Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 23

Văn bản gốc(Tây Tạng)

Trang 15 / 17 (50.000 ký tự/trang)


བྱས་ནས། །ཆོ་ག་བཞིན་དུ་ཁྲུས་བྱས་ལ། །དེ་ནས་རས་དམར་པོས་གདོང་གཡོགས་བཅིངས་ལ་ཐལ་མོ་སྙིང་གར་སྦྱར་དུ་བཅུག་ལ། ཨུ་རྒྱན་གྱི་གནས་སུ་ཁ་བལྟས་ཏེ། །ཆོ་ག་བཞིན་དུ་སློབ་མ་གཞག །དེ་ནས་སུམྦྷ་ནི་ལ་སོགས་པའི་སྒྲ་ཡིས་བསྲུང་བ་དང་མཚམས་བཅིང་བ་བྱས་ལ། མཉམ་
པར་བཞག་ལ། རྐང་འོག་རླུང་གི་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་དུ་བའི་མདོག །དེ་སྟེང་སྤྲུལ་པའི་འཁོར་ལོ་རུ། །གྲུ་གསུམ་མེ་ནི་འབར་བར་བལྟ། །ཕུང་པོ་ལ་སོགས་དྲི་དག་ཕྱིར། །དག་པའི་སྔགས་ནི་བརྗོད་པར་བྱ། །རང་གི་སྔགས་ནི་སྒྱུ་མ་བཞིན། །སྤྲུལ་པ་རུ་ཡང་
རྟོགས་པར་བྱ། །སྐད་ཅིག་གིས་ནི་ལྷ་མོ་བསམ། །ཕག་མོ་སྙིང་རྗེའི་བདག་ཉིད་ཅན། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །སྤྲུལ་པའི་འཁོར་ལོ་ནས་སོང་སེམས། །གཡུང་དྲུང་འཁྱིལ་པ་དགེ་བར་བལྟ། །སྨིན་མཚམས་གནས་པའི་ཐིག་ལེ་ནི། །དྲག་
ཏུ་འཁོར་བའི་འཁོར་ལོ་ལྟར། །ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ཡིས། །སོ་སོར་བསྡུ་བའི་རིམ་པའམ། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ལྟར་བསྟན་པའི་སེམས་ཀྱིས་ནི། །གྲུབ་པའི་རྟགས་ནི་འབྱུང་བར་འགྱུར། །ཡེ་ཤེས་ཐོབ་པའི་སློབ་མ་ལ། །དེ་ཡི་ཚེ་ནི་
བ་སྤུ་ལྡང་། །འཆི་མ་འབྱུང་དང་ཆུ་འཛགས་དང་། །ཚ་བ་དང་ནི་གྲང་བ་དང་། །འདར་བ་དང་ནི་གཡོ་བ་དང་། །ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་དོ། །དེ་དུས་བརྟན་པར་གྱུར་ཅིག་ཅེས་བརྗོད་དོ། །རང་བཞིན་དུ་ནི་གནས་པ་ནི། །བསྒོམ་པ་ཕྱི་ནས་བརྟན་པར་བྱ། །མཆོད་པ་སྔགས་དང་ལྷ་མོ་
ཡི། །ལྷན་ཅིག་སྐྱེས་པའི་བདག་ཉིད་དོ། །ཞེས་སློབ་མ་རྗེས་སུ་གཟུང་བ་ལས་ཡེ་ཤེས་འབེབས་པའི་ཆོ་གའོ།། །།དེ་ནས་ཡང་དག་རབ་བཤད་བྱ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་མཆོག །དད་པ་མེད་པས་མི་བྱ་སྟེ། །སྦྱིན་པ་པོ་རྣམས་སྙིང་རྗེར་ལྡན། །རང་གི་ཁྱིམ་མམ་དབེན་པ་
རུ། །ཙནྡན་ལ་སོགས་བྱུག་པར་བྱ། །བླ་ན་མེད་པའི་དོན་དུ་ནི། །ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ། །དད་པ་ཆེན་པོའི་ཡོན་བདག་གིས། །དང་པོར་བླ་མ་ལ་ཕྱག་འཚལ། །ཇི་ལྟར་འབྱོར་པ་ལྡན་པ་ཡིས། །ལྷ་རྣམས་ལ་ནི་སྙན་གསན་དབབ། །མཉམ་པར་གཞག་པའི་བླ་མ་ནི། །

རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ཐོད་པ་ལ་སོགས་བརྒྱན་པ་ལ། །རྣལ་འབྱོར་བཞི་དང་ཡང་དག་ལྡན། །ཐོག་མར་གཏོར་མ་མདུན་དུ་གཞག །ཆོ་ག་བཞིན་དུ་མཆོད་པར་བགྱི། །སྙན་གསན་ཕབ་པ་བྱིན་པ་ལ། །གཙང་མ་ཡིས་ནི་ཞབས་བཀྲུ་བྱ། །ཡོངས་སུ་སྦྱངས་པའི་
དཀྱིལ་འཁོར་དུ། །དེར་གཞུག་གདན་གྱི་རིམ་པ་ལ། །རྒན་དང་གཞོན་གྱི་རིམ་པ་ཡིས། །བླ་མ་ཕྱག་འཚལ་འདུད་པར་བྱ། །སྐལ་བ་མེད་དང་ང་རྒྱལ་ཅན། །ཚོགས་ཀྱི་འཁོར་ལོར་སྤང་བར་བྱ། །བསྒོམ་པ་ལྡན་པ་ཤེས་བྱས་ལ། །དེ་ཚེ་མཆོད་པའི་ཆོ་ག་བྱ། །ཉེ་བར་སྤྱོད་པ་ལྔ་ཡིས་མཆོད། །
ཁྱད་པར་དུ་ནི་ཙནྡན་དང་། །གུར་ཀུམ་ལ་སོགས་ལྡན་པ་དང་། །མེ་ཏོག་ཕྲེང་བ་དམར་པོ་དང་། །མཆོད་པ་ལྔ་ཡིས་མཆོད་པར་བྱ། །ལས་ཀྱི་རྡོ་རྗེ་མཁས་པ་ཡིས། །དང་པོ་ལྕགས་ཀྱུ་བཟུང་བྱས་ལ། །སྦྲང་ངམ་བུ་རམ་སྦྱར་བའམ། །ཇི་ལྟར་རྙེད་པ་བཟུང་བྱས་ལ། །ཆོས་འདི་ལ་ནི་ཁྱོད་
ལྟོས་ལ། །མེད་པའི་རྣམ་རྟོག་དོར་ནས་ནི། །ཁྱི་དང་བྲམ་ཟེ་གདོལ་པ་དང་། །རང་བཞིན་གཅིག་ཏུ་བཟའ་བར་གྱིས། །ཞེས་ཚིགས་སུ་བཅད་པ་འདིས་དབུལ་བར་བགྱིའོ། །རིན་ཐང་མེད་ལས་ལེགས་འོང་ཆོས། །འདོད་ཆགས་དྲི་མ་དག་པའི་ཕྱིར། །གཟུང་བ་དང་ནི་འཛིན་པ་སྤངས། །དེ་ཉིད་
ཀྱི་ནི་ཕྱག་འཚལ་ལོ། །ཞེས་དེས་བླང་བར་བྱའོ། །ལས་ཀྱི་རྡོ་རྗེ་མཁས་པ་ཡིས། །ཐུན་མོང་དུ་ནི་དབུལ་བར་བྱ། །བཟའ་བ་དང་ནི་བཏུང་བ་ཡང་། །ཉ་དང་ཤ་དང་དེ་བཞིན་དུ། །བཟའ་བ་ལ་སོགས་རྫོགས་པ་ལ། །སློབ་དཔོན་གྱིས་ནི་བྱིན་བརླབ་བྱ། །ཡི་གེ་གསུམ་གྱིས་བྱིན་གྱིས་
བརླབ། །ཁ་དོག་དྲི་ཡང་དག་པར་བྱེད། །ཨོཾ་སརྦྦ་བཛྲ་ཀཱ་མི་ཎི་སརྦྦ་བྷ་ཀྵཾ་བི་ཤོ་དྷ་ཡ་གུ་ཧྱ་བཛྲ་ཎི་ཧཱུཾ་སྭཱ་ཧཱ། །ཞེས་པས་སོ། །དེ་ནས་མདུན་དུ་མཎྜལ་བྱས་ལ། པུས་མོ་ཕབ་ལ་ཐལ་མོ་སྦྱར། །སེམས་ཅན་ཀུན་གྱི་དོན་དུ་ནི། །དེ་ལ་སྨོན་ལམ་གདབ་པར་བྱ། །གདན་ལ་སོགས་པ་བཅུ་ཡིས་ནི། །
ས་དང་ཕ་རོལ་ཕྱིན་པ་སོགས། །དཔའ་བོ་དཔའ་མོ་དབང་ཕྱུག་རྣམས། །གུས་པས་བདག་ནི་ཕྱག་འཚལ་ལོ། །ལྷ་མོ་ཚད་མ་དམ་ཚིག་ཚད། །དེ་གསུང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དག་གིས་ལྷ་མོ་ཡིས། །དེ་དག་བདག་གི་རྗེས་འཛིན་ཤོག །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་

པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །ཇི་སྙེད་རྣམས་ལ་ཕྱག་འཚལ་ལོ། །དགའ་བར་བཅས་པ་ཚོགས་འཁོར་ལ། །ཚིགས་བཅད་གསུམ་པོས་བསྟོད་བྱས་ལ། །སྙིང་རྗེ་ལྡན་པའི་སྦྱིན་པ་པོས། །ཇི་ལྟར་དགྱེས་པར་གསོལ་བར་ཞུ། །དེ་ནས་ལྷ་ཡི་ཕུད་ཕུལ་ནས། །
ཆོ་ག་བཞིན་དུ་བཟའ་བར་བྱ། །བཏུང་བས་དགྱེས་པར་གྱུར་པ་ཡི། །རྡོ་རྗེའི་གླུ་ནི་བླང་བས་བྱ། །ཅང་ཏེའུ་ལ་སོགས་སྒྲ་དང་ནི། །སྣ་ཚོགས་ལྔ་ཡིས་ཡིད་འཕྲོག་བྱེད། །སྔགས་དང་ཕྱག་རྒྱ་རྣལ་འབྱོར་གྱིས། །མཆོག་ཏུ་དགའ་བས་གར་བྱའོ། །དེ་ནས་ཚོགས་ཀྱི་སློབ་དཔོན་གྱིས། །སྦྱིན་
པ་པོ་ལ་དགེ་སེམས་དང་། །རྣལ་འབྱོར་མ་རྣམས་འདུས་པ་ཡིས། །བཀྲ་ཤིས་དེ་ལ་སྦྱིན་པར་བྱ། །ལག་པ་འཁྲུ་དང་སོ་རྩི་དང་། །ཁྱད་པར་དུ་ནི་ཡོན་དང་བཅས། །ཁྲོ་བ་བྲལ་བའི་ཡོན་བདག་གིས། །ཐུན་མོང་དུ་ནི་དབུལ་བར་བྱ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་བཅས་
དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་དང་ངེས་འབྱུང་ལ། །ཆོ་ག་འདི་ལ་བཟོད་པར་གསོལ། །ཞེས་པའི་རིམ་པའི་བཟོད་གསོལ་ཏེ། །ལྷ་མོའི་ཚོགས་ཀྱི་འཁོར་ལོ་ལ། །ལྷག་མ་བསྡུ་བའི་གཏོར་མ་ནི། །འབྱུང་པོ་ཡི་དགས་ཀུན་ལ་སྦྱིན། །ཞེས་སློབ་མ་རྗེས་སུ་གཟུང་བ་ལས་ཚོགས་ཀྱི་འཁོར་ལོའི་
ཆོ་གའོ།། །།དེ་ནས་ཡང་དག་བཤད་པར་བྱ། །གཞོན་ནུ་མ་འམ་རྣལ་འབྱོར་མ། །རྡོ་རྗེ་རྣལ་འབྱོར་མ་ཡི་དངོས། །ཆོ་གར་ལྡན་པས་མཆོད་པར་བགྱི། །ནག་པོའི་ཕྱོགས་ཀྱི་ཚེས་བཅུའམ། །དཀར་པོ་ལ་ཡང་དེ་བཞིན་དུ། །དད་པའི་སེམས་ཀྱིས་སྙན་གསན་དབབ། །གུས་དང་བཅས་པས་
ཁྲུས་སོགས་བྱ། །གཅིག་གམ་གཉིས་སམ་བཞིའམ་ལྔ། །དྲུག་པ་གཉིས་ནི་དེ་བཞིན་དུ། །ཇི་སྲིད་ཉི་ཤུ་རྩ་བཞི་དང་། །མཆོད་པ་ལ་སོགས་གནས་གནས་ལ། །ཡིད་འོང་གནས་སུ་ཚུར་བཀུག་ནས། །དྲི་དང་མེ་ཏོག་ལ་སོགས་ལྡན། །ཀུ་ཤའི་ཆུན་པོ་བཟུང་བྱས་ནས། །དེ་ཡི་མདུན་དུ་སྟན་དུ་
འབུལ། །གནས་ལ་སོགས་པ་བསྲུང་དོན་དུ། །སུམྦྷ་ལ་སོགས་སྔགས་བརྗོད་བྱ། །ནུབ་ཕྱོགས་ཁ་ནི་ལྟར་གཅུག་ལ། །ཆོ་ག་བཞིན་དུ་ལྷ་བསྐྱེད་ལ། །སིནྡྷུ་ར་ཡིས་དཔྲལ་བར་བསྐུ། །གླ་རྩི་གུར་ཀུམ་ག་པུར་དང་། །ཁྱད་པར་དུ་ནི་ཙནྡན་བཅས། །ལག་པ་རྐང་པ་གདོང་པ་དང་། །རྐང་མཐིལ་

ལག་མཐིལ་བསྐུ་བར་བྱ། །མེ་ཏོག་དམར་པོའི་ཕྲེང་བས་བརྒྱན། །དེ་བཞིན་ན་བཟའ་དམར་པོ་དང་། །མིག་སྨན་ནག་པོ་སྤྱན་ལ་བསྐུ། །སྤོས་ཀྱི་དུ་བས་བདུག་པར་བྱ། །ལྷ་ཡི་བཏུང་བ་ལྡན་པ་དང་། །བཟའ་དང་བཅས་པ་ཡང་དག་ལྡན། །གཏོར་མ་སྔོན་དུ་འགྲོ་བྱས་ལ། །ཙ་རུ་
སྒྲོན་མ་དབུལ་བར་བྱ། །རྡོ་རྗེ་རྣལ་འབྱོར་མ་མཆོད་ལ། །སྔགས་ཀྱི་ནུས་པ་ལྡན་པ་ཡིས། །དགེ་དང་མི་དགེ་ལས་བྱུང་བས། །དེ་ལ་བརྟགས་པ་རྟོགས་པར་འགྱུར། །བདེ་མཆོག་རྒྱུད་ལས་གསུངས་པ་བཞིན། །རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ཕྱིར་ཀུན་ནས་འབད་པ་ཡིས། །
རྣལ་འབྱོར་ཤེས་པས་མཆོད་པར་བགྱི། །ཡོངས་སུ་རྫོགས་པའི་བྱང་ཆུབ་ཏུ། །འགྲོ་བའི་དོན་དུ་ཡོངས་སུ་བསྔོ། །སོ་རྩི་ཡོད་ཀྱང་ཕུལ་བྱས་ནས། །ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ཞེས་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ལས་གཞོན་ནུ་མ་མཆོད་པའི་ཆོ་གའོ།། །།དེ་ནས་ཡང་
དག་རབ་བཤད་བྱ། །གཏོར་མའི་ལས་ཀྱི་ཆོ་ག་ནི། །གཏོར་མ་ལས་དང་བྲལ་བ་ལ། །དངོས་གྲུབ་མཆོག་ནི་དེ་ལ་མེད། །དེའི་ཕྱིར་ཀུན་ནས་འབད་པ་ཡིན། །གཏོར་མ་མཆོད་པར་བྱེད་པ་ལ། །འདོད་པའི་དོན་ནི་དེ་ཡིས་ཐོབ། །ཐམས་ཅད་རྒྱུད་ལས་གསུངས་པ་བཞིན། །དང་པོར་རེ་ཞིག་
རྣལ་འབྱོར་པས། །དཔལ་རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་དང་ལྡན་པས། ཁ་ཟས་ལ་སོགས་པ་མདུན་དུ་ཡང་དག་པར་བཞག་ལ་སྦྱང་བར་བྱའོ། །ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེ་ནས་ཨ་ཡིག་དཀར་པོ་ལས་པདྨའི་སྣོད་དཀར་པོ་མགོ་བོ་གསུམ་གྱི་སྒྱེད་བུའི་
ཁར་གཞག་གོ། །དམ་ཚིག་རྫས་ཀྱིས་བཀང་བ་ལ། ཨོཾ་ཨཱཿཏྲཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་དེ་རྣམས་ལ་བྱིན་གྱིས་བརླབས་ལ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་ངོ་བོར་བསྒྲུབ་པར་བྱ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བལྟས་པའོ། །དེའི་རྗེས་ལ་རླུང་གིས་མེ་སྦར་བས་ས་
བོན་རྣམས་ཞུ་བར་གྱུར་པས་ཉི་མ་གཞོན་ནུའི་ཁ་དོག་འདྲ་བར་བལྟས་ལ། ཨོཾ་ཨཱཿཧཱུཾ་གི་ཡི་གེ་རྣམས་རིམ་གྱིས་སྟེང་ནས་སྟེང་དུ་གནས་པ་ལས་སྐུ་གསུང་ཐུགས་ཀྱི་ལྷ་སྤྲོས་པ་ལས་འགྲོ་བའི་དོན་དུ་བྱ་བ་ཇི་ལྟ་བུ་བཞིན་དུ་དེ་རྣམས་ལ་ཞུགས་པར་བལྟས་ལ། དེ་ནས་ཧཱུཾ་ཡིག་ལ་སོགས་པ་རིམ་པ་བཞིན་དུ་

ཞུགས་པར་བལྟའོ། །འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱ། དེ་ནས་འབར་བའི་ཕྱག་རྒྱ་བཅིངས་ལ། དེའི་སྔགས་དང་བཅས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་ཡང་དག་པར་བཞག་ལ། །མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་ལ་བདུད་རྩི་མྱང་བའི་ཆོ་གས་མཆོད་པར་བྱའོ། །མངོན་
པར་འདོད་པའི་དོན་དུ་གདོན་པར་བྱ་སྟེ། ལྷ་མོ་ཚད་མ་དམ་ཚིག་ཚད། །དེས་གསུངས་མཆོག་ཏུ་ཚད་མ་སྟེ། །བདེན་པ་བདག་གིས་ལྷ་མོ་ཡིས། །དེ་དག་བདག་ལ་རྗེས་འཛིན་ཤོག །མཆོད་པའི་མཆོད་བྱ་མཆོད་པ་རྣམས། །མི་ཕྱེད་པར་ནི་བལྟ་བར་བྱ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ། བདུད་
རྩིའི་སྣོད་ལག་མཐིལ་དུ་བཞག་ལ་གཡོན་དང་གཡས་སུ་བསྐོར་བར་བྱའོ། །ལྕེ་ནི་རྡོ་རྗེར་སྦྱོར་བ་ཡིས། །ལྷ་མོའི་ཚོགས་ནི་ཚིམ་པར་བྱ། །དེ་ནས་དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལ་སོགས་པའི་སྔགས་ཀྱིས་ཕྱོགས་ལ། གཡོན་སྐོར་
མཚམས་རྣམས་ལ་གཡས་སྐོར་དུ་ཕུལ་བས། དེ་རྣམས་ཀྱིས་བདུད་རྩི་མྱངས་པས། བདེ་བ་ཆེན་པོ་ཐོབ་པར་བསམས་ལ། དེ་ནས་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་པ་དང་། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ལྷག་ཆད་ཁ་
བསྐང་བར་བྱ་བའི་དོན་དུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །དེའི་རྗེས་སུ་ཨོཾ་བཛྲ་མུཿ །ཞེས་བརྗོད་ལ་པདྨའི་ཕྱག་རྒྱ་བསྐོར་བས་དགྱེས་པར་བྱས་ལ། དེ་ནས་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་ལྷག་མའི་གཏོར་མ་བསྡུས་པ་ལ། དམ་ཚིག་གིས་ནི་ཁ་བསྐང་ནས། །འབར་བའི་ཕྱག་རྒྱས་
བཅིང་བར་བྱ། །དྲག་པོའི་ཧཱུཾ་ཡིག་གདོན་བྱས་ནས། །ལྷག་མའི་གཏོར་མའི་སྣོད་དུ་དབུལ། །ཨོཾ་སརྦྦ་བྷཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚ་བྷཀྵ་བྷྱཿསྭཱ་ཧཱ། ཞེས་གཤེགས་སུ་གསོལ་ལོ། །སློབ་མ་རྗེས་སུ་གཟུང་བ་ལས་གཏོར་མའི་ལས་ཀྱི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་ཆོ་ག་བཤད། །རྡོ་རྗེ་རྣལ་
འབྱོར་མ་མཆོད་པའི། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྦྱིན་སྲེག་ཡང་ནི་གཉིས་སུ་འབྱུང་། །ཕྱི་ཡི་ལས་ཀྱི་དབྱེ་བ་ཡིས། །སྦྱིན་སྲེག་ཡང་ནི་བཞི་རུ་བཤད། །ནང་གི་སྦྱིན་སྲེག་གཉིས་སུ་ཤེས། །རོ་དང་ཚིམ་པར་བྱ་བའོ། །ཕྱི་ནི་འདི་རུ་བཤད་པར་བྱ། །རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པའི། །དེ་བཞིན་

ཆོ་ག་ལྷག་ཆད་ལ། །སྦྱིན་སྲེག་གིས་ནི་བསྐང་བར་བྱ། །རྣལ་འབྱོར་ནུབ་ཏུ་ཁ་བལྟས་ལ། །རྒྱན་ཆ་དམར་པོ་ཡིས་བརྒྱན་ལ། །སྐྱེ་གནས་ལྟ་བུའི་ཐབ་ཁུང་དུ། །ཕྱེད་ནི་བསྐོར་ཏེ་དམར་པོར་བྱ། །སོར་གསུམ་དོར་བའི་དབུས་སུ་ནི། །རྡོ་རྗེ་དམར་པོ་འབར་བ་དགོད། །ཕྱི་
རོལ་རྡོ་རྗེ་ཕྲེང་བས་བསྐོར། །ཁྱད་པར་དུ་ནི་གྲི་གུག་བསྐོར། །གསང་སྔགས་བཞི་ཡིས་བསྲུང་བྱ་དང་། །མཚམས་ཀྱང་དེ་བཞིན་བཅིང་བར་བྱ། །མཆོད་ཡོན་ལ་སོགས་སྣོད་ཀྱང་ནི། །བསྲེག་པའི་རྫས་རྣམས་གཡོན་དུ་གཞག །ཡམ་ཤིང་འོ་མ་ཅན་ནི་བརྩིག །ཆོ་ག་ཡིས་ནི་བསམ་པར་བྱ། །
མེ་ནི་རཾ་ཡིག་ལས་བྱུང་བ། རླུང་ཡབ་ཀྱིས་ནི་གཡབ་པར་བྱ། །ཞལ་གཅིག་པ་ལ་ཁ་དོག་དམར། །སྤྱི་བླུགས་མཆོད་སྦྱིན་དབྱུག་པ་དང་། །བགྲང་ཕྲེང་དེ་བཞིན་འཛིན་པ་ལ། །ལག་པ་གཡས་དང་གཡོན་པ་ཡི། །མཐེ་བོང་གཉིས་ནི་དགུག་པར་བྱ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་
སཏྭ་མ། གྲྀ་ཧི་ཏྭཱ་མ་ཧཱ་རཱ་སྨིན་སནྣི་ཧི་ཏོ་བྷ་བ་ཞེས་བྱ་བས། ཡེ་ཤེས་མེ་ནི་དེ་ལ་གཞུག །དེ་ལ་འཐོར་འཐུང་མཆོད་ཡོན་སོགས། །ཁྲུས་ཀྱི་ཆོ་ག་དེ་བཞིན་དབུལ། །རཾ་ཡིག་ས་བོན་ལྕེ་ལ་བསམས། །དེ་ལ་དགང་བླུགས་དབུལ་བར་བགྱི། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨགྣ་ཡེ་ཨ་མུ་ཀ་
སྱ་སཏྭ་སིདྡྷི་ཀུ་རུ། ཞེས་པས་སོ། །ཇི་ལྟར་རིམ་པ་གསུམ་གསུམ་གྱིས། །སྲེག་རྫས་ཐམས་ཅད་བསྲེག་པར་བྱ། །མར་གྱིས་བསྲེག་པའི་སྲེག་རྫས་ནི། །དོན་གྱི་ཁྱད་པར་སྒྲུབ་པར་བྱེད། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་ཨཱ་ཡུ་ཁེ་
སྭཱ་ཧཱ། དཱུརྦའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཉམས་པའོ། །ཨོཾ་སརྦྦ་སམྦ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་བཛྲ་བེ་གཱ་ཡ་སྭཱ་ཧཱ། གྲོའིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ལྷག་མ་ཀུན་དེ་ཉིད་གསུམ་གྱིས་བསྲེག་
པར་བྱའོ། །དེ་ནས་དགང་བླུགས་ཕུལ་ལ་མཆོད་པ་དང་བསྟོད་པས་བསྟོད་ལ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། སྙིང་རྗེའི་བདག་ཉིད་ཕག་མོ་ནི། །ཆོ་ག་བཞིན་དུ་བསམ་པར་བྱ། །ཆོ་ག་ཡིས་ནི་ཡེ་ཤེས་དགུག །དམ་ཚིག་ལ་ནི་ཡང་དག་གཞུག །འཐོར་འཐུང་མཆོད་ཡོན་ལ་

སོགས་དང་། །ཆོ་གའི་རིམ་པས་དེ་ལ་དབུལ། །ལྕེ་ལ་རཾ་ཡིག་བྱུང་བ་ལས། །དེ་ལ་དགང་བླུགས་དབུལ་བར་བྱ། །ལས་ཀྱི་དངོས་གྲུབ་བྱེ་བྲག་གིས། །སྲེག་རྫས་ཀུན་གྱིས་བསྲེག་པར་བྱ། །མཆོད་པ་དང་ནི་བསྟོད་པས་བསྟོད། །བཟོད་པར་གསོལ་ལ་དངོས་གྲུབ་བླང་། །ཡང་དང་ཡང་དུ་གསོལ་
བྱས་ལ། །ཨོཾ་བཛྲ་མུཿཞེས་པས། ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ལྷག་པ་དང་ནི་ཆད་པ་ལ། །ཡོངས་སུ་རྫོགས་པའི་དོན་དུ་ནི། །སྲེག་རྫས་ཀུན་གྱིས་བསྲེག་པར་བྱ། །ཡི་གེ་བརྒྱ་པ་གདོན་པར་བྱ། །སློབ་མ་རྗེས་སུ་གཟུང་བ་ལས་སྦྱིན་སྲེག་གི་ཆོ་གའོ།། །།དེ་ནས་སྲུང་
འཁོར་རབ་བཤད་བྱ། །རྡོ་རྗེ་སེམས་དཔའ་ཉིད་གསུངས་པ། །གང་ལ་བཏགས་པ་ཙམ་གྱིས་ནི། །ནད་ཀུན་དང་ནི་བྲལ་བར་བྱེད། །གུར་ཀུམ་དང་ནི་གི་ཝང་བསྲེས། །རྒྱལ་གྱི་ཉི་མ་དགེ་བ་ལ། །རྩིབས་དྲུག་འཁོར་ལོ་བྲི་བར་བྱ། །གོ་ཆའི་སྔགས་ནི་མཁས་པས་དགོད། །སུམྦྷ་ལ་སོགས་
སྔགས་དང་ནི། །རྡོ་རྗེ་ཕྲེང་བས་བསྐོར་བར་བྱ། །གཙང་མའི་རས་སམ་དར་ལའམ། །ཡང་ན་སྨྱུག་ཤུན་གྲོ་བ་ལ། །དབུས་སུ་མིང་ཡིག་བསྲུང་བ་དང་། །དྲུག་པོ་ལ་ནི་དེ་བཞིན་དུ། །འབད་པ་ཡིས་ནི་བྲི་བར་བྱ། །ཡེ་ཤེས་འཁོར་ལོ་གཞུག་པར་བྱ། །མགྲིན་པའམ་ནི་དཔུང་པ་ལ། །ཡང་ན་
སྤྱི་བོའི་གཙུག་ཏུ་ནི། །དུས་རྟག་ཏུ་ནི་བཅང་བར་བྱ། །འབྱུང་པོ་ལ་སོགས་འཇིགས་དང་བྲལ། །ཚེ་ནི་རིང་བ་ཐོབ་པར་འགྱུར། །ཡང་ན་བུམ་པ་དཀར་པོ་ལ། །ཙནྡན་ཆུ་ཡིས་དགང་བར་བྱ། །དམ་པའི་འཁོར་ལོ་དེར་བཅུག་ལ། །ཆོ་ག་བཞིན་དུ་བསྒོམ་པར་བྱ། །གང་གི་ཁྱིམ་དུ་གཞག་པ་
ལས། །དེ་ཡི་སྡུག་བསྔལ་ཞི་བར་བྱེད། །མེ་ཏོག་དམར་པོས་དུས་གསུམ་དུ། །ཆོ་ག་བཞིན་དུ་རྟག་ཏུ་མཆོད། །ཅེས་སློབ་མ་རྗེས་སུ་གཟུང་བ་ལས། །སྲུང་བའི་འཁོར་ལོའི་ཆོ་གའོ།། །།གང་གི་དགེ་བས་ལེགས་གནས་ཆོས་ཀྱི་མཆོག །ཐོབ་ནས་རི་ཁྲོད་ཞབས་ཀྱིས་འགྲོ་བའི་
དོན། །རྫོགས་མཛད་རྡོ་རྗེ་ཕག་མོའི་སྐུར་གྱུར་ཅིག །སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ཞེས་བྱ་བ་གྲུབ་ཐོབ་ཤ་བ་རི་པཱ་དས་མཛད་པ་རྫོགས་སོ།། །།ཡུལ་མ་ག་དྷཱའི་པཎྜི་ཏ་གཽ་ཏ་མ་བྷ་དྲའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་

གཙང་ཉང་རོ་ཚོང་དུས་ཀྱི་སའི་ཆ་ལ་ཆོས་གནས་ཆེན་པོ་གཉལ་སྤེར་ལེགས་པར་བསྒྱུར་བའོ།། །།ས་སྟེང་ཉི་ཟླ་ལྟར་གྱུར་ཅིག །འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་ཨ་བྷི་ཥེ་ཀ་སཾ་ཀྵེ་པ་ནཱ་མ། བོད་སྐད་དུ།
རྡོ་རྗེ་རྣལ་འབྱོར་མའི་དབང་མདོར་བསྡུས་པ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །སྤྲོས་པ་དང་བཅས་ཞལ་ནས་གསུངས་པ་མང་ཡོད་ཀྱང་། །སྤྲོས་བྲལ་མོས་པ་བདག་འདྲའི་བྱིན་རླབས་དོན། །ཕག་མོ་མངོན་འབྱུང་རྒྱུད་ལ་བརྟེན་ནས་ནི། །བྱིན་རླབས་མདོར་བསྡུས་བདག་གིས་
བཤད་པར་བྱ། །དེ་ལ་སྙིང་པོའི་དོན་ངོ་སྤྲོད་པའི་མན་ངག་ལ་ཐུན་མོང་གི་དབང་དང་། ཐུན་མོང་མ་ཡིན་པའི་དབང་ངོ་། །དེ་ལ་ཐུན་མོང་གི་དབང་ནི་བུམ་པའི་དབང་ལ་སོགས་པའི་རིག་པའི་དབང་ལྔའོ། །ཐུན་མོང་མ་ཡིན་པའི་དབང་ནི་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་དབང་ངོ་། །དེ་ལ་རྡོ་རྗེ་
རྣལ་འབྱོར་མའི་བྱིན་རླབས་ཀྱི་དབང་ནི་དང་པོ་དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་ས་གཞི་བརྟག་པ་ལ་སོགས་པ་བྱས་པའི་རྗེས་སུ་ལྷག་གནས་གསུམ་ནི་གཞན་ནས་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་དུས་སུ་དཀྱིལ་འཁོར་ཚུལ་བཞིན་དུ་བྲི་བར་བྱ་སྟེ། དབུས་
གྲུ་གསུམ་བསྣོལ་མ་ལ་དགའ་བ་འཁྱིལ་བ་བྲི། དེའི་མཐར་པདྨ་འདབ་མ་བཅུ་དྲུག་གམ་བརྒྱད་ལ་རྡོ་རྗེ་མེ་རིས་འཁོར་བར་བྲིའོ། །དབང་བསྐུར་བའི་རྫས་ནི་དེའི་སྟེང་དུ་བུམ་པ་དམར་པོ་གསུམ་གྱི་ནང་དུ། རིན་ཆེན་ལྔ་དང་སྨན་ལྔ་དང་རྫས་གཞན་ཆུ་ལ་སོགས་པས་བཀང་ལ། ཁ་རྒྱན་དང་
མགུལ་ཆིངས་དམར་པོས་བརྒྱན་ཏེ་གཞག །དབུ་རྒྱན་དང་རྡོ་རྗེ་དྲིལ་བུ་རྩར་གཞག །དེའི་སྟེང་དུ་ཐོད་པ་མཚན་ཉིད་དང་ལྡན་པ་གསུམ་གྱི་ནང་དུ། མཚན་ཉིད་དང་ལྡན་པའི་བུ་མོ་གཞོན་ནུ་མ་བཅུ་དྲུག་མའམ་ཉི་ཤུ་རྩ་ལྔ་མའི་ལག་པས་ཆང་གིས་ཐོད་པ་འགེངས་སུ་གཞུག་གོ། །དེ་ལ་མཚན་མ་བརྟག་
པར་བྱའོ། །དེ་ནས་བུ་མོས་མཆོད་པ་བྱས་ཡོན་ཡང་དབུལ་ལོ། །དེའི་དགོས་པ་ནི་རྟགས་རབ་འབྲིང་གསུམ་གང་རུང་ཅིག་བྱུང་བ་དང་། དེའི་སྟེང་དུ་མེ་ལོང་གཡའ་དག་པ་ལ་གུར་ཀུམ་གྱི་ཆུས་བཀྲུས་ལ་སིནྡྷུ་ར་བཙགས་ལ་གསེར་སྨྱུག་གིས་གྲུ་གསུམ་བསྣོལ་མ་བྲི། དེའང་གཉིས་སྤྲད་དུ་བྱའོ། །

དེའི་དབུས་སུ་སྔགས་ཀྱི་རྒྱལ་པོ་བྲིས་ལ། དེ་ལས་སྔགས་གཞན་ཡང་གཡོན་སྐོར་དུ་བྲིའོ། །དེའང་མན་ངག་གིས་བྲིའོ། །དེའང་རས་དམར་པོས་ཞལ་ཁེབས་བྱའོ། །དེའང་མཆོད་པ་སྣ་ཚོགས་པའི་རྫས་ལ། མཁའ་འགྲོ་མ་མཆོད་པའི་རྫས་ནི་ཞལ་གཅིག་མའི་དབང་དུ་བྱས་ནས་མཆོད་པ་བཞི་
བཞིར་བྱ་ཞིང་། མེ་ཏོག་དམར་པོ་སྣ་བཞི་ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། སྤོས་སྣ་བཞི་ལ་གུ་གུལ་ནག་པོ་དང་ཨ་རུ་ར་ཤ་ཆེན་དང་བྱི་ལ་ནག་པོའི་རིལ་མའམ་རང་བྱུང་གི་མེ་ཏོག་དམར་པོ་དང་བཞིའོ། །དྲི་སྣ་བཞི་ནི་ཙནྡན་དང་གླ་རྩི་དང་ག་པུར་དང་གུར་ཀུམ་མོ། །སྒྲོན་མེ་སྣ་བཞི་ལ་
འབྲུ་མར་དང་མར་དཀར་ལ་སོགས་པ་ལས་བྱའོ། །ལྷ་བཤོས་སྣ་བཞི་འབྲས་ལ་སོགས་པ་ལས་བྱའོ། །དེ་དག་ནི་ཁྲོ་མོའི་ཞལ་དུ་མཆོད་པའོ། །དེ་ལ་གཏོར་མའི་ཀེན་ནི་ཆང་སྣ་བཞི་ལ་འབྲུ་ཆང་སྦྲང་ཆང་གཉིས། བུར་ཆང་འབྲས་ཆང་གཉིས་ཏེ་བཞིའོ། །ཁུར་བ་སྣ་བཞི་ལ་གྲུ་གསུམ་ཟླ་གམ་
གཉིས། ཟླུམ་པོ་གྲུ་བཞི་གཉིས་ཏེ་བཞིའོ། །ཤ་སྣ་བཞི་ལ་མི་ཤ་རྟ་ཤ་ཁྱི་ཤ་བ་ལང་དང་བཞིའོ། །བདུད་རྩི་སྣ་བཞི་ལ་བྱང་སེམས་དཀར་དམར་གཉིས་དང་དྲི་ཆེན་དྲི་ཆུ་གཉིས་ཏེ་བཞིའོ། །ཕག་གདོང་གི་ཞལ་དུ་མཆོད་པའི་རྫས་སོ། །དེ་ལྟར་མཆོད་པ་ལ་སོགས་པའི་རྫས་
བཤམས་པ་དང་། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་སྐྱོ་ན་བཟླས་པ་བྱའོ། །དེ་ནས་བསྟོད་པ་བྱ་སྟེ་མཆོད་པ་དང་ཚོགས་དབུལ་བ་ལ་སོགས་པ་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་བཞི་སྟེ། མཆོད་པ་དང་རྫས་དང་སྔགས་དང་ཏིང་
ངེ་འཛིན་ཏོ། །དེ་ནས་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི་སློབ་མ་རྣམས་ལ་མིག་རས་དམར་པོས་བཀབ་སྟེ། ལས་ཀྱི་སློབ་དཔོན་གྱིས་ནང་དུ་དྲངས་ཏེ། བགེགས་བསྐྲད་ལ་དཀྱིལ་འཁོར་གྱི་ཤར་ནས་འཇུག་པར་བྱའོ། །ཇི་སྐད་བརྗོད་དེ། །དེ་རིང་ཁྱོད་མཁའ་འགྲོ་མ་ཐམས་ཅད་ཀྱི་རིགས་སུ་
གཞུག་གི །ཡེ་ཤེས་གང་གིས་མཁའ་འགྲོ་མ་ཀུན་གྱི་དངོས་གྲུབ་ཐོབ་པར་འགྱུར་ལ། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་དྲུང་དུ་སྨྲ་བར་མ་བྱེད་ཅིག །

གལ་ཏེ་ཁྱོད་ཀྱིས་སྨྲས་ན་དམ་ཚིག་ཉམས་པར་འགྱུར་ཏེ། དེ་ནས་ཡང་འདི་ནི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་གང་སུ་ཡང་རུང་བའི་དྲུང་དུ་བཟླས་ན། ཁྱོད་ཀྱི་མགོ་རྡོ་རྗེ་རྣལ་འབྱོར་མས་འགས་པར་བྱེད་དོ། །རྡོ་རྗེ་མཁའ་འགྲོ་མ་ཁྱོད་དེངས། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །
གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཌཱ་ཀཱི་ནཱི་ཨ་མྲྀ་ཏོ་ད་ཀ །དེ་ནས་འདི་བརྗོད་དེ། དེ་རིང་ཕན་ཆད་ཁྱོད་ཀྱི་
རྡོ་རྗེ་མཁའ་འགྲོ་མ་ང་ཡིན་གྱི། ངས་གང་གྱིས་བརྗོད་པ་དེ་བུ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་བརྙས་པའི་ལས་མ་བྱེད་ཅིག །གལ་ཏེ་བྱས་ན་ཡ་ང་བ་མ་སྤངས་པར་ཚེ་འདིའི་འདུ་བྱེད་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྷུང་བར་གྱུར་ཏ་རེ། དེ་ནས་འདི་སྐད་བརྗོད་དེ། དེ་བཞིན་གཤེགས་
པ་དང་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་རྣལ་འབྱོར་མ་བདག་ལ་དབབ་ཏུ་གསོལ། དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡིན་
དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་ཐོབ་པ། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །བཛྲ་ཌཱ་ཀི་ནཱི་བཛྲ་ཧོཿ། ལྷ་གང་གིས་དངོས་གྲུབ་ཐོབ་པ་བརྟག་པར་བྱའོ། །དེ་ནས་མེ་ཏོག་བླངས་ལ་སློབ་མའི་མགོ་ལ་གདགས་པར་
བྱའོ། །མིག་དབྱེ་བ་ནི། ཨོཾ་རྡོ་རྗེ་མཁའ་འགྲོ་ཁྱོད་ཉིད་ཀྱིས། །མིག་དབྱེ་བར་ནི་ནན་ཏན་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ལ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་དོ། །དེ་ནས་སློབ་མ་ལ་ལྷའི་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་དབང་བསྐུར་བར་བྱ་སྟེ། །རྡོ་རྗེ་རྣལ་
འབྱོར་མ་རྣམས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲུབ་སླད་དུ། །དབང་བསྐུར་དམ་པ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་བོ། །དེ་ནས་བུམ་པས་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནི་རབ་

བསྒྲུབ་ཕྱིར། །བུམ་པའི་དབང་ནི་ཁྱོད་ལ་བསྐུར། །བུམ་པ་བྱང་ཆུབ་སེམས་ཀྱིས་བཀང་། །སྤྱི་བོ་ནས་ཚངས་པའི་བུག་པ་ན་མར་སོང་བས་བདུད་རྩིའི་རྒྱུན་གྱི་ལྷག་མ་སྤྱི་བོར་མི་བསྐྱོད་པར་བཞུགས་པར་བསམ་མོ། །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །
དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་དབང་ནི་ཁྱོད་ལ་བསྐུར། །དེ་ནས་དྲིལ་བུའི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །དྲིལ་བུའི་དབང་ནི་ཁྱོད་ལ་བསྐུར། །དེ་
ནས་མིང་གི་དབང་བསྐུར་བ་ནི། །སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །མིང་གི་དབང་ནི་ཁྱོད་ལ་བསྐུར། །ཞེས་མ་རིག་པ་ལས་གནས་གྱུར་ནས་རིག་པ་ཡེ་ཤེས་སུ་བསྒྲུབ་པས་རིག་པའི་དབང་བཞིའོ། །ད་ནི་གསང་
བའི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་ཐོད་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །གསང་བའི་དབང་འདི་ཁྱོད་ཀྱིས་ལོང་། །ཞེས་ཐོད་པའི་ཆང་འཐུང་དུ་གཞུག་གོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་མེ་ལོང་
དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །ཤེས་རབ་ཡེ་ཤེས་ཁྱོད་ཀྱིས་ལོང་། །སྐབས་འདིར་རྫོགས་པའི་རིམ་པ་བསྒོམ་སྟེ། རང་གི་ལྟེ་བའི་ནང་དུ་མེ་ལོང་གི་དཀྱིལ་འཁོར་འབར་བར་བསམ་མོ། །ཕག་གདོང་གི་དཔྲལ་བར་གཡུང་དྲུང་རིས་དམར་པོ་
འཁོར་བར་བསམས་ལ། སྲིན་པོའི་ཞལ་ཅུང་ཟད་བསྡོམ་མོ། །གསུམ་པའི་དོན་དྲན་པས་བསྒོམ་མོ། །དེ་ལ་དབང་བཞི་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ཕྱག་རྒྱ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་ལ། གང་དུ་ཡང་གནས་པར་མི་བྱའོ། །དེ་ཡང་བརྡ་སྣ་ཚོགས་ཀྱི་སྒོ་ནས་བསྟན་
པར་བྱའོ། །དེ་ལྟ་བུའི་བྱིན་རླབས་ཐོབ་པའི་སློབ་མས་བླ་མ་ལ་ཡོན་ཕུལ་ནས་མཉེས་པར་བྱ་སྟེ། མཁའ་འགྲོ་མ་ལ་གཏོར་མ་གཏང་། ཚོགས་ཀྱི་འཁོར་ལོས་མཉེས་པར་བྱས་ནས་གཏོར་མ་གཏང་བར་བྱའོ། །བཀྲ་ཤིས་བརྗོད། །སྦྱིན་སྲེག་ཀྱང་བྱའོ། །དེ་ནས་རྡུལ་ཚོན་གཤེགས་ལ་ཡི་གེ་

བརྒྱ་པས་ཁ་བསྐང་བར་བྱའོ། །རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས་ཀྱི་ཆོ་ག་མདོར་བསྡུས་པ་ཞེས་བྱ་བ་གྲུབ་པ་ཐོབ་པ་ཤ་བ་རི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་ཡུལ་མ་ག་དྷཱའི་པཎྜི་ཏ་གཽ་ཏ་མ་བྷ་དྲའི་ཞལ་སྔ་ནས་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་
བཟང་པོས། གཙང་ཚོང་དུས་མགུར་མོའི་ས་ཆ། ཆོས་གནས་ཆེན་པོ་གཉལ་སྤེར་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་ག་ཎ་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་
ཕྱག་འཚལ་ལོ། །ཚོགས་གཉིས་ཚོགས་ནི་བསགས་པ་དང་། །རྣལ་འབྱོར་དམ་ཚིག་གསོ་བ་དང་། །བདེ་གཤེགས་མཁའ་འགྲོ་མཆོད་བྱའི་ཕྱིར། །དཔའ་བོའི་སྟོན་མོ་ཚོགས་འཁོར་བཤད། །དེ་ལ་ཀ་པཱ་ལའམ་སྣོད་ཤིན་ཏུ་མཛེས་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཚོགས་ཀྱི་ཡོ་བྱད་
བཤམས་པ་ནི་ཤ་ལྔ་དང་བདུད་རྩི་ལྔ་དང་དམ་ཚིག་གི་རྫས་བདུད་རྩི་རིལ་བུ་དང་གཞན་ཡང་ཞལ་ཟས་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་པ་དང་བཟའ་བ་དང་བཏུང་བ་ལ་སོགས་པའི་ལོངས་སྤྱོད་བྱ་བ་རྣམས་བཤམས་ལ་རས་དམར་པོས་གཡོགས་ལ་གཞག་གོ། །དེར་དང་པོར་རྣལ་འབྱོར་ཕོ་མོ་ཐམས་
ཅད་ཁྲུས་བྱས་ཏེ། བདུད་རྩི་ལྔ་དང་དྲི་བཟང་པོས་ལུས་བྱུགས་ཏེ། གོས་སར་པ་དང་། རུས་པ་ལ་སོགས་པའི་རྒྱན་དང་། མགོ་ལ་མེ་ཏོག་བཞག་པའམ། ཕྲེང་བ་བཅིངས་ཏེ་ཐིག་བཏབ་པའི་ལེའུ་ཚེའམ། ཕོ་མོས་སྤེལ་བ་རང་རང་གི་གནས་སུ་འདུག་སྟེ། རྗེ་བཙུན་མའི་རྣལ་འབྱོར་
དུ་བྱ་སྟེ། དེ་ལ་ལས་ཀྱི་སློབ་དཔོན་གྱིས་མཆོད་པ་རྣམ་པ་ལྔ་རིམ་པ་ལྟར་དབུལ་ལོ། །དེ་ནས་ཚོགས་ཀྱི་སློབ་དཔོན་གྱིས་ཚོགས་བྱིན་གྱིས་བརླབ་པར་བྱ་སྟེ། རྫས་རྣམས་ཀྱི་འོག་ཏུ་ཨེ་ལས་ཆོས་འབྱུང་བསམ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བཀང་བ་ལྟ་བུ་བ་དན་གྱིས་མཚན་
པ་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། །དེ་ནས་ཨོཾ་ཨཱཿཧཱུཾ་གསུམ་ལས་སྒྱེད་པུ་མི་མགོ་སྐམ་པོ་གསུམ་དེའི་སྟེང་དུ་ཨ་ལས་ཐོད་པ་སྐམ་པོའི་ནང་དུ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཤ་ལྔ་བདུད་རྩི་ལྔ་ཟླ་བས་ཁ་བཀབ་པ། དེའི་སྟེང་དུ་རྡོ་རྗེ་ལྟེ་བ་ལ་ཧཱུཾ། དེ་ལ་འོད་ཟེར་སྤྲོ་

བསྡུ་བྱས་པས། རླུང་གིས་མེ་སྦར་བས་དེ་རྣམས་བཞུ་ནས་བདུད་རྩིའི་རང་བཞིན་གྱིས་ཁམས་གསུམ་དང་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་པ་ལ་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་དུ་བསམས་ལ། དེ་ནས་གཏོར་མ་ཆེན་པོས་མཆོད་པར་བྱ་སྟེ། ཚོགས་ཀྱི་ཕུད་བཅད་དེ་
དེ་ལག་ཏུ་ཐོགས་ནས་འདི་སྐད་ཅེས་བརྗོད་དོ། །ཨོཾ་བཛྲ་བཱ་རཱ་ཧཱི་པཉྩ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་ཡཱ་མི། པུཥྤཾ་པཱུ་ཛ་ཡཱ་མི། དྷཱུ་པཾ་པཱུཾ་ཛ་ཡཱ་མི། དཱི་པཾ་པཱུ་ཛ་ཡཱ་མི། གནྡྷ་པཱུ་ཛ་ཡཱ་མི། ནཻ་བི་དྱེ་པཱུ་ཛ་ཡཱ་མི། ཨཱ་དཪྴ་པཱུ་ཛ་ཡཱ་མི། ཤཔྟ་པཱུ་ཛ་ཡཱ་མི། ཞེས་གླུར་བླངས་ལ་ལྷ་མོ་བརྒྱད་ཀྱིས་མཆོད་དོ། །དེ་ནས་
ལས་ཀྱི་སློབ་དཔོན་གྱིས་ཕུད་རྣམས་གཏོར་མར་བསམས་ལ་གུ་རུ་ཨ་དྷིཥྛཱ་ན་མ་ཧཱ་བ་ལ་བཛྲ་པྲ་ཏཱིཙྪ་ཧོཿ། ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོཿ། བཛྲ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨྨ་ཌཱ་ཀི་ནཱི། ཨ་དྷིཥྛཱ་ན་མ་ཧཱ་བ་ལིཾ་པྲ་ཏཱིཙྪ་ཧོ། །ཞེས་གླུར་བླང་ཞིང་ལྷའི་མིང་སྦྱར་ལ་དབུལ་ལོ། །
དེ་ནས་ལས་ཀྱི་སློབ་དཔོན་གྱིས་ཚོགས་ཀྱི་སློབ་དཔོན་ལ་སོགས་པ་ཀུན་གྱི་མདུན་དུ་མཎྜལ་བྱ་སྟེ། རྡོ་རྗེ་ལག་སྐོར་དང་བཅས་པས་གར་བྱ་ཞིང་། ཁྱེད་ནི་རྣལ་འབྱོར་དམ་པའི་མཆོག །བདེ་བ་ཆེན་པོའི་རོས་གང་བའི། །དེ་ཡི་རྐྱེན་དུ་དབུལ་ལགས་ཀྱིས། །དགྱེས་པའི་མདངས་ཀྱིས་བཞེས་
སུ་གསོལ། །དེ་ནས་བཟའ་བ་དང་བཏུང་པ་ལ་སོགས་པས་ཚིམ་པ་དང་ཁྱད་པར་དང་ཐུན་མོང་དུ་བྱས་ལ། རྣལ་འབྱོར་ཕོ་མོ་ཀུན་ལངས་ལ། །རྡོ་རྗེའི་གར་དང་གླུ་བླང་བར་བྱ། །ཨོཾ་བཛྲ་ཌཱ་ཀི་ནཱི་པཱུ་ཛ་ཡཱ་མི། ཞེས་མཁའ་འགྲོ་མ་ལྔ་གླུར་བླང་ངོ་། །གཞན་ཡང་སྐད་ཅིག་གླུར་བླང་བ་ནི། །ཨེ་མ་ཧོ། །
འོ་དང་འཁྱུད་པ་ལ་སོགས་པ། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །དགའ་བའི་ལོངས་སྤྱོད་རབ་ཏུ་འབུལ། །རྣམ་པ་སྣ་ཚོགས་དུ་མའོ། །སྒེག་དང་ལྟ་བ་ལ་སོགས་པ། །རྣམ་པར་སྨིན་པའི་སྐད་ཅིག་མ། །མཆོག་དགའི་ལོངས་སྤྱོད་རབ་ཏུ་དབུལ། །རྣམ་པ་སྣ་ཚོགས་དུ་མའོ། །བདེ་བའི་
སྟོན་མོ་ལ་སོགས་པ། །རྣམ་པར་སྨིན་མའི་སྐད་ཅིག་མ། །མཆོག་དགའི་ལོངས་སྤྱོད་རབ་ཏུ་དབུལ། །རྣམ་པ་སྣ་ཚོགས་དུ་མའོ། །བདེ་བའི་སྟོན་མོ་ལ་སོགས་པ། །རྣམ་པ་མེད་དང་མཚན་ཉིད་བྲལ། །དགའ་བྲལ་ལྷན་སྐྱེས་ལོངས་སྤྱོད་དབུལ། །རྣམ་པ་སྣ་ཚོགས་དུ་མའོ། །མ་ལུས་

པ་ཡི་འཇིག་རྟེན་ཀྱང་། །ནམ་མཁའ་ཀུན་གྱི་རྣལ་འབྱོར་པ། །ནམ་མཁའི་མཚན་ཉིད་ལ་ཞུགས་ཤིང་། །ཐམས་ཅད་མཁའ་ལྟར་ལོངས་སྤྱོད་པའོ། །དེ་རྣམས་གླུར་བླང་བའོ། །དེ་ནས་ལྷག་མ་བསྡུས་ལ་མཁའ་འགྲོ་མའི་གཏོར་མ་དང་ལྷན་ཅིག་ཏུ་བཞག་ལ། ཨོཾ་བཛྲ་
ཌཱ་ཀི་ནཱི་བ་ལིཾ་པྲ་ཏཱིཙྪ་ཧོ། །ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོཿ། ཞེས་ལྷག་མ་བསྡུས་ལ་གཏང་ངོ་། །དེ་ནས་ཆོས་སྐྱོང་གི་གཏོར་མ་རང་གི་ཆོ་ག་ལྟར་གཏང་ངོ་། །གཏོར་མ་གསུམ་གཏོང་བའི་ཚེ། དཔའ་བོ་དང་ནི་དཔའ་མོ་དང་། རྡོ་རྗེ་མཁའ་འགྲོའི་ཚོགས་བཅས་དང་། །ཞེས་པ་ལ་སོགས་པ་བརྗོད་དོ། །དེ་
ནས་སྨོན་ལམ་གདབ་སྟེ། །སྐྱེ་བ་གང་ཐོབ་དེ་དང་དེར། །དོན་ཀུན་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་མཁའ་འགྲོའི་གོ་འཕང་དེ། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེ་སྔགས་པ་དང་། །རྫོགས་པའི་བྱང་ཆུབ་སེམས་ཐོབ་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པའམ། །བདག་ནི་
དེ་ཉིད་ཐོབ་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །ཞེས་པ་ལ་སོགས་པའི་སྨོན་ལམ་ཡང་གདབ་བོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་མཎྜལ་མུཿ། ཞེས་པས་ཡེ་ཤེས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། དམ་ཚིག་གི་མཁའ་འགྲོ་རྣམས་རང་ལ་བསྡུ། རང་མི་དམིགས་པར་སྟོང་པ་ཉིད་དུ་བསམས་ཏེ།
སྐྱེ་བ་མེད་པར་རྒྱས་གདབ་བོ། །དེ་ནས་རྗེ་བཙུན་མའི་ང་རྒྱལ་གྱིས་སྤྱོད་ལམ་ལ་གནས་པར་བྱའོ། །རྡོ་རྗེ་ཕག་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ་གྲུབ་པ་ཐོབ་པ་ཤ་བ་རི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཡུལ་མ་ག་དྷཱའི་པཎྜི་ཏ་གཽ་ཏ་མ་བྷ་དྲའི་ཞལ་སྔ་ནས་ལེགས་པར་མཉན་
ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། ཉ་རོ་ཁྲིས་ཀྱི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་ཨ་ནུ་སཱ་རི་ཎཱི་ནཱ་མ་བཛྲ་ཡོ་གི་ནཱི་ཊཱི་ཀཱ། བོད་སྐད་དུ། རྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ། རྡོ་རྗེ་རྣལ་
འབྱོར་མའི་འགྲེལ་པ། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །དེ་བཞིན་ཉིད་ཀྱི་རང་བཞིན་གྱིས། །གང་ཞིག་ལུས་མཆོག་འཛིན་གྱུར་པ། །རྟག་ཏུ་རྡོ་རྗེ་ཕག་མོ་དེས། །ཁྱེད་ལ་ཕུན་ཚོགས་བྱེད་པར་ཤོག །རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བདེ་རྟོགས་པར། །རྣལ་འབྱོར་

རྗེས་སུ་འབྲང་བ་ཡི། །བདག་གིས་འགྲེལ་པ་བྲི་བར་བྱ། །འདིར་ནི་མ་རིག་པ་ལ་སོགས་པའི་དབྱར་གྱི་ཉི་མའི་གུང་ལྟ་བུ་ལ་གནས་པའི་འགྲོ་བ་རིགས་དྲུག་གི་སྤྲོས་པས་བསྡུས་པའི་འཁོར་བའི་སྐམས་ས་ཆེན་པོ་ལས་ཐར་བར་བྱེད་པའི་ཐབས་ཀྱི་མཆོག་གསང་བའི་རྒྱལ་པོའི་གཏམ་བྱེད་པ་དང་
བྲལ་བ། རྩོད་དུས་ལ་ཆགས་པའི་སེམས་དང་ལྡན་པ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ལམ་བརྒྱགས་དང་། ཏིང་ངེ་འཛིན་ལ་བློ་གཏད་པ་ལྷུང་བ་ཅན། དགེ་བའི་ཤིང་གི་ཤིང་ཐོག་ཐོབ་པར་མི་འགྱུར་བ་རྣམས་ཡུལ་གྱི་དགྲ་ཡིས་དགེ་བའི་བག་ཆགས་ཕྲོགས་པ་དང་ལྡན་པའི་ཕྱིན་ཅི་ལོག་པ་དང་
བཅས་པའི་གཟའ་ཆེན་པོ་བབས་པར་གྱུར་པ་མྱ་ངན་ལས་འདས་པའི་ལམ་མ་ཤེས་པས་ཡང་དང་ཡང་དུ་དེ་ཁོ་ནར་འཁོར་བར་གྱུར་པའི་སྲིད་པའི་བདེ་བ་འདོད་པའི་ཤ་ཟས་བསླུ་བར་བྱས་པ་དང་། དེ་ཉིད་མ་ཡིན་པའི་ཆགས་ཞེན་མང་པོ་ལ་གནས་པ་དང་། རེས་འགའ་གནས་སྐབས་ཀྱི་བདེ་བ་བག་
ཙམ་ཡང་ཐོབ་པར་མི་འགྱུར་བའི་སྲིད་པ་གསུམ་ལ་གནས་པར་འགྱུར་བའི་འཇིག་རྟེན་རྣམས། སྡུག་བསྔལ་ཚ་བ་ཁོ་ནར་ཞུགས་པ་དེ་དག་ལ་བྱམས་པའི་སྙིང་རྗེའི་གྲོགས་མོའི་སྟོབས་ཀྱིས་བདེ་འགྲོར་ཡོངས་སུ་གཟུང་བ་མེད་པའི་ཀུན་རྫོབ་ཀྱིས་སྐྱེ་བ་ཡོངས་སུ་འཛིན་པ་དང་ཡོན་ཏན་དཔག་ཏུ་མེད་པའི་
གཞིས་གཞི་འཛིན་པ་དང་། མྱ་ངན་ལས་འདས་པའི་ལམ་བླ་ན་མེད་པ་ཉེ་བར་སྟོན་པ་དང་། བསྐལ་པ་དཔག་ཏུ་མེད་པར་གཞན་དོན་བྱེད་པའི་སྙིང་རྗེའི་བརྟུལ་ཞུགས་ཆེན་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ་ཧེ་རུ་ཀའི་རྒྱལ་པོས་ཇི་ལྟར་སྣོད་དུ་རུང་བའི་སྐྱེ་བོ་གདུལ་
བའི་བྱ་བའི་ཐབས་བསྟན་པར་འདོད་པས། དབང་པོ་རྣོ་བའི་དབང་གིས་རྣལ་འབྱོར་གྱི་ལམ་ཁོ་ནར་ཤིན་ཏུ་སླ་བས་རྣལ་འབྱོར་མའི་ཚུལ་གྱིས་རྗེས་སུ་འབྲངས་པས་གཡོན་པའི་སྤྱོད་པས་མཛེས་པར་འགྱུར་བའི་རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་མཁའ་འགྲོ་མ་དྲ་བ་སྡོམ་པའི་རྒྱུད་སྟོན་པས་
གསུངས་པའོ། །རྙེད་པར་སླ་བའི་བབས་ཀྱི་མན་ངག་རྙེད་པར་དཀའ་བ་ཐོབ་པར་འགྱུར་ཞེས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་དེ་བཞིན་ཉིད་ཀྱི་རྡོ་རྗེ་ཕག་མོའི་ལུས་ཅན་མ་ཤེས་རབ་ཀྱི་རང་བཞིན་ཉིད་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏོ། །དེའི་གདུལ་བྱའི་བསམ་པས་ཕྲིན་ལས་ཀྱི་དབྱེ་བ་

རྣམ་པ་དཔག་ཏུ་མེད་པ་མཐོང་བར་གྱུར་ཀྱང་འདིར་ནི་རྣམ་པ་དེ་དག་གཙོར་བསྟན་པར་མི་བྱའོ། །འོན་ཏེ་ཞལ་གཉིས་ཕྱག་གཉིས་རྡོ་རྗེ་ལྷ་མོ་གཅིག་པུའི་སྒྲུབ་ཐབས་མངོན་པར་བརྗོད་དོ། །དེ་ནི་རྒྱུད་མང་པོ་ལ་ཉེ་བར་བསྟན་པའི་དེ་ཉིད་མ་ལུས་པ་སོ་སོར་ཐོབ་པར་འགྱུར་བའི་
ཐབས་ཀྱི་ཆོ་ག་མཁྱེན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱིས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ཞབས་ཀྱིས་རང་གི་རྟོགས་པར་གྱུར་པའི་ལམ་གྱི་མཚན་ཉིད་ཀྱི་མཁའ་འགྲོ་མའི་གསང་བ་མངོན་པར་བརྗོད་པས་དང་པོ་དོན་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཡིན་པས། འགྲོ་བ་འདུལ་བར་བྱེད་
པའི་ཐབས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དང་། དེའི་སྔགས་ཀྱི་བཏུ་བ་དང་། བཟླས་པའི་ཆོ་ག་དང་། འཁོར་ལོ་མཆོད་པའི་ལས་རྣམས་དང་། ལྷག་མས་སྤྱོད་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །དེའི་ཕྱིར་དང་པོར་འདིར་རྣལ་འབྱོར་མ་ཡི་དམ་ལྷའི་བར་ཆད་ཐམས་ཅད་རབ་ཏུ་ཞི་བར་
བྱེད་པའི་དོན་ཆེན་པོ་ཚོགས་པར་བྱེད་པའི་ཕྱག་འཚལ་བ་གསུངས་པ་ནི། བདུད་ཅེས་པ་ལ་སོགས་པས་རྡོ་རྗེ་ནི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཀྱང་ཡིན་ལ་སྦྱོར་བ་ཡང་ཡིན་ནོ། །ཐབས་ཤེས་རབ་སྙོམས་པར་འཇུག་པ་ཡང་ཡིན་ནོ། །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་
ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །གང་ཞིག་དངོས་མེད་ཤེས་རབ་དང་། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་འདི་ལ་ཡོད་པས་རྡོ་རྗེ་རྣལ་འབྱོར་མའོ། །ཡང་ན་རྣལ་འབྱོར་པ་དེ་འདིས་སྙོམས་པར་འཇུག་
པའི་ཕྱིར་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་འདི་ལ་རང་བཞིན་གྱིས་ཡོད་པས་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོའོ། །ཡང་ན་རྣལ་འབྱོར་པར་བྱ་བ་ནི་བརྟེན་པར་བྱ་བས་རྣལ་འབྱོར་ནི་པདྨའོ། །དེ་འདི་ལ་ཡོད་པས་རྣལ་འབྱོར་མའོ། །བྱེ་བྲག་གི་བརྟེན་པའི་རྣམ་པར་གཅོད་པའི་དོན་དུ་
རྡོ་རྗེས་གོང་བཞིན་དུ་ཁྱད་པར་རོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བླ་ན་མེད་པར་སྦྱོར་བའི་ཕྱིར་དང་། ཚོགས་གཉིས་སྦྱོར་བའི་ཕྱིར་དང་། གཉིས་སུ་མེད་པའི་ཡེ་ཤེས་སྦྱོར་བའི་ཕྱིར་དཔལ་ཡང་དེ། རྡོ་རྗེ་རྣལ་འབྱོར་པ་ཡང་དེ་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ། །དེ་ཇི་ལྟ་བུ་

ཡིན་ཞེ་ན། སྟོང་ཉིད་ནི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཉིད་རྟོགས་པའི་བདག་ཉིད་ཅན་ཤེས་རབ་བོ། །སྙིང་རྗེ་ནི་དམིགས་པ་མེད་པའི་འགྲོ་བ་མ་ལུས་པའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོ་ཐབས་སོ། །དེ་ཡང་སྟོང་ཉིད་སྙིང་རྗེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་གང་གི་
བདག་ཉིད་དེ་དེ་བཞིན་ནོ། །ཡང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་གང་གིས་བདག་ཉིད་དེ་དེ་བཞིན་ནོ། །སྐུ་གསུམ་དབྱེར་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། འབར་བ་ནི་གསལ་བ་
བསྐལ་པའི་མེའི་འོད་ལྟར་གང་གི་འོད་དེ་དེ་བཞིན་ནོ། །མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་འོད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རྣལ་འབྱོར་མ་དེ་ལ་ཕྱག་འཚལ་ལོ་ཞེས་ཤེས་པར་བྱའོ། །ཡང་ན་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་
རྡོ་རྗེ་རྣལ་འབྱོར་མའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་མི་ཟད་པ་བདེ་བ་མཆོག་གི་རང་བཞིན་ཡིན་པས་ལྷན་ཅིག་སྐྱེས་པའི་སྐུའི་རང་བཞིན་ནོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅེས་པ་ནི་ཡང་དོན་དེ་ནི་དོན་གཞན་རྟེན་པས་བཟླས་པར་བྱ་བའི་རིགས་པས་ཟབ་པ་དང་། རྒྱ་ཆེ་བའི་རང་བཞིན་
གྱིས་སེམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ནོ། །སེམས་ཅན་གྱི་དོན་དུ་ཁམས་གསུམ་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱིས་རྟག་པར་བྱེད་པས་ཁམས་གསུམ་པའི་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །བག་ཆགས་དང་བཅས་པའི་སྒྲིབ་
པ་ཉིད་དང་བྲལ་བས་ཁམས་གསུམ་ལ་སྐུའི་འོད་ཟེར་གྱིས་རབ་ཏུ་གསལ་བའི་ཕྱིར་བསྐལ་པའི་མེ་ལྟར་འབར་བའི་འོད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ལྟ་བུའི་སྐུ་བཞིའི་རང་བཞིན་ཡང་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་ཕག་མོ་བཤད་ཅེས་གསུངས་སོ། །ཡང་ན་ལྟེ་བའི་མཚོ་སྐྱེས་ནི་ཁ་གྱེན་
དུ་གདེངས་པ་དང་། སྤྱི་བོའི་མཚོ་སྐྱེས་ནི་ཁ་ཐུར་དུ་བལྟས་པ་ཨེའི་རྣམ་པ་ཟུར་གསུམ་པ། ཤེས་རབ་ཀྱི་ངོ་བོར་ལྷག་པར་མོས་པར་བྱའོ། །སྙིང་གའི་མཚོ་སྐྱེས་ནི་ཁ་འོག་ཏུ་ལྟ་བ་དང་། མགྲིན་པའི་མཚོ་སྐྱེས་ནི་ཁ་གྱེན་དུ་གདེངས་པའི་བཾ་ཡིག་གི་རྣམ་པ་ཅན་ཟླུམ་པོ་ཐབས་ཀྱི་རང་བཞིན་ནོ། །

དེ་བཞིན་དུ་ཁ་སྦྱོར་གྱི་རྒྱུད་ལས་ཀྱང་། སྤྱི་བོ་ལྟེར་གནས་འཁོར་ལོ་ནི། །ཨེ་ཡི་རྣམ་ཅན་ཡང་དག་གནས། །སྙིང་དང་མགྲིན་པར་གནས་པ་ཡི། །བཾ་གྱི་རྣམ་པ་ལྟ་བུར་ཤེས། །ཞེས་གསུངས་པས་ལྟེ་བ་དང་། སྙིང་གའི་པདྨ་དང་། སྤྱི་བོ་དང་མགྲིན་པའི་པདྨ་གཉིས་གཉིས་ལ་
གཏུམ་མོའི་འགྲོ་བ་དང་འོང་བས་བདེ་བ་ཆེན་པོ་རོ་གཅིག་པ་ཉིད་ཀྱིས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །དེ་ལྟ་བུའི་ཨེའི་ཡི་གེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །བཾ་གྱི་ཡི་གེ་ཡང་དེ་བཞིན་ནོ། །རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །དེའི་རང་བཞིན་རྣལ་འབྱོར་མ་འདི་ལ་ཡོད་པས་
རྡོ་རྗེ་རྣལ་འབྱོར་མས་སོ། །ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན་ནི་དཔལ་གཉིས་སུ་མེད་པའི་རང་བཞིན་ཡང་ཡིན་ལ། དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་ཡང་ཡིན་པས་དཔལ་རྡོ་རྗེ་རྣལ་འབྱོར་མའོ། །ཇི་ལྟ་བུ་ཞེ་ན། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱི་དོན་ནི་སྔར་བཤད་པའོ། །ཡང་ཇི་
ལྟ་བུ་ཞེ་ན། ཁམས་ནི་སྐུ་གསུམ་ལ་སྤྲོ་བ་དང་བསྡུ་བའི་བྱེ་བྲག་གིས་སོ། །ངོ་བོ་ཉིད་ནི་སྐྱེ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། གྱེན་དུ་འགྲོ་བས་སྙིང་ག་དང་མགྲིན་པ་དང་། དཔྲལ་བའི་འཁོར་ལོ་རྣམས་བསྲེགས་ནས་ཧཾ་ཡིག་ཞུ་ནས་ཐུར་དུ་སོང་བས་འཁོར་ལོ་གསུམ་ཡང་
སོས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་དགྱེས་པ་རྡོ་རྗེ་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་པ། །བསྲེགས་པས་རི་བོང་ཧཾ་འཛག་ལྟར། །ཞེས་པའོ། །ཡང་ཇི་ལྟ་བུ་ཞེ་ན། བསྐལ་པའི་མེ་ལྟར་འབར་བའི་
འོད་ནི་ཇི་ལྟར་བསྐལ་པའི་མེས་ཁམས་བསྲེག་པར་འགྱུར་བས་མེ་འབར་བས་གསལ་བར་འགྱུར་བ་ལྟར། དེ་བཞིན་དུ་ལས་ཀྱི་གཏུམ་མོ་ལ་སོགས་པའི་སྦྱོར་བས་འབར་བར་འགྱུར་བའི་གཏུམ་མོ་ལྟེ་བ་ལས་གྱེན་དུ་འགྲོ་བས་ཆོས་དང་ལོངས་སྤྱོད་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་བསྲེགས་
ཤིང་རང་འོད་ཀྱིས་འབར་རོ། །འདི་ལ་དོན་འདི་ཡིན་ཏེ། བཅོམ་ལྡན་འདས་མ་ཁྲག་གི་ངོ་བོ་གཏུམ་མོའི་རང་བཞིན། དཔལ་རྡོ་རྗེ་རྣལ་འབྱོར་མ་གྱེན་ལ་འགྲོ་བས་འབར་བ་ངེས་པར་འབྱུང་བའི་ཕྲ་མོའི་འོད་ཟེར་དཔག་ཏུ་མེད་པའི་ཚོགས་ཀྱིས་བ་སྤུའི་བུ་གའི་མཚམས་རྣམས་ཁྱབ་ཅིང་། དེ་དག་ལ་

སྤྲོས་ནས་རྩ་དབུ་མའི་ལམ་དུ་གྱེན་ལ་འགྲོ་བས། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་བསྲེགས་པས་བདེ་བ་ཆེན་པོའི་འཁོར་ལོ་ཞུ་ནས་དེའི་ཁུ་བ་དང་རོ་གཅིག་པ་འོག་ཏུ་འཛག་པར་འགྱུར་བས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསོ་བར་བྱེད་པ། ཕུང་པོ་ལ་སོགས་པ་སྒྲོ་བཏགས་པ་ཟིལ་
གྱིས་གནོན་ཅིང་། ཐབས་དང་ཤེས་རབ་རོ་གཅིག་པ་བདེ་བ་ཆེན་པོ་རྗེས་སུ་མྱོང་བའི་ངོ་བོ་ཉིད་ལྟེ་བར་གནས་པ་བསྒོམ་པར་བྱའོ། །ཡང་ན་འཆད་པར་འགྱུར་བའི་སྒོམ་གྱི་གོ་བར་བྱེད་པའི་ཚིགས་སུ་བཅད་པ་ནི་དེ་ལ་དང་པོར་བསོད་ནམས་ཀྱི་ཚོགས་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་མཆོད་པའོ། །མཆོད་
པ་སྔོན་དུ་འགྲོ་བས་བསོད་ནམས་བསྡུས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་སྟོང་པ་ཉིད་བསྒོམ་པའོ། །དེ་བས་ན་སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ། །དེ་ནས་ཁམས་གསུམ་རྣམ་པར་དག་པའི་ཆོས་འབྱུང་ཟུར་གསུམ་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བརྟེན་པའི་
ལྷ་བསྒོམ་པ་ནི་བསྐལ་པའི་མེ་ལྟར་འབར་བའི་འོད་ནི་དྲག་པོ་དང་བཅས་པའི་སྒེག་པ་ལ་སོགས་པའི་རོ་དང་ལྡན་པའི་ལུས་འབར་བའི་ཕྲེང་བའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་དོན་རྣམ་པ་བཞི་དང་ལྡན་པའི་ཚིགས་སུ་བཅད་པའོ། །ཕྱག་འཚལ་བའི་རྗེས་ལ་བློ་ཅན་གྱི་འཇུག་པའི་ཡན་ལག་གིས་བརྗོད་
པར་བྱ་བ་ལ་སོགས་པ་བརྗོད་ནས་མན་ངག་དང་བཅས་པའི་སྒྲུབ་ཐབས་བསྟན་པ་ཉེ་བར་གསུངས་པ་ནི་བླ་མ་ཞེས་པ་ལ་སོགས་པའོ། །དེ་ལ་སྒྲུབ་ཐབས་ཞེས་པ་ནི་བརྗོད་པར་བྱ་བའི་ཉེ་བར་བསྟན་པའོ། །གཞུང་གི་ཚོགས་ནི་བརྗོད་པའོ། །བླ་མ་ཞེས་པ་ལ་སོགས་པ་ནི་ཁོང་དུ་ཆུད་པའི་དགོས་པའོ། །
རྡོ་རྗེ་རྣལ་འབྱོར་མ་མངོན་དུ་བྱེད་པ་ནི་དགོས་པའི་དགོས་པའོ། །འགྲེལ་པ་ནི་བཤད་པར་བྱ་བ་དང་བཤད་པར་བྱེད་པའི་མཚན་ཅན་ནམ། ཐོས་པ་དང་ཐོས་པར་བྱེད་པའི་མཚན་ཉིད་ཤུགས་ལ་བཤད་པའོ། །བཤད་ཅེས་པ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་རྡོ་རྗེ་བརྗོད་པ་ནི་བཤད་པ་ཞེས་འབྲེལ་
ཏོ། །སྒྲུབ་ཐབས་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་མཚན་ཉིད་ཀྱི་ལམ་མོ། །རང་ཉིད་ཀྱིས་ནི་རྫོགས་པ་ཡང་ཕྱིའི་དེ་ཉིད་ཀྱི་རབ་ཏུ་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་ཞེས་མ་འོངས་པ་བསྟན་པའོ། །སྒྲུབ་པའི་ཐབས་ཇི་ལྟ་བུ་ཞེ་ན། བླ་མ་རྡོ་རྗེ་སློབ་དཔོན་

རྣམས་ཀྱི་བརྒྱུད་པའི་རིམ་པ་དེ་ལས་བྱུང་བའི་མན་ངག་གམ། དེའི་གྲུབ་མཐའ་དེ་ཁོ་ན་གང་གི་སྤྱོད་ཡུལ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་བླ་མ་དམ་པའི་བརྒྱུད་པ་ཉེ་བར་བསྟན་པའི་བརྡའི་དོན་གྱི་རང་བཞིན་གྱི་དོན་ཏོ། །ཡང་དེ་ཇི་ལྟ་བུ་ཞེ་ན། མཆོག་ནི་སྒྲུབ་ཐབས་ཐམས་ཅད་ཀྱི་སྙིང་
པོ་དོན་གྱི་མཆོག་ཡིན་པའི་ཕྱིར་རོ། །གང་གི་སྒྲུབ་ཐབས་ཞེ་ན། རྡོ་རྗེ་རྣལ་འབྱོར་མའིའོ། །དེའི་དོན་བཤད་ཟིན་ཏོ། །འོན་ཏེ་བདེ་མཆོག་སྡོམ་པ་རྒྱ་མཚོ་ལ་སོགས་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་སྒྲུབ་ཐབས་འདི་རྒྱས་པར་བཤད་པ་མ་ཡིན་ནམ། དེས་ན་སྒྲུབ་ཐབས་གཞན་གྱིས་ཅི་ཞིག་བྱ་
ཞེ་ན། མདོར་བསྡུས་ཞེས་པ་ནི་སྙིང་པོའི་དོན་བསྡུས་པས་འདི་ནི་གདམས་ངག་དང་བཅས་པ་དང་། ཉུང་བ་དང་། སྙིང་པོའི་དོན་དང་ལྡན་པ་དང་བསྡུས་པའི་དོན་ཏོ། །ད་ནི་སྒྲུབ་པ་པོའི་མཚན་ཉིད་དང་སྒྲུབ་ཐབས་དང་། རིམ་པ་ཇི་ལྟ་བར་ཉེ་བར་བརྗོད་པ་ནི་དང་པོར་ཞེས་པ་ལ་སོགས་
པ་རེ་ཞིག་སྔགས་པས་གནས་དང་བདག་དང་། རྣལ་འབྱོར་གྱི་བསྲུང་བའི་སྔགས་དང་ལྡན་པས་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོ་སྔགས་ཀྱི་ཁྲུས་ཀྱི་དག་པ་ནི་མ་ད་ནས་ཁྲུས་བྱའོ། །ཡང་ཇི་ལྟར་ཞེ་ན། བླ་མ་ནི་རྡོ་རྗེ་སློབ་དཔོན་ནོ། །སངས་
རྒྱས་ནི་སྤང་བྱ་དང་། བླང་བྱའི་དོན་ཐམས་ཅད་ཀྱི་དེ་ཉིད་རྟོགས་པའོ། །དེ་དག་ལ་ཐུན་མོང་མ་ཡིན་པའི་མོས་པ་དང་ལྡན་པའི་ཡིད་ཀྱིས་སོ། །སློབ་དཔོན་ལ་དད་པ་ཅན་གྱིས་དངོས་གྲུབ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་། བཛྲ་ཨ་རལླི་ལས། རྒྱུད་དང་རྒྱུད་ལས་བདག་
གིས་བརྗོད། །དངོས་གྲུབ་རྣམས་ནི་མཆོག་ཞལ་མ། །བླ་མ་དགྱེས་ནས་ཐོབ་འགྱུར་ཕྱིར། །རྟག་ཏུ་བླ་མ་མཉེས་པར་བྱ། །ཞེས་པ་དང་། གཞུང་གཞན་དག་ལས་ཀྱང་། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་པ་ལ་སོགས་པའོ། །ཡང་ཇི་ལྟར་ཞེ་ན། བརྟན་པ་ནི་མི་ལྡོག་པ། གཟུང་
བ་ནི་བླངས་པ། བྱང་ཆུབ་ནི་སྟོང་ཉིད་སྙིང་རྗེའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ལ་སེམས་ནི་ཡིད་ཡིན་ནོ། །བྱང་ཆུབ་ལ་སེམས་བསྐྱེད་པས་ནི་ལམ་བདེ་བས་རྟོགས་པར་འགྱུར་རོ། །ཡང་དེ་ཇི་ལྟ་བུ་ཞེ་ན། དབང་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་དྲི་མ་བཀྲུས་

པས་རྫོགས་པའི་དབང་བསྐུར་ཐོབ་པའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་ལ་དབང་བའི་ཕྱིར་རོ། །འདིས་སྒྲུབ་པ་པོའི་མཚན་ཉིད་གསུངས་སོ། །གཞུང་གཞན་ལས་ཀྱང་། དང་པོར་དད་པ་མཁས་པ་ཡིས། །རྣལ་འབྱོར་དབང་ཕྱུག་མ་ཉིད་ལ། །སྔགས་ལ་གྲུབ་པ་
མཁས་གྱུར་པས། །འཇིག་རྟེན་ཕན་པ་སྤྲོས་པའི་དབང་གྱུར་ཅིང་། །བླ་མ་མཆོག་ནི་ཞབས་ཀྱི་རྗེས་འབྲང་བ། །གཏི་མུག་བྱིང་དང་ལེ་ལོ་བྲལ། །དམ་ཚིག་གསུམ་དོན་སྒྲུབ་བྱེད་པ། །དག་ལྡན་ཡིད་ཀྱི་མཐའ་ཅན་གྱི། །ཆགས་ཞེན་རྟོག་པ་རྣམ་སྤང་བ། །འཁོར་བའི་བག་ཆགས་ཐབས་
ཀྱིས་རབ་ཞི་བ། །བདེན་པ་གཉིས་ཀྱི་ཡོངས་སུ་སྤྱོད་གོམས་པའི། །ལས་སུ་རུང་བའི་ཡིད་ཅན་བློ་དང་ལྡན། །ཐོས་པ་ཅན་དང་སློབ་དཔོན་དཔག་མེད་པ། །རྟོག་བྲལ་མཁའ་འགྲོ་མ་ལ་རབ་ཏུ་འདུད། །མཆོད་པའི་ལས་ལ་གོམས་པ་ཡིས། །བླ་མ་རྒྱལ་བ་རྡོ་རྗེ་ལྷ་མོ་ལ་མོས་ཅན། །ཁྱད་
པར་ཆོ་ག་མང་པོ་ཡི། །མན་ངག་ཆོ་ག་མ་ལུས་རིག་པ་ཅན། །བླ་མ་དམ་པ་བསྟེན་ལ་མཁས་གྱུར་མ། །རྗེས་གནང་ཐོབ་ཅིང་ཡན་ལག་དུལ་བའི་སྔགས་པ་ནི། ཞེས་སོ། །འདི་ལྟ་བུའི་སྔགས་པས་གང་དང་གང་བྱས་ནས་འཆད་པར་འགྱུར་བའི་ལས་བྱེད་ཅེ་ན། སྭ་བྷཱ་བ་ཞེས་པ་ནི་རང་བཞིན་
གྱིས་འོད་གསལ་བ་དངོས་པོ་མེད་པའི་བདག་ཉིད་དེ་གང་རྣམས་ཀྱི་ངོ་བོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སརྦྦ་དྷརྨཱཿནི་ཆོས་རྣམས་སོ། །དེ་དག་ཀྱང་གང་ཡིན་ཞེ་ན། དེ་ལ་འཇིག་རྟེན་གྱི་ཆོས་རྣམས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་རྣམས་སོ། །ལམ་གྱི་ཆོས་
རྣམས་ཉེ་བར་བསྟན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་རྣམས་སོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་
པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་སོ། །ཡང་ཇི་ལྟར་ཞེ་ན། དུར་ཁྲོད་ལ་སོགས་པ་ནི་རོས་བྱ་བ་བྱེད་པས་དུར་ཁྲོད་དེ། མགོ་མེད་པ་དང་། གྱེན་དུ་བཅིངས་པ་དང་། ཉལ་བ་དང་། རྩེ་གཅིག་པ་ལ་བཏགས་པ་རྣམས་ཀྱི་རིམ་པ་བཞིན་

དུ་འགྲོ་བ་དང་། གནས་པ་དང་། ཉལ་བ་དང་བསྟེན་པར་དུར་ཁྲོད་ལ་སོགས་པས་རིའི་རྩེ་མོ་དང་། བྲག་ཕུག་དང་། ཤིང་གི་རྩ་བ་དང་ཆུའི་འགྲམ་དང་། ཆུ་བོ་གཉིས་ཕྲད་ས་དང་། དབང་ཕྱུག་ཆེན་པོའི་གནས་དང་། ཁང་སྟོང་དང་། སྐྱེད་མོས་ཚལ་དང་། འཁྲུག་པ་ཆེན་པོ་
བྱུང་བའི་སྡོད་ས་ལ་སོགས་པའོ། །དེ་ལ་དབེན་པའི་གནས་སུ་འཇམ་པའི་གདན་རོ་ལངས་ལ་སོགས་པ་ལ། རྣལ་འབྱོར་གྱིས་རོལ་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། སྒལ་ཚིགས་དྲང་པོ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྣ་རྩེ་ལ་བལྟ་བ་དང་། སྨྲ་བ་
བཅད་པ་དང་། སེམས་རྩེ་གཅིག་པའི་རོལ་པས་བསྡད་པའོ། །ཇི་ལྟར་ཞེ་ན། རབ་ཏུ་བསྔགས་པ་ཞེས་པ་ནི་གནས་པ་དང་ཉེ་བའི་གནས་པ་ལ་སོགས་པའི་ནང་ནས་གནས་རྣམ་པ་བཞི་སྟེ། ཛཱ་ལནྡྷ་ར་དང་། ཨུ་ཌྱན་དང་། པཱུརྞ་གི་རི་དང་། ཀཱ་མ་རུ་པའོ། །དེ་ལ་ཨོ་ཌི་ཡ་ནའི་དང་པོའི་ཡི་གེ་
ནི་ཟླ་བ་ཕྱེད་དང་ཐིག་ལེ་དང་བཅས་པས། ཨོཾ་གྱི་ཡི་གེ་ནི་རབ་ཏུ་བསྔགས་པའི་དོན་ཏོ། །ས་བོན་དེས་མཚོན་པས་གནས་ཨོ་ཌི་ཡ་ནའོ། །དེ་ལ་ཞལ་མངོན་པར་ཕྱོགས་པས་བདེ་བར་འགྱུར་བའི་དོན་ཏོ། །ཅིའི་ཕྱིར་ནུབ་ཕྱོགས་སུ་ཞལ་ལྟ་ཞེ་ན། ཨུ་རྒྱན་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་སྒྲུབ་ཐབས་
འདི་བྱུང་བའི་ཕྱིར་དང་། དེ་ལ་དེ་ཡོད་པ་དང་། དེ་ལ་དད་པར་བྱེད་པ་རུང་བའི་ཕྱིར་རོ། །ཅིའི་ཕྱིར་འདུག་པར་བྱ་ཞེ་ན་རང་དང་གཞན་ཞེས་པ་ལ་སོགས་པ་ནི་རང་གི་ཕུན་སུམ་ཚོགས་པ་དེ་སྒྲིབ་པ་དང་བཅས་པའི་བག་ཆགས་གཉིས་སྤངས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །
གཞན་གྱི་ཕུན་སུམ་ཚོགས་པ་ནི་རྩོལ་བ་མེད་པས་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བ་ལ་སོགས་པའི་ལས་སོ། །ཡང་ན་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཚོགས་སོ། །དེ་དག་མངོན་པར་མཆོད་པའི་ཆེད་དུའོ། །ཡང་
གང་ཞེ་ན། དེའི་རྗེས་སུ་ཞེས་པ་སྨོས་པ་ནི་འདུག་པའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ཀུན་ནས་རྟོག་པ་སྤངས་པའི་ཕྱིར། རྒུན་འབྲུམ་དང་། བུ་རམ་དང་། འབྲས་འདག་ལས་བྱུང་བའི་མ་ད་ན་རྣམ་པ་གསུམ་སྟེ། བདུད་རྩི་རྣམ་པ་ལྔ་དང་བཅས། པདྨའི་སྣོད་ལ་བླུགས་ནས་མངོན་པར་

བསྔགས་པ་ནི་ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་བྱས་ནས་ཆུ་དེ་ཉིད་ནི་ལྷའི་ཆུས་ལག་པ་གཡོན་ནས་བརྩམས་ནས་ཡན་ལག་ནི་ལུས་ཐམས་ཅད། ཉིང་ལག་ནི་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་སོ། །ཡན་ལག་དང་ཉིང་ལག་སྟེ། ཐམས་ཅད་
ལ་སྔགས་ཀྱི་ཆུས་ཁྲུས་བྱའོ། །ལྷའི་རྫས་དེ་ཉིད་ཀྱིས་མཆོད་པའི་རྫས་ནི་མཆོད་པའི་ཆེད་དུ་རྫས་ཏེ། མེ་ཏོག་དམར་པོ་ལ་སོགས་པ་ལ་བསང་གཏོར་བྱའོ། །དེའི་རྗེས་ལ་ཞེས་བྱ་བ་ནི་བསང་གཏོར་གྱི་རྗེས་ལ་ལག་པ་གཡོན་པའི་སོར་མོ་རྣམས་དང་། ལག་པའི་མཐིལ་དུ་ཡང་གོ་བར་བྱའོ། །
དེ་ལ་ལག་པ་གཡོན་པའི་དབུས་དང་། མཐེའུ་ཆུང་དང་། སྲིན་ལག་དང་། གུང་མོ་དང་། སྡིགས་མཛུབ་དང་། མཐེ་བོ་རྣམས་ལ་རིམ་པ་ཇི་ལྟ་བར་ཕག་མོ་དང་། གཤིན་རྗེ་མ་དང་། རྨོངས་བྱེད་མ་དང་། སྐྱོད་བྱེད་མ་དང་། སྡིགས་བྱེད་མ་དང་། གཏུམ་མོའི་རང་བཞིན་
གྱིས་དམར་མོ་དང་། སྔོན་མོ་དང་། དཀར་མོ་དང་། སེར་མོ་དང་། ལྗང་གུ་དང་། དུ་བའི་མདོག་ཅན་ནོ། །ཨོཾ་བཾ་ཧཾ་ཡོཾ། ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་པའི་ཡི་གེ་འདི་རྣམས་ཀྱིས་སྦྱངས་ཏེ། རྣལ་འབྱོར་མ་དྲུག་གི་ཚིག་གདགས་པར་བྱས་ཏེ། རྣལ་འབྱོར་མ་དྲུག་གི་ཡི་གེ་འདི་དག་
གི་སྔགས་དང་ལྷ་དབྱེར་མེད་པའི་ཕྱིར་སྔགས་འདི་རྣམས་ཁོ་ན་རྣལ་འབྱོར་མ་དྲུག་ཏུ་ལྷག་པར་མོས་ནས་ཡང་དག་པར་བྱ་ཞིང་མཆོད་པ་ལ་སོགས་པ་བྱའོ་ཞེས་གདགས་པར་བྱའོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་སྔགས་ཀྱི་ཆུས་བཀྲུས་པ་ཁོ་ན་ལུས་ངག་ཡིད་གསུམ་ཡོངས་སུ་དག་པའོ། །
འདི་ནི་འདི་ཁོ་ན་ཉིད་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསགས་པའོ། །འགའ་ཞིག་ནི་གཞུང་གི་རིམ་པ་སྤངས་ནས་འདི་སྐད་དུ། ལྷའི་ཆུ་བྱིན་གྱིས་བརླབས་པའི་རྗེས་སུ་གཡོན་པའི་སོར་མོ་རྣམས་ལ་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ཡི་གེ་རྣམས་བསྒོམས་ཤིང་ལྷའི་ཆུས་མཆོད་ནས་དེ་ཁོ་ནས་ལྟེ་བ་ལ་
སོགས་པའི་ཡན་ལག་དང་ཉིང་ལག་རྣམས་ལ་བསང་གཏོར་བྱའོ། །དེ་ནས་ལྷའི་ཆུ་དེ་ཁོ་ནས་མེ་ཏོག་ལ་སོགས་པ་ལ་བསང་གཏོར་བྱ་ཞིང་ལྷའི་ཆུ་དེ་ཉིད་ཀྱིས་གཡོན་པའི་སྲིན་ལག་གིས་ཆོས་འབྱུང་བྲིས་ལ་དེའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐད་ཅིག་གི་རྣམ་པས་བསྒོམས་ཏེ། མེ་ཏོག་ལ་སོགས་

པས་མཆོད་ཅིང་ཕྱག་འཚལ་བ་ལ་སོགས་པ་ནས་བཏང་སྙོམས་ཀྱི་བར་དུ་བྱའོ། །འདི་ནི་སྐྱབས་སུ་འགྲོ་བ་ལ་སོགས་མི་དགོས་ཏེ། གང་ཟག་དབང་པོ་རབ་ཀྱི་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེས་ན་འདི་ཉིད་རང་ཁོ་ན་དགེ་བའི་ཚོགས་སོ། །ད་ནི་བསོད་ནམས་ཀྱི་ཚོགས་ཀྱི་
རྗེས་ལ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཆེད་དུ་སྟོང་པ་ཉིད་ཀྱི་དོན་དུ་བསྒོམ་པ་ནི་དག་པ་གསུམ་ཞེས་པ་ལ་སོགས་པའོ། །དེ་ལ་འདིར་སྟོང་པ་ཉིད་ཇི་ལྟར་བསྒོམ་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་བསྒོམ་པ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྐྱེ་བོའི་རྒྱུ་ལས་བྱུང་བའི་དྲི་མ་དག་པས་
སོ་སོ་སྐྱེ་བོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་གཉིས་ཀྱིས་ལྷ་བསྒོམ་པར་བྱའོ། །འདིར་གང་གི་ཕྱིར་སྟོང་པ་ཉིད་བསྒོམ་པ་ནི་རིགས་པ་སྐབས་ཀྱིས་ཆོས་ཐམས་ཅད་ཀྱི་གཟུང་འཛིན་གྱིས་དབེན་པའི་སེམས་གཅིག་པུའི་ངོ་བོ་རྣམས་ལ་རང་བཞིན་མེད་པ་ནི་སྟོང་པ་ཉིད་དོ། །
འདི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་ཐམས་ཅད་དང་ནང་གི་མིག་ལ་སོགས་པ་རྣམས་ཀྱིས་སྒྲོ་བཏགས་པའོ། །གང་གི་ཕྱིར་སེམས་ལས་གཞན་བེམས་པོ་རྣམས་ཐ་དད་མེད་དོ། །དེ་མེད་པས་འཛིན་པའང་མེད་དོ། །སེམས་གཅིག་པུ་ངོ་བོ་གཉིས་མི་འཐད་པའི་ཕྱིར་རོ། །འོན་ཏེ་སེམས་ཙམ་
བདེན་པར་གྱུར་ན་དེ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་ལ་ཡང་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་དངོས་པོ་མེད་པ་སྟེ་དེའི་ཕྱིར་མ་སྐྱེས་པའོ། །དེ་ཉིད་ཀྱི་རང་བཞིན་གྱིས་སྒྲོ་བཏགས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བས་འོད་གསལ་བའོ། །
གང་གི་ཕྱིར་དང་པོ་མ་སྐྱེས་པའི་ཕྱིར་རོ། །དང་པོ་སྐྱེས་ནས་ཕྱི་མར་གང་ལ་ཡང་རྣམ་པར་འཇིག་པ་དེ་མ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་གཞན་སྒྱུ་མ་ལ་སོགས་པ་བཞིན་དུ་དང་པོར་མ་སྐྱེས་པ་ཉིད་ཀྱི་དོན་དམ་པའི་དངོས་པོའི་སྟོང་པ་ཉིད་དེ་བཞིན་དུ་སེམས་ཡང་ངོ་། །རིགས་པས་མཚུངས་པའི་
ཕྱིར་རོ། །འདི་ནི་ད་ལྟ་བར་བསྟན་ནས་འདས་པ་དང་མ་འོངས་པ་གཉིས་ལ་ཡང་སྤྱིར་སྟོང་པ་ཉིད་ལ་བསྟན་ནས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ། །དེ་བས་ན་དག་པ་གསུམ་བརྗོད་པར་བྱའོ་ཞེས་པ་ནི། ཨོཾ་གསུམ་གྱིས་རང་བཞིན་དང་། རྡོ་རྗེ་དང་རྣལ་

འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་དག་པའི་སྔགས་གསུམ་བརྗོད་པར་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང་དངོས་མེད་དང་། གཟུང་འཛིན་སྒྲོ་བཏགས་དང་བྲལ་བས་དྲི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དང་བདག་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ནང་དུ་
ཆུད་པའི་ཕྱིར་རོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་པ་མ་ལུས་པ་སྒྲོ་བཏགས་པ་དང་བྲལ་བས་དག་པའོ། །རྣལ་འབྱོར་ནི་བྱང་ཆུབ་ཀྱི་སེམས་ཏེ། སྨོན་པ་དང་བྲལ་བས་དག་པའོ། །བདག་འཛིན་སྤང་དཀའ་
བའི་ཕྱིར་ཏེ། བདག་རང་བཞིན་གྱིས་དག་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་རོ། །སྔགས་གསུམ་གྱིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་བཤད་དོ། །རང་བཞིན་གྱིས་ཡོངས་སུ་དག་ཀྱང་འདི་དག་གིས་གློ་བུར་དུ་དྲི་མ་སྤངས་པའི་
ཕྱིར་རོ། །དེའི་རྗེས་སུ་སྨོན་པ་སྔོན་དུ་འགྲོ་བས་སྙིང་རྗེ་ཆེན་པོས་སྟོང་པ་ཉིད་ལས་རབ་ཏུ་སད་ནས་ལྷའི་རྣམ་པས་བསྒོམ་སྐབས་སུ་བྱེད་གསུངས་པ་ནི། དེ་ལས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་ལུས་ཁམས་གསུམ་སྟེ། ལུས་ངག་ཡིད་རྣམ་པ་གསུམ་དེས་ཡོངས་
སུ་དག་པར་གྱུར་པའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ཕོ་བྲང་ཀྱང་དེ་ཡིན་པས་ཁམས་གསུམ་གྱིས་རྣམ་པར་དག་པའི་གཞལ་ཡས་ཁང་ངོ་། །ཁམས་གསུམ་ཀྱང་གཞལ་ཡས་ཁང་གིས་རྣམ་པར་དག་གོ །དེ་ནས་རང་གི་ལུས། ཁམས་གསུམ་འདི་དག་གཞལ་ཡས་ཁང་ལས་ཐ་དད་མ་ཡིན་
སྲོག་ཅན་རྣམས་འདི་རྒྱལ་བ་ཡིན། །འཁོར་ལོའི་དབང་ཕྱུག་བདག་ཡིན་མི་མིན་ཡུལ་དང་དབང་པོ་ལ་སོགས་མིན། །གཟུགས་སོགས་ཆོས་ཉིད་བདག་ཉིད་ཀྱིས་མིན་དཀྱིལ་འཁོར་ལས་བྱུང་འདི་རྣམས་ཡིན། །སྣ་ཚོགས་དཀྱིལ་འཁོར་ཀུན་ནས་ཤེས་ཤིང་མ་བཅོས་དཀྱིལ་འཁོར་བོར་ནས་བཏགས་
པའི་དཀྱིལ་འཁོར་ཅི་སྟེ་བསྒོམ། །ཞེས་དུས་ཀྱི་འཁོར་ལོ་ལས་བཤད་དོ། །ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་ལྷག་པར་མོས་པ་སྟེ། སྐད་ཅིག་ཙམ་གྱིས་ས་བོན་དང་ཕྱག་མཚན་ལ་མི་ལྟོས་པར་ལྟེ་བའི་དཀྱིལ་འཁོར་ལ་དཔལ་རྡོ་རྗེ་རྣལ་འབྱོར་མ། རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །

ཞེས་འབྲེལ་ཏེ་དེ་ཇི་ལྟ་བུ་ཞེ་ན། ཕྱག་གཉིས་པ། གཡས་པས་གྲི་གུག །གཡོན་པས་ཐོད་པ་འཛིན་པ། དབུ་སྐྲ་གྲོལ་བ། ཐུར་དུ་འཕྱང་བ། གཅེར་བུ་པ། ཞལ་གཉིས་པ་སྤྱན་གསུམ་པ། ལང་ཚོ་ཞེས་པ་ནི་ལོ་བཅུ་གཉིས་ལོན་པ་ལྟ་བུ་ཡིད་དུ་འོང་བའོ། །ཕྱག་རྒྱ་ལྔ་ནི་
འཁོར་ལོ་དང་། སྙན་ཆ་དང་། མགུལ་རྒྱན་དང་། ལག་གདུབ་དང་། སྐེ་རགས་རྣམས་ཀྱིས་བརྒྱན་པའོ། །སངས་རྒྱས་ལྔ་ཞེས་པ་ནི་ཐོད་པ་ལྔས་དབུ་ལ་བརྒྱན་པའོ། །སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ནི་བརླ་གཡོན་པའི་ཐད་ཀར་གཡས་པའི་ཞབས་ཀྱི་རྩེ་གཞག་པའོ། །ཟླ་བ་ནི་བརྡའི་སྐད་ཀྱིས་རོའོ། །
དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །མེ་ཞེས་པ་ནི་ཆོས་འབྱུང་གྲུ་གསུམ་སྟེ། སྟེང་དུ་རྒྱས་པ་འོག་ཏུ་ཕྲ་མོའོ། །དཀྱིལ་འཁོར་ཞེས་པ་ནི་ཟླ་བ་དང་། ཉི་མ་དང་མེའི་དཀྱིལ་དུ་གནས་པའོ། །ཛ་བ་སིནྡྷུ་ར་དང་མཚུངས་ཞེས་པ་ནི་ཨོ་ཌའི་མེ་ཏོག་དང་། སིནྡྷུ་ར་ཉིད་དམར་པོ་དང་འདྲའོ། །ལྷ་མོ་
ཞེས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་རྩེ་བར་འགྱུར་བས་ལྷ་མོའོ། །ཞལ་གཉིས་ཞེས་བྱ་བ་ནི་གཡས་ཕག་གདོང་ངོ་། །གཡོན་པ་ཁྲོ་བོའི་རོ་དང་ལྡན་པས་ཁྲོ་མོའོ། །ཞལ་གཉིས་ཀྱི་རྣམ་པར་དག་པ་ནི་ཀུན་རྫོབ་ཅེས་པ་ལ་སོགས་པ་ནི་བདེན་པ་གཉིས་ཀྱི་རྣམ་པར་དག་པ་ཞལ་གཉིས་སོ། །
གནས་སྐབས་ཀྱི་དག་པ་གཞན་བརྗོད་པར་བྱ་བ་ནི་རྡོ་རྗེ་ཕག་མོ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་དག་པའམ། རྣམ་པར་སྣང་མཛད་ཀྱིས་སོ། །དེ་བཞིན་ཉིད་ཀྱི་རྣམ་པར་དག་པས་རྡོ་རྗེ་ཕག་མོའོ། །བདེན་པ་གཉིས་ཀྱི་རྣམ་པར་དག་པས་ཞབས་གཉིས་དང་ཕྱག་གཉིས་སོ། །ཁམས་གསུམ་
ལ་མི་དམིགས་པར་བསྟན་པའི་དོན་དུ་རྣམ་པར་དག་པས་རྡོ་རྗེའི་སྐྱིལ་ཀྲུང་ཕྱེད་པའོ། །ཐམས་ཅད་དུ་སྒྲོ་མ་བཏགས་པའི་སྙིང་རྗེ་ཆེན་པོ་ལ་ཆགས་པའི་རྣམ་པར་དག་པས་གདན་ལ་མཐེ་བོང་ཅུང་ཟད་རེག་པའོ། །མངོན་པར་ཤེས་པ་དྲུག་གི་རྣམ་པར་དག་པས་སྤྱན་དྲུག་གོ། །ལོག་པར་ལྟ་བ་མངོན་པར་སྤོང་
བས་ཁྲོ་མོའི་ཞལ་ལོ། །གཏི་མུག་རྣམ་པར་དག་པས་ཕག་ཞལ་ལོ། །དབང་གི་ལས་དང་སྙིང་རྗེའི་རྣམ་པར་དག་པས་དམར་བའོ། །གཉིས་སུ་མེད་པའི་དེ་ཉིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་སྤྲོ་བའི་རྣམ་པར་དག་པས་དབུ་སྐྲ་གྲོལ་བའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྣམ་པར་དག་

པས་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །རིགས་ལྔའི་རྣམ་པར་རྟོག་པ་དག་པས་ཐོད་པ་ལྔའོ། །དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔའོ། །རྡོ་རྗེ་སེམས་དཔའི་རྣམ་པར་དག་པས་ཐལ་བའོ། །ཨཱ་ལི་ཀཱ་ལིའི་རྣམ་པར་དག་པས་མི་མགོ་ལྔ་བཅུའི་དོ་ཤལ་ལོ། །
དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་དག་པས་གྲི་གུག་གོ། །བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་དག་པས་ཁ་ཊྭཱཾ་གའོ། །བདེ་བ་ཆེན་པོའི་སྙིང་རྗེའི་རོ་རྣམ་པར་དག་པས་སམ་བདུད་བཞི་བཅོམ་པའི་རྣམ་པར་དག་པས་ཐོད་པ་ཁྲག་གིས་བཀང་བའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་འགྲོ་བ་
མ་ལུས་པའི་དེ་བཞིན་ཉིད་དབྱེར་མེད་པར་བསྟན་པའི་ཕྱིར་འཁོར་བར་གནས་པའི་ཉེས་པས་མ་གོས་པའི་རྣམ་པར་དག་པས་ཆུ་སྐྱེས་ཀྱི་གདན་ནོ། །ཞི་བ་ལ་སོགས་པའི་ཕྲིན་ལས་ཐམས་ཅད་ཀྱི་རྣམ་པར་དག་པས་སྣ་ཚོགས་པདྨའོ། །སེམས་ཅན་མ་ལུས་པའི་རྒྱུད་ཀྱི་མ་རིག་པའི་མུན་པ་རྣམ་པར་
འཇོམས་པར་བྱེད་པ་དང་། མི་དགེ་བའི་འདམ་སྐེམས་པར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་རྣམ་པར་སྨིན་པར་བྱེད་པའི་ཤེས་རབ་ཀྱི་རྣམ་པར་དག་པས་ཉི་མའི་དཀྱིལ་འཁོར་གྱི་གདན་ནོ། །དངོས་པོ་མེད་ཅིང་གཉིས་སུ་མེད་པའི་དེ་ཉིད་ལ་ཉེས་པ་བསལ་བའི་རྣམ་པར་དག་པས་རོའི་གདན་
ནོ་ཞེས་རྟེན་དང་བརྟེན་པའི་རྣམ་པར་དག་པའོ། །ད་ནི་དམ་ཚིག་སེམས་དཔའི་ལྷ་མོ་རྫོགས་པའི་རྗེས་སུ་ཇི་ལྟར་བྱ་ཞེ་ན། བླ་མའི་མན་ངག་ཅེས་པ་ལ་སོགས་པ་གསུངས་པ་ནི། བླ་མའི་མན་ངག་ཁོ་ན་ལམ་མོ། །དེས་དངོས་གྲུབ་རྗེས་སུ་འབྲང་བའི་ཕྱིར་རོ། །རིམ་པ་ཞེས་པ་ནི་བསྒོམ་མོ། །
རྒྱས་པ་ནི་མང་བའོ། །དེ་ཡང་འདི་ལྟ་སྟེ། ལྟེ་བའི་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འོད་ཟེར་དམར་པོ་རབ་ཏུ་འབར་བའི་བཾ་གྱི་ཡི་གེ་ལས་འཕྲོས་པའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་རྣལ་འབྱོར་མ་དགུག་ཅིང་དྲང་བའི་ཕྱག་རྒྱ་དང་ཕེཾ་བརྗོད་པས་དགུག་ཅིང་བདག་ཉིད་ལ་རབ་ཏུ་གཞུག་
གོ། །ལྟེ་བ་ལ་སོགས་པར་ཨོཾ་བཾ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཡི་གེ་བསྐྱེད་ཅིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡེ་ཤེས་ཀྱི་ལྷ་མོ་དང་ལྷན་ཅིག་ཏུ་འོངས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་

ཙམ་གྱིས་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ཕྱག་གཡོན་ན་གནས་པའི་ཐོད་པ་ཅུང་ཟད་སྨད་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་བདེ་བ་ཆེན་པོའི་རང་བཞིན་དུ་བདག་ཉིད་རྣམ་པར་བསྒོམས་ལ། ཆུ་ལྷག་མ་ལས་ཡོངས་སུ་རྫོགས་པའི་རང་
གི་སྤྱི་བོར་རྡོ་རྗེ་སེམས་དཔའ་འམ་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱའོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དོ། །འོད་ཟེར་གྱིས་བསྐུལ་བའི་སེམས་ཅན་
རྣམས་ཀྱིས་ཕྱག་བྱ་བ་དང་། བསྟོད་པ་བྱ་བ་དང་། གསོལ་བ་གདབ་པར་བདག་ཉིད་ལྷག་པར་མོས་ཏེ། དེ་ནས་ཆོ་ག་ཇི་ལྟར་བྱས་པས་བདུད་རྩི་སྦྱངས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་ཏུ་གྱུར་པའི་ལྗགས་ཀྱི་འོད་ཟེར་འཇག་མའི་བུ་ག་ལྟ་བུ་ཅན་གྱིས་སམ། ཡིད་ཀྱིས་བཀུག་ནས་ཆགས་པ་
མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་དཔའ་བོ་དང་དཔའ་མོ་དབང་ཕྱུག་མའི་གཟུགས་སུ་བདག་ཉིད་ལྷག་པར་མོས་ཤིང་བདུད་རྩི་མྱང་བར་བྱའོ། །དེས་བདེ་བ་ཅན་གྱི་སེམས་ཅན་ཏིང་ངེ་འཛིན་ལ་གནས་པར་འགྱུར་བར་རིག་པ་ཡིན་པའི་ཕྱིར་རོ། །གདན་ལ་སོགས་པ་
ཡང་དཀྱིལ་འཁོར་གྱི་དེ་ཉིད་བདེན་པ་གཉིས་ཀྱིས་བརྟག་པར་བྱའོ། །དེའི་རྗེས་སུ་དངོས་གྲུབ་ཐམས་ཅད་མྱུར་དུ་རྫོགས་པར་བྱ་བའི་སེམས་བརྟན་པར་འདོད་པའི་རྣལ་འབྱོར་པའི་བསྒོམ་གསུངས་པ་ནི། དེ་ཡི་པདྨའི་ནང་དུ་ནི། །ཞེས་པ་ལ་སོགས་པ་ནི་རྡོ་རྗེ་རྣལ་འབྱོར་མ་དེའི་པདྨའི་ནང་དུ་གནས་
པའི་འཁོར་ལོ་ཟུར་གསུམ་པ་ཆོས་འབྱུང་བསྒོམ་པར་བྱའོ་ཞེས་ལྷག་པར་བཤད་པར་བྱའོ། །འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། དོན་ཀུན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའོ། །དེ་དག་གི་སྒྲུབ་བྱེད་ནི་ཡོངས་སུ་རྫོགས་པར་སྦྱིན་པར་བྱེད་པའི་ཕྱིར་རོ། །དོན་ཀུན་བསྒྲུབ་སྦྱིན་ནི་
འདོད་པའི་དོན་ལ་མ་ལུས་པར་རྫོགས་པར་བྱེད་པའི་གནས་པ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། ཡོན་ཏན་གསུམ་བརྒྱན་མཚན་གནས་སུ། །ཞེས་པ་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་ཨ་བ་དྷཱུ་ཏཱིའི་རྩ་རྣམས་ནི་སྙིང་སྟོབས་དང་། རྡུལ་དང་མུན་པའི་རང་བཞིན་ནོ། །རང་བཞིན་དེ་དག་གིས་རྣམ་

པར་བརྒྱན་པའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། མཚན་གནས་སུ་ཤེས་པ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཆོས་ཐམས་ཅད་སྐྱེད་པའི་གནས་སུ་གྱུར་པའི་རྐྱེན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཞེ་ན། ཁ་དོག་དམར་པོ་ཞེས་པ་ནི་ཛ་བའི་མེ་ཏོག་ལས་ཀྱང་ཤིན་ཏུ་དམར་བའོ། །དེའི་ཕྱིར་འོད་ཆེན་ནི་འབར་
ཞིང་ཤིན་ཏུ་གསལ་བའོ། །ཡང་འཁོར་ལོ་ནི་ཇི་ལྟ་བུ་ཞེ་ན། སྔགས་ཀྱིས་ཡི་གེ་ཡོངས་སུ་རྫོགས། །ཞེས་པ་ནི་མན་ངག་གིས་བཾ་དབུས་སུ་ཡོད་པ་ལ་གོ་བར་བྱའོ། །རྡོ་རྗེ་རྣལ་འབྱོར་མའི་རྩ་སྔགས་ཀྱིས་ཇི་ལྟར་ཡོངས་སུ་གང་བའི་དབུས་སུ་གྱེན་དུ་ལངས་པའི་སྔགས་ཀྱི་ཕྲེང་བས་ཡོངས་སུ་གང་བ་ཞེས་བྱ་
བའི་དོན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། བསྐོར་ཞེས་པ་ནི་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཤུགས་དྲག་པའི་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་འཁོར་ལོ་བསྒོམ་པར་བྱ་ཞེ་ན། སྲིན་པོ་ཞེས་བྱ་བ་ལ་སོགས་པ་ནི་སྲིན་པོ་གཏུམ་མོ། །དུས་ཀྱི་མེའི་རང་བཞིན་གྱི་ཕུང་པོ་ལྔ་པོ་མི་དམིགས་པའི་བདག་ཉིད་བཟའ་
བར་རུང་བ་དང་མཚུངས་པའི་ཕྱིར་སྲིན་པོའོ། །དེའི་ཞལ་ནི་རྩོལ་རུང་ངོ་། །དེའི་ལམ་ནི་གྱེན་དུ་དྲངས་ནས་སུ་ཞེས་སོ། །ཡང་ཇི་ལྟ་བུ་ཞེ་ན། རྣམ་འོད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་འོད་དབྱིག་གཉེན་ནི་གཏུམ་མོ་སྟེ་མེའི་ངོ་བོ་ཡིན་པའི་ཕྱིར་རོ། །གཏུམ་མོ་དེ་རབ་ཏུ་འབར་བས་སོ། །འདིར་
བསྡུས་པའི་དོན་ནི་སེམས་བརྟན་པར་བྱེད་པའི་དོན་དུ་རྣལ་འབྱོར་པས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་མདུད་པའི་བུ་ག་རྣམས་ལ། ཨོཾ་ཧཱུཾ་ཨཾ་ཧཾ་ཞེས་པའི་ཡི་གེ་རྣམས་རྣམ་པར་བལྟས་ལ། གསང་བའི་འཁོར་ལོ་གནས་པའི་རླུང་དང་མེས་
བསྐྱོད་པའི་གཏུམ་མའི་ངོ་བོ་ཉིད་ཨཾ་གི་ཡི་གེ་འབར་བའི་འོད་ཟེར་གྱིས་འཛག་པར་གྱུར་པའི་ཧཾ་ལ་སོགས་པའི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་དབྱེར་མེད་པའི་ཨོཾ་གྱི་ཡི་གེ་ལྷན་ཅིག་ཏུ་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པར་རྣམ་པར་བསྒོམ་ཞིང་སྒོམ་པ་ཡོངས་སུ་སྨིན་པར་ལྷག་པར་མོས་ནས།
ཨོཾ་དེ་ཁོ་ན་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་འབར་བ་གཅིག་ཏུ་གྱུར་པར་གནས་པར་བལྟའོ། །དེའི་མཐུས་བདུད་རྩིའི་གོང་དུ་འཛག་པར་འགྱུར་བས་ཁྱབ་བདག་ཕེབས་པར་འགྱུར་ཞིང་འོད་ཟེར་གྱིས་རེ་ཁཱ་དེ་ཡང་བསིལ་བར་འགྱུར་ཏེ། དེ་ནས་ཐིག་ལེ་ལ་སེམས་རྩེ་གཅིག་པས་བལྟ་བར་བྱའོ། །ཇི་སྲིད་

དུ་རྟགས་རྣམས་ཀྱིས་ཀྱང་བརྟན་པ་རྙེད་པ་ཉེ་བར་མཚོན་པར་བྱའོ། །བརྟན་པ་རྙེད་ནས་འོད་ཟེར་གྱི་རི་མོ་དེའི་སྣང་བ་སྣ་ཚོགས་གསལ་བར་འགྱུར་བར་རྣམ་པར་བསམས་ལ། སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་ཐམས་ཅད་མཐོང་བར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་ཀྱང་
མྱུར་དུ་རྫོགས་པར་འགྱུར་རོ་ཞེས་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེའི་རྗེས་སུ་ཕྲ་བའི་རྣལ་འབྱོར་སྒོམ་པར་བྱེད་པའི་ཐབས་ཀྱི་མཆོག་གསུངས་པ་ནི་ཕག་གདོང་ཞེས་པ་ལ་སོགས་པ་ནི་ཕག་གདོང་ལས་མཐོ་གང་གིས་སྟེང་དུ་གཡུང་དྲུང་ཡོངས་སུ་འཁོར་བར་བལྟས་ནས་འཁོར་ལོ་བསྒོམ་པར་བྱའོ། །
དེ་བཞིན་དུ་འཛག་པར་འགྱུར་བའི་ཧཾ་ལ་སོགས་པའི་ཡི་གེ་རྣམས་རོ་གཅིག་ཏུ་གྱུར་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་སྐད་ཅིག་མས་སྐྱེས་པའི་རྣལ་འབྱོར་མ་དང་བཅས་པ་རྡོ་རྗེའི་ནོར་བུའམ། པདྨའི་ཟེ་འབྲུའི་རྩེ་མོ་ལ་བཞག་ནས་དམིགས་པར་
བྱའོ། །ཇི་སྐད་བཤད་པ་བརྟན་པར་གྱུར་ན་རྟགས་མཐོང་ལ། རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །ཁ་ཅིག་ནི་རྣམ་པར་རྟོག་པའི་ཉོན་མོངས་ཀྱིས་གནོད་པར་འགྱུར་བའི་སེམས་རྒྱུད་ཅན་གཡུང་དྲུང་བསྒོམ་པར་བྱའོ། །དེ་
ནས་སེམས་ཏིང་ངེ་འཛིན་ལ་གནས་པའི་གསང་བའི་གནས་སུ་འཁོར་ལོ་འཁོར་བར་བལྟའོ་ཞེས་ཟེར་རོ། །ཡང་འགའ་ཞིག་ནི་གཡུང་དྲུང་བསྐོར་བར་མཐོང་ནས་སྲིན་པོའི་ཞལ་ཅུང་ཟད་བསྡམས་པས་རྣམ་འོད་དབྱིག་གཉེན་འབར་བ་ནས་འཁོར་ལོ་སྒོམ་ཞེས་ཟེར་རོ། །འདི་ལྟ་སྟེ། གཡུང་
དྲུང་ལ་སེམས་བརྟན་པར་གྱུར་ན་སྲོག་རྩོལ་གྱི་རླུང་བརྟན་པར་འགྱུར་རོ། །རྩོལ་རླུང་བརྟན་པར་གྱུར་ན་དེས་བསྐྱོད་པའི་གཏུམ་མོས་ཧཾ་ལ་སོགས་པའི་ཡི་གེ་ལས་ཐ་མི་དད་པའི་བདུད་རྩི་བབ་པས་གསང་བའི་འཁོར་ལོ་དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེར་གྱུར་པ་སྒོམ་པར་
བྱའོ། །དེ་སྐད་དུ་ཡང་སྒྲུབ་ཐབས་ཆེན་པོ་ལས། དེ་ཡི་རྗེས་ལ་མཁས་ཅན་ཁམས་སུ་ནི། །སྒང་གསུམ་རི་བོ་ཡི་ནི་སུལ་ནང་དུ། །འཁོར་ལོ་དམར་པོ་རབ་ཏུ་འབར་བ་ནི། །མྱུར་བར་སྔར་བཤད་ལྟ་བུར་འཁོར་བར་བསྒོམ། །ལྷག་པའི་ཤུགས་ཀྱིས་བརྟན་པ་ལྟར་གནས་ཤིང་། །རླུང་མེད་

མི་གཡོ་མར་མེ་ལྟར་གསལ་ཏེ། །བདེ་བ་ཆེན་པོའི་འཁོར་ལོར་བཞུགས་བྱས་ནས། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱས་ཏེ། །ཞེས་པ་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་པའི་བར་དུ་བཤད་པའོ། །འདི་ལྟ་བུ་རྣམ་པར་བསྒོམས་པའི་རྣལ་འབྱོར་པ་ལ་ཅི་གྲུབ་པར་འགྱ