨརྫ་ནི་གྲི་ཧེ་ཧཱུཾ། ཨོཾ་བཛྲ་སུ་ཀ་ས་ན་ཧཱུཾ།
སྔགས་གསུམ་པོ་འདིས་བྱིན་གྱིས་བརླབ་པ། བདག་ཉིད་མཆོད་པ་ནི་གཡོན་པའི་སྲིན་ལག་མཐེ་བོས་དྲི་ཞིམ་པོ་བསྣམས་ཤིང་། ལྷ་མོའི་འཁོར་ལོའི་སྔགས་ཀྱི་གནས་ཆེན་གྱི་ལྷ་རྣམས་ལ་མཆོད་པ་མ་ལུས་པ་ཡིད་ཀྱིས་བྱས་སོ། །དེ་ནས་བདུད་རྩི་ལྔའི་མཆོད་པ་བཏུང་ངོ་། །དེ་
ནས་ཐང་སྐུ་ལ་སོགས་པའི་རྟེན་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་བཟུང་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བའི་སྔགས་བརྗོད་དོ། །དེ་བཞིན་དུ་ཡི་གེ་བརྒྱ་པ་དང་དྲིལ་བུའི་སྔགས་དང་། དེ་ནས་སྒྲོལ་མའི་འཁོར་ལོའི་སྔགས་རྣམས་བཟླས། དེ་ནས་
ལྷ་མོ་རང་རང་གི་སྔགས་ཀྱིས་མཆོད་ཡོན་ལ་སོགས་པའི་མཆོད་པ་ཐམས་ཅད་དབུལ་ལོ། །བདུག་པའི་དུས་སུ་དྲིལ་བུ་དཀྲོལ་ཞིང་། དེ་ནས་སྒྲོལ་མའི་འཁོར་ལོའི་རྩ་བའི་སྔགས་བཟླས་པར་བྱའོ། །གཏོར་མ་དང་བདུད་རྩི་ལྔས་མཆོད་དོ། །དེ་ནས་བསྟོད་པས་བསྟོད་

པ་དང་། ཡན་ལག་བདུན་པ་དང་སྨོན་ལམ་གདབ་པོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པས་
ཡེ་ཤེས་ཀྱི་འཁོར་ལོ་ཕྱིར་གཤེགས་སུ་གསོལ། བསྒོམས་པ་རྣམས་རང་གི་སྙིང་གའི་ས་བོན་ལས་ནང་དུ་གཤེགས་སུ་གསོལ། ཞིང་གི་དབང་ཕྱུག་མའི་མཆོད་པའི་རིམ་པ་རྫོགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་ཀཱ་རི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་སྤངས་པ་ཡི། །ཟབ་མོ་རྣམ་པ་ཀུན་ལ་ཁྱབ། །ཀུན་ནས་འཕྲོ་བ་གྲངས་
མེད་པ། །ཀུན་ཏུ་བཟང་པོ་ཕྱག་འཚལ་ལོ། །གང་ཞིག་སྙིང་གི་པདྨའི་ལྟེ་བ་ལ་གནས་པ། །མར་མེ་འབར་བ་ཕྲ་བ་ལྟ་ཞིང་མི་བསྐྱོད་སེམས། །ཡུལ་ལ་མི་འཇུག་ཁམས་གསུམ་ཐམས་ཅད་གཉིས་མེད་འབྱུང་། །ཆོས་དབྱིངས་ཡང་དག་ཉིད་ལ་ཕྱག་འཚལ་བདག་མཆོག་
གོ། །ནང་དུ་ཞུགས་པ་དབང་པོ་ཐམས་ཅད་གཡོ་བའི་རྟ། །ཡེ་ཤེས་མ་ལུས་རྒྱལ་བ་མཉམ་འབྱུང་ཁམས་གསུམ་ལ། །ཕན་པ་བསྐྱེད་པ་རབ་ཏུ་འབྱུང་བ་མཐོང་བ་འདི། །འབྱུང་བ་རྟག་ཏུ་ནམ་མཁའི་དྲི་མ་མེད་པའི་དཔལ། །སངས་རྒྱས་རྗེས་དྲན་རྣལ་འབྱོར་པ། །ཆོས་རྗེས་
དྲན་པའི་སྒོམ་པ་པོས། །ཆོས་རྗེས་དྲན་པའི་རྣལ་འབྱོར་གྱིས། །ཆོས་སྐུའི་རང་བཞིན་འབྱུང་བ་པོ། །དབུས་སུ་མར་མེའི་རྣམ་པར་ཤེས། །ཤེས་མཆོག་གི་ནི་རྟོགས་པ་ཡི། །རྒྱུན་དུ་འབར་བསྒོམ་རྟག་པར་ནི། །འབར་བ་དེ་ལ་ཐེ་ཚོམ་མེད། །སྙིང་ལ་རྟག་ཏུ་གནས་པ་
ཡིས། །ཡི་གེ་རྣམ་མེད་ཐིག་ལེ་གཅིག །དེ་ཉིད་བསྒོམས་པའི་སྐྱེས་བུ་དེ། །ཡེ་ཤེས་བསྐྱེད་པ་མཆོག་གི་གནས། །གནས་འདིར་རྡོ་རྗེ་མཁའ་འགྲོ་མ། །སྙིང་རྗེའི་སེམས་ཀྱིས་རོལ་ཅིང་གནས། །གནས་འདིར་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་

འགྲོ་བ་གསུམ། །དེ་དག་ཐམས་ཅད་མཆོད་པ་འདི་སྔོན་ལམ། །དེ་རྣམས་གསལ་བར་དེ་ཉིད་རྟག་ཏུ་འདིར། །མཆོད་པ་འདི་ནི་རྒྱལ་བ་ཐམས་ཅད་དང་། །ནང་གི་བདག་ཉིད་རྡོ་རྗེ་རྣལ་འབྱོར་ལ། །རྣལ་འབྱོར་རྡོ་རྗེ་འབྱུང་བར་འགྱུར། །དེ་ནས་རྡོ་རྗེ་མཆོད་
འབྱུང་བ། །མཆོད་པའི་ལམ་འདི་འབྱུང་བའོ། །མཆོད་པ་ལྔ་ཡི་རྣལ་འབྱོར་གྱིས། །མྱུར་བར་སངས་རྒྱས་ཉིད་ཐོབ་བོ། །ལྔ་ཡིས་མཆོད་པའི་རྣལ་འབྱོར་པས། །དེ་དག་རྒྱུད་དུ་བཤད་པ་ཡིན། །ཕྱི་ཡི་མཆོད་པའི་སེམས་ནི་གཞན། །ངེས་པའི་རང་བཞིན་སེམས་
གོམས་བྱ། །ལྷ་ཡི་འབྱུང་གནས་བསྒོམ་པ་ལ། །དེ་ནི་ཡིད་ཀྱི་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་ཏུ་བརྩེ་བར་དགོངས། །བཤད་པ་ཆུང་ངུ་ཡང་དག་འབྱུང་བ་འདི། །རྒྱུན་དུ་དོན་དམ་མེད་པ་དེ་ཉིད་དོ། །དོན་དམ་བདེ་བ་ཡང་དག་འབྱུང་བ་འདི། །བཤད་
དམ་མ་བཤད་ཅི་ཡང་མེད་པའོ། །གནས་ཆེན་ཉི་ཤུ་རྩ་བཞིའི་བྱེ་བྲག་ཀུན། །ཞིང་ཆེན་འདི་དག་ཏུ་ནི་ཡང་དག་ཞུགས། །ཞིང་དག་ཏུ་ནི་འགྲོ་བར་མི་བྱའོ། །ངལ་དུབ་ལས་ནི་དེ་ཡིན་དེ་ཉིད་མིན། །དེ་ནི་དེ་ཁོ་ན་ཉིད་ཐོབ་པ་མིན། །མི་བདེན་དེ་དག་ཁ་ཅིག་ཙམ་ཡང་མེད། །དེས་ན་དེ་ཁོ་ན་ཡོད་སྐྱེས་བུ་དེ། །མི་བདེན་དེ་དག་ཁ་ཅིག་ཙམ་
ཡང་མེད། །ཞིང་དང་ཉེ་བའི་ཞིང་དང་ཚནྡོ་རྣམས། །དེར་ནི་ཕྱིན་པས་དྲི་མ་མེད་པ་འབྱུང་། །དེས་ན་ཁྲོའམ་གྲགས་པར་འདོད་པ་ཡིས། །སྐྱེས་བུ་ཞིང་དུ་འགྲོ་བར་བྱེད་པ་དེ། །བདག་གི་གོང་དུ་བརྗོད་པ་དེ་ཉིད་དོ། །སེམས་ཅན་མོས་པའི་སེམས་ཀྱིས་རྣལ་འབྱོར་པས། །བསམ་གཏན་
མཆོག་ལས་བདེ་བ་གཞན་ན་མེད། །ཁམས་དུག་དེ་དག་ཕྱི་རོལ་རྣལ་འབྱོར་ཡིན། །དེ་བས་འདི་ལྟར་བསམ་གཏན་ལས་བྱའོ། །ཁམས་དུག་འདི་དག་བསྐོར་བ་ནི། །ཕྱི་རོལ་པ་ཡི་རྣལ་འབྱོར་ཡིན། །དེས་ན་ཕྱི་རོལ་སྤང་བར་བྱའོ། །གནས་དང་རྣལ་འབྱོར་རོལ་པ་ཡིས། །
མཐོང་བ་རྡོ་རྗེའི་རྣལ་འབྱོར་མ། །རྣམ་པར་དག་པའི་ཡེ་ཤེས་སྤྱན། །དཔལ་ལྡན་རྣལ་འབྱོར་རབ་ཏུ་བརྟན། །སྙིང་རྗེ་ཆེན་པོའི་སེམས་ཀྱིས་སོ། །དེ་ཡིས་མཆོག་གི་དངོས་གྲུབ་དག །ཇི་ལྟར་འདོད་པ་སྟེར་བ་འགྲུབ། །ཡེ་ཤེས་ཆགས་བྲལ་རྣལ་འབྱོར་པ། །སྒྲུབ་པ་

རབ་ཏུ་ངེས་པ་འདི། །སྣ་ཚོགས་འབད་པས་ཡང་དག་ལྡན། །བརྟུལ་ཞུགས་སྤྱོད་པ་ཅུང་ཟད་ཙམ། །དེ་ཉིད་བྱས་པས་བརྟུལ་ཞུགས་གནས། །གང་དག་རབ་ཏུ་སྤྱོད་པ་བྱས། །བཟའ་བ་བརྟན་པ་བརྟུལ་ཞུགས་ཅན། །བསམ་གཏན་བཟའ་བ་ཡིད་སྐྱེས་པ། །སྨྱོན་པའི་སྤྱོད་
པའི་གཟུགས་ཅན་དེ། །དེ་ལྟར་གཅེར་བུའམ་གཅེར་བུ་མ་ཡིན། །གང་དང་གང་ཡིན་དེ་དང་དེས། །རང་གི་ལྟ་སྒོམ་བྱེད་པ་རྣམས། །དེ་ཁོ་ན་ཉིད་རྣམ་པར་བསམ། །ཟླ་དྲུག་རིམ་པས་བདེན་པ་ལ། །ལྐུགས་པ་ལྟ་བུར་རབ་ཏུ་གནས། །རྣལ་འབྱོར་ཆེན་པོ་མར་མེ་འབར། །
ཡེ་ཤེས་མཆོག་འབར་དེས་མཐོང་ནས། །རྣལ་འབྱོར་མ་ངེས་གཡོག་བྱེད་དོ། །ཇི་ལྟར་པདྨ་བཟང་པོ་ལ། །ངང་པ་དགའ་བས་གྲལ་དུ་གནས། །དཔལ་ལྡན་རྡོ་རྗེ་ཡང་དག་པར། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །གཟུགས་བརྙན་ལྟ་བུར་འཇིག་རྟེན་འདི། །སེམས་ཅན་
ཀུན་གྱི་དོན་བྱེད་པ། །འདིར་ནི་བདག་གིས་སེམས་ཅན་དོན། །དག་པའི་སེམས་ཀྱིས་བྱས་པ་ཡིས། །འདི་དག་སྙིང་རྗེ་ཅུང་ཟད་ཙམ་གྱིས་ནི། །གང་བརྗོད་དེས་ནི་འབྱུང་བར་འགྱུར་བ་ཡི། །དེ་ཉིད་སྦས་པ་བདག་གིས་རྒྱས་མ་བྱས། །བླ་མའི་དྲིན་བཟུང་ཡང་དག་མཐའ་ལ་མོས། །སེམས་
སྲིད་དགེ་བའི་བསགས་སྟོབས་ཀྱིས། །བཤེས་གཉེན་མི་འགྱུར་མངོན་པར་རྗེས་ཡི་རང་། །དེ་ཁོ་ན་ཉིད་མན་ངག་ཡང་དག་བྲིས། །འཕེལ་བ་བདག་གིས་གང་ཐོབ་འདི་ཡིས་སེམས་ཅན་གྱི། །སྙིང་པོའི་སྒོམ་མཆོག་སྤྱོད་བཟང་མྱུར་དུ་བདག །རིན་ཆེན་འོད་ཟེར་འཇིག་རྟེན་
ཀུན་ལ་ཤོག །དེ་ཁོ་ན་ཉིད་ཀྱི་མན་ངག་རྫོགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཏ་ཏྭ་ཀཱ་རི་ཀཱ་ཨུ་པ་དེ་ཤ་བྲྀཏྟི་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་
ཚིག་ལེའུར་བྱས་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་སྙིང་གི་པདྨའི་ལྟེ་བ་ལ་གནས་པ། །མར་མེ་འབར་བ་ཕྲ་བ་ལྟ་ཞིང་མི་བསྐྱོད་སེམས། །ཡུལ་ལ་མི་འཇུག་ཁམས་གསུམ་ཐམས་ཅད་གཉིས་མེད་

འབྱུང་། །ཆོས་དབྱིངས་ཡང་དག་ཉིད་ལ་ཕྱག་འཚལ་བདག་མཆོག་གོ། །གང་ཞིག་ཅེས་པ་ཆོས་ཀྱི་དབྱིངས་སོ། །ཕྱག་འཚལ་ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་ལའོ། །གང་ཞིག་ཆོས་ཀྱི་དབྱིངས་ནི་ཁམས་གསུམ་ཐམས་ཅད་གཉིས་མེད་དུ་འབྱུང་བའི་
ཡང་དག་པའི་མཐའོ། །ཡུལ་ལ་མི་འཇུག་དེ་ལ་ཕྱག་འཚལ་ཏེ། །སྙིང་གའི་པདྨའི་ལྟེ་བ་ལ་གནས་པ། །ཞེས་པ། སྙིང་ནི་སྙིང་ལའོ། །པདྨ་ནི་པདྨ་འདབ་མ་བཞི་པའོ། །ཁ་དོག་དམར་པོ་འབྱུང་བ་བཞིའི་རང་བཞིན་ནི། ལྟེ་བའི་དབུས་སུ་ཟླ་བ་ཉི་མའི་མཆོག་གནས་པའོ། །འབྱུང་བ་
ཆེན་པོ་བཞིའི་རང་བཞིན་དེ་ལ་ཟླ་བ་ས་དང་ཆུའི་རང་བཞིན་ཉི་མ་དང་རླུང་གི་རང་བཞིན་ནོ། །དེ་ལྟར་ལྟེ་བའི་དབུས་སུ་གནས་པ་དེ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡང་དག་པའི་མཐའོ། །མར་མེ་འབར་བ་ཞེས་པ་གཉིས་སུ་མེད་པ་འབར་བ་རབ་ཏུ་མཐོང་བར་སོང་བའོ། །
ཅི་འདིར་གསུངས་པ་ཕྲ་བར་ལྟ་ཞིང་ཞེས་པ། ཕྲ་བ་ནི་བཅོམ་ལྡན་འདས་ཏེ་ཤིན་ཏུ་ཕྲ་བས་ཀྱང་ཆེས་ཕྲ་བའི་རྡོ་རྗེ་ཆོས་ཀྱི་དབྱིངས་ཚུལ་གཅིག་པའོ། །ལྟ་ཞིང་ཞེས་པ་པདྨའི་རྩ་བ་ལྟ་བུར་གསལ་བར་རོ། །མི་བསྐྱོད་སེམས་པ་ཞེས་པ་དེས་སེམས་རྩེ་གཅིག་པའི་རྒྱུན་དུ་འབབ་པ་རྟག་ཏུ་
བྱའོ། །ཅི་འདིར་གསུངས་པ་ཁམས་གསུམ་ཞེས་པ་འདོད་པ་དང་གཟུགས་དང་གཟུགས་མེད་པ་དག་གཉིས་སུ་མེད་པར་སོང་བ་ཡང་དག་པར་བསྡུས་པ་མཉམ་པ་ཉིད་ཀྱི་ཚུལ་གཅིག་དང་། ཐམས་ཅད་ནམ་མཁའི་རྣམ་པར་རབ་ཏུ་མཐོང་བའི་དོན་ཏོ། །གོང་དུ་བརྗོད་པའི་བསམ་གཏན་གྱི་ཡིད་
རང་གི་ཚུལ་གཅིག་པ་ཡང་དག་པར་བསྡུས་པ་འདིའོ། །ཡང་དག་པ་བརྗོད་པར་བྱས་ཏེ། འགྲོ་བའི་དོན་དེ་ཁོ་ན་ཉིད་གཅིག་པུ་འདི་གཉིས་སུ་མེད་པ་ཉིད་སོང་བ་ཁ་ཅིག་ཅུང་ཟད་སྤྲོས་པ་མེད་པར་མར་མེ་འབར་བ་དེ་ལས་ཡོན་ཏན་འདི་འབྱུང་བའོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་
ཕྱག་འཚལ་ཏེ། ཞེས་པ་ཉིད་ལ་ཕྱག་འཚལ་ནས་ཅི་བྱེད་ན་འདི་གསུངས་པ། ནང་དུ་གཞུག་པ་དབང་པོ་ཐམས་ཅད་གཡོ་བའི་རྟ། །ཡེ་ཤེས་མ་ལུས་རྒྱལ་བ་མཉམ་འབྱུང་ཁམས་གསུམ་ལ། །ཕན་པ་བསྐྱེད་པ་རབ་ཏུ་འབྱུང་བ་ཐོབ་པ་འདི། །འབྱུང་བ་རྟག་ཏུ་ནམ་མཁའ་

དྲི་མ་མེད་པའི་དཔལ། །ཞེས་པའོ། །ནང་དུ་གཞུག་པ་ཞེས་པ་རྣམ་པར་གཡེང་བར་འགྲོ་བའི་སྤངས་པ་བརྗོད་པའོ། །ཡེ་ཤེས་ཡང་དག་པའི་མཐའ་མཐོང་བའི་སྤྱན་འབྱུང་བའོ། །རང་འབྱུང་གི་རྣལ་འབྱོར་དྲི་མ་མེད་པའི་དཔལ་འདི་ཤེས་པ་དེ། དཔའ་བོ་མཆོག་གང་ཡིན་པའི་དབང་པོ་
དེ་ནམ་མཁའི་རྣམ་པར་འབྱུང་བའི་རྣལ་འབྱོར་གང་ཡིན་པའོ། །ནང་དུ་ཞེས་པའི་ཕྱི་རོལ་དུ་གཡེང་བ་ཐམས་ཅད་ཀྱི་སེམས་ནང་དུ་གཞུག་པས་འཕྲོ་བའི་གཡོ་ཐམས་ཅད་བཅིངས་པ་ནི་སྡེ་དྲུག་གི་དབང་པོའི་རྟའོ། །རང་གི་ཡུལ་འདོད་པའི་སེམས་འདི་ནི་བྱེད་པ་བཅིངས་པའི་རྣལ་འབྱོར་བྱ་བའི་
སྐྱིལ་མོ་ཀྲུང་ངོ་། །དེ་ནས་ཕྱིས་དྲི་མ་དང་བྲལ་བར་འབྱུང་ངོ་། །ཡེ་ཤེས་གང་འབྱུང་གསུངས་པས་ཡེ་ཤེས་མ་ལུས་སོགས་པ་ཀུན་ནས་རྒྱལ་བ་ལས་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འབྱུང་བའོ། །མཉམ་འབྱུང་ནི་སྐད་འབྱུང་བ་ལྷུང་བཟེད་ལྟར་འབྱུང་བའི་གནས་པ་འདི་གསུངས་
པ་འབྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྐྱེད་པ། གཞན་མ་ཡིན་པའི་མཆོག་རྒྱལ་བའོ། །དེའི་རིགས་ཁམས་གསུམ་པའོ། །ཁམས་གསུམ་པ་འདི་དག་ཐམས་ཅད་བསྐྱེད་པའི་རྒྱུ་འབྱུང་བ་རྣམས་སོ། །གསུང་གི་ངོ་བོ་ཡེ་ཤེས་སུ་བྱེད་པ་འདིའི་དོན་ཡིན་
ནོ། །འདི་ན་འབྱུང་བ་གཟུགས་ཕྲ་བ་དེ་འབྱུང་བའོ། །སྒོམ་པ་པོ་ནམ་མཁའི་དེ་ཉིད་དྲི་མ་མེད་པའི་དཔལ་ལོ། །བཟང་པོ་གང་ཞིག་དེ་ཁོ་ན་ཉིད་གསུམ་པའོ། །རྣམ་པར་རྟོག་པ་བསྡུས་ནས་འཛིན་པ་དེ་ཉིད་གཉིས་ཀྱི་ཚུལ་གྱིས་འགྲོ་བར་མཐོང་བ་གང་བརྗོད་པའོ། །རྨོངས་པ་ཆེན་པོའི་
རྣམ་པར་རྟོག་པས་འཁོར་བར་ལྟུང་བའོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་དེ། ནམ་མཁའི་རྣམ་པར་མཐོང་བ་འདི་རྣམ་པར་མི་རྟོག་པའོ། །སངས་རྒྱས་རྗེས་དྲན་རྣལ་འབྱོར་པས། །ཆོས་རྗེས་དྲན་པའི་སྒོམ་པ་པོས། །ཆོས་རྗེས་དྲན་པའི་རྣལ་འབྱོར་གྱིས། །ཆོས་
སྐུའི་རང་བཞིན་འབྱུང་བའོ། །ཅི་བརྗོད་པ་དེས་བཅོམ་ལྡན་འདས་བསྒོམ་པ་འདི་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་ཞེས་པ་ལ་སོགས་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཕེལ་བ་འདི་ལྟར་སངས་རྒྱས་ཀྱི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་བཞིའི་ཚུལ་གྱིས་རང་བཞིན་

དེའི་དབུས་ན་ཆོས་ཀྱི་དབྱིངས་ཀྱི་བཅོམ་ལྡན་འདས་སོ། །དེའི་གྲོགས་རྣལ་འབྱོར་པ་འདིའི་སྒྱུ་མ་རྣལ་འབྱོར་ཇི་སྐད་གསུངས་པ་ནི། ཆོས་རྗེས་སུ་དྲན་པའི་སྒོམ་པ་པོས་ཞེས་པ་ཆོས་འདི་བཅོམ་ལྡན་འདས་པདྨའི་ལྟེ་བའི་དབུས་སུ་གནས་པ། གོང་དུ་
བརྗོད་པ་དེ་དག་བསྒོམ་པ་ནི། དེ་ནས་རྣལ་འབྱོར་པས་ཆོས་ཀྱི་དབྱིངས་ཡང་དག་པར་བསྐྱེད་ལ་ནམ་མ་མཁའི་རྣལ་འབྱོར་པར་རབ་ཏུ་འབྱུང་བར་སོང་བའི་ཆོས་སྐུ་འབྱུང་བའོ། །དེའི་དོན་ནི་འདིའི་པདྨའི་སྟེང་དུ་ཐིག་ལེ་བཞི་རྣམས་ལྷ་མོ་བཞི་རྫོགས་པའོ། །ལྟེ་བའི་ཐིག་ལེ་ལས་བཅོམ་
ལྡན་འདས་རྫོགས་པར་རོ། །རང་གི་ཡི་དམ་གྱི་ལྷ་བསམ་པར་བྱའོ། །དེའི་ཐུགས་ཀར་པདྨའི་ལྟེ་བ་ལ་ཆོས་ཀྱི་དབྱིངས་བསམ་མོ། །གནས་པ་དེ་བུལ་བ་བུལ་བར་ཁད་ཀྱིས་རིམ་གྱིས་ཇི་ལྟར་རྣལ་འབྱོར་བསྒོམ་པ་གོམས་པར་བྱའོ། །དེ་ཉིད་ཞི་བའི་རྣམ་པར་འཇུག་པ་ཞུགས་པ་གང་དུ་རྩ་
གཉིས་འགོག་པ་དེ་དག་གིས་འགོག་པའི་རྣམ་པར་རང་བཞིན་མེད་པ་ཉིད་གོམས་པར་བྱ་བ་འདི་དེ་བརྗོད་པ། གོང་ནས་གོང་དུ་ཁད་ཀྱིས་རིམ་པར་རང་བཞིན་མེད་པ་ཉིད་འབྱུང་བའོ། །མན་ངག་འདིས་ཞི་བ་གཅིག་པུའི་བདེ་བ་ཐོབ་པར་རོ། །དབུས་སུ་མར་མེའི་རྣམ་པར་ཤེས། །ཡེ་ཤེས་
མཆོག་གི་རྟོག་པ་ཡི། །རྒྱུན་དུ་འབར་བསྒོམ་རྟག་པར་ནི། །འབར་བ་དེ་ལ་ཐེ་ཚོམ་མེད། །ཅེས་པས་དབུས་སུ་མར་མེ་ལ་སོགས་པ་འདི་དབུས་ཀྱི་མར་མེ་འདི་བསྐྱེད་པ་མཐོང་སྟེ། དབུས་ཀྱི་མར་མེ་རྣམ་པར་ཤེས་པའམ། སེམས་དང་ཡིད་ཤེས་གང་གསུངས་པ་དེ་རྣམ་པར་ཤེས་པ་
འདིའི་རྣམ་གྲངས་སོ། །དེ་ནི་དབུས་སུ་མར་མེའི་རྣམ་པར་ཤེས་པ་སྙིང་གའི་པདྨའི་གེ་སར་གྱི་དབུས་སུ་སོང་བ་བསྒོམ་པའི་ཡིད་གཡོ་བ་མེད་པའོ། །ཆོས་ཀྱི་དབྱིངས་ཡེ་ཤེས་འབྱུང་བའི་ཕྱིར་གསུངས་པའོ། །མཆོག་གི་རྟོགས་པ་དེ་ཁོ་ན་ཉིད་ཀྱི་དཔེ་འདི་ཉིད་རྒྱུན་དུ་མི་གཡོ་བར་རྣལ་
འབྱོར་བསྒོམ་པ་བསམ་པར་བྱའོ། །དེ་དག་བསྒོམ་པ་གོམས་པར་རྒྱུན་ཆད་མེད་པའི་ཚུལ་དུ་བསྒོམ་པའི་ཡིད་ཉིད་དོ། །དེ་ལྟ་བས་ན་བྱེད་པ་འབར་བ་འདི་སྙིང་གི་མར་མེ་དོན་འདིའོ། །བུམ་པ་ཅན་གྱི་བྱེད་པར་གནས་པའམ་མྱུར་དུ་ཡེ་ཤེས་ཀྱི་གཏུམ་མོས་འགོག་པའི་རྣལ་འབྱོར་འདི་བརྗོད་

པ། འབྱུང་རྔུབ་འགོག་པའི་འབར་བའི་བསམ་གཏན་འདིས། དེ་ཉིད་མེད་པ་ཀུན་ནས་བྱེད་པ་ལ་ཐེ་ཚོམ་མ་བྱེད་ཅིག །ཐམས་ཅད་མཁྱེན་པའི་གསུང་ཇི་ལྟ་བ་ཡིན་ནོ། །སྙིང་ལ་རྟག་ཏུ་གནས་པ་ཡིས། །ཡི་གེ་རྣམས་མེད་ཐིག་ལེ་གཅིག །དེ་ཉིད་བསྒོམ་པའི་སྐྱེས་བུ་དེ། །ཡེ་ཤེས་
བསྐྱེད་པ་མཆོག་གི་གནས། །ཞེས་པ་ལ་སྙིང་ལ་ཞེས་པ། སྙིང་གི་པདྨའི་གེ་སར་གྱི་དབུས་སུ་ཕྲ་བའི་ཐིག་ལེ་རྡོ་རྗེའི་རང་བཞིན་དུ་གནས་པ། དུས་ཐམས་ཅད་དུ་བརྟན་པར་གནས་པ་ཅི་ཡང་མེད་པ་རྣམས། རང་གི་ངོ་བོ་མེད་པ་ཡི་གེ་མེད་པ། གཡོ་བ་མེད་པ། རང་གི་རྣམ་པར་ཤེས་པ་
ནང་དུ་གནས་པའི་རང་བཞིན་ནོ། །ནམ་མཁའི་རྣམ་པར་རབ་ཏུ་སྣང་བ་དེ་ཉིད་འདིའི་རྣམ་པར་བསྒོམ་པ་སྟེ་ཡེ་ཤེས་སྐྱེ་བའོ། །ཅི་ཉན་ཐོས་ལ་སོགས་པས་མི་རྟོགས་པ་དེ། མཆོག་ཏུ་རྣམ་པར་མི་རྟོག་པ་དེ་བཞིན་གཤེགས་པའོ། །གནས་འདིར་རྡོ་རྗེ་མཁའ་འགྲོ་མ། །སྙིང་རྗེའི་སེམས་
ཀྱིས་རོལ་ཅིང་གནས། །གནས་འདིར་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་འགྲོ་བ་གསུམ། །ཞེས་པ་ནི། ཕྱག་འཚལ་བ་སྔོན་དུ་བྱས་ནས། ཚིགས་སུ་བཅད་པ་ལྔའི་དེ་ཁོ་ན་ཉིད་དུ་བསྟན་པའོ། །ད་ནི་ཕྱི་རོལ་གྱི་མཆོད་པས་གཡེངས་པར་འགྱུར་བས་དེ་སྤངས་པར་
གསུངས་ཏེ། འདི་ནི་དེའི་སྙིང་གའི་པདྨའི་གེ་སར་གྱི་དབུས་སུ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་དང་བཅོམ་ལྡན་འདས་སོ། །རྟོག་པའི་དྲ་བ་རྣམས་བསལ་བ། །སྙིང་རྗེ་ཆེན་པོའི་རིགས་ཀྱིས་གནས། །གནས་འདིར་སངས་རྒྱས་ཐམས་ཅད་དང་། །སེམས་ཀྱི་རང་བཞིན་དེ་ཉིད་མཁའ་
འགྲོ་མའོ། །དེ་ནི་རིག་པ་གང་ཞིག་རྟོག་པའི་སངས་རྒྱས་ཐམས་ཅད་ཅེས་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཞེས་པ་བྱམས་པ་ལ་སོགས་པའོ། །བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སེམས་གང་ལ་མོས་པ་འདི་དག་དེ་ཉིད་དུ་གསུང་གིས་
གསུངས་པའོ། །བྱང་ཆུབ་མེད་ཅིང་མིང་མེད་པ། །གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་རྟོག་པ་ལས་གྲོལ་བའི་ཡེ་ཤེས་ཀྱི་སེམས་ནི་འདི་བྱང་ཆུབ་དྲན་པ་འདིའོ། །གཅིག་མིན་པའི་འགྲོ་བ་གསུམ་བྱུང་བ་ནི། དེ་གསུངས་པ་འགྲོ་བ་གསུམ་སྟེ་དེའི་རྣམ་པར་སྣང་ཞེས་པ་འབྱུང་བའོ། །

འདི་ལྟར་ཁམས་གསུམ་འདི་ཐམས་ཅད་སེམས་ཀྱིས་བྱས་པས་འབྱུང་བའོ། །ཕྱི་རོལ་དང་ནང་གི་འགྲོ་བའི་བདག་ཉིད་མེད་པར་རབ་ཏུ་སྣང་བའོ། །རྒྱལ་བའི་སྲས་པོའི་རྣམ་པར་ཁམས་གསུམ་པ་འདི་རྣལ་འབྱོར་འབྱུང་བ་གོང་དུ་གསུངས་པའོ། །དེ་དག་ཐམས་ཅད་
མཆོད་པ་འདི་སྨོན་ལམ། །དེ་རྣམས་མར་མེ་དེ་ཉིད་རྟག་ཏུ་འདིར། །མཆོད་པ་དེ་འདིར་རྒྱལ་བ་ཐམས་ཅད་དང་། །ཞེས་པ་ལ་སོགས་པ་གང་ཞིག་ངེས་པའི་རང་བཞིན་ཐིག་ལེའི་རྒྱལ་པོའི་མཆོད་པ་དེས། དུས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའོ། །
གཞན་གྱི་དོན་གྱི་ཕྱི་རོལ་གྱི་མཆོད་པ་སྤངས་ལ། དེ་ཉིད་རྣལ་འབྱོར་པ་གཡེང་བ་དེ་དག་གོང་དུ་བརྗོད་པ་འདི་དག་ཕྲ་བའི་རྡོ་རྗེ་མགོན་པོ་བཅོམ་ལྡན་འདས་སྣང་བའོ། །རྣམ་པར་བལྟ་ཞིང་རབ་ཏུ་བལྟ་བའི་གཉིས་སུ་མེད་པའི་ལྷ་མཆོད་པའོ། །ཅི་ཕྱི་རོལ་གྱི་མཆོད་པ་གཡེང་བར་བྱེད་པའོ། །
ནང་གི་བདག་ཉིད་རྣལ་འབྱོར་ལ། །རྡོ་རྗེ་རྣལ་འབྱོར་འབྱུང་བར་འགྱུར། །དེ་ནས་རྡོ་རྗེ་མཆོད་འབྱུང་བ། །མཆོད་པ་ལྔ་ཡི་རྣལ་འབྱོར་གྱིས། །འདི་དག་མཆོད་པ་མེད་པར་ནང་གི་བདག་ཉིད་འདི་བརྗོད་པ་བདག་ཉིད་རྡོ་རྗེ་རྣལ་འབྱོར་བརྗོད་དེ། ཐབས་དང་ཤེས་རབ་སྙོམས་འཇུག་པ་འདི་
གསུངས་པ། དམན་པའི་བསམ་པ་འདི་གསུངས་པའོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་འདི་དང་མཐུན་པར་རྡོ་རྗེ་མི་འཇིགས་པའི་རྣལ་འབྱོར་བྱེད་པ་རྡོ་རྗེའོ། །དེ་གསུངས་པའོ། །དེ་ནས་ཡང་རྡོ་རྗེ་མཆོད་པ་འདིའི་བདག་ཉིད་མི་འཇིགས་པའི་ཏིང་ངེ་འཛིན་གྱི་མཆོད་པ་
ཡིད་ལ་བྱེད་པ་ནི་རྡོ་རྗེ་མཁའ་འགྲོའོ། །མཆོད་པ་ལྔ་ཡི་རྣལ་འབྱོར་པ། །མྱུར་བར་སངས་རྒྱས་ཉིད་ཐོབ་བོ། །དེ་དག་རྒྱུད་དུ་བཤད་པ་ཡིན། །ཕྱི་རོལ་མཆོད་པའི་སེམས་ནི་གཞན། །ཤིན་ཏུ་བྱས་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཟུང་དུ་བཤད་པའི་རྒྱལ་བའི་མཆོད་པའོ། །མཆོད་
པ་ལྔའི་མེ་ཏོག་ལ་སོགས་པས་ཕྱི་ནང་གི་བདག་ཉིད་གོང་དུ་བརྗོད་པའི་མཆོད་པ་དེས་ནི་མྱུར་དུ་སངས་རྒྱས་ཉིད་ཐོབ་པའོ། །ཡོད་པ་འདི་དག་རྒྱུད་དུ་གསུངས་པའི་ཕྱི་རོལ་དུ་འདི་བསྡུས་པའི་རྣལ་འབྱོར་རོ། །ངེས་པའི་རང་བཞིན་སེམས་གོམས་བྱ། །ལྷ་ཡི་འབྱུང་གནས་བསྒོམ་པ་ལ།

ཡིད་ཀྱི་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་ཏུ་བརྩེ་བས་དགོངས། །འདི་མཆོད་པ་ཞེས་པ་གཞན་མེད་པའོ། །དེ་ཉིད་མེད་པའི་ངོ་བོ་མཚན་ཉིད་ཅི་ཡང་མེད་པ་འདི་བརྗོད་དོ། །རང་བཞིན་མེད་པའི་མིང་གི་སྒྲ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅེས་བྱ་བ་ཡིན། དེ་རང་བཞིན་
མེད་པའི་ངོ་བོར་གནས་པ་དེ་ལྟར་གོམས་པར་བྱས་པ་ལས། དེ་བྱེད་པར་རང་གི་ལྷའི་རྣམ་པར་བསམ་པར་བྱའོ། །དེ་ནི་རང་གི་ཡིད་ཀྱི་མཆོད་པ་ཆེན་པོ་ཡི། དེའི་ཚེ་དེ་བཞིན་གཤེགས་པ་དང་རྡོ་རྗེ་རྣལ་འབྱོར་མ་བརྩེ་བས་ཐུགས་དགྱེས་པར་བྱེད་པའོ། །ཅིས་ན་ཕྱི་རོལ་གྱི་མཆོད་པ་གཡེང་བས་
བྱེད་པས་སོ། །བཤད་པ་ཅུང་ཟད་ཡང་དག་འབྱུང་བ་ནི། །རྒྱུད་དུ་དོན་དམ་མིན་པ་དེ་ཉིད་དེ། །དོན་དམ་བདེན་པ་ཡང་དག་འབྱུང་བ་འདི། །བཤད་དམ་མ་བཤད་འདི་ལ་ཅི་ཡང་མེད། །བསྟན་བཅོས་སུ་མེད་པར་བརྗོད་པ་དག་གི་རྣལ་འབྱོར་བརྟན་པར་གནས་པ་འདི་གསུངས་པའོ། །ཡོད་
པ་འདིར་བཤད་པ་འཇིག་རྟེན་པ་འདུལ་བའི་དོན་དུ་སངས་རྒྱས་ཀྱི་རྒྱུད་དུ་གསུངས་པའོ། །དེ་ཉིད་མེད་པར་ཡང་དོན་མེད་པར་དེ། ང་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རིགས་རྒྱས་པར་མཛད་པ་འདི་རྣམ་པར་མི་རྟོག་པ་ཉིད་དོ། །གནས་ཆེན་ཉི་ཤུ་རྩ་བཞིའི་བྱེ་བྲག་ཀུན། །ཞིང་ཆེན་འདི་
དག་ཏུ་ནི་ཡང་དག་ཞུགས། །ཞིང་དག་ཏུ་ནི་འགྲོ་བར་མི་བྱའོ། །ངལ་དུབ་ལས་ཡིན་དེ་ནི་དེ་ཉིད་མིན། །ཕྱི་རོལ་གྱི་གཡེང་བས་ཡིད་གཡེང་བའི་བསམ་པ་དང་ལྡན་པས་མི་བྱའོ་ཞེས་གསུངས་སོ། །ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པས་འདི་ཉི་ཤུ་རྩ་བཞིའི་བྱེ་བྲག་ཏུ་བྱེད་པ་ཞིང་བཞིའི་བྱེ་
བྲག་ཅེས་པ་ལ་སོགས་པ་དཔག་ཏུ་མེད། དེའི་ཞིང་ལ་སོགས་པའི་བྱེད་པ་སེམས་ཀྱི་རྡོ་རྗེ་རྣམ་པར་བཞུགས་པའོ། །འདིའི་ཞེས་པ་ཉེ་བར་མི་བསྐོར་བ་གསུངས་པ། དེ་སྐད་བསྐོར་བས་ཁམས་ངལ་དུབ་སྡུག་བསྔལ་གྱི་བྱ་བ་འོང་བར་བྱེད་པས་དེ་ཁོ་ནའི་རྣལ་འབྱོར་ཆེན་པོ་རྣམས་གང་དེས་
ནི་དེ་ཐོབ་པའོ། །དེ་མ་ཡིན་པ་མི་བདེན་པ། །དེ་དག་ཁ་ཅིག་ཙམ་ཡང་མེད། །དེས་ན་དེ་ཁོ་ན་ཡོད་སྐྱེས་བུ་དེ། །མི་བདེན་དེ་དག་ཁ་ཅིག་ཙམ་ཡང་མེད། །ཞིང་དང་ཉེ་བའི་ཞིང་དང་ཚནྡོ་རྣམས། །དེར་ནི་ཕྱིན་པས་དྲི་མ་མེད་པ་འབྱུང་། །དེ་ནས་ཁྲོ་བའམ་གྲགས་པ་འདོད་པ་ཡིས། །

སྐྱེས་བུ་ཞིང་དུ་འགྲོ་བར་བྱེད་པ་སྟེ། །མེད་དེ་རང་འབྱུང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཞིང་ལ་སོགས་པ་བསྐོར་བས་དྲི་མ་མེད་པར་འབྱུང་ངོ་། །དེ་ལ་བདག་རྒོལ་བའི་སེམས་འདི་དག་ཞིང་ལ་སོགས་པ་དང་ཞིང་དང་ཉེ་བའི་ཞིང་གི་མཆོག་ཏུ་བྱེད་པ་དྲི་མ་མེད་པ་
འབྱུང་ཞེས་པ། རྡོ་རྗེ་རྣལ་འབྱོར་མའི་དགོངས་པ་ཡང་དག་པར་འབྱུང་བ་འདི་ངོ་མཚར་ཆེའོ། །དེ་ནས་གང་ལ་བསྐོར་བས་སྟོབས་ཉམས་པར་བྱེད་པའི་བྱ་བ། ཁྱིམ་མང་པོའི་བྱ་བ་གང་གཡེང་བའི་སེམས་གཉིས་མེད་པར་ཞི་བ་ལ་སོགས་པའི་མིང་གི་གྲགས་པ་ཐོབ་ཀྱི་བཟང་པོ་མ་ཡིན་པར་འབྱུང་
བའོ། །བདག་གི་གོང་དུ་དེ་ཉིད་དེ། །སེམས་ཅན་མོས་པའི་སེམས་ཀྱི་རྣལ་འབྱོར་པ། །བསམ་གཏན་མཆོག་ལས་བདེ་བ་གཞན་ན་མེད། །དེ་བས་འདི་ལྟར་བསམ་གཏན་ལས་བྱའོ། །སྟོབས་ཀྱིས་དེ་དག་བསྐོར་བས་བརྗོད་དུ་མེད་པ་དྲི་མ་མེད་པ་མཐོང་ཞིང་མྱོང་བ་དེ་དོན་དམ་པར་ཡང་
མེད་པའོ། བསམ་གཏན་ཞེས་པ་འདི་བསམ་གཏན་གྱི་སེམས་རྩེ་གཅིག་པ་དེ་ལས་བྱུང་བའི་བདེ་བ་གཞན་ཅི་ཡང་མེད་དེ། དེ་ཉིད་བསམ་གཏན་གྱི་བྱ་བ་ཉིན་མཚན་དུ་བྱའོ། །ཁམས་དུབ་དེ་དག་བསྐོར་བ་ནི། །ཕྱི་རོལ་པ་ཡི་རྣལ་འབྱོར་ཡིན། །དེ་ནས་ཕྱི་རོལ་སྤང་བར་བྱ། །གནས་བྱ་
རྣལ་འབྱོར་རོལ་པ་ཡིས། །དུབ་པ་ཞེས་པ་དེ་དག་ཕྱི་རོལ་པ་མངོན་པར་གནས་པས་ཁམས་དུབ་