Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 23
Văn bản gốc(Tây Tạng)
Trang 7 / 17 (50.000 ký tự/trang)
ེས་ཤིང་། །ཕྲིན་ལས་རྒྱ་ མཚོས་གདུལ་བྱ་དཔག་མེད་རྣམས། །གྲུབ་མཆོག་ཕྱག་རྒྱ་ཆེ་ལ་དགོད་མཛད་པའི། །བདེ་གཤེགས་གདོན་མི་ཟ་བར་བདག་གྱུར་ཅིག །དུས་གསུམ་བདེ་བར་གཤེགས་པ་ཀུན་གྱི་བདག །དཔལ་ལྡན་བདེ་མཆོག་འཁོར་ལོའི་སྐུར་གྲུབ་ནས། །ནམ་མཁའ་དག་དང་མཉམ་པའི་ མཐུ་སྟོབས་ཀྱིས། །འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་ཤོག། །།དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷུ་རི་བས་མཛད་པ་རྫོགས་སོ། །ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། །།༄། །ལམ་གྱི་རབ་ཏུ་བྱ་བ་བཞུགས་སོ།། །། ༄༅༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྙེན་པའི་ཆོ་ག་དང་སྟ་གོན་གྱི་ཆོ་ག་དང་དབང་བསྐུར་བའི་ཆོ་གའོ། །བསྙེན་པ་ལ་དང་པོ་སྐབས་དབྱེ་བ་ནི། སློབ་མ་དད་པ་དང་། ཤེས་རབ་དང་ལྡན་པས་མཎྜལ་བྱས་ཏེ། ཕྱག་གསུམ་བྱས་ལ་མེ་ཏོག་ གསུམ་དབུལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས། །སློབ་དཔོན་གྱིས་བདག་ལ་བདེ་མཆོག་འཁོར་ལོ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་ལན་གསུམ་ཞུ། འོ་ན་བདག་གིས་བསྙེན་པ་བྱའི། ཁྱོད་ ཀྱིས་རྫས་སོགས་ཤིག་ཅེས་གནང་བ་བྱིན་ལ། ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་སྔགས་སུ་བྱིན་ལ་སྲོད་ཐོ་རངས་བརྒྱ་རྩ་ཟློས་སུ་གཞུག་གོ། །དེ་ནས་བདག་ཉིད་ལཱུ་ཡི་བའི་རྣལ་འབྱོར་རམ། དཔའ་བོ་གཅིག་པ་བསྒོམ་པའམ། མངལ་སྐྱེས་ཀྱི་ཡང་རུང་བས་རྡོ་རྗེ་ དང་དོ་ལི་ཡི་བཟླས་པ་བྱ། ཐུན་བཞིའི་རྣལ་འབྱོར་གྱིས་སྤྱིར་རྩ་སྔགས་འབུམ་ཕྲག་གཅིག་གམ། ཡང་ན་ཡབ་ཡུམ་གྱི་སྙིང་པོའམ་ཉེ་སྙིང་གང་ཡང་རུང་བ་འབུམ། །འཁོར་གྱི་ལྷ་ལ་ཁྲི་ཁྲི་སུམྦྷ་ནི་འབུམ་ཕྲག་གཅིག་བཟླས་པ་ནི་གྲངས་ཀྱི་བསྙེན་པའོ། །ཡང་ན་མཚན་མའི་ བསྙེན་པ་རྨི་ལམ་དུ་ལྷས་དབང་བསྐུར་ལ་རེག་ཅེས་གནང་བའམ་བརྡས་ཀྱང་རུང་ངོ་། །དབང་མེད་ན་བཟླས་པ་དུམ་གཅིག་བྱས་ལ། ཡིད་ཀྱིས་ལྷ་མངོན་དུ་དམིགས་ཏེ་གནང་བར་བསམས་ལ་བྱར་རུང་བ་ནི་བདག་པོའི་བཀས་སོ། །དེའི་ཚེ་མཆོད་པ་ལྔ་དང་གཏོར་མ་རེ་མ་ཆགས་ པར་གཏང་བར་བྱའོ། །དེ་ནས་བསྐུལ་བའི་ཕྱིར་སློབ་མས་མཎྜལ་སྔོན་དུ་འགྲོ་བས་སྔ་མ་ལྟར་ཞུ་བ་ཡང་བྱའོ། །རྫས་ཚོགས་སམ་མ་ཚོགས་ཞེས་དྲིའོ། །ཁ་ཅིག་ནི་ཚོགས་ལ་ཁ་ཅིག་ནི་མ་ཚོགས་ཞེས་ཞུའོ། །དེ་ནས་སྡིག་པ་བསལ་བ་དང་བསྲུང་བར་བྱ་བ་ནི། སློབ་མའི་ ལྟེ་བར་ཉི་མ་ལ་ཧཱུཾ་སྔོན་པོ་བསམས་ལ་ཡང་དེའི་སྙིང་གར་སྡིག་པ་ཀཾ་ནག་པོ་ལས་ཤ་ཟའི་གཟུགས་རིད་པ་རྐང་ལག་ཕྲ་བ། སྐྲ་གྱེན་དུ་བརྫེས་པ་བསམས་ལ་ཧཱུཾ་གི་འོད་ཀྱིས་གྱེན་དུ་ཕུལ་ཏེ་སྣ་བུག་གཡས་ནས་བྱུང་བ་དང་། ཧཱུཾ་དེ་སྒོ་མཚམས་ཀྱི་ལྷ་མོ་བརྒྱད་དུ་གྱུར་ནས། དེ་རྣམས་ཀྱིས་ གྲི་གུག་གིས་བགོས་ནས་ཟོས་ཏེ། ཡང་ཧཱུཾ་དུ་སོང་ནས་སྣ་བུག་དེ་ཉིད་ནས་སླར་ཐིམ་པར་བསམ། སྲུང་བ་ནི་ལག་པ་གཡོན་པར་ཧ་བྱས་པས། རྡོ་རྗེ་རྒྱ་གྲམ་བསམས་ལ་དེ་སློབ་མའི་སྤྱི་བོར་བཞག་པས་ལུས་རྡོ་རྗེར་སོང་བར་བསམ། སུམྦྷ་ནི་བརྒྱ་རྩ་བརྒྱད་བཟླས་པ་རྡོ་རྗེ་རྒྱ་གྲམ་ཡང་དེའི་སྤྱི་ བོར་གནས་པར་བསམ། དེ་ནས་དེ་དག་སྐད་ཅིག་མས་ཕྱག་གཉིས་པའི་ཧེ་རུ་ཀར་བསམས་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། མདུན་དུ་སློབ་མའི་གཙོ་བོ་ལ་སོགས་པས་མཎྜལ་བྱེད་པ་སྔོན་དུ་འགྲོ་བས་ཕྱག་བྱེད་དུ་བཅུག་ལ་ཐལ་མོ་བསྐྱེད་པར་བྱ་སྟེ། དཀོན་ མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་ སྤྱོད་མཆོག་ཡིད་འོང་སྤྱད་པ་ཡིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་སྙིང་ག་དང་། ལྐོག་མ་དང་། སྤྱི་བོར་དྲིའི་ཐིག་ལེ་གསུམ་བྱས་ལ་རྡོ་རྗེ་རེག་པ་སྔོན་དུ་འགྲོ་བས་ཧཱུཾ་ཨཱཿཨོཾ་ཞེས་བརྗོད་ཅིང་རིམ་པ་བཞིན་དུ་པདྨ་དང་། འཁོར་ལོ་དག་ལ་ཡི་གེ་གསུམ་པོ་དེ་ཉིད་རིམ་པ་བཞིན་དུ་མཚན་པ་འོག་མ་གཉིས་ཉི་མ་ལ་འཁོར་ལོ་ཟླ་བ་ལ་བསམ་པར་བྱའོ། །དེ་ནས་ཨོཾ་པུ་ཛཱ་ཨོ་ཨ་ཞེས་བྱ་བ་ལ་སོགས་པ་བརྗོད་པས་ཡུལ་ཉེར་བཞིར་ལག་པ་གཡོན་པའི་སྲིན་ལག་གིས་རེག་བཞིན་དུ་ཡུལ་དེ་དང་། དེའི་གནས་ རྣམས་སུ་མོས་པར་བྱའོ། །དེ་ནས་སྐྱེས་པ་ལ་ནི་སྙིང་ག་ལ་སོགས་པར་ཨོཾ་ཧ་ལ་སོགས་པ་བསམ་ཞིང་བུད་མེད་ལ་ནི་ལྟེ་བ་ལ་སོགས་པར་ཨོཾ་བཾ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེ་དག་ལ་མཆོད་པ་བྱ་སྟེ། མེ་ཏོག་ནི་མགོ་ལའོ། །སྤོས་ནི་ཤངས་ལའོ། །མར་ མེ་ནི་སྤྱན་ལའོ། །དྲི་ནི་ཐུགས་ཀར་རོ། །ཞལ་ཟས་ནི་ཞལ་དུ་དམིགས་ཏེའོ། །དེ་ཡང་ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་ཚེམས་ཤིང་དོར་བར་བྱ་སྟེ། མདུན་དུ་བ་ལང་གི་ཀོ་བ་ཙམ་དུ་ས་གཞི་བའི་ལྕི་བ་སར་པས་བྱུགས་ལ་པདྨ་འདབ་མ་བརྒྱད་པ་ཁྱམས་གྲུབ་ བཞིའི་ནང་དུ་ཆུད་པ་བྲིས་པ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་ནས། དེར་སློབ་མ་ཤར་རམ་བྱང་དུ་ཁ་བལྟ་བས་ཚེམས་ཤིང་མ་ཡོ་མ་གས་པ། ལོ་འདབ་ཀྱིས་ཁ་བརྒྱན་པ་ཅན་ཙནྡན་གྱིས་བྱུགས་པ་ལ། མེ་ཏོག་གི་ཕྲེང་བ་བཅིངས་ལ། ཨོཾ་བཛྲ་ད་ན་ད་ཀཥྛ་བི་ མ་ལ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བས་གཏད་པ། ཆོ་ག་བཞིན་དུ་བཅས་ནས་ཐལ་མོའི་བར་ནས་དཀྱིལ་འཁོར་གྱི་དབུས་སུ་འདོར་དུ་གཞུག་གོ། །འདིར་ཚེམས་ཤིང་གི་མཚན་མ་བརྟག་པར་བྱ་སྟེ། ཤར་དུ་བལྟས་ན་ཞི་བའི་དངོས་གྲུབ་བོ། །བྱང་དུ་བལྟས་ན་རྒྱས་པའོ། །ནུབ་ཏུ་ བལྟས་ན་དབང་ངོ་། །ལྷོར་བལྟས་ན་མངོན་སྤྱོད་དོ། །གྱེན་དུ་བལྟས་ན་རིག་པ་འཛིན་པ་ལྷའི་དངོས་གྲུབ་བོ། །ཐུར་དུ་བལྟས་ན་འོག་གི་དངོས་གྲུབ་བོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་སོང་ན་དངོས་གྲུབ་མེད་དོ་ཞེས་བརྟག་པར་བྱའོ། །དེ་ནས་ངག་དག་པའི་དོན་དུ་བདུད་རྩི་ལྔ་དང་ སྦྱར་བའི་དྲིའི་ཆུ་ལ་འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་བཟླས་ཏེ། དེ་ནས་ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱཿསརྦ་པཱ་པཾ་ནི་ཙ་ཨཱ་སྱཱ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་པས། ལག་པ་གཡོན་པའི་ཁྱོར་བར་ལན་གསུམ་བླུད་པར་བྱའོ། །དེ་ནས་ཡི་གེ་ཉེར་གཉིས་པའི་སྔགས་ལན་ གསུམ་བཟླས་པའི་ཀུ་ཤ་སྔས་དང་སྟན་གྱི་ཕྱིར་བྱིན་ལ། རང་རང་གི་མི་གང་དང་ལག་ཚད་ཀྱི་སྐུད་པ་སུམ་སྒྲིལ་བྱས་ལ་གསུམ་པ་གསུམ་གྱིས་མདུད་པ་བྱས་ཏེ། སྙིང་པོའི་སྔགས་ལན་བདུན་བཟླས་ལ་དཔུང་པར་བཅིང་བར་བྱའོ། །དེ་ནས་ཆོས་བཤད་པས་སྤྲོ་བ་སྐྱེད་པར་བྱ་ སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ཡང་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བཞིན། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཚུངས་མེད་སེམས་ཅན་དོན། ། མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་ཆད་སྡིག་པ་གང་བྱས་པ། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་ཀྱང་དེ་བྱང་འགྱུར་ན། །གྲགས་པ་མཐའ་ཡས་གསང་སྔགས་ཀྱི། །ཚུལ་ལ་སྤྱོད་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་ བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །གང་གིས་ཁྱེད་རྣམས་སྲས་བཅས་པའི། །རྒྱལ་བ་རྣམས་ཀྱིས་བསྟན་འདི་ལ། ། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འབྱུང་འགྱུར་བར། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བ་དག་གིས་དམ་པའི་ཆོས་ བསྒྲགས་པ་བྱས་ནས། སུམྦྷ་ནིས་སྲུང་བ་བྱས་ཏེ། ཐོ་རངས་ཀྱི་རྨི་ལམ་ཅི་མཐོང་བ་ཁོ་བོ་ལ་བོས་ཤིག་བྱས་ནས། །དཀྱིལ་འཁོར་གྱི་ས་གཞིའི་མཐར་སེང་གེའི་ཉལ་ཐབས་ཀྱིས་ཉལ་དུ་གཞུག་གོ། །སློབ་དཔོན་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། བསྲུང་བའི་དོན་དུ་སུམྦྷ་ ནི་བཟླས་པར་བྱའོ་ཞེས་བྱ་བ་ནི་སློབ་མ་སྟ་གོན་དུ་གནས་པའི་ཆོ་གའོ།། །།དེ་ནས་བུམ་པ་སྟ་གོན་དུ་གནས་པ་བརྗོད་པར་བྱ་སྟེ། རེ་ཞིག་བུམ་པ་བཅུའམ་དྲུག་གམ་གཉིས་སམ་གཅིག་ཀྱང་རུང་སྟེ། རྩ་བ་དང་ནག་པོ་ལ་སོགས་པའི་སྐྱོན་མེད་པ། གསེར་རམ་དངུལ་ལམ་ ཁམ་པ་ལ་སོགས་པའི་རྒྱུ་ལས་བྱས་པ། ཁ་དོག་དཀར་པོར་བསྒྱུར་བ་རིགས་ཀྱི་མཚན་མས་མཚན་པ། འོ་མ་ཅན་གྱི་ཤིང་གིས་ཁ་བརྒྱན་པ། རིགས་ཀྱི་སྐུ་མདོག་མཐུན་པའི་གོས་ཀྱིས་མགུལ་པ་དཀྲིས་པ། བསྟི་གནས་ཀྱི་ཆུ་འོ་མ་ཅན་གྱིས་བཀང་བ། ཙནྡན་དང་ག་ བུར་དང་། གུར་གུམ་གླ་རྩི་དང་། ཧུ་ལུ་ཀ་སྟེ་དྲི་ལྔ་དང་བཅས་པ། བདུད་རྩི་ལྔ་དང་རིན་པོ་ཆེ་ལྔ་དང་། འབྲུ་ལྔ་དང་སྨན་ལྔས་གང་བའི་སྣོད་སྟེང་དུ་བཞག་སྟེ། འོག་ཏུ་པདྨའི་གདན་སྟེང་དུ་གདུགས་ཕུབ་ལ། དཀྱིལ་འཁོར་དུ་རིམ་པ་བཞིན། སངས་རྒྱས་ཀུན་གྱི་མཁའ་ འགྲོ་མ། །རེ་རེ་བཟླས་ཏེ་བཞག་ལ་ལྷག་པར་གནས་པར་བྱའོ། །རེ་ཞིག་བུམ་པ་བཅུའི་ལུགས་ལ་ནི། རྣམ་པར་རྒྱལ་བ་ལ་གཅིག །པདྨའི་སྣོད་བཞི་དང་བཅས་པའི་ཡུམ་བཞི་ལ་རེ་རེ། ཐུགས་དང་གསུང་སྐུ་དང་དམ་ཚིག་གི་འཁོར་ལོ་རྣམས་ལ་རེ་རེ་སྟེ་དེ་ལྟར་ན་དགུའོ། ། ལས་ཐམས་ཅད་པ་དང་བཅུའོ། །དྲུག་གི་ལུགས་ལ་འཁོར་ལོ་ལྔ་ལ་རེ་རེ་རྣམ་པར་རྒྱལ་བ་དང་དྲུག་གོ། །ལས་ཐམས་ཅད་པ་དམ་ཚིག་གི་འཁོར་ལོར་བསྡུའོ། །གཉིས་པ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བས་སོ། །ལས་ཐམས་ཅད་པ་ནི་གཙོ་བོ་ལ་ བསྡུའོ། །གཅིག་གི་ལུགས་ལ་ནི་དཀྱིལ་འཁོར་གྱི་ལྷ་མ་ལུས་པ་གཅིག་ཏུ་བསྡུ་ཞིང་ལས་ཐམས་ཅད་པ་ཡང་དེར་བསྡུས་ཏེ། དེ་ནི་ཁྱིམ་པ་དབང་བསྐུར་བ་ལ་ཡིན་གྱི། དགེ་ཚུལ་ཡན་ཆད་ལ་མ་ཡིན་ནོ། །གཅིག་གིས་མ་ཡིན་པར་རྒྱུད་ལས་བཀག་པའི་ཕྱིར་རོ། །རྩ་བ་ནི་ དབྱིབས་ཀྱི་སྐྱོན་ནོ། །ནག་པོ་ནི་ཁ་དོག་གི་སྐྱོན་ཏེ་དེ་དག་མེད་པའོ། །ཚད་ཀྱང་མཆུར་སོར་ཉེར་གཅིག །ཞེང་དུ་བཅུ་དྲུག་གཅེའུ་མེད་པའོ། །མགྲིན་པ་ལ་སོར་དྲུག་གོ། །མཆུ་ལ་སོར་བརྒྱད་དོ། །མགྲིན་པའི་སྦུབས་ལ་སོར་གཉིས་སོ། །མངོན་སྤྱོད་ལ་སོགས་པའི་ཕྲིན་ ལས་གཞན་ལ་ནི་ཚད་གཞན་དང་གཞན་དུ་བརྗོད་དོ། །དཀར་པོར་བསྒྱུར་བ་ནི་རང་བཞིན་གྱིས་ཁ་དོག་དཀར་པོ་མེད་པ་ལའོ། །རིགས་ཀྱི་མཚན་མ་རྣམ་པར་རྒྱལ་བ་ལ་ནི་ཆོས་འབྱུང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཀ་པཱ་ལའི་ནང་དུ་ཆུད་པའི་རྡོ་རྗེ་དང་རྡོ་རྗེ་གྲི་གུག་གོ། །རིགས་ ཀྱི་ཡུམ་བཞི་ལ་ནི་གྲི་གུག་དང་ཀ་པཱ་ལའོ། །ཐུགས་ཀྱི་འཁོར་ལོ་ལ་རྡོ་རྗེ་དང་གྲི་གུག་གོ། །གསུང་གི་འཁོར་ལོ་ལ་པདྨ་དང་གྲི་གུག་གོ། །སྐུའི་འཁོར་ལོ་ལ་འཁོར་ལོ་དང་གྲི་གུག་གོ། །དམ་ཚིག་གི་འཁོར་ལོ་ལ་ཀ་པཱ་ལ་དང་གྲི་གུག་གོ། །ལས་ཐམས་ཅད་པ་ལ་ནི་སྣ་ ཚོགས་རྡོ་རྗེ་དང་གྲི་གུག་གོ། །འོ་མ་ཅན་གྱི་ཤིང་ནི་ཙུ་ཏ་ལ་སོགས་པའོ། །རིན་པོ་ཆེ་སྣ་ལྔ་ནི་གསེར་དང་དངུལ་དང་མུ་མེན་དང་མུ་ཏིག་དང་བྱི་རུའོ། །ནས་དང་གྲོ་དང་ཏིལ་དང་འབྲས་སོ་བ་དང་། མ་ཤ་སྟེ་འབྲུ་ལྔའོ། །པྲྀ་ཧ་སྟི་དང་། ཀཎྜ་ཀ་རི་དང་། ཨ་པ་རཱ་ཛི་ཏ་དང་། དཎྜོཏྤ་ལ་དང་། ཧ་ས་དེ་བ་སྟེ་སྨན་ལྔའོ། །པདྨ་དང་གདུགས་ནི་ཤོག་བུ་ལས་བྱས་པའོ། །དཀྱིལ་འཁོར་ནི་སེར་པོ་འབའ་ཞིག་ལས་བྱས་པའོ། །དེ་ཡང་ལྷ་དང་ཕྱག་མཚན་མེད་པའི་གདན་གཞལ་ཡས་ཁང་པའི་རྣམ་པ་འབའ་ཞིག་བྲིའོ། །གལ་ཏེ་ནུས་པ་མེད་ན་ སྔར་གྱི་ཚེམས་ཤིང་དོར་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུ་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པ་བྱ་སྟེ། མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་དང་། གཏོར་མ་རྣམས་སྟ་གོན་བྱས་ནས། སློབ་དཔོན་བདག་ཉིད་ཏིང་ངེ་འཛིན་རྫོགས་པར་བསྒོམས་ལ་ དཀྱིལ་འཁོར་ཉེ་བར་བསྡུས་ཏེ། ཕྱག་གཉིས་པའི་ཏིང་འཛིན་གྱིས་གནས་པར་བྱའོ། །དེ་ནས་སྐད་ཅིག་མས་རྣམ་པར་རྒྱལ་བའི་བུམ་པར་ནི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསམ་མོ། །རིགས་ཀྱི་ཡུམ་བཞི་ལ་ནི་ཡུམ་རེ་དང་ཀ་པཱ་ལ་རེ་རེའོ། །ཐུགས་དང་གསུང་དང་ སྐུ་དང་དམ་ཚིག་གི་འཁོར་ལོའོ། །དེ་ནས་འབར་བའི་སྔགས་དང་ཕྱག་རྒྱས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་སྤྱན་དྲངས་ཏེ་བུམ་པའི་ལྷ་རྣམས་ལ་བསྟིམ་མོ། །དེ་དག་མ་ལུས་པར་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བར་ བསམ་མོ། །དེ་ནས་བུམ་པའི་གནས་ལྔ་དག་ཏུ་རྡོ་རྗེའི་ཕྱག་རྒྱས་རེག་ཅིང་། ཨོཾ་བཛྲ་པདྨ་ཨ་མྲྀ་ཏ་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སརྦ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དང་འབྲེལ་བའི་རྡོ་རྗེ་ བུམ་པའི་སྟེང་དུ་བཞག་སྟེ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་སྟེ། ལག་པ་གཡས་པས་བགྲང་ཕྲེང་སྙིང་གར་བཟུང་ནས་འཁོར་ལོའི་གཙོ་བོ་ལ་ནི་བརྒྱ་བཟླས་ཤིང་། འཁོར་གྱི་ལྷ་རྣམས་ལ་ནི་ཉེར་གཅིག་བཟླའོ། །ལས་ཐམས་ཅད་པ་ལ་ནི་སུམྦྷ་ནི་བརྒྱ་རྩ་བརྒྱད་བཟླས་ནས་ཕྱིའི་ མཆོད་པ་ལྔ་དང་ཡིད་ལས་བྱུང་བའི་ལྷ་མོ་བཅུ་དྲུག་དང་། རིན་པོ་ཆེ་སྣ་བདུན་གྱིས་ཀྱང་མཆོད་དེ་སྤོས་སྣོད་དང་རྡོ་རྗེ་དྲིལ་བུ་འཛིན་པའི་ལག་པས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན། །འགྲོ་བའི་མགོན་ལ་ ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །རྟོག་པའི་འཆིང་བ་གཅོད་མཛད་ཅིང་། །འཇིག་རྟེན་དོན་དུ་རབ་འཇུག་པ། །དེ་སྙེད་པ་ལ་རྟག་ཕྱག་འཚལ། །ཞེས་བྱ་བས་བསྟོད་ལ། ཡི་གེ་བརྒྱ་པ་བརྗོད་དེ། གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཔའ་ བོའི་དགའ་སྟོན་དང་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ནི། དཀྱིལ་འཁོར་བསྒྲུབ་པར་བྱ་ཞིང་རས་རིས་ལ་ནི་དཀྱིལ་འཁོར་མངོན་དུ་དམིགས་ཏེ། བདག་འཇུག་བྱས་ནས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ལ་ཕྱོགས་བཞིར་སློབ་དཔོན་བཞིའམ་བདག་གཅིག་པུ་ཡང་རུང་སྟེ། བདུད་རྩི་ལྔ་དང་བཅས་པའི་དྲི་ཆུས་ཁྲུས་བྱས་ནས། གོས་དང་ཕྱག་རྒྱ་ལྔ་ལ་སོགས་པའི་རྒྱན་གྱི་ཆས་སུ་ཞུགས་ལ། དཀྱིལ་འཁོར་གྱི་ལྷོ་ ཕྱོགས་ནས་ཁ་བྱང་དུ་བལྟས་ཏེ། སྟན་མཐོན་པོ་ལ་འདུག་པར་བྱའོ། །དེ་ནས་ཡང་སྔ་མ་ལྟར་ཏིང་ངེ་འཛིན་རྫོགས་པར་བསྒོམས་ཏེ། ཕྱག་གཉིས་པའི་ཏིང་ངེ་འཛིན་ལ་གནས་ནས་གོ་རིམས་བཞིན་དུ་དབང་བདུན་དང་། དབང་གསུམ་པ་དང་། བཞི་པའི་མཐར་ཐུག་པ་ རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལས་བླང་བར་བྱའོ། །དེ་ནི་བདག་འཇུག་པའོ།། །།དེ་ནས་སློབ་མ་གཞུག་པ་ནི། ཡོལ་བའི་ཕྱི་རོལ་དུ་མཎྜལ་བྱེད་དུ་བཅུག་ལ་ཕྱག་བྱས་ཏེ། མེ་ཏོག་སྙིམ་པར་བཟུང་ནས་གནས་པ་ལ། སློབ་དཔོན་གྱིས་ནང་ནས་བཀའ་བསྡམ་མོ་ཞེས་བརྗོད་ པར་བྱའོ། །བདེ་ཆེན་བདག་ནི་སྐལ་བ་བཟང་། །ཞེས་བྱ་བ་ནི་སློབ་མའི་ལན་ནོ། །དེ་ལྟར་ལན་གསུམ་བྱའོ། །དགོས་པ་ཅིའི་ཕྱིར་འཇུག །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་རོ་ཞེས་སློབ་མའི་ལན་ནོ། །དེ་ནས་དུང་ཆོས་སྤྱི་བོར་བཞག་སྟེ། ཁྱོར་བར་ཆུ་ལན་གསུམ་བླུད་ལ། སུམྦྷ་ནི་བཟླས་པའི་ཀུ་ཤའི་ཆུས་བསང་བ་བྱའོ། །དེ་ནས་དབབ་པའི་ཆོ་ག་བྱ་སྟེ། མཚལ་ཆེན་བདུད་རྩི་ལྔ་དང་བཅས། །དུར་ཁྲོད་རས་ལ་བྱུགས་ནས་ནི། །བསྡུས་པའི་ཕྱེ་མ་ཆ་གཅིག་དང་། །བྱི་ལ་ནག་པོའི་བཤང་བ་ནི། །དེ་མཉམ་ཆ་ནི་གཅིག་ཏུ་བྱ། །དེ་མཉམ་གུ་ གུལ་ནག་པོར་སྤྱད། །དུར་ཁྲོད་སོལ་བ་བླངས་ནས་ནི། །མཆོད་ཡོན་སྣོད་དུ་བདུག་པ་སྦྱར། །སྐུ་ཡི་དཀྱིལ་འཁོར་རྫོགས་པར་ནི། །སློབ་མའི་ལུས་ལ་རབ་བཀོད་དེ། །དེ་ལས་བྱུང་བའི་འོད་ཟེར་གྱིས། །དཔའ་བོ་མཁའ་འགྲོ་མ་ཡི་ཚོགས། །རྒྱུན་མི་འཆད་པར་འཛུག་ པར་བསམ། །སློབ་མའི་ལག་ནས་བཟུང་ནས་ནི། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །རྩེ་གཅིག་སེམས་ཀྱིས་བཟླས་པར་བྱ། །དེ་ལ་སྐུ་བབས་ན་ནི་འཕར་བ་ལ་སོགས་པ་ལུས་ཀྱི་རྫུ་འཕྲུལ་འབྱུང་ངོ་། །གསུང་བབས་ན་ནི་དབང་པོས་མི་སོད་པའི་དོན་རྣམས་སྨྲ་བར་འགྱུར་ རོ། །ཐུགས་བབས་ན་ནི་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ཡོན་ཏན་འབྱུང་ངོ་། །ཡེ་ཤེས་བབས་ན་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །དེ་ནས་དབབ་པ་བསྡུས་ལ། ལག་པ་སྤྱི་བོར་བཞག་སྟེ། སྙིང་པོའི་སྔགས་དེ་ཉིད་ལན་བདུན་ བཟླས་པས་སྲུང་བ་བྱའོ། །དེ་ནས་གོ་བསྐོན་པར་བྱའོ། །དེ་ནས་སུམྦྷ་ནི་བཟླས་པའི་ཆུས་བསངས་པའི་སྣ་ཚོགས་པའི་མདོག་གམ་ཁ་དོག་སེར་པོའི་དར་རས་ཀྱིས་གདོང་གཡོགས་བཅིངས་ལ་སྟོད་གཡོགས་དང་སྨད་གཡོགས་ཀྱང་སྦྱིན་ནོ། །དེ་ལ་གདོང་གཡོགས་བཅིང་བའི་ སྔགས་ནི། ཨོཾ་དྭ་ད་ཤ་ཨཾ་ག་ནི་རོ་དྷ་ཀ་རྀ་ཎི་ཧཱུཾ་ཕཊ། དེ་ནས་བརྟུལ་ཞུགས་དབོག་པར་བྱ་སྟེ། འགྲོ་བ་བགྲོད་པ་རྣམས་ཀྱིས་བརྟུལ་ཞུགས་སྦྱིན་བྱ་དེ་དག་ནི། །སྲོག་གཅོད་མི་བདེན་གཞན་ནོར་གཞན་གྱི་ཆུང་མ་དེ་བཞིན་ཆང་གི་བཏུང་བ་སྤང་། །འཁོར་བ་རྡོ་རྗེ་ཞགས་ པས་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་ཡིན། །གང་དག་གང་གི་དུས་བྱུང་སུམ་ཅུ་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་ཏུ་སྦྱིན་བྱ་སྟེ། སྣ་ཚོགས་གཙོ་བོ་སྲིད་པའི་འཇིགས་པ་འཇོམས་མཛད་བཀའ་འདི་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། ཆོ་ལོ་ཁ་ན་མ་ཐོའི་ཟས་དང་ བརྗོད་ངན་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བུད་མེད་སྐྱེས་རྣམས་དེ་བཅུ་མི་ཡི་བླ་མ་ལྔ་པོ་ལ་ཡང་གནོད་མི་བྱ། །སྙིང་གྲོགས་ལ་འཁུ་རྗེ་དཔོན་དེ་བཞིན་སུམ་ཅུ་མི་ཡི་བླ་མ་ཡིད་ཆེས་དགེ་འདུན་ལའང་། །དབང་པོ་རྣམས་ཀྱི་ཆགས་པ་ཞེས་བྱས་མི་ཡི་བདག་པོའི་བརྟུལ་ ཞུགས་ཉི་ཤུ་རྩ་ལྔ་ཡིས། །དེ་ལྟར་བརྟུལ་ཞུགས་ཕོག་ནས། དེ་ཉིད་གསུམ་ལན་བདུན་བཟླས་པའི་མེ་ཏོག་གཅིག་ལག་པའི་པདྨའི་དབུས་སུ་གཏད་ལ་ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བྱ་བས་ནང་དུ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ ལག་པ་ནས་བཀྲི་ཞིང་། ལས་ཀྱི་རྡོ་རྗེ་ཕྱི་བཞིན་འབྲང་བས་དཀྱིལ་འཁོར་ལན་གསུམ་བསྐོར་བ་བྱས་ཏེ། དང་པོར་རིགས་ངེས་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་སྒོ་ནས། སློབ་དཔོན་གྱིས་བདེན་པ་བདར་བ་སྔོན་དུ་སོང་བས་མེ་ཏོག་འདོར་དུ་གཞུག་གོ། དེ་ལ་བདེན་པ་བདར་བའི་ཚིག་ནི། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །སྲིད་པའི་ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱས་བསྐྱོད་པའི་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོའི་དེ་ཉིད་གྲུབ་པར་མཛད་དུ་ གསོལ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །འདི་ཡི་དངོས་གྲུབ་ཅིར་གྱུར་དང་། །རིགས་གང་ལ་ནི་སྐལ་ལྡན་དང་། །བསོད་ནམས་ཅི་འདྲ་ལས་བྱུང་བ། ། དེ་འདྲ་དཀྱིལ་འཁོར་འདི་རུ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ་ཧཱུྃ་ཞེས་བརྗོད་པས། ལག་པའི་བར་ནས་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་འདོར་དུ་གཞུག་གོ། །དེ་ནས་ཨོཾ་དེ་བཻནྡྲི་ཡ་ཨུཏྒྷ་ཊཱ་ཡ་སྭཱ་ཧཱ། ཞེས་བྱ་བས་གདོང་གཡོགས་བཀྲོལ་ལ། དཀྱིལ་འཁོར་དང་ལྷའི་དེ་ཉིད་དང་མེ་ཏོག་ལྷུང་བའི་གནས་དང་རིགས་རྣམས་བསྟན་པར་བྱའོ། །དེ་ནས་དེ་བཞིན་དུ་བསྐོར་བས་བྱང་ཕྱོགས་ཀྱི་སྒོར་ཁྱེར་ཏེ། བུམ་པ་གཞན་གྱི་དུང་ཆོས་ལས་རྣམ་པར་རྒྱལ་བའི་དུང་ཆོས་སུ་མེ་ཏོག་འདོར་དུ་གཞུག་གོ། །ཉུང་ཟད་བླུགས་ལ་ ལག་པ་གཡོན་པའི་མཐེ་བོ་དང་སྲིན་ལག་གིས་སྐྱེ་བའི་གནས་ལྔ་དག་ཏུ་དུང་ཆོས་ཀྱི་ཆུས་སྔགས་འདི་དག་གིས་བསངས་ལ། །དེ་ནས་ཀུ་ཤའི་ཆུས་ཁམས་ལྔ་དག་པར་བྱ་བའི་ཕྱིར་ལན་གསུམ་དུ་ཆུའི་དབང་བསྐུར་བར་བྱའོ། །དེ་ལ་སྔགས་ནི་ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་སྐན་དྷ་ བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་སྔར་བཞིན་གནས་ལྔ་དག་ཏུ། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་བི་ཤུདྡྷ་སྭཱ་ཧཱ། ཞེས་བྱ་བས་བསངས་ལ། རི་མོར་བྲིས་པའམ་འབུར་དུ་བརྐོས་པའམ་གོས་ཀྱིས་ཀྱང་རུང་སྟེ། རྒྱལ་བ་རིགས་ལྔའི་བདག་ཉིད་ཅན་གྱི་ཅོད་པན་བསྐོར་བར་བྱའོ། ། འདིས་ནི་ཕུང་པོ་ལྔ་དག་པ་ཡིན་ལ་དེ་ལྟར་བྱང་ཕྱོགས་སྐུའི་ས་གཞིར་ཆུ་ཅོད་པན་གཉིས་ཀྱིས་ལུས་དག་པར་བྱེད་པའི་དབང་ཡིན་ནོ། །དེ་ནས་དེ་བཞིན་དུ་བསྐོར་བས་ལྷོའི་སྒོར་ཁྱེར་ཏེ། ཤེས་རབ་ཕ་རོལ་ཕྱིན་མ་དག་པར་བྱ་བའི་ཕྱིར་སྔར་བཞིན་སྐྱེ་བའི་གནས་ལྔ་དག་ཏུ་དུང་ ཆོས་ཀྱི་ཆུས་ཨོཾ་ཨ་ཨཱ་ཨཾ་ཧ་ཧཱ་ཧཿཧོ་ཕྲེཾ་ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་སྭཱ་ཧཱ། ཞེས་བྱ་བ་འདིས་བསངས་ལ་གསེར་རམ་དངུལ་ལམ་དར་ལ་སོགས་པའི་སྟེ་དར་དཔྱང་བཅིང་བར་བྱའོ། །དེ་ནས་ཉི་ཟླ་དག་པར་བྱ་བའི་ཕྱིར་སྔར་བཞིན་སྐྱེ་བའི་གནས་ལྔ་དག་ཏུ། ཨོཾ་སཱུརྱ་ཙནྡྲ་བི་ ཤོ་དྷ་ཀ་སྭཱ་ཧཱ། ཞེས་བྱ་བས་བསངས་ལ་རྡོ་རྗེ་དྲིལ་བུ་སྙིང་གར་ལན་གསུམ་བསྣོལ་བ་སྔོན་དུ་འགྲོ་བས་སྤྱི་བོར་གཞག་པར་བྱའོ། །དེ་ལྟར་ལྷོ་ཕྱོགས་གསུང་གི་ས་གཞིར་ངག་དག་པའི་དབང་རྣམ་པ་གཉིས་སོ། །དེ་ནས་ཐུགས་རྡོ་རྗེ་དག་པར་བྱ་བའི་ཕྱིར་ཤར་སྒོར་ཁྱེར་ཏེ་ཡུལ་དང་ དབང་པོ་དག་པར་བྱ་བའི་ཕྱིར་སྔར་བཞིན་སྐྱེ་བའི་གནས་ལྔ་དག་ཏུ། ཨོཾ་ཨ་ཨཱ་ཨེ་ཨཻ། ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་བི་ཥྱི་ནྡྲི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་བསངས་ལ་སྤྱི་བོ་དང་མགྲིན་པ་དང་རྣ་བ་དང་དཔུང་པ་དང་ལག་པ་དང་སྐ་རགས་དང་རྐང་པ་དག་ཏུ་མེ་ཏོག་ གི་ཕྲེང་བ་བཅུ་བཅིངས་ལ། ལག་པར་རྡོ་རྗེའི་སོར་གདུབ་གཏད་པ་ནི་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ངོ་། །དེ་ནས་ཉོན་མོངས་པ་ཅན་གྱི་ཡིད་དག་པར་བྱ་བའི་ཕྱིར་སྔར་བཞིན་སྐྱེ་བའི་གནས་ལྔ་དག་ཏུ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧ་ར་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་ བས་བསངས་ལ་སྔར་གྱི་མེ་ཏོག་ལྷུང་བ་བླངས་ལ་སྤྱི་བོར་གཞག་སྟེ། མེ་ཏོག་གར་བབས་པའི་རིགས་དང་མཐུན་པའི་མིང་གིས་དབང་བསྐུར་བར་བྱའོ། །དེ་ལྟར་བརྟུལ་ཞུགས་དང་མིང་ཤར་ཕྱོགས་ཐུགས་ཀྱི་ས་གཞིར་སྦྱིན་ནོ། །དེ་ནས་ནུབ་སྒོ་ཡེ་ཤེས་ས་གཞིར་ཁྱེར་ཏེ་ཡེ་ ཤེས་དག་པར་བྱ་བའི་ཕྱིར། སྔར་བཞིན་སྐྱེ་བའི་གནས་ལྔ་དག་ཏུ་ཨོཾ་ཀྵ་དྷརྨ་ཙཀྲ་པྲ་བརྟ་ཀ་སྭཱ་ཧཱ། ཞེས་བྱ་བས་བསངས་ལ་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཏེ། རྣམ་པར་དག་པའི་ལམ་སྟོན་པའི་ཕྱིར་རྗེས་སུ་གནང་བའི་དབང་སྦྱིན་པར་བྱའོ། །དེ་ནས་ཕྱིའི་ངག་དག་པ་སྔོན་དུ་ སོང་བས་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཁྱིམ་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་ལ་རིམ་པ་བཞིན་དུའམ་ཚིག་གིས་བརྡ་སྤྲད་པར་བྱའོ། །དབང་བདུན་གྱི་རྗེས་ལའམ། སྐབས་འདིར་ཡང་རུང་སྟེ་རིགས་དྲུག་གི་དམ་ཚིག་དང་། རྩ་བའི་ ལྟུང་བ་ལ་སོགས་པའི་དམ་ཚིག་དབོག་པར་བྱའོ། །དེ་ལྟར་ན་རང་དོན་གྱི་དབང་རྣམ་པ་བཅུ་སྟེ་འཇིག་རྟེན་པའི་དབང་ངོ་། །འཇིག་རྟེན་ལས་འདས་པ་ནི་ཐ་སྙད་པ་དང་མཚན་ཉིད་པའི་དབྱེ་བས་གཉིས་ཏེ། ཐ་སྙད་པ་ནི་ཁྱབ་བདག་རྣམ་པ་གསུམ་གྱི་དབང་ཡིན་ལ། མཚན་ཉིད་པ་ནི་ བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ནང་གི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་གང་ཡིན་པ་སྟེ། རྒྱས་པར་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །གང་ཕྱིར་དབང་གི་དོན་ལ་ནི། ཆེན་པོ་རྣམས་སྦྱར་ཏེ་མེ་ཏོག་འཛིན་པ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁ་ཅིག་ གསང་སྔགས་གྲུབ་དོན་དུ། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བར། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། ། ཚེ་འདི་དོན་དུ་གཉེར་མི་བྱ། །ཚེ་འདི་དོན་དུ་གཉེར་བ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང་། །འཇིག་རྟེན་ཕ་རོལ་དོན་གཉེར་མིས། །ཚེ་འདིར་ཡང་ནི་འབྲས་བུ་རྒྱས། །ཞེས་བྱ་བས་འཇིག་རྟེན་པའི་དངོས་གྲུབ་ཀྱི་ཕྱིར་མིན་གྱི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ ཕྱིར་བསམ་པ་བརྟན་པོ་ལ་སྦྱར་བར་བྱའོ། །འཁོར་བའི་དགྲ་ལས་རྣམ་རྒྱལ་བ། །དཔའ་ཆེན་ཁྱེད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་ སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་ཏུ་གསོལ། །ཞེས་ལན་གསུམ་བཟླས། ཞེས་བྱ་བ་ནི་སློབ་མ་གཞུག་པའོ། །དེ་ནས་ སློབ་དཔོན་བདག་ཉིད་སྐད་ཅིག་མས་རང་སྣང་གི་རིག་མ་དང་། གནས་ལྔ་བྱིན་གྱིས་བརླབ་པ་བྱས་ནས། སློབ་མ་རྣམས་ཞལ་ནས་གཞུག་པའི་སྦྱོར་བས་ཐིག་ལེའི་རྣམ་པར་ཞུ་བ་དང་། ལྷན་ཅིག་སྐྱེས་པའི་མཐར་ཡུམ་གྱི་ལྷུམས་སུ་སྤྲོས་ལ། གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ཧཱུཾ་གི་རྣམ་ པར་བསམས་ལ་དེ་དག་ཡོངས་སུ་གྱུར་པ་ལས། ཕྱག་གཉིས་པའི་ཧེ་རུ་ཀར་བསམས་ཏེ་དེ་ནས་དེ་དག་རྡོ་རྗེའི་ལམ་ནས་དྲངས་ཏེ་ཐུགས་ཀ་ནས་ཕྱུང་ལ་མདུན་དུ་རང་ལ་མངོན་པར་ཕྱོགས་པར་སྣ་ཚོགས་པདྨའི་གདན་རེ་རེ་ལ་འཁོད་པར་བསམ་མོ། །དེ་ནས་དེ་དག་ལ་མཆོད་པ་ལྔས་མཆོད་ ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཡུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་བྱུང་བའི་སངས་རྒྱས་རྣམས། །དེ་དག་གིས་ཀྱང་གསང་ སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེས་བཅོམ་སྟེ། ། འཇིག་རྟེན་འཇུག་པ་ཡོངས་མཁྱེན་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བ་ནི་རྗེས་སུ་གནང་བ་སྦྱིན་པའོ། །དེས་ན་སེམས་ཀྱང་རྨོངས་པའི་ཕྱིར། །དམ་པའི་མན་ངག་ལ་བརྟེན་ ནས། །དབང་གི་དེ་ཉིད་གསལ་བར་བྱས། །དཔལ་ལྡན་དང་པོའི་སངས་རྒྱས་དང་། །རྡོ་རྗེ་མཁའ་འགྲོ་གུར་དང་ནི། །དེ་བཞིན་སྒྱུ་འཕྲུལ་དྲ་བ་དང་། །བདེ་མཆོག་ལ་བརྟེན་ལུང་གི་རྐྱེན། །གྲོང་ཁྱེར་སུམྦྷ་རིའི་རྒྱལ་པོའི་སྲས། དཔལ་འཇིགས་བྱེད་ལྷའི་ཞལ་སྔ་ནས་བསྟན་ པ་རྒྱལ་པོ་སེང་གེ་གདན་གྱི་རྣམ་པར་དག་པའི་ལམ་གྱི་དབང་བསྐུར་བའི་རབ་ཏུ་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་ཀྱི་སྤྱན་སྔར་བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། །།ལོག་པར་དད་པའི་སྐྱེ་བོ་རྣམས། །ལམ་ འདིར་དབང་བ་མ་ཡིན་ནོ། །དེ་ཕྱིར་དབང་བསྐུར་དམ་པ་འདི། །བླ་མ་རྗེ་ཡིས་བདག་ལ་གནང་། །ཕྱི་རབས་གདུལ་བྱ་སྐལ་ལྡན་མིས། །བླ་མ་དམ་པ་རྟག་བསྟེན་པས། །ལམ་འདི་རིམ་གྱིས་བགྲོད་བྱས་ཏེ། །མི་འགྱུར་ཡེ་ཤེས་མཆོག་ཐོབ་ཤོག། །། ༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་བི་དྷི་ཀྲ་མ་ནཱ་མ། བོད་སྐད་དུ། དབང་གི་ཆོ་གའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དབང་གི་བྱ་བ་འདྲི་བར་བྱའོ། །དང་པོ་སློབ་མས་ལན་གཉིས་ལན་གསུམ་དུ་གསོལ་བ་གདབ་པ་དང་། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་དབང་གི་ཡོ་བྱད་ཐམས་ཅད་འབྱོར་པ་ཡོད་དམ་ཞེས་དྲིའོ། །བདག་ལ་ཐམས་ཅད་ཡང་དག་པར་ཡོད་དོ་ཞེས་པ་དེ་ལ། ཇི་ལྟར་དེའི་ལས་ཀྱི་སྒྲིབ་པ་དང་ལྡན་པ་དེ་སློབ་དཔོན་གྱིས་རབ་ཏུ་འཇོམས་པའི་དོན་ནི། དེའི་སྙིང་གར་ཀཾ་གི་ཡི་གེ་ཞུ་བ་ལས། ལས་ཀྱི་སྒྲིབ་པའི་རང་བཞིན་གདུག་པ་ཅན་མ་ལུས་པ་རྣམ་པར་བསམ་མོ། །དེ་བཞིན་དུ་དེའི་ལྟེ་བའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་ཞུ་བ་ལས་ཡོངས་སུ་རྫོགས་པའི་རྡོ་རྗེ་གནོད་སྦྱིན་ཕྱག་གཉིས་པ་ཁ་དོག་ནག་པོ་མཆེ་བ་གཙིགས་པ་ཞལ་གཅིག་པ་བསྒོམས་ཏེ། གཡས་དང་གཡོན་ན་རྡོ་རྗེ་ དང་ཞགས་པ་བསྣམས་པའི་ཁྲོ་བོ། །དེ་ནས་ཡང་ན་མཆེ་བ་དང་གཡོན་སྡིགས་མཛུབ་ཅན། བདག་ཉིད་ཀྱིས་རྡོ་རྗེ་གསོར་བ་ལས་སོང་ནས་དེའི་སྙིང་གར་རང་གིས་བྱས་པའི་ལས་ཀྱི་སྒྲིབ་པ་ཞུ་བ་རྣམ་པར་བསམས་པ་ལ་རྡོ་རྗེ་བསྣུན་པ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཀྱང་བསྣུན་ཏེ། ཨོཾ་ བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་པཱ་པཾ་ཡ་སྱ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདིས་ཐལ་བ་ལྟ་བུར་གྱུར་པར་རྣམ་པར་བསམས་པས་སྡིག་པ་འབྱང་ངོ་། །དེ་ལ་བསྲུང་བ་བྱ་སྟེ། གནོད་མཛེས་ཀྱི་སྔགས་སམ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ལག་པ་གཡས་པ་ལ་སྐུད་པ་བཅིང་ངོ་། །དེ་ བཞིན་དུ་སྤྱི་བོ་མགྲིན་པ་སྙིང་གར་ཡི་གེ་གསུམ་བྲི་བའམ་བསྒོམ་པར་བྱའོ། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའོ། །ཡོངས་སུ་འཛིན་པ་རྣམ་པར་དག་པ་འདིའི་སྔོན་དུ་ཐམས་ཅད་སོང་བ་སྟེ། བུམ་པ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པ་དང་། དཀྱིལ་ འཁོར་དེའི་སྒྲུབ་པ་སྔོན་དུ་བྱས་པའོ། །དེ་ནས་ཀུ་ཤ་གཉིས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་པ་བྱིན་ལ། སློབ་མ་སེང་གེའི་ཉལ་ཐབས་སུ་སྟན་དང་སྔས་སུ་བྱའོ། །ནུབ་གཉིས་པ་ལ་རྨི་ལམ་ཡོངས་སུ་བརྟག་པར་བྱའོ། །བཟང་ངན་མཐོང་བ་དང་། ཞི་བའི་ བགེགས་བསྐྲད་པ་དང་། སྦྱིན་སྲེག་དེ་ནས་བྱའོ། །དེའི་སྔོན་དཀྱིལ་འཁོར་བྲི་བ་དང་བསྒྲུབ་པ་དང་། མཆོད་པ་ཆེན་པོ་དང་གཏོར་མ་བྱིན་ནས་ནམ་ཕྱེད་ལུས་ན་སློབ་མ་དཀྱིལ་འཁོར་གྱི་སྒོའི་ཕྱི་རོལ་དུ་བཞག་ལ། མེ་ཏོག་གི་ཕྲེང་བ་འཛིན་པ་སློབ་དཔོན་གྱིས་གསུང་གིས་ གདོང་གཡོགས་བཅིང་ངོ་། །ཁྱོད་གང་ལ་དགའ་བ་ཡིན་ཅེས་པ་དང་། སྐལ་བ་བཟང་པོ་བདག་བདེ་བ་ཆེན་པོ་ལ་དགའ་ལགས་སོ་ཞེས་སོ། །དེ་ནས་སློབ་མའི་ལག་པ་ནས་བཟུང་ལ་དཀྱིལ་འཁོར་གྱི་སར་ཁྲིད་ལ་སྔགས་འདི་བརྗོད་དོ། །ཨོཾ་ཤྲཱི་ཧེ་རུ་ཀ་བིད་མ་ཧེ་བིདྱཱ་རཱ་ཛ་ ཡ་དྷི་མ་ཧེ་ཏན་ནུ་ཝཱི་རི་པྲ་ཙོ་ད་ཡ་སྭཱ་ཧཱ། འདི་ནི་སློབ་མ་གཞུག་པའོ། །སློབ་མ་དེ་ལྷོ་ཕྱོགས་ཀྱི་སྒོ་རུ་བཞག་ལ་ཕྱག་གསུམ་བཙལ་ལོ། །གསང་སྔགས་འདིས། ཨོཾ་ན་མ་སྟེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། དེ་ནས་ཤར་ཕྱོགས་སྒོར་ཐལ་མོ་སྦྱར་ཏེ་ལུས་ཐམས་ ཅད་ཀྱིས་ཕྱག་བྱའོ། །སྔགས་འདིས་དཔའ་བོ་དང་རྣལ་འབྱོར་མ་མཆོད་པའི་བདག་ཉིད་ཅན་དུ་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གཱི་ནྱ་ཨཱཏྨ་ཌཱ་ཀི་ནཱི་ཡེ་ཏིཥྛ་མཱཾ་ཨི་དེ། ཐལ་མོ་སྙིང་གར་སྦྱར་ཏེ་བྱང་གི་སྒོར་ཕྱག་བྱ་བ་གོང་མ་བཞིན་ནོ། །སྔགས་འདིས་རྣལ་འབྱོར་མ་རྣམས་ཐམས་ཅད་ མཆོད་པའི་དབང་བསྐུར་བའི་བདག་ཉིད་ཅན་དུ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གཱི་ནཱི་ཨཱཏྨ་ན་ཏཾ་ལཱ་མ་ཨ་བྷི་ཥཉྩི་ཏུ་མཱཾ། དེ་ནས་ཐལ་མོ་སྦྱར་ལ་ཨོཾ་རྣལ་འབྱོར་མ་ཐམས་ཅད་མཆོད་པའི་བདག་ཉིད་ཅན་དུ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གཱི་ནཱི་ཨཱཏྨ་ཁཎྜ་རོ་ཧ་སྱ་པྲ་བརྟ་ཡ་ཏོ་མ་མ་ ཨི་དེ། དེས་ནུབ་ཀྱི་སྐོར་རོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་ཐལ་མོ་ཡན་ལག་ཐམས་ཅད་ལ་བསྐོར་ཞིང་ཨོཾ་རྣལ་འབྱོར་མ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་བདག་ཉིད་ཅན་དུ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གཱི་ནཱི་ཨཱཏྨ་རཱུ་པི་ཎི་ཀརྨ་ཀ་རོ་ཏོ་མཱཾ་ཨི་དེ། རབ་ཏུ་འདུད་པའི་ཕྱག་བཞི་ བྱའོ། །དེ་ནས་སློབ་དཔོན་གྱིས་སྣང་བ་བརྟག་པར་བྱ་སྟེ། མིག་ལ་སྣང་བ་དྲི་བར་བྱའོ། །དེ་ནས་སྣང་བའི་རྗེས་སུ་འཇུག་པའི་ལས་གང་གྲུབ་པ་བསྟན་པར་བྱའོ། །དེ་ནས་སོར་བཅུ་གཉིས་པའི་རྩེ་མོ་ལ་མེ་ཏོག་ཅན་རྨ་མེད་པ་མ་གས་པ་དྲང་པོ་མྱ་ངན་མེད་པ་ ལ་སོགས་པའི་སོ་ཤིང་སློབ་མས་བཟའ་ཞིང་ཤར་དུ་བལྟས་ཏེ་མཎྜལ་པགས་པའི་ཚད་ལས་མ་བརྟགས་པ་དོར་བར་བྱའོ། །བྱང་དུ་བལྟས་ན་ཞི་བའོ། །ཤར་དུ་བལྟས་ན་རྒྱས་པའོ། །ལྷོར་བལྟས་ན་མངོན་སྤྱོད་དོ། །ནུབ་ཏུ་བལྟས་ན་དབང་དུ་བྱ་བའོ། །སྟེང་དུ་བལྟས་ན་རིག་ པ་འཛིན་པའི་དངོས་གྲུབ་བོ། །མཎྜལ་གྱི་ཕྱི་རོལ་ལྷུང་ན་དངོས་གྲུབ་ཆུང་བའོ། །སོ་ཤིང་སྦྱིན་པའོ། །དམ་ཚིག་གི་ཆུ་སྦྱིན་པ་བརྗོད་པར་བྱའོ། །ཧེ་རུ་ཀ་དཔལ་བུ་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་འགྱུར་ན། །དེ་མ་ཐག་ཏུ་དྲལ་ནས་ འགྲོ། །དེས་ན་འདི་ནི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ཅེས་པས་སྦྱིན་ནོ། །དེང་འདིར་གང་ཞིག་ཁ་ཅིག་རྡོ་རྗེའི་ཆུས། །ཐམས་ཅད་བྱེད་པ་རང་ཉིད་མ་བྱེད་ཅིག །མ་ བསྐྱངས་གྱུར་ན་དམྱལ་བར་ལྟུང་འདིའོ། །སྔགས་ནི་ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། ཞེས་པས་ཁྱོར་བར་འཐུང་དུ་གཞུག་གོ། །ཇི་ལྟར་ཁྱོད་དམ་ཚིག་དང་སྡོམ་པ་ལ་སོགས་པ་འདི་རྟོགས་ནས་འཛིན་པར་འདོད་པ་དེ་ལྟར་གཟུང་བ་དེ་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་ བྱའི། ཡེ་ཤེས་དེས་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ། །དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ནས་མི་ཕྱེད་པའི་དཀྱིལ་འཁོར་དུ་མེ་ཏོག་གི་ཕྲེང་བ་དོར་བས་གང་ཞིག་ལ་མེ་ཏོག་ཕོག་པས་དེ་དག་གི་རིགས་ཏེ་མིང་གི་ དབང་བསྐུར་བའི་དོན་ཏོ། །དེ་ནས་མིག་གཡོགས་དགྲོལ་བའི་སྔགས་འདིས་སོ། །ཤྲཱི་ཧེ་རུ་ཀ་རཾ་ཡཾ་ཏིརྱ་ཙཀྵོ་རོད་ཨུདྒྷ་ཊ་ན་ཏཏྤ་ར་ཨུངྒྷ་ཊ་ཡ་ཏེ་སརྦ་ཨཀྵོ་བཛྲ་ཙཀྵུ་ཨུ་ཏ་རི། དེ་བཞིན་དུ་སྔགས་ནི་ཨོཾ་བཛྲ་ནེ་ཏྲ་ཡ་ཧ་ར་ཧ་ར་པ་ཊ་ལཾ་ཧྲི། འདི་བརྗོད་པར་བྱའོ། །དཀྱིལ་ འཁོར་འདི་ཁྱོད་མཐོང་བ་ཡིས། །རིགས་ཀྱིས་སྐྱེ་བའི་རྣལ་འབྱོར་ལ། །ཤིན་ཏུ་དད་པར་ཁྱོད་ཀྱིས་བྱོས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །དེ་ཁོ་ན་ཉིད་དབང་བསྐུར་དོན། །སློབ་མ་རྗེ་བཙུན་བྱེད་རྣམས་ལ། །སློབ་དཔོན་ཁྱེད་ཀྱིས་བདག་བཟུང་བས། །ཁྱེད་ ཀྱི་བསྟན་པ་དགའ་བ་ཆེ། །མགོན་པོ་ཆེན་པོ་བདག་གིས་ནི། །འདོད་པ་བྱང་ཆུབ་ཆེན་པོ་ནི། །ཐེག་པ་མི་ཕྱེད་ངོ་བོ་ཡི། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་གྱི། །སྐྱབས་གསུམ་དག་ཀྱང་ བདག་ལ་གསོལ། །བྱང་ཆུབ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེས་ནི་འདི་དག་གི་གསོལ་བ་གདབ་པའོ། །དེ་ནས་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རིགས་ལྔའི་དམ་ཚིག་སྦྱིན་ནོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། དཀོན་ མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པའི་ངོ་བོ་མི་ཕྱེད་པ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་རྗེས་སུ་དྲན། །སློབ་དཔོན་དག་ཀྱང་ གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཆེན་རིགས་མཆོག་ ཆེན་པོའོ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། མཆོད་པའི་ལས་ཀྱང་ཅི་ནུས་གྱིས། ། ལས་ཀྱི་རིགས་མཆོག་ཆེན་པོའོ། །སྲོག་ཆགས་གསད་པར་མི་བྱ་ཞིང་། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལོག་སྤྱད་པ་མི་བྱ་ཞིང་། །བརྫུན་གྱི་ཚིག་ཀྱང་མི་བྱའོ། །ཉེས་པ་ཀུན་གྱི་རྩ་བ་ཡི། །མྱོས་པར་འགྱུར་བ་སྤང་བར་བྱ། །སེམས་ཅན་འདུལ་བ་མ་གཏོགས་ པ། །བྱ་བ་ངན་པ་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་པར་བྱ། །རྣལ་འབྱོར་ཅན་ལ་བསྟེན་པར་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་བྱེད་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྲུང་། །སེམས་ ཅན་གནོད་པ་མི་ཕྱོགས་དང་། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་མི་སྤང་ཞིང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་པ་ལ། །དེ་ལ་བསྙེན་བཀུར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་ཕྱག་མཚན་སོགས། །དེ་ལ་འགོམ་པར་མི་བྱའོ། ། འདི་ལྟར་དམ་ཚིག་བསྡུས་པ་རྣམས། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །དེ་ནས་སློབ་མ་དེས་རང་གི་ངག་གིས་གཟུང་ངོ་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཚུལ་ཁྲིམས་གསུམ་གྱི་ཆོ་ག་འདི། །སྡོམ་པའི་ཚུལ་ཁྲིམས་བསྲུང་བ་དང་། །དགེ་བའི་ཆོས་ནི་སྡུད་ པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ ཕྱག་རྒྱ་འདི། །སོ་སོར་ཡང་དག་ཉིད་དུ་གཟུང་། །སློབ་དཔོན་དག་ཀྱང་གཟུང་བར་གྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བའོ། །ཕྱི་ ནང་གསང་བ་ཐེག་པ་གསུམ། །དམ་ཚིག་སོ་སོར་གཟུང་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པའོ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །སོ་སོར་ཡང་དག་ཉིད་དུ་གཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ལས་ཀྱི་རིགས་མཆོག་ ཆེན་པོའོ། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་ དབུགས་དབྱུང་ཞིང་། །མྱ་ངན་འདས་ལ་དགོད་པར་བགྱི། །ལུས་དང་ངག་དང་ཡིད་ཀྱི་ལས། །མི་དགེ་བ་ནི་བཅུ་པོ་དང་། །བག་མེད་པ་ཡི་གནས་གྱུར་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །ལྷ་དང་ལྷ་མིན་གསང་བ་ལ། །དེ་རྣམས་ བསྙེན་པར་མི་བྱའོ། །ཕྱག་མཚན་འགོམ་པ་ལ་སོགས་རྣམས། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གིས་རབ་ཏུ་སྤང་བར་བགྱི། །ཞེས་པའོ། །དེ་ཉིད་བཟུང་བ་ལ་རིག་པའི་དབང་གིས་སྡོམ་པའི་སློབ་མའི་དབང་སྦྱིན་ཏེ། དེ་ལ་སྒོམ་ ཞིང་སློབ་དཔོན་གྱིས་ཆུའི་དབང་སྦྱིན་ནོ། །སྔགས་ནི་ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། དེ་ཐོབ་པའི་སློབ་མ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། ཞེ་སྡང་རྣམ་པར་དག་པ་མངོན་སྤྱོད་ཀྱི་ལས་གྲུབ་པ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའོ། །འདིས་ནི་མི་བསྐྱོད་པའི་རང་ བཞིན་གྱི་ངོ་བོ་ཆུའི་དབང་ངོ་། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ངོ་བོ་ཅོད་པན་རྣམ་པར་བསམས་ལ་སློབ་མའི་དབང་སྔགས་འདིས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཅོད་པན་གྱི་དབང་ཐོབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ། ཚོར་བའི་ཕུང་པོ་ རྣམ་པར་དག་པ་རྒྱས་པ་འགྲུབ་པས་ང་རྒྱལ་རྣམ་པར་དག་པའོ། །དེ་ནས་སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱི་ངོ་བོ་རྡོ་རྗེའི་དབང་བསྐུར་སྦྱིན་ཏེ། སྔགས་འདིས་ཨོཾ་ཨདྱཱ་བྷི་ཥིཀྟ་སྟྭམ་པི། བཱི་རེ་ཡོཿཤྲཱི་ཧེ་རུ་ཀེ་བྷྱཿཨི་དཾ་ཏཏྶརྦ་བུདྡྷ་ཏྭཾ། གྲྀཧྞ་བཛྲ་སུ་སིདྡྷཱ་ཡ། རྡོ་རྗེའི་དབང་ བསྐུར་ཐོབ་པས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ། འདོད་ཆགས་རྣམ་པར་དག་པ་དབང་དུ་བྱ་བ་འགྲུབ་པའོ། །དེ་ནས་དོན་ཡོད་གྲུབ་པའི་རང་བཞིན་གྱི་ངོ་བོ་དྲིལ་བུའི་དབང་སྦྱིན་ཏེ། ཨི་ཡཾ་སཱ་སརྦ་བུདྡྷཱ་ནཱཾ། པྲཛྙཱ་གྷོ་ཥཱ་ནུ་གཱ་སྨྲྀ་ཏཱ། ཏྭ་ཡཱ་ པི་ཧི་ས་དཱ་དྷཱརྱ། བོ་དྷཱི་ར་གྲཱ་ཛི་ནཻ་མ་ཏ། རང་བཞིན་གྱི་ངོ་བོ་ཉིད་ཀྱིས་དག་པའི་བཅོམ་ལྡན་འདས་འདི་དང་དྲིལ་བུའི་དབང་ཐོབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས། ལས་ཐམས་ཅད་གྲུབ་པ་ཕྲག་དོག་གི་ཉོན་མོངས་པ་སྤངས་པར་ བསམ་མོ། །དེ་ནས་མིང་གི་དབང་བསྐུར་ཏེ་ཤྲཱི་ཧཻ་རུ་ཀ་དེ་བཱ་དི་ཏྲ་ཨ་བྷི་ཥིཉྩ་མི་ཤྲཱི་ཧེ་རུ་ཀ་ཏི་ཏེ་ནཱ་མཿཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ངོ་བོ་མིང་གི་དབང་བསྐུར་ཐོབ་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉོན་མོངས་པ་གཏི་མུག་རྣམ་པར་དག་པ། ཞི་བའི་ ལས་འགྲུབ་པ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའོ། །དེ་ནས་སྔགས་ཀྱི་དབང་བསྐུར་བ་སྦྱིན་ཏེ་ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀ་འདི་ལ་སོགས་པའོ། །དེ་ནས་བརྟུལ་ཞུགས་འདི་ཉིད་སངས་རྒྱས་ཀྱི། །ཧེ་རུ་ཀ་ཡི་ལག་ན་གནས། །ཁྱོད་ཀྱིས་རྟག་ཏུ་འཛིན་པར་གྱིས། །བརྟུལ་ཞུགས་མི་ ཕྱེད་ཧེ་རུ་ཀ །ཞེས་བརྗོད་ལ་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཱཾ་དྷ་ར་ཡཱ་མི་ཧཱུཾ་ཧ་ཧ་ཧོ་ཧོ། །དེ་ཉིད་འཛིན་པ་ལ་དཔའ་བོ་ཆེན་པོའི་ལྷག་པའི་བསམ་པས་ཁ་ཊྭཱཾ་ག་དང་ཌ་མ་རུ་ཧེ་རུ་ཀའི་ཡན་ལག་གི་ཡན་ལག་གོ། །རྣལ་འབྱོར་མའི་ཁ་ཊྭཱཾ་ག་དང་ཌ་མ་རུ་སྟེ་ཐམས་ ཅད་ཀྱིས་རྡོ་རྗེ་དང་དྲིལ་བུ་དང་ཌ་མ་རུའི་སྒྲ་དབྱངས་དང་། ཚངས་པའི་སྐུད་པ་དང་། རྣལ་འབྱོར་མའི་བདག་ཉིད་ཁ་ཊྭཱཾ་ག་དང་རྣལ་འབྱོར་གྱི་ལྷུང་བཟེད་དོ། །འདིས་ནི་ཁ་ཊྭཱཾ་ག་དང་ཌ་མ་རུའི་བརྟུལ་ཞུགས་ཀྱི་དབང་ངོ་། །དེ་ཉིད་ཀྱི་དུས་སུ་སངས་རྒྱས་དང་དཔའ་བོ་དང་རྣལ་འབྱོར་མ་དཔག་ ཏུ་མེད་པ་ལ་ཤེས་རབ་དང་། བདེ་བ་འབྱུང་བའི་སྒེག་པའི་གར་གྱིས་མཆོད་པའོ། །སྒེག་པས་ཕྲེང་བ་འཕང་བ་འདིས། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མས། །ལྷག་པར་མོས་པ་འབྱུང་བ་ཡི། །ཕྲེང་བ་དེ་དག་གིས་བརྒྱན་ཡིན། །ཞེས་པ་ཕྲེང་བའིའོ། །ཆོས་ཀྱི་རྣམ་པ་ཐམས་ཅད་ཀྱི། །ལུས་ ཅན་ཀུན་གྱིས་ཡང་དག་པའི། །རྣལ་འབྱོར་མ་རྣམས་བདེ་བ་ཡི། །རྗེས་སུ་བྱེད་པའི་གླུ་བླང་ངོ་། །དྲི་དབུལ་རྒྱལ་བ་རྣམས་ཉིད་ལ། །ཚུལ་ཁྲིམས་བསམ་གཏན་ཤེས་རབ་དང་། །སངས་རྒྱས་ཀུན་ནས་དྲི་མཆོག་གོ། །སྤོས་ཕུལ་ཡང་དག་སངས་རྒྱས་ལ། །བརྟུལ་ཞུགས་བཟང་པོས་ དགའ་བ་ཡིད། །ལུས་ཅན་བདེ་གཤེགས་དཔག་མེད་ཀྱི། །ཡེ་ཤེས་དགའ་བ་འབྱུང་བའོ། །ཆོས་ཀྱི་སྤྱན་ནི་བླ་མེད་འབར། །པདྨའི་དབང་ཕྱུག་འབྱུང་བ་ཡི། །མ་རིག་མུན་པས་བྱེད་པ་ཀུན། །ཡེ་ཤེས་སྣང་བས་མར་མེའོ། །ཇི་ལྟར་མིག་སྨན་སྐྱེས་བུ་ཡི། །འཇིག་རྟེན་ལིང་ཏོག་སེལ་ བ་ལྟར། །བུ་ཁྱོད་ཀྱི་ནི་མ་རིག་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱིཿ །སྤྱན་དབྱེ་བའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་ཡི། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་འབྱུང་བར་ ལྡན། །རང་བཞིན་དག་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་པར་གྱིས། །སེམས་ཅན་དོན་ནི་དཔག་མེད་གྱིས། །འོན་ཀྱང་ནང་དུ་རྣལ་འབྱོར་སྐྱེས། །སེམས་ཅན་ཀུན་ལ་ཕན་པའི་དོན། །འཇིག་རྟེན་ཐམས་ཅད་ཡང་དག་འཕགས། །བྱ་སྤྱོད་གསང་བའི་ཐེག་པ་ཡི། ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །དེ་ནས་མདའ་གཞུའི་དབང་བསྐུར་སྦྱིན་ནོ། །སློབ་མའི་ལག་ཏུ་མདའ་གཞུ་གཏད་ལ། ཕྱོགས་བཞིར་ འགེངས་སུ་གཞུག་གོ། །བདུད་བཞི་ལས་རྣམ་པར་རྒྱལ་བ་བསྐོར་རོ། །དེ་བཞིན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་མདའ་ཡིས་ཐོབ་པའི་གཏམ་བརྗོད་དོ། །དེའི་གསུང་གིས་ཞི་བ། རྒྱས་པ། དབང་། དགུག་པ། ཞེ་སྡང་། བཅིང་བ་ལ་སོགས་པ་བསད་པ་དང་། བསྐྲད་པ་ཐམས་ཅད་དེ་ བཞིན་དུ་བསྒྲུབ་པའོ། །རལ་གྲི་མིག་སྨན་ས་འོག་རྐང་མགྱོགས་རི་ལུ་རྣལ་འབྱོར་པའི་དངོས་གྲུབ། དེ་རྣམས་འདིས་རབ་ཏུ་བསྒྲུབ་པའོ། །སྔར་ལངས་ཏེ་རྣལ་འབྱོར་བདག་གིས་བྱ་བ་ཐམས་ཅད་བྱ་སྟེ། །སྡོམ་པའི་བདག་ཉིད་བསྲུང་བའོ། །ལུས་སྲོག་ངེས་པར་བཏང་སྙོམས་སུ་ བསྐྱངས་པའི་དམ་ཚིག་དང་སྡོམ་པ་འདི་དག་གསུངས་པའོ། །དེ་ཉིད་ལུང་བསྟན་པ་ནི། ཆོས་གོས་གསོལ་ཏེ་འདི་ལྟར་བདག་གིས་ལུང་བསྟན་པར་བྱའོ། །ཧེ་རུ་ཀ་ཚུལ་དེ་བཞིན་གཤེགས། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཡང་དག་དངོས་གྲུབ་ཧེ་རུ་ཀ །ཞེས་བྱའི་དེ་ བཞིན་གཤེགས་པར་འགྱུར། །བྷུར་བྷུ་བ་སྭཿདེ་ནས་དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོར་གྱུར་ནས་བརྟན་པར་གནས། །དི་རིང་བདུད་ལས་རྒྱལ་བར་གནས། །རབ་ཏུ་གནས་པས་མཆོག་གི་གནས། །དི་རིང་སངས་རྒྱས་ཉིད་ཐོབ་པར། ། འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །འདི་ནི་དབུགས་དབྱུང་བའོ། །དེ་ནས་ཕྱིར་མི་ལྡོག་པའི་འཁོར་ལོའི་དོན་ནི་སློབ་མས་བླ་མ་ལ་གསོལ་བ་གདབ་པ། ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་། །མགོན་པོ་ཉིད་གསུང་གིས་བྱིན་པ། །འཁོར་ལོ་ལྷ་ཡི་དེ་ཁོ་ན། །སློབ་དཔོན་མཆོག་ གི་ལས་དང་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གི །གསང་བའི་སྡོམ་པ་བླ་ན་མེད། །སློབ་དཔོན་བདག་ནི་དུས་རྟག་ཏུ། །སེམས་ཅན་ཀུན་གྱི་དོན་བྱེད་པའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་སྦྱིན་པ་མཆོད་པའི་བདག །བདག་ཀྱང་རབ་ཏུ་བསྒྲལ་བའི་དོན། །ནམ་མཁའི་ རྡོ་རྗེ་བདག་ལ་གསོལ། །འདིས་གསོལ་བ་གདབ་པ་དང་། ཡང་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་དམ་ཚིག་དང་སྡོམ་པ་སྦྱིན་ནོ། །སློབ་དཔོན་དག་ལ་སྨོད་པ་དང་། །བདེ་གཤེགས་བཀའ་ལས་འདས་པ་དང་། །རྡོ་རྗེ་སྤུན་ལ་བརྙས་པ་དང་། །བྱམས་པ་ཆེན་པོ་སྤོང་བ་དང་། །བྱང་ ཆུབ་སེམས་ནི་སྤོང་བ་དང་། །ཐེག་པ་གསུམ་ལ་སྨོད་པ་དང་། །སྐལ་མིན་གསང་བ་སྟོན་པ་དང་། །བདག་ཉིད་རྒྱལ་བ་ཕུང་པོ་སྨོད། །དམ་པའི་ཆོས་ལ་ཡིད་གཉིས་དང་། །གདུལ་བྱ་བྱམས་དང་ཆགས་བྲལ་དང་། །ཆོས་ལ་མཐའ་གཉིས་ཚུལ་བྱེད་པ། །དད་པའི་སེམས་ནི་བཟློག་ པ་དང་། །ཇི་ལྟར་དམ་ཚིག་བསྟེན་པ་ཉམས། །རྩ་བའི་ལྟུང་བའོ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། སྦྱོར་ བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་རྣམས། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དེ་ཉིད་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་བའི་སྡོམ་པའོ། །སློབ་མ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་སྦྱིན་པའི་རིམ་པ་ འདིའོ། །རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཁ་དོག་གཅིག་པའི་དཀྱིལ་འཁོར་ལ་སློབ་མ་བཞག་ལ། ཡེ་ཤེས་སེམས་དཔའི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་ལྷ་དང་དཔའ་བོ་བཀུག་ལ། མཆོད་པ་དཔག་ཏུ་མེད་པ་ལ་སོགས་པ་བྱ་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ ཕྱག་ན་ཐོགས་པའི་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པས་དབང་བསྐུར་བར་བསམ་མོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་ལ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །དེ་ནས་མི་བསྐྱོད་པས་ཅོད་པན་བྱས་ པའི་དཔའ་བོའི་ལྷ་རྣམས་ཀྱིས་དབང་བསྐུར་བའོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། སྔགས་འདི་བརྗོད་པར་བྱའོ། །དྲིལ་བུའི་སྒྲ་སྔོན་དུ་སོང་བས་མེ་ཏོག་ལ་སོགས་པའི་མཆོད་པ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བཅས་པའི་གཏམ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ ཁོ་ན་ཉིད་ནི། ས་གཞི་ནི་སྤྱན་མའོ། །ཐིག་ནི་རྣམ་པར་སྣང་མཛད་དྲན་པའོ། །ཁ་དོག་ནི་རིགས་སྣ་ཚོགས་པའི་རྟོགས་པའོ། །མཆོད་པ་སྣ་ཚོགས་པ་བྱེད་པ་བཞིན་དུའོ། །ཛཱ་ལནྡྷ་ར་ནི་ཐུགས་ཀྱི་འཁོར་ལོའོ། །ཨོ་ཌྱན་ནི་གསུང་གི་འཁོར་ལོའོ། །ཨརྦུ་ད་ནི་སྐུའི་འཁོར་ལོའོ། །གོ་ དཱ་བ་རི་ནི་གྲུ་བཞི་པ། རཱ་མེ་ཤྭ་ར་ནི་མེའི་མཚམས་སོ། །དེ་བཱི་ཀོ་ཀྲི་ནི་བདེན་བྲལ་གྱི་མཚམས་སོ། །ཀཱ་མ་རུ་པ་ནི་དབང་ལྡན་གྱི་མཚམས་བཞི་རྣམ་པར་དག་པའོ། །ཨོ་ཏྲེ་ནི་ཤར་ཕྱོགས་ཀྱི་སྒོའོ། །ཏྲི་ཤ་ཀུ་ནེ་ནི་དེ་བཞིན་ལྷོ། །ཀོ་ས་ལ་ནི་ནུབ་སྒོའོ། །ཀ་ལིཾ་ག་ནི་དེ་བཞིན་བྱང་གིའོ། །ལཾ་པཱ་ ཀ་ནི་ཤར་གྱི་རྟ་བབས་སོ། །ཀཱཉྩི་ནི་ལྷོའི་རྟ་བབས་སོ། །ཧི་མཱ་ལ་ཡ་ནི་ནུབ་ཀྱིའོ། །པྲི་ཏ་པུ་རི་ནི་བྱང་གིའོ། །གྲི་ཧ་དེ་བ་ནི་ལྷ་སྣམ་མོ། །སཽ་རཱཥྚ་ནི་རིན་པོ་ཆེའི་བྲང་རྟེན་ནོ། །སུ་བརྞྞ་དྭཱི་པ་ནི་དྲ་བ་དང་དྲ་བ་ཕྱེད་པའི་ས་དེ་བཞིན་ནོ། །ན་ག་ར་ནི་རྔ་ཡབ་དྲིལ་བུ་རྒྱལ་མཚན་གདུགས་བ་དན་ རྣམས་སོ། །སིནྡྷུ་ནི་རྡོ་རྗེའི་ཐོག་དང་ཟླུམ་པོའོ། །མ་རུ་དང་ཀ་ལིཾ་ག་ནི་རྡོ་རྗེ་རིན་ཆེན་གྱི་ཐིག་གྱི་དཀྱིལ་འཁོར་ཤིན་ཏུ་ཆེན་པོའོ། །འཁོར་ལོ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །རི་མོ་ཉི་ཤུ་ནི་ས་གཞི་རྣམ་པར་དག་པའོ། །ཉི་ཤུ་རྩ་བཞི་དཔའ་བོའི་ངོ་བོའོ། །འདི་ནི་ དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཀྱི་ངོ་བོ་ཉིད་དོ། །དཀྱིལ་འཁོར་གྱི་ལྷ་འདི་དག་གིས་ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་མདོར་བསྡུས་པ་སྟེ། སློབ་དཔོན་གྱིས་དབང་བསྐུར་བའི་ངོ་བོ་འདིའོ། ། དེ་ནས་སློབ་མས་བླ་མ་ལ་གསང་བའི་དབང་བསྐུར་བླང་བར་བྱའོ། །རྡོ་རྗེ་སེམས་ཁྱོད་བདེ་བ་འགྲུབ་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་ལུས། །མ་ཆགས་དགའ་བའི་ཡིད་ཀྱིས་བདེ་ཆེན་པོ། །སྟོང་ཉིད་བསྒོམས་པས་ཀུན་ནས་ཡུན་རིང་གདུངས། །ཀྱེ་མ་ འདོད་ཆགས་དྲི་མེད་བྱང་ཆུབ་ཀུན་བཟང་གི །སྤྱོད་པ་འདོད་ཆགས་དག་པ་རྡོ་རྗེ་དམ་ཚིག་ལས། །ཕྱེ་མཛད་དགའ་བ་དྲུག་པོས་ཡང་དག་བརྟན། །འདོད་པའི་བདེ་བ་བྱང་སེམས་རིན་ཆེན་འབར། །རྡོ་རྗེའི་ཆུ་ཕྱུང་དྲི་མེད་རིན་ཆེན་ཆར། །རྒྱལ་བ་ཀུན་གྱིས་སྤྱི་བོར་དབང་བསྐུར་མཛོད། ། སྣ་ཚོགས་སེམས་ཀྱིས་སེམས་ཅན་བརླག་གྱུར་པ། །རྡོ་རྗེ་ཡེ་ཤེས་རབ་ལྷུང་པད་གནས་སུ། །སྦྱོར་བ་གཞན་མེད་མ་ཐོགས་གསུང་དུ་གསོལ། །མཉམ་དང་མི་མཉམ་འདོད་ཆགས་རྣམ་དག་པས། །རྡོ་རྗེ་སེམས་ཁྱོད་བདེ་བའི་དབང་ཕྱུག་གནས། །ཡང་དག་འདོད་ཆགས་རང་གི་ བདེ་བའི་གྲོགས། །རྡོ་རྗེ་པདྨ་ལས་བྱུང་བདེ་བསྒྲུབ་པའི། །སྤྲོས་པས་གཟུགས་སྟོན་རྒྱལ་བའི་དངོས་གྲུབ་ཀུན། །སྦྱིན་པས་ཁ་རུ་སྣ་ཚོགས་འབྲས་བུ་གསོལ། །འདི་ནི་གསང་བའི་གསོལ་བ་གདབ་པའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་རྫོགས་ པ་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང་། །གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་སྟེ། དེ་ལ་ལས་ཀྱི་ཕྱག་རྒྱ་མ་རིགས་ལྔའི་ཚུལ་དུ་དམིགས་ཏེ། དེ་དང་སྙོམས་པར་འཇུག་པ་བྱས་པས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོའི་སྒོ་ནས་ཞུགས་ཏེ། དེ་ལ་བསྐྱེད་པ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་པའི་ཤེས་རབ་སློབ་མ་བདག་གིས་ཨ་ཧོ་མ་ཧཱ་སུ་ཁ་ཧོ་ཞེས་པས་ངག་གི་ལམ་དུ་བཏུང་བར་བྱའོ། །ཚིམ་པ་དེའི་དུས་སུ་ཁ་དོག་དང་དབྱིབས་ཀྱི་བསམ་པ་མེད་པར་རྣམ་པར་ མི་རྟོག་པའི་སྐུའི་ཚུལ་དུ་བསམ་དུ་མེད་པའི་ཚུལ་བསམ་གཏན་གྱི་སྡོམ་པ་དེས་བསྡམས་པ་དེ་ལ་གསང་བའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་དོན་དམ་པའི་ཚུལ་གྱི་ཆོས་ཀྱི་སྐུ་རྟོགས་པར་བྱེད་པའི་ཆོས་ཀྱི་དབྱིངས་རྡོ་རྗེ་རང་འབྱུང་བའི་བྱིན་གྱིས་བརླབ་པ་སྦྱིན་པར་བྱའོ། །ཆོས་ཀྱི་དབྱིངས་ རྣམ་པར་དག་པའི་སློབ་མ་ལ་དམ་ཚིག་དང་སྡོམ་པ་བརྗོད་པར་བྱ་སྟེ། ཅི་ཁྱོད་ཇི་ལྟར་སྤྲོ་བ་སྨྲོས། །བཤང་གཅི་ལ་སོགས་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ །བུད་མེད་རྣམས་ལ་རྟག་གུས་སམ། །བྷ་གའི་པདྨར་འོ་བྱེད་དམ། །དབང་བསྐུར་བ་གཉིས་པར་གསང་བ་དང་ཤེས་ རབ་ཡེ་ཤེས་ཀྱི་སྡོམ་པ་སྔོན་དུ་སོང་བའི་སློབ་མས་འདི་སྐད་བརྗོད་དེ། ཅི་ཕྱིར་ལྷ་མོ་བདག་མི་སྤྲོ། །བཤང་གཅི་ལ་སོགས་ཟ་བ་དང་། །བུད་མེད་རྣམས་ལ་གུས་པར་བགྱིད། །བྷ་གའི་པདྨར་འོ་བགྱིད་དོ། །ལྷ་མོ་དེས་གོས་མེད་པར་ཕྱེ་ལ། བདག་གི་པདྨས་དེ་ཉིད་མཐོང་། །ཨེ་མ་ ཧོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཇི་ལྟར་ཆོ་ག་བཞིན་བསྟེན་ན། །དེ་ལ་བདག་ནི་དང་པོར་གནས། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱིས། །དག་པས་སེམས་ཅན་ཁམས་གྲོལ་བྱེད། །རང་འབྱུང་རྒྱལ་པོ་བདེ་བ་ཆེ། །ཐམས་ཅད་ངོ་བོ་ཉིད་ཀྱིས་གནས། །དེ་ ཉིད་ལྷག་པའི་བདག་ཉིད་ཀྱིས། །རྩ་ཡི་འཁོར་ལོ་རབ་ཏུ་མཐོང་། །བྷ་གའི་དབུས་ན་ཇི་ལྟར་མཁའ། །ནམ་མཁའ་ལྔ་ཡིས་རྣམ་པར་བརྒྱན། །ལྟེ་བའི་གེ་སར་ལྡན་པ་ཡི། །འདབ་མ་བརྒྱད་པས་བརྒྱན་པ་ཡིན། །དེ་ཉིད་བདུད་རྩིའི་རྣམ་པ་དཀར་པོ་རྟག་ཏུ་འབབ་པ་དེའི་སྦྱོར་བ་བསྒོམས་པས་ བྷཉྫ་མོཀྵ་ཧོ། །དེ་ཉིད་སྔགས་པས་གོང་གི་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བྷ་གའི་དབུས་ན་རྣམ་པར་བཞུགས་པའོ། །ཐོབ་པར་དཀའ་བས་ན་བླ་མའི་གསུང་ལས་ཐོབ་པའོ། །སོར་མོ་བྲུད་པས་རྩའི་རྣམ་པ་ལས། མཆོག་ཏུ་དགའ་བ་འབབ་པ་ཁ་ཅིག་གི་ལྕེ་ལ་བཞག་པའོ། །ཕ་རོལ་ཏུ་ཕྱིན་པ་ བཅུའི་གནས་སྟོབས་བཅུའི་དབང་དུ་བྱས་པའོ། །ས་བཅུའི་སྟེང་དུ་བྱས་པའོ། །རྟགས་གསོར་བའི་ངོ་བོའོ། །དེ་ལ་བསྒོ་བས་སྒྲུབ་པ་དང་ཉེ་བར་སྒྲུབ་པའི་རིམ་པས་རྟོགས་པར་བྱའོ། །རང་བྱུང་གི་སློབ་དཔོན་གྱིས་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་གྱི་གནས་ཡང་དག་པའི་རྣལ་འབྱོར་གྱིས་རང་ རིག་པའི་བདེ་བ་ཆེན་པོ་བསྐྱེད་པ་གང་ཡིན་པ་དེས་མཆོག་ཏུ་དགའ་བར་བྱས་པ་སྟེ། དགའ་བྲལ་གྱི་དགའ་བའི་དབུས་ན་བསམ་གཏན་གྱི་མཚན་མ་མི་ཕྱེད་པ་བྱའོ། །དེ་ལ་བསྒྲིམས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་མཚན་ཉིད་ཀྱི་ནང་དུ་སོང་བའི་བསམ་གཏན་བྱའོ། །གང་གིས་བསྐྱེད་ པའི་བསམ་གཏན་ཤེས་རབ་བོ། །ཡེ་ཤེས་དེ་ནི་རྣམ་པ་བརྗོད་དུ་མེད་པའོ། །ཆགས་མེད་ཆགས་པ་མེད་པ་མིན། །རྣལ་འབྱོར་ཡེ་ཤེས་བརྟན་པ་ཐོབ། །འདི་སྐད་དེས་ནི་ཀུན་བྱེད་བརྗོད། །སྐད་ཅིག་ཐུན་གཅིག་ལོ་གཅིག་གམ། །ཟླ་བ་ཕྱེད་དམ་ཟླ་བ་གཅིག །ལོ་གཅིག་བསྐལ་པ་ སྟོང་དུ་ཡང་། །ཡེ་ཤེས་རྣལ་འབྱོར་པས་བགྱིའོ། །དེ་ལ་སློབ་དཔོན་གྱིས་གསང་བའི་དབང་བསྐུར། །རང་བྱུང་མཐོང་བ་འདི་དག་ལས། ཤེས་རབ་ཡེ་ཤེས་ཀྱི་ཆོ་གས་སློབ་མ་ལ་སློབ་དཔོན་གྱི་ངག་གིས་སོ། །གང་འདི་ཁྱོད་ལ་རྣལ་འབྱོར་མ་དང་ལྷན་ཅིག་བདེ་བ་ཆེན་པོ་རྗེས་སུ་འབྱུང་བའོ། ། དེ་ནས་བཞི་པའི་རང་བཞིན་གྱི་ངོ་བོ་རྟོག་པ་དང་བྲལ་བར་བྱའོ། །འདི་ནི་བདེ་བའི་ངོ་བོའི་མན་ངག་གོ། །དེ་ཉིད་རིག་པ་མཐོང་བའི་སློབ་མའི་སྤྱི་བོར་ལག་པ་བྱིན་ལ་རྡོ་རྗེ་སློབ་དཔོན་དེས་ནི་སློབ་མ་ལ། རིག་པ་གཞན་གྱིས་སངས་རྒྱས་ཉིད་མི་ཐོབ། །དེ་ནས་རིག་པའི་མཆོག་འདི་གཉིས་སུ་ མེད། །སྣང་བའི་ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །གཉིས་ཀྱིས་མཚན་མའི་ངོ་བོ་མེད་པའོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་དང་། །རིག་པའི་བརྟུལ་ཞུགས་ཀྱིས་འཁོར་བ་སྤངས་ཏེ་རྗེས་སུ་གྲོལ་བའོ། །ཤིན་ཏུ་རིག་པ་འདིའི་དངོས་གྲུབ་རྨོངས་པ་རྣམས་ཀྱིས་མི་རྙེད་དོ། །དེའི་ སྔགས་ཀྱི་སྤྱོད་པ་སྤྱད་པ་ལ་སོགས་པའི་ཚུལ་ཁྲིམས་དང་སྡོམ་པས་ཀུན་དུ་བཟང་པོའི་སྤྱོད་པའི་སྡོམ་པ་ཤིན་ཏུ་རྣམ་པར་གྲོལ་བའོ། །ཐབས་ཀྱི་སྤྱོད་པ་སྤྱད་པས་ལྷག་པའི་སེམས་ཀྱི་སྡོམ་པ་བརྗོད་པར་བྱའོ། །དེ་བཞིན་དུ་མ། རཾ། བཾ། ཤཾ། མུཾ། གོ། ཀུཾ། དཾ། ཧ། ན་བཟའ་བར་བྱའོ། །ཇི་ལྟ་ཇི་ ལྟར་འདུལ་བའི་སེམས་ཅན་གྱི་རང་བཞིན་དེ། དེ་ལྟ་དེ་ལྟར་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་སེམས་ཅན་གྱི་དོན་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་ལ། གང་ཁ་ཅིག་དམན་པ་དེ་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་སྒོ་ནས་ལས་རྣམས་བྱའོ། །ཐམས་ཅད་ ཀྱི་རྗེས་ལ་གཏོར་མ་བཅུ་སྦྱིན་ནོ། །བླ་མ་ལ་ཡོན་དབུལ་བ། ཡུལ། གླང་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། གསེར་ལ་སོགས་པ་དང་གང་གཅེས་པ་རྣམས་དབུལ་ལོ། །དེ་ནས་གོས་ལ་སོགས་པ་དབུལ་ཏེ་སློབ་མས་སྨོན་ལམ་གདབ་པར་བྱའོ། །འདི་ནི་དབང་བསྐུར་བའི་ཆོ་ག་ཅུང་ཟད་ཙམ་ མོ། །དཔལ་ལྡན་རྣམ་པར་འདྲེན་པ་ཡི། །བླ་མའི་གསུང་ལས་བདེ་རྒྱལ་པོས། །བྲིས་པའི་བསོད་ནམས་གང་ཐོབ་པས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །དབང་བསྐུར་གྱི་རིམ་པའི་ཆོ་ག་ཁ་ཆེའི་པཎྜི་ཏ་རཏྣ་ཤྲཱིའི་ཞབས་ཀྱི་པདྨོ་ལ་གཏུགས་པ་པཎྜི་ཏ་ཤྲཱི་པ་ར་ཧེ་ཏ་དང་། བོད་ཀྱི་ ལོ་ཙཱ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་རི་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོར་ རེ་ཞིག་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། རྣལ་འབྱོར་པ་རོའི་གདན་ལ་གཅེར་བུ་སྐྲ་གྲོལ་བས་གནས་ཏེ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་བདག་ཉིད་ཞལ་གཅིག་ཕྱག་གཉིས་པའི་ཧེ་རུ་ཀ་རྣམ་པར་བསམས་ནས། རང་གི་ ཞལ་ནས་ཨཱ་ལི་ཀཱ་ལི་ཐོག་མར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་ཕཊ་དང་ལྡན་པ་སྤྲོས་ཏེ་དེ་ཉིད་དུ་ཞུགས་པ་ན། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཞེས་རྒྱུ་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཡི་གེ་བཞིའི་དོན་མངོན་དུ་བྱའོ། །དེ་ནས་ ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་མདུན་དུ་བླ་མ་དང་རྫོགས་པའི་སངས་རྒྱས་ལ་སོགས་པ་བལྟས་ལ། ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་བཟོད་པར་གསོལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་ རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པ་ཡིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེའི་རྗེས་ལ་སེམས་ཅན་ཐམས་ ཅད་བདེ་བ་ཉེ་བར་སྡུད་པའི་རྣམ་པ་ཅན་གྱི་བྱམས་པ་དང་། སྡུག་བསྔལ་གྱི་རྒྱུ་ལས་འདོན་པའི་རྣམ་པ་ཅན་གྱི་སྙིང་རྗེ་དང་། ཐམས་ཅད་བདེ་བ་རྒྱུན་མི་འཆད་པར་མོས་པའི་རྣམ་པ་ཅན་གྱི་དགའ་བ་དང་། འཇིག་རྟེན་པའི་ཆོས་བརྒྱད་ཀྱིས་དབེན་པའི་རྣམ་པ་ཅན་གྱི་བཏང་སྙོམས་ བསྒོམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧཾ། ཞེས་བརྗོད་ལ་ཆོས་ཐམས་ཅད་བརྫུན་པ་སླུ་བའི་ཆོས་ཅན་དུ་དམིགས་ལ་འགྲོ་བ་གསུམ་པོ་རྣམས་དང་། བདག་ཀྱང་ཧཱུཾ་གི་ཐིག་ལེར་ཆུད་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་སྔགས་ཀྱི་དོན་ དུ་བརྗོད་པས་མི་དམིགས་པར་བྱའོ། །དེ་ནས་བར་སྣང་དུ་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ས་བོན་དེ་ཉིད་ཀྱིས་མཚན་པར་བསམས་ལ། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པ་བརྗོད་པས། དེ་ལས་བྱུང་བའི་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱིས་རང་རང་གི་འོད་ཀྱིས་བཀུག་ཅིང་དོང་དུ་ཚུད་པར་ བྱས་པའི་བགེགས་ཀྱི་ཚོགས་རྣམས་ལ་ཕུར་བུས་གདབ་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཧུཾ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་དུཥྚཱན་བིགྷྣཱཾ། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ ལ་ཡཱ་ཀོ་ཊ་ཡ་ཧུཾ་ཧཱུཾ་ཕཊ། དེ་ནས་ལྷ་མོ་བརྒྱད་པོ་སླར་ཡང་སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ཧཱུཾ་ལ་ཆུད་པ་དང་། དེ་དག་ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་རྡོ་རྗེའི་ས་གཞི་དང་། ར་བ་དང་། གུར་དང་། བླ་རེ་དང་། མདའི་དྲ་བ་དང་། བསྐལ་པ་མེ་དཔུང་འབར་བའི་རྣམ་པ་ཅན་གྱི་མེ་རི་རྣམ་པར་ གྲུབ་པར་བལྟའོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡ་ཧཱུཾ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁ་ཧཱུཾ། ཨོཾ་བཛྲ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭཱ་ལཱ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། དེ་ལྟར་བསྲུངས་པའི་དབུས་སུ་སྣ་ཚོགས་པདྨ་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཉི་མ་ ཟླ་བ་ཁ་སྦྱར་གྱི་དབུས་སུ་ཧཱུཾ་ལས་བྱུང་ཞིང་དེ་ཉིད་ཀྱིས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་ནག་པོ་འོད་ཟེར་གྱི་ཕྲེང་བ་འཁྲིགས་པར་བལྟས་ལ། ལྟེ་བའི་ཧཱུཾ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་རྣམས་བཀུག་ནས་དེ་ཉིད་དུ་ཞུགས་པ་དང་། དེ་དག་ཡོངས་སུ་གྱུར་པ་ ལས་དཔལ་ཧེ་རུ་ཀ་རྡོ་རྗེ་གཡས་བརྐྱང་བས་རོའི་གདན་ལ་བཞུགས་ཤིང་གྲུབ་པའི་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའོ། །སྐུ་མདོག་ནག་པོ་ཕྱག་གཉིས་པ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་གི་ཤེས་རབ་ལ་འཁྱུད་པ། ཞལ་གཅིག་པ་སྤྱན་གསུམ་པ་རལ་པ་ཐོར་ཚུགས་ཀྱིས་མཚན་པ། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན་པ་ཟླ་བ་ཕྱེད་པ་དབུ་ལ་འཇོག་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བརྒྱ་ཕྱེད་ཐོད་པའི་ཕྲེང་ བས་དོ་ཤལ་བྱས་པའོ། །མགུལ་རྒྱན་གདུབ་ཀོར་རྣ་རྒྱན་དང་། །དབུ་ཡི་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་ཞེས། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་ པ། སྤྱན་གསུམ་པ་གཅེར་བུ་དུམ་བུའི་སྐ་རགས་ཀྱིས་བརྒྱན་པ་ཕྱག་རྒྱ་ལྔ་དང་ལྡན་པའོ། །ཕྱག་གཡོན་འཁྱུད་པའི་ཐོད་པ་ན། །གདུག་པ་བདུད་ཀྱི་ཁྲགས་བསྣམས་མ། །གཡས་པས་ཕྱོགས་སུ་སྡང་ཀུན་ལ། །རྡོ་རྗེ་དང་བཅས་སྡིགས་མཛུབ་བྱེད། །བསྐལ་པའི་མེ་ལྟར་གཟི་བརྗིད་ཆེ། ། ཁྲག་འཛག་པ་ལ་དགྱེས་པ་མོ། །བྱིན་པ་གཉིས་ཀྱིས་ལེགས་འཁྲིལ་ནས། །བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། །ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། །པྲེ་གྲྀ་སཽ་སུ་ན་སི་མ་ཀུ། །པུལླི་ར་མ་ལ་ཡ་མགོ་ལ་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོའོ། །ཛཱ་ལནྡྷ་ར་སྤྱི་གཙུག་ཏུ་མ་ ཧཱ་ཀང་ཀ་ལ་དང་གཏུམ་མིག་མའོ། །ཨོ་ཌི་ཡ་རྣ་བ་གཡས་པར་ཀང་ཀ་ལ་དང་འོད་ལྡན་མའོ། །ཨར་བུ་ད་མགོ་བོའི་རྒྱབ་ཏུ་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །གོ་དཱ་བ་རི་རྣ་བ་གཡོན་པར་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མའོ། །རཱ་མེ་ཤྭ་རི་སྨིན་མའི་དབུས་སུ་འོད་དཔག་ མེད་དང་མི་ཐུང་མའོ། །དེ་བཱི་ཀོ་ཊ་མིག་དག་ལ་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །མཱ་ལ་བ་དཔུང་པའི་རྩ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །ཀཱ་མ་རཱུ་པ་མཆན་ཁུང་དག་ཏུ་མྱུ་གུ་ཅན་དང་ས་སྲུང་མའོ། །ཨོ་ཏྲེ་ནུ་མ་ཟུང་ལ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་ སྟེ་ཞིང་ངོ་། །ཏྲི་ཤ་ཀུ་ནི་ལྟེ་བ་ལ་དཔའ་བོ་ཆེན་པོ་དང་རླུང་ཤུགས་མའོ། །ཀོ་ས་ལ་སྣ་རྩེར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཀ་ལིཾ་ག་ལ་ཤིན་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོའོ། །ལམྦཱ་ཀ་མགུལ་པར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཞིང་ངོ་། ། ཀཱཉྩི་སྙིང་གར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །ཧི་མ་ལ་ཡ་ཆུ་སོར་མིག་མི་བཟང་དང་ཁྭ་གདོང་མ་སྟེ་ཉེ་བའི་ཚནྡོ་ཧའོ། །པྲེ་ཏ་པུ་རི་རྟགས་ལ་སྟོབས་པོ་ཆེ་དང་འཁོར་ལོ་ཤུགས་མའོ། །གྲྀ་ཧ་དེ་བ་བཤང་ལམ་དུ་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་འདུ་བའོ། །སཽ་རཱཥྚ་བརླ་དག་ལ་ ནི་རྟ་མགྲིན་དང་ནི་ཆང་འཚོང་མའོ། །སུ་པརྞ་དྭཱི་པ་བྱིན་པ་གཉིས་སུ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །ན་ག་ར་སོར་མོ་རྣམས་ལ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །སིནྡྷུ་རྐང་པའི་བོལ་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མ་རུ་ མཐེ་བོ་དག་ལ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །ཀུ་ལུ་ཏཱ་པུས་མོ་དག་ལ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །དེ་ནས་སྙིང་གར་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཡེ་ཤེས་ཀྱི་འཁོར་ལོའོ། །པུལླི་ར་མ་ལ་ཡ་ལ་སོགས་པར་ནི་སྐུ་གསུང་ ཐུགས་ཀྱི་འཁོར་ལོའོ། །ཁ་ལ་སོགས་པ་སྒོ་བརྒྱད་དུ་དམ་ཚིག་གི་འཁོར་ལོའོ། །དེ་ལྟར་རྣམ་པར་བསྒོམས་ཏེ་ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷེ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །སྙིང་གར་ཨོཾ་ཧ་ རྡོ་རྗེ་སེམས་དཔའོ། །སྤྱི་བོར་ན་མ་ཧི་རྣམ་པར་སྣང་མཛད་དོ། །སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་མའོ། །ཕྲག་པ་གཉིས་ལ་བཽ་ཥཊ་ཧེ་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་ལ་ཧཱུཾ་ཧཱུཾ་རྡོ་རྗེ་ཉི་མའོ། །ཕཊ་ཧཾ་ཡན་ལག་ཐམས་ཅད་ལ་མཚོན་ཆ་སྟེ་རྡོ་རྗེ་རྒྱལ་པོའོ། །དཔའ་བོའི་གོ་ ཆའོ། །ཨོཾ་བཾ་ལྟེ་བར་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་སྙིང་གར་གཤིན་རྗེ་མའོ། །ཧྲིཾ་མོཾ་མགྲིན་པར་རྨོངས་བྱེད་མའོ། །ཧྲེཾ་ཧྲི་སྤྱི་བོར་སྐྱོད་བྱེད་མའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ཏུ་སྐྲག་བྱེད་མའོ། །ཕཊ་ཕཊ་ཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །མཛུབ་མོ་མདུད་བྱས་གུང་མོ་རྩེ་སྤྲད་དེ། །མཐེ་ བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །འདི་ནི་དཔྲལ་བའི་དབྱེས་དབུས་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕཻཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་ འགུགས། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་ནས་ལག་པ་གཡས་པ་དང་གཡོན་པ་དག་བསྐོར་ཞིང་མཁའ་འགྲོ་མའི་དྲ་བ་སྡོམ་པའི་བདེ་བར་རོ། །དེ་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་ བདག་གིས་ཁྲུས་གསོལ་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་ཚིགས་སུ་བཅད་པ་དང་སྔགས་བརྗོད་པ་བཞིན་དུ་དབང་བསྐུར་བས་བཅོམ་ལྡན་འདས་ཀྱི་དབུ་ལ་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་དབུ་ལ་རྣམ་པར་སྣང་མཛད་བསྒོམ་མོ། །ཕྱི་དང་ གསང་བའི་མཆོད་པའི་ཁྱད་པར་རྣམས་ཀྱིས་མཆོད་དེ། ཧཱུཾ་དཀར་པོ་ལས་རྡོ་རྗེ་རྩེ་གཅིག་པ་དཀར་པོ་བྱཱ་དམར་པོ་ལས་བྱུང་བའི་ནོར་བུ་ཅན་སྦུབས་ཀྱི་སྒོར་བྱཱ་སེར་པོས་བཀག་པའོ། །དེ་བཞིན་དུ་ཡང་ཨ་དམར་པོ་ལས་པདྨ་དམར་པོ་འདབ་མ་གསུམ་པ་དྱཱཾ་དཀར་པོ་ལས་བྱུང་བའི་ཟེ་འབྲུ་ཅན་ དྱཱཾ་སེར་པོས་སྦུབས་ཀྱི་སྒོ་བཀག་པའོ། །རང་གི་ལྟེ་བ་དང་སྙིང་གར་ཟླ་བ་ལ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ལྐོག་མ་དང་སྤྱི་བོར་ཉི་མ་ལ་གནས་པའི་དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཡུམ་གྱི་ལྟེ་བ་དང་སྙིང་གར་ཉི་མ་ལ་གནས་པའི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་ སྙིང་པོའོ། །ལྐོག་མ་དང་སྤྱི་བོར་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་སྟེ་ཟླ་བ་ལའོ། །སྔགས་ཀྱི་ཕྲེང་བ་དེ་དག་ཐམས་ཅད་ནི་ཁ་དོག་དམར་པོ་གཡོན་སྐོར་གྱིས་གནས་པའི་མགོ་གྱེན་དུ་བལྟས་ཏེ། གནས་ལྔའི་བར་དུ་འོད་ཟེར་གྱི་ཕྲེང་བ་འཁྲིགས་པ་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་དམིགས་ ནས་མན་ངག་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མངོན་དུ་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཡང་ན་རྩ་བའི་གསང་སྔགས་བཟླས་པར་བྱ་སྟེ། ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ། མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་ དྷཱ་རི་ཎ། བྱཱ་གྷཱ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷཱུ་མྦྲཱནྡྷ་ཀཾ་ར་བ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲོོཾ། ཧྲཿཧྲཿཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྤི་ནི། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་ སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྷཽཾ་ཛྷཽཾ། ཀྵྨཱཾ་ཀྵྨཱཾ། ཧཾ་ཧཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། ཧི་ལི་ཧི་ལི། སི་ལི་སི་ལི། དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ་ཅེས་བྱའོ། །དེ་ནས་གཏོར་མ་དབུལ་བར་བྱ་སྟེ། མདུན་དུ་ཡཾ་དང་རཾ་ལས་རླུང་དང་མེའི་དཀྱིལ་འཁོར་ལ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་སྣོད་ ཀྱི་ནང་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཨོཾ་ཏྲཾ་ཛྲྀཾ་ཁཾ་ཧཱུཾ། ལཾ་མཱཾ་པཾ་ཏཱཾ་གི་ཡི་གེ་རྣམས་ལས་བསྐྱེད་ཅིང་དེ་དག་ཉིད་ཀྱིས་མཚན་པར་བལྟས་ལ་ཡོངས་སུ་བསྡུས་པས་ཞུ་བའི་རྫས་ཀྱི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་དེ་ཞུ་བས་རོ་གཅིག་ཏུ་གྱུར་པ་དང་། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ ལས་ཡི་གེ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་ཞུགས་པ་དང་། དེ་དག་ཀྱང་རིམ་གྱིས་འོག་ནས་འོག་ཏུ་དམ་ཚིག་གི་བདུད་རྩི་དང་ལྷན་ཅིག་གི་བདུད་རྩིར་བསམས་ནས་ཇི་སྲིད་འདོད་པའི་བར་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པོ། ། དེ་ནས་བཅོམ་ལྡན་འདས་མ་ལ་ཨོཾ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཞེས་བལྟས་ཏེ་ཡི་གེ་ཧཱུཾ་ལས་བྱུང་བའི་དཀར་པོའི་ལྕེས་དྲངས་ཏེ་གསོལ་བས་ཚིམ་པར་གྱུར་པར་བལྟའོ། །དེ་ནས་དུར་ཁྲོད་ན་གནས་པ་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་སུ་ནི་གཡོན་སྐོར། མེ་ལ་ སོགས་པའི་མཚམས་སུ་ནི་གཡས་སྐོར་གྱིས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད་ཨ་པ་སྨ་རཱ་ཌ་ཀ་ཌ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵནྟཱུ་མ་མ་སརྦ་