Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 23

Văn bản gốc(Tây Tạng)

Trang 4 / 17 (50.000 ký tự/trang)
ུ་ཡི་རང་ངོ་། །

གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ། དེ་རྣམས་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་གདབ་པར་བགྱིའོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྣམས་སེམས་ཅན་
གྱི་ཁམས་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བགྱིའོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་འགྱུར། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་དེ། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་
ལས་གྲོལ། །ཞེས་བརྗོད་པར་བྱའོ། །དེ་ནས་སྙིང་པོའི་སྔགས་བྱིན་བརླབས། །བ་ཡི་དྲི་ཆུས་ཡོངས་བརླན་པའི། །རྡོ་རྗེ་སེམས་དཔའ་དང་བཅས་ཕྱག །སྙིང་གར་སྔགས་རིག་པས་བཞག་ནས། །བྱིན་གྱིས་བརླབ་དང་དེ་ནས་ཕྱིས། །སྔོན་བཞིན་དུ་ནི་གོ་ཆ་བྱ། །ཇི་ལྟར་
ཉེར་སྤྱོད་ལྔ་རྣམས་ཀྱིས། །དེ་རྣམས་སོ་སོར་མཆོད་བྱས་ན། །ཁཎྜ་རོ་ཧས་མངོན་བསྔགས་པའི། །དྲི་ཞིམ་ཆུ་ཡིས་ལུས་བྱུགས་ལ། །མེ་ཏོག་དཀར་པོ་རྩེ་མོར་བཅིང་། །ལོ་མ་དང་བཅས་ཨུ་དུམ་སོགས། །མངར་པོ་སོ་ཡི་ཤིང་བུ་ནི། །ཇི་སྲིད་སོར་བཅུ་གཉིས་ཚད་ཅན། །དེ་
རྣམས་ལག་ཏུ་བྱིན་ཏེ་གནས། །ཤར་དུ་ཕྱོགས་པས་བཀུར་བར་བྱ། །དུམ་སྐྱེས་མ་ཡིས་མངོན་བསྔགས་པས། །ཆུ་ཡིས་ཁ་བཤལ་བྱིན་ནས་ནི། །སོ་ཤིང་ལྟུང་བ་རྣམས་ཀྱིས་ནི། །དངོས་གྲུབ་རྒྱུ་རྣམས་ཤེས་པར་བྱ། །དེ་ནས་སྔོན་བཤད་གནས་བཞག་ནས། །དེ་རྣམས་
ལག་པའི་ལོ་མ་རུ། །ཡི་གེ་གསུམ་གྱིས་མངོན་བསྔགས་པའི། །ཡང་དག་མཆོད་ནས་ཀུ་ཤ་སྦྱིན། །དེ་ནས་ཕྱིས་ནི་སྔགས་འདི་ཡིས། །དྲི་ཞིམ་པོ་ལ་བསྔགས་ནས་ནི། །འཐུངས་པས་སྡིག་པ་ཞི་དོན་དུ། །བདུད་རྩི་ལྔ་ཡི་ཆུ་སྦྱིན་བྱ། །དེ་ལ་སྔགས་ནི་འདི་ཡིན་ནོ། །
ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨྨཿསརྦ་པཱ་པ་ནི་ཙཱ་སྱ་བི་ཤོ་དྷ་ཡ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ་ལན་གསུམ་དུའོ། །དེ་རྣམས་སླར་ཡང་བསྲུང་དོན་དུ། །ཡི་གེ་གསུམ་གྱིས་བསྔགས་པ་ཡིས། །སྐུད་པ་མདུད་པ་གསུམ་བྱས་ནས། །དཔུང་པ་གཡོན་པར་བཅིང་བར་བྱ། །གོ་ཆ་དྲུག་ནི་བྱས་ནས་སུ། །

དེ་བཞིན་སླར་ཡང་གནས་གསུམ་དུ། །དེ་རྣམས་སྲུང་བ་མཆོག་བྱས་ནས། །འདི་ལྟའི་ཆོས་ཀྱང་བསྟན་པར་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ཨུ་དུམྺཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་
སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེས་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་
འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་
རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་
པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཀུན་གྱི་འདྲེན་པ་ཡི། །ཡོད་དང་མེད་པ་རྣམ་པར་འདས། །ནམ་མཁའ་བཞིན་དུ་
དྲི་མ་མེད། ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་བརྟག་མེད་རྙོག་པ་མེད། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །བྱ་དང་ལས་ལ་སོགས་དང་བྲལ། །བདེན་པ་གཉིས་ལ་བརྟེན་པ་ཡི། །ཡེ་ཤེས་མཆོག་དང་གཙོ་འདི་ཡི། །ཚུལ་ལ་
གནས་པར་གྱུར་པ་ཡིན། །ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་ཡང་སློབ་མ་རྣམས་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ། ཕྱིར་མི་ལྡོག་པ་འཁོར་ལོའི་དབང་། །བྱིན་ནས་མགོན་པོས་བདག་ལ་གསུངས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །

སངས་རྒྱས་རྣམས་ཀྱི་དམ་ཚིག་དང་། །གསང་བའི་སྡོམ་པ་བླ་ན་མེད། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་གྱུར། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་བརྗོད་པར་བྱ། །འཁོར་ལོ་བཅུ་གཉིས་དཀྱིལ་
འཁོར་ཆེ། །མཁའ་འགྲོ་རྒྱ་མཚོ་ཀུན་བཞེངས་པ། །དཔལ་ཧེ་རུ་ཀའི་དྲིན་གྱིས་གསུངས། །ཞེས་བྱ་དེ་ནས་སྨྲ་བ་ནི། །རྨི་ལམ་ཇི་ལྟར་རྙེད་པ་ཡང་། །བདག་གི་མདུན་དུ་སྨྲ་བྱའོ། །ཞེས་བྱ་བ་ནི་ཡང་བརྗོད་ནས། །སློབ་མ་ཉལ་ས་བཟང་པོར་བཏང་། །སློབ་མ་ཡོན་ཏན་
ལྡན་པ་དེ། །དཀྱིལ་འཁོར་གྱི་ནི་སར་ཞུགས་ནས། །སྒོམ་པ་སོགས་དང་བཟླས་བྱས་ནས། །ལྕེ་ལ་ཟླ་བའི་སྟེང་གསལ་བ། །ཨཱཿལས་འོད་དཔག་མེད་པ་ནི། །རང་གི་ལྷ་མོ་རང་ཕྱག་འཁྱུད། །འདི་དམིགས་བྱས་ནས་དེའི་སྙིང་གར། །ཨཱཿཡི་ཡི་གེ་མཛེས་པ་དགོད། །སྒྲུབ་
པ་པོ་ཡི་སྔགས་འདི་ཡིས། །ལེགས་པར་བྱིན་བརླབས་ལྕེ་དེ་ལ། །ཨོཾ་པདྨ་ས་རཱདྠ་ཏི་སུརྱ་མཱ་བ་ཧཱ་ཡ་ཧྲཱིཿཞེས་པ་བྱའོ། །ག་བུར་ཨ་རུར་བསྲེས་པ་ཡི། །དེ་ནས་བདུག་སྤོས་བླངས་ནས་ནི། །དཀྱིལ་འཁོར་པ་དང་སངས་རྒྱས་ནི། །དེ་རྣམས་ལ་ཉེར་སྙན་གསན་དབབ། །
ཕྱོགས་བཅུ་རྫོགས་པའི་སངས་རྒྱས་ནི། །སྲས་བཅས་འཇིག་རྟེན་ལ་གྲངས་དང་། །རྡོ་རྗེ་རིན་ཆེན་རིགས་དང་ནི། །པདྨ་ལས་ཀྱི་རིགས་དེ་བཞིན། །སྙིང་པོ་ཕྱག་རྒྱ་སྔགས་རིགས་པས། །གང་ཞིག་ལྷ་ཡི་ཚོགས་ཐམས་ཅད། །ཆོས་ཀྱི་དབྱིངས་ལ་བཞུགས་པ་ནི། །དེ་རྣམས་
བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་དང་། །མཁའ་འགྲོ་རྒྱ་མཚོ་དཔའ་མཆོག་གི །ཇི་ལྟར་ནུས་པའི་ཉེར་སྤྱད་ཀྱིས། །དཀྱིལ་འཁོར་བྲི་བར་བྱའོ་ཀྱེ། །སློབ་མ་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྗེས་སུ་བརྩེ་བས་ཉེར་
དགོངས་ལ། །ཉེ་བ་ཉིད་དུ་མཛད་པར་རིགས། །ཞེས་བྱ་བརྗོད་པས་ལེགས་མཆོད་དེ། །དེ་བཞིན་དཀྱིལ་འཁོར་སྟེང་དུ་ནི། །དཀྱིལ་འཁོར་ཐམས་ཅད་མ་ལུས་པ། །སྔོན་བཞིན་ནམ་མཁའ་ལ་བཞག་ནས། །དཀྱིལ་འཁོར་པ་དེ་རྣམས་ཀྱང་ནི། །དག་པའི་ཤེལ་དང་འདྲ་བ་ལ། །

འོད་ཀྱི་དཀྱིལ་འཁོར་འབར་བ་རྣམས། །དཀར་པོའི་རྒྱན་གྱིས་བརྒྱན་པ་རྣམས། །ཁང་པ་བརྩེགས་པར་ལེགས་དམིགས་ནས། །ཟླ་བའི་ཟེར་དང་མཉམ་པའི་འོད། །ལྷ་མོ་རྣམས་དང་ཡང་དག་ལྡན། །ཞི་བའི་དཔལ་ཁྲག་འཐུང་དེ་བཞིན། །རང་སྙིང་ཧཱུཾ་གི་འོད་རྣམས་ཀྱིས། །ལེགས་
བལྟས་ཡང་དག་བཀུག་བྱས་ནས། །རང་གི་ལུས་ལ་གཞུག་བྱས་ཏེ། །དེ་ཡི་ཁ་སྦྱར་གྱུར་པ་ན། །བསྲུབ་དང་བསྲུབ་པའི་སྦྱོར་བ་ཡིས། །དཔའ་བོ་སོགས་ཀྱང་སྔོན་བཞིན་དུ། །རང་གི་ལུས་ལ་གནས་བྱས་ནས། །དཀྱིལ་འཁོར་ས་ལ་ཉལ་བར་བྱ། །དེ་བཞིན་དུ་ནི་
ཡང་གསུངས་པ། །གཙོ་བོའི་སློབ་མ་དང་བཅས་པ། །ཡོན་ཏན་རྒྱ་མཚོའི་བྱེ་བྲག་ཤེས། །ཡེ་ཤེས་དཀྱིལ་འཁོར་ལ་བལྟས་ནས། །དཀྱིལ་འཁོར་ས་དང་ཉེ་བར་ཉལ། །ཞེས་སོ། །དེ་རྣམས་ནི་ལྷག་པར་གནས་པའི་ཆོ་གའོ།། །།དེ་ཡི་རྗེས་སུ་སློབ་དཔོན་ནི། །ལྷ་
རྣམས་ཀྱིས་ནི་རབ་བསྐུལ་ནས། །གཉིད་ལས་སད་པར་གྱུར་ནས་ནི། །རང་ལ་བཅུག་པའི་དཀྱིལ་འཁོར་ཡང་། །ཕྱེ་ནས་ནམ་མཁའ་ལ་དམིགས་ཏེ། །དེ་བཞིན་གླུ་དང་སྒྲ་ལ་སོགས། །སྤོས་ལ་སོགས་པས་མཆོད་བྱས་ནས། །སློབ་མ་བོས་ལ་རྨི་ལམ་དྲིས། །ངན་ན་སྦྱིན་སྲེག་
ལ་སོགས་བྱ། །དེ་ནས་ཡེ་ཤེས་ཐིག་གདབ་སྟེ། །གཞོན་ནུ་མ་བྱས་སྐུད་པའམ། །དེ་བཞིན་དཔའ་བོའི་རིན་གྱིས་ཉོས། །སྐྲ་ཤད་སོགས་མེད་ལེགས་དག་པ། །དཀར་པོ་ལ་སོགས་ཁ་དོག་ལྔ། །གཙོ་བོར་བྱས་ལ་ཡང་དག་པར། །ཐིག་སྐུད་ལྔ་ནི་བསྒྲིལ་བར་བྱ། །སྦོམས་སུ་སྒོ་ལས་
ཉི་ཤུར་ནི། །གཅིག་གིས་མ་ཚང་ཚད་ཅན་ནོ། །དེ་ནི་མདུད་པར་མི་འགྱུར་ཕྱིར། །ཤིང་ལ་སོགས་ལ་དཀྲིས་བྱས་ཏེ། །གསེར་ལ་སོགས་པའི་སྣོད་བཞག་ནས། །དྲི་དང་མེ་ཏོག་ཡང་དག་བརྒྱན། །རིགས་ལྔའི་ས་བོན་ཡི་གེ་གསུམ། །སྭཱ་ཧཱར་སྤེལ་ལ་ཐིག་སྐུད་ནི། །སོ་སོ་
རང་རང་ལ་བསམས་ནས། །ཡེ་ཤེས་པ་ཡི་ཚུལ་གྱིས་ནི། །དེ་བཞིན་སངས་རྒྱས་ཀུན་རང་བཞིན། །དཔལ་ཧེ་རུ་ཀ་དེ་བཞིན་དཔལ། །རང་གི་ལྷ་མོ་རྣམས་དང་ལྡན། །ཧཱུཾ་གི་ཡི་གེ་འབའ་ཞིག་ལས། །ཐིག་སྐུད་ལ་བསམས་བློ་ལྡན་པས། །སྐུ་གསུང་ཐུགས་ནི་

གཟུགས་ཉིད་ཕྱིར། །ཐམས་ཅད་ཀྱི་འདིར་ཆོ་ག་གསུངས། །ཐུན་མོང་དུ་ནི་མཉམ་དོན་དུ། །ཡེ་ཤེས་ལྔ་ཡི་རང་བཞིན་བྱ། །མིག་དག་ལ་ནི་ཛཿཡིག་གི། །སེར་པོ་ཉི་ཟླ་དག་བཀོད་ནས། །ཨོཾ་དཱིཔྟ་དྲྀཥྚི་ཀུ་ཤི་ཛཿ། ཞེས་བརྗོད་ལྕགས་ཀྱུའི་
རྣམ་པ་ཡིས། །སྤྲོས་པའི་འོད་ཟེར་སྤྲིན་ཚོགས་དང་། །དེ་ཉིད་སླར་ཡང་བརྗོད་པར་བྱ། །དཔལ་ཧེ་རུ་ཀ་སོགས་ཀུན་དེ། །འབར་བའི་ལྟ་བས་བལྟས་པ་ཡིས། །ལྷ་ལ་མཆོད་པ་བྱེད་བཞིན་པས། །བརྟུལ་ཞུགས་ཅན་གྱིས་འདི་ལྟར་བསྐུལ། །འཁོར་ལོའི་སྐུད་པས་རབ་ཏུ་
གསོལ། །བདག་གི་རྡོ་རྗེ་སྐུད་པར་ཤོག །འབའ་ལྟའི་ལྕགས་ཀྱུས་དྲངས་རྣམས་ཀྱིས། །དཔལ་ཧེ་རུ་ཀ་སོགས་རྗེས་གནང་བས། །རང་ཉིད་སྐུད་པས་རང་ལག་གིས། །སྒྲུབ་པོས་སྐུད་པ་ཀུན་དག་བྱ། །ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཱ་སརྦ་དྷརྨཿཨོཾ་པ་ར་སྤ་རཱ་ནུ་པྲ་བིཥྚ་སརྦྦ་དྷརྨཱཿ
ཨོཾ་ཨ་ཏྱནྟཱ་ནུ་པྲ་བིཥྚཿསརྦ་དྷརྨཱཿ། འདི་བརྗོད་ནས་ནི་དེ་ལ་དོན། དངོས་པོ་བཞིན་དུ་མངོན་བྱས་ནས། །གཡོག་དང་བཅས་པའི་སྒྲུབ་པ་པོས། །སྔགས་འདི་བཟླས་ཤིང་བསྒྲིལ་བར་བྱ། །སྔགས་ནི་ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། བསྒྲིལ་ནས་དེ་ནས་ཡང་དག་པར། །དེ་ལ་གསེར་
ལ་སོགས་སྣོད་དུ། །མེ་ཏོག་སྤོས་སོགས་ཀྱིས་ཡང་དག །སྔོན་བཞིན་ལེགས་པར་མཆོད་བྱས་ནས། །མིག་གཉིས་མ་ཊ་དག་གིས་ནི། །སྔོན་བཞིན་ཉི་ཟླར་བལྟས་ནས་ནི། །རྡོ་རྗེའི་ཁུ་ཚུར་བཅིངས་པ་ཉིད། །བརྟན་པར་བྱས་ལ་སྔགས་བཟླས་བྱ། །སྔགས་ནི་ཨོཾ་
བཛྲ་ས་མ་ཡ་སཱུ་ཏྲཱཾ་མཱ་ཏེ་ཀྲ་མ་ཧཱུཾ། བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །ཡི་གེ་གསུམ་གྱི་སྟོང་ཕྲག་གཅིག །སླར་ཡང་དཀྱིལ་འཁོར་ས་གཞི་ལ། །ཀུན་ནས་ཉེ་བར་བྱུགས་བྱས་ནས། །མེ་ཏོག་རྣམས་ཀྱིས་ལེགས་བརྒྱན་ཏེ། །མཁར་གནས་རྡོ་རྗེ་མཆོད་ཡོན་དབུལ། །
ལྷ་མོ་རྣམས་ཀྱིས་ལེགས་མཆོད་དེ། །གཏོར་མ་ཆེན་པོ་བྱིན་ནས་ནི། །བློ་ལྡན་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ནས་ཡི་གེ་བདུན་པའི་སྔགས། །རང་གི་ཡིད་ཀྱིས་བཟླས་པར་བྱ། །རང་དཔལ་ཧེ་རུ་ཀར་གྱུར་ནས། །ལྷན་ཅིག་བྱེད་པ་བསྐུལ་བྱ་བ། །དུམ་སྐྱེས་རང་

བཞིན་དུ་བྱས་ཏེ། །མངོན་སུམ་ཡང་དག་བྱིན་བརླབས་ནས། །རྡོ་རྗེའི་ཁུ་ཚུར་བཏེག་བཞག་ནས། །སྐུད་པ་དེ་ནི་གཡོན་པས་བཟུང་། །གྲོགས་པོའི་ལག་པར་བརྐྱང་བྱིན་ནས། །ཕྱོགས་ཀུན་དག་ནི་མཉམ་པར་བྱ། །ཨོཾ་ཛཿཛཿཛཿནི་བརྗོད་བཞིན་དུ། །དེ་ནས་གྲོགས་
པོས་བསྐུལ་བར་བྱ། །དེས་ཀྱང་ལག་གཡོན་ཁུ་ཚུར་གྱིས། །ལེགས་པར་བཟུང་ནས་དེ་བཞིན་བརྗོད། །རྒྱབ་ཀྱིས་འགྲོ་བས་སྐུད་དྲངས་ཏེ། །ཇི་ལྟའི་རིམ་པས་དྲང་བར་བྱ། །དང་པོ་ནུབ་དང་ལྷོ་ཡི་ནི། །སྒོ་རུ་སྒྲུབ་པ་པོ་གནས་བྱ། །ཤར་དང་བྱང་དུ་ཁ་ཕྱོགས་ནས། །
ལྟེ་བའི་ཕྱོགས་སུ་གཟུང་བར་བྱ། །སྔགས་པས་ལན་ནི་གང་བྱེད་པ། །དེ་བཞིན་སྒྲུབ་པོའི་གྲོགས་མཆོག་གིས། །ཡང་ནི་གཡོན་ནས་བསྐོར་ནས་སུ། །གསང་སྔགས་འདི་ནི་བརྗོད་བཞིན་པས། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཱཾ་མཱ་ཏི་ཀྲ་མ་ཧཱུཾ། དེ་བཞིན་ཤར་དུ་ཁ་བལྟས་
ནས། །དེ་ཡི་ས་ལ་བརྐྱང་ནས་ནི། །ཚངས་པའི་ཐིག་གཉིས་ཡང་དག་པར། །མཉམ་པར་གཞག་པས་རབ་བརྐྱང་བྱ། །སྔགས་པས་ཐིག་ནི་འདེབས་པ་ན། །དེ་བཞིན་གཤེགས་རྣམས་དེ་ཡི་སྒྲས། །མ་ལུས་ནམ་མཁའ་ཁྱབ་པ་ནི། །དེ་ལྟར་ལན་ཅིག་ཏུ་ནི་བསྐུལ། །
འདིར་ནི་སེམས་ཅན་དོན་དུས་ལ། །བབ་ཅེས་རྣམ་པར་བསམ་པར་བྱ། །བསྐོར་བ་ཡིས་ནི་དེར་འགྲོ་སྟེ། །སློབ་དཔོན་དང་ནི་གྲོགས་པོ་དང་། །གཡོན་པའི་སྤྱོད་པས་གཙོ་བོའི་ཕྱིར། །གཡོན་པའི་ཆོ་ག་ཐམས་ཅད་དུའོ། །དེ་ལྟར་ན་ཡང་ལྟོས་པ་ཡིས། །རྟོགས་པར་
དཀའ་བས་གཡས་སྐོར་བྱ། །རླུང་དང་དབང་ལྡན་གྲྭར་གནས་ནས། །མེ་དང་བདེན་བྲལ་ཁ་བལྟས་ནས། །སྔགས་པས་གྲུ་ཡི་ཐིག་གཉིས་ནི། །ཇི་ལྟའི་རིམ་པས་རབ་དྲང་བྱ། །དེ་ནས་མེ་རུ་གནས་པ་ཉིད། །དེ་བྱང་ཁ་བལྟས་དེ་བཞིན་དུ། །ལྟེ་བའི་ཕྱོགས་སུ་བལྟས་
ནས་ནི། །དེ་ལ་དབང་པོའི་ཕྱོགས་གདབ་བྱ། །དེ་ནས་རང་ཉིད་རླུང་གི་ནི། །ཕྱོགས་སུ་གནས་ནས་སྔོན་བཞིན་དུ། །སྔགས་པས་ལྷོ་རུ་མངོན་འཕགས་པས། །ཆུ་ལྷའི་ཕྱོགས་ནི་གདབ་པར་བྱ། །དེ་ནས་དེ་ཉིད་གནས་པ་དེ། །ཤར་དུ་མངོན་ཕྱོགས་ཡང་དག་གནས། །

བསྐོར་བ་ཡིས་ནི་འགྲོ་བྱས་ཏེ། །མཁས་པས་ལུས་ངན་དུ་གདབ་བྱ། །མེ་ཡི་ཕྱོགས་སུ་གནས་པ་ནི། །ནུབ་ཏུ་མངོན་ཕྱོགས་དེ་བཞིན་དུ། །གཤིན་རྗེ་རུ་ནི་ཐིག་གདབ་བྱ། །དེ་ནས་གྲུ་བཞི་པར་འགྱུར་རོ། །དེ་ནས་མཁས་པས་མཆོད་ལ་གཞག །ཡེ་
ཤེས་ཐིག་སྐུད་གཤེགས་སུ་གསོལ། །དེ་ནས་སྔོན་པོ་ལ་སོགས་ཚོན། །གསེར་ལ་སོགས་པའི་སྣོད་བཞག་སྟེ། །བཀང་ནས་ཆོ་གས་བརྩམ་པར་བྱ། །ཚོན་ལྔའི་རང་ཉིད་སྐུད་པ་ལ། །ཧཱུཾ་ལས་དཀྱིལ་འཁོར་གྱི་གདབ་པོ། །ཀུན་དུ་འཁོར་ལོ་ལེགས་ལྡན་པ། །བསམས་ནས་
དེ་ལ་ཐིམ་པར་བསྒོམ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །གཞན་དུ་ཨོཾ་ཡིག་གིས་སྦར་བས། །བདེན་པའི་བྱིན་རླབས་དག་གིས་ནི། །ཇི་སྲིད་རྡུལ་ཚོན་རྣམས་འབར་བྱ། །རྡུལ་ཚོན་མང་པོ་གང་གིས་ནི། །བདེན་པས་སེམས་ཅན་རྗེས་ཆགས་པས། །བདེན་པོ་དེ་
ཡིས་རྡུལ་ཚོན་ནི། །མངོན་པར་འབར་བར་འགྱུར་བར་ཤོག །རབ་ཏུ་སྦྱོར་བའི་སྟོབས་གོམས་པའི། །སྟོབས་ཀྱིས་གང་འབར་ཞེས་བྱར་ཤོག །དེ་ནས་ཡི་གེ་གསུམ་གྱིས་ཀྱང་། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བརྒྱ་རྩ་བརྒྱད་དུའོ། །
ཡང་དག་མཆོད་ནས་དེ་ནས་ཕྱིས། །ལེགས་མཆོད་བདག་པོའི་འབྱོར་ལྡན་པས། །བླ་མེད་ཤེས་རབ་བླངས་ནས་ནི། །རང་གི་དྲིལ་བུའི་སྒྲ་རྣམས་ཀྱིས། །མཚན་མ་ངན་སོགས་གང་ཡིན་ཏེ། །བསལ་ནས་དེ་ནས་རིམ་པ་ཡིས། །ཚོན་རྩི་དགྱེ་བའི་དུས་སུ་ནི། །ཡེ་ཤེས་ཐིག་
ནི་ནམ་མཁའ་ལ། །རྩ་བའི་སྔགས་བརྗོད་ནས་བཏེག་སྟེ། །བྲི་བ་ཟིན་ནས་ཕབ་ལ་བསྟིམ། །དབུས་སུ་ཚོན་གྱི་ཐིག་ལེ་དཀར། །དཀར་པོའི་ཅིག་ཤོས་ཤར་འདབ་ཏུ། །ལྗང་གུ་གཡོན་པའི་འདབ་མ་ལ། །དེ་བཞིན་དམར་པོ་རྒྱབ་འདབ་ལའོ། །གཡས་ཀྱི་འདབ་མར་སེར་
པོ་དགོད། །དེ་ལྟར་ཐིག་ལེ་ལྔ་པའོ། །ལག་པ་གཡོན་པས་རེག་ནས་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་བཛྲ་རཾ་ག་ས་མ་ཡ་ཨོཾ་ཨཱཿཧཱུཾ། ཁུ་ཚུར་གཡོན་པས་དབང་ལྡན་ནས། །རི་མོ་རབ་ཏུ་དབབ་པར་བྱ། །ཕྱི་ནས་ཇི་ལྟར་བདེ་བ་ཡི། །དཀྱིལ་འཁོར་ན་

གནས་སློབ་རྣམས་ཀྱིས། །དཀར་པོ་དམར་པོ་ལྗང་གུ་དང་། །སེར་པོ་ནག་པོ་དེ་བཞིན་མཆོག །ཕྱི་ལ་སོགས་པའི་ཚོན་རྩི་རྣམས། །རབ་རྣམས་སུ་རབ་ཏུ་གྲགས། །ཇི་ལྟར་ཕྱེ་བའི་དེའི་ཚད་ལས། །སྦོམ་མིན་ཕྲ་བ་མིན་དེ་བཞིན། །འཁྱོག་མིན་ཡོངས་སུ་འཁོར་བར་ནི། །
མཁས་པས་རི་མོ་དབབ་པར་བྱ། །དེ་བཞིན་དུ་ནི་ཡང་གསུངས་པ། །སྦོམ་པོ་ཡིས་ནི་ནད་དུ་འགྱུར། །ཕྲ་བ་ཡིས་ནི་ནོར་འཛད་བྱེད། །ཡོན་པོས་སྡང་བར་རབ་ཏུ་གྲགས། །ཆད་པ་ཡིས་ནི་འཆི་བར་འགྱུར། །གཞན་ཡང་གསུངས་པ། སྦོམ་པོ་ཡིས་ནི་ཕོ་བའི་ནད། །ཕྲ་བ་
ཡིས་ནི་ཟད་པར་འགྲོ། །དེ་ལ་སོགས་པའི་རྐྱེན་རྣམས་སུ། །བླ་མ་སློབ་མ་དག་ལ་འགྱུར། །དཀྱིལ་འཁོར་ཁྲུ་ནི་དྲུག་པ་ལ། །སྦོམས་སུ་མཐེའུ་ཆུང་ཚད་དུ་འདོད། །དཀྱིལ་འཁོར་ཀུན་གྱི་ཐུན་མོང་དུ། །སྒོ་ཡི་ཉི་ཤུ་ཆ་ཉིད་དོ། །ཚོན་དགྱེད་པ་ཡི་དབྱེ་བ་རྣམས། །
མངོན་རྟོགས་རིམ་པ་ལས་ཤེས་བྱ། །འོན་ཀྱང་དབུས་ཀྱི་མཚན་མ་ནི། །རྡོ་རྗེ་དང་ནི་གྲི་གུག་གོ། །ཐོད་པ་རྣམས་ལ་ཐོད་པ་སྟེ། །ལྷག་མ་རྣམས་ལ་གྲི་གུག་གོ། །ཆོས་འཆད་ཕྱག་རྒྱ་བསྐལ་བཟང་པོའི། །དཀྱིལ་འཁོར་བྲི་བའི་དུས་སུ་ནི། །རླུང་ལ་སོགས་པ་བྱུང་བ་ནི། །དེ་
ཕྱིར་དོན་དམ་པ་ཅན་གྱི། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཡང་ན་རལ་གྲིའི་རྩེ་མོའི་ཆར། །བསེ་ཤིང་འབྲས་བུ་ལས་བྱུང་བའི། །སྙིང་པོའི་ས་བོན་ཕཊ་བྲིས་ནས། །སྔགས་རིག་པ་ཡི་ཕྱི་རོལ་དུ། །སྟོབས་པོ་ཆེ་ཡི་འགྱིང་བས་སམ། །མཁའ་འགྲོ་རྒྱ་མཚོའི་འབྱོར་ལྡན་
པས། །རལ་གྲི་དེ་ཡིས་སྤྲིན་ལ་སོགས། །རླུང་ལ་མངོན་པར་ཕྱོགས་པས་ནི། །ཕཊ་ཅེས་བྱ་བ་བརྗོད་བཞིན་དུ། །ལན་ཅིག་ཁྲོ་བོའི་ལུས་ཀྱིས་ནི། །མཚོན་ཆའི་ཚུལ་དུ་མངོན་པར་བྱ། །སངས་རྒྱས་ཡིན་ཡང་ཉམས་པར་བྱེད། །འཇུག་པ་དང་ནི་འབྱུང་བ་ན། །གཏོར་མ་
བྱིན་ལ་བཅག་པར་བྱ། །དེ་ནས་མཚོན་གྱི་ཕྱེ་མ་ནི། །གནས་མིན་པ་རུ་ལྟུང་བ་རྣམས། །རས་ལ་སོགས་པས་ཕྱིས་ནས་ནི། །ཡི་གེ་བརྒྱ་པ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དབང་ལྡན་ནས། །བརྩམ་ལ་ཕྱི་ནས་བསང་གཏོར་བྱ། །དེ་ནས་ཚོན་གྱི་ལྷག་མ་རྣམས། །ཡེ་ཤེས་

པ་གཤེགས་གཞན་དུ་གཞག །དེ་ནས་དཀྱིལ་འཁོར་ཀུན་འཁོར་བར། །བདུག་སྤོས་རྣམ་པ་མང་པོ་དང་། །མར་མེའི་ཕྲེང་དང་མཆོད་པ་གཞན། །སྣ་ཚོགས་མེ་ཏོག་ཕྲེང་བ་རྣམས། །བླ་རེའི་སྟེང་ནས་དཔྱད་པར་བྱ། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །
ལག་གཡོན་ཡང་དག་རེག་བྱས་ནས། །དཀྱིལ་འཁོར་བདག་པོའི་གསང་སྔགས་ཀྱིས། །ལན་བདུན་དུ་ནི་བཟླས་པར་བྱ། །ཉི་མ་དགོངས་ཀ་དེ་ཉིད་ལ། །རང་ཉིད་ལྷ་བསྒོམ་སྔོན་སོང་བས། །གར་ཤེས་བུད་མེད་རྣམ་ལྡན་པའི། །གླུ་དང་སྒྲ་ལ་སོགས་ཀུན་གྱིས། །སངས་རྒྱས་
ཞིང་དུ་རྣམ་གནས་པ། །སངས་རྒྱས་ཀུན་དང་འཁོར་ཐམས་ཅད། །ནམ་མཁའི་ཕྱོགས་སུ་བཞུགས་རྣམས་དང་། །དཀྱིལ་འཁོར་པ་རྣམས་ལེགས་མཆོད་དེ། །འདི་ལྟར་བསྐུལ་ཞིང་སྤྱན་དྲང་བྱ། །ཕྱོགས་མ་ལུས་ཀུན་རྣམས་བཞུགས་པའི། །སངས་རྒྱས་བདག་ལ་དགོངས་
སུ་གསོལ། །རྡོ་རྗེ་ཆེ་བདག་ཆེ་གེ་མོ། །དཀྱིལ་འཁོར་བདག་གི་བརྟག་པར་བྱ། །དེ་ཕྱིར་སངས་རྒྱས་ཀུན་གཤེགས་ལ། །དེང་བདག་དངོས་གྲུབ་རབ་ཏུ་གསོལ། །དེ་ལྟར་བརྗོད་ནས་ཕྱག་བྱས་ཏེ། །ཐུགས་ཀའི་ཡེ་ཤེས་རྡོར་ཧཱུཾ་ལས། །ལྕགས་ཀྱུའི་རྣམ་པའི་འོད་
ཚོགས་ཀྱིས། །བཅོམ་ལྡན་དཔའ་བོའི་གཙོ་བོ་ནི། །སྤྲུལ་པ་གཟུགས་ཀྱིས་བཞུགས་པ་ལ། །ཁ་སྦྱར་གྱུར་པ་ཡང་དག་གནས། །དེ་ཕྱིར་ཡང་དག་བསྐུལ་བཀུག་ལ། །ཧཱུཾ་གི་ཡི་གེ་ལ་གཞུག་བྱ། །ནམ་མཁར་གནས་རྣམས་དང་ལྷན་ཅིག །དཀྱིལ་འཁོར་པ་ཀུན་རྣམ་
བསམས་ནས། །ཇི་ལྟའི་གནས་སུ་གཅིག་བྱས་པ། །ཧཱུཾ་གིས་བྱས་པར་ལན་ཅིག་བསྒོམ། །རི་མོ་ལ་སོགས་རྣམས་བཀོད་ལ། །དེ་ལྟར་རང་གི་དཀྱིལ་འཁོར་གཞུག །དཀྱིལ་འཁོར་དགོད་པའི་རིམ་པ་ནི། །མངོན་རྟོགས་ལས་ནི་ཤེས་པར་བྱ། །དཀྱིལ་འཁོར་ལྷ་
ཚོགས་བཀོད་ནས་སུ། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་བཛྲ་བེེ་གཱ་ཀྲ་མ་ཧཱུཾ། ཡང་ན་ཡི་གེ་གསུམ་དྲན་བྱ། །གལ་ཏེ་རྡུལ་ཚོན་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །སྔར་ནས་ཚོན་གྱིས་བྲི་བར་བྱ། །གལ་ཏེ་དེ་ཡང་མ་ནུས་ན། །དེ་དང་དེ་གནས་

སྔགས་བསྒོམ་བྱ། །ངེས་པར་ཧེ་རུ་ཀ་མགོན་པོ། །ཕྱག་རྒྱ་བཞི་དང་ལྡན་པ་བྲི། །ཅུང་ཞིག་དཀྱིལ་འཁོར་མ་རྫོགས་པར། །དེ་ཡི་དུས་ན་ཡོངས་རྫོགས་འགྱུར། །ལྷ་ཡི་འཁོར་ལོ་རྣམས་བཀོད་ནས། །འདི་ལྟར་སྤོས་ལ་སོགས་པས་ཀྱང་། །དཀྱིལ་འཁོར་པ་ཀུན་སོ་སོར་ནི། །
མངོན་དུ་བྱས་ནས་ཡང་དག་མཆོད། །གཙོ་བོའི་རྣལ་འབྱོར་དམིགས་བྱས་ནས། །ཁྲོ་བོ་ཧཱུཾ་ཞེས་བརྗོད་པ་ཡིས། །མེ་ཏོག་ཕྲེང་བ་ལེགས་བཟུང་ནས། །ཧཱུཾ་ཞེས་ཡང་དག་བརྗོད་བཞིན་དུ། །སྔགས་པས་དཀྱིལ་འཁོར་དུ་ཞུགས་ཏེ། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །
བལྟ་ཞིང་དྲིལ་བུ་བསྐྱོད་བྱས་ནས། །ལན་གསུམ་དུ་ནི་བསྐོར་བར་བྱ། །བསྐུར་བའི་མེ་ཏོག་ཕྲེང་བླངས་ནས། །བརྟུལ་ཞུགས་ཅན་གྱིས་སླར་ལ་ཡང་། །རང་གི་མགོ་ལ་བཅིང་བར་བྱ། །ཁྲོ་བོའི་ལྟ་སྟངས་ཡོངས་ལྡན་པས། །ནུབ་ལ་སོགས་པའི་སྒོ་བཞི་རུ། །གནས་ནས་
ཡི་གེ་གསུམ་བརྗོད་བྱ། །ཤར་ལ་སོགས་པའི་སྒོ་བཞི་ནི། །མོས་པས་ཡིད་ཀྱིས་དབྱེ་བར་བྱ། །སྒོ་འབྱེད་པའི་སྔགས་ནི། ཨོཾ་བཛྲཱོད་གྷ་ཊ་ཡ་ས་མ་ཡ་པྲ་བེེ་ཤ་ཡ་ཧཱུཾ་ཕཊ། དེ་ནས་བདུད་རྩི་ལྔ་ལྡན་པ། །དྲི་ཡི་ཆུ་དང་ཡང་དག་ལྡན། །དཔལ་ཧེ་རུ་ཀའི་མདུན་དུ་ནི། །དུང་
ཕོར་བཞག་ནས་དེ་ནས་ཡང་། །སྔགས་པ་རིག་མ་དང་བཅས་པ། །དེ་བཞིན་དཀྱིལ་འཁོར་དུ་ཞུགས་ནས། །དེ་ནས་རྗེས་གནང་བླངས་ནས་ནི། །རང་ཉིད་བྱིན་གྱིས་ཡང་དག་བརླབ། །རང་གི་མིང་ནི་བརྗོད་ནས་སུ། །ཡང་ནི་སྤྱི་བོས་ཕྱག་བྱའོ། །འོག་ནས་འབྱུང་བའི་
ཆོ་ག་འདིས། །ཇི་བཞིན་ལྷ་རྣམས་ཡང་དག་བསྐུལ། །མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད་པ་རྣམས། །རང་ཉིད་བྱུང་བ་མཐའ་ཡས་སྲིད་པའི་རང་བཞིན་རྣམས། །མ་ལུས་པས་བཏུད་སྣོད་ཀྱི་སྙིང་པོ་རྣམས། །ས་ཀུན་མ་ལུས་སྙིང་པོ་གཅིག་རྣམས་འདིར་སྤྱོན་ཅིག །
དེ་ལྟར་སྔགས་བདག་ཉིད་ཀྱིས་བསྐུལ། །བློ་དང་ལྡན་པས་ཡང་དག་དགུག །ཧཱུཾ་བཞི་པ་ཡི་གསང་སྔགས་ཀྱིས། །དཔའ་བོ་ཀུན་གྱི་སྔགས་ཀྱིས་ཀྱང་། །སྔགས་ནི་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨོཾ་གྲྀཧྞ་གྲྀཧྞ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་

ཕཊ། །སྔགས་པ་གསང་སྔགས་ཟློས་བཞིན་པས། །རང་ཉིད་ཧཱུཾ་ལས་ངེས་འཐོན་པའི། །འོད་ཟེར་རྣམས་ཀྱིས་བཀུག་པ་རྣམས། །ནམ་མཁའི་ཕྱོགས་ནས་བྱོན་པ་ནི། །དེ་རྣམས་རབ་ཏུ་བཞད་ཞལ་རྣམས། །རང་རང་གིས་དངོས་གྲུབ་བྱིན་ནས། །སེམས་
ཅན་ཀུན་ལ་བདེ་རབ་གསོལ། །འཁོར་ལོའི་མངོན་ཕྱོགས་བྱོན་ནས་ནི། །སྟེང་དུ་ཡང་དག་བཞུགས་བསམ་བྱ། །རྡོ་རྗེ་དྲིལ་བུ་ལེགས་བླངས་ནས། །དེ་ནས་སྔོན་གསུངས་བསྟོད་པའོ། །བཅོམ་ལྡན་བརྟན་པར་བྱོན་པ་ནི། །བཤེས་གཉེན་གྱིས་ནི་ཉེ་བར་གནས། །བསྒོམ་
པའི་དེ་ནས་ཐམས་ཅད་ནི། །རང་རང་གཟུགས་ལ་རབ་གཞུག་བྱ། །ཕྱག་རྒྱ་བཞིས་མངོན་རྒྱས་གདབ་པར། །ལྷ་ཡི་འཁོར་ལོ་ལ་བྱའོ། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །རང་རང་མདོག་དང་ཕྱག་མཚོན་ཆ། །སྤྲུལ་པའི་སྐུ་ཡི་གཟུགས་ཀྱིས་ནི། །ཕྱག་རྒྱ་ཆེན་པོར་
རབ་ཏུ་གྲགས། །དེ་ཡི་དབང་ནི་སྙོམས་འཇུག་པ། །སྒོམ་དོན་དེ་ཡི་བདག་ཉིད་ཅན། །མ་མོའི་གཟུགས་ནི་བཟུང་བ་ཡིས། །ཤེས་རབ་དམ་ཚིག་ཏུ་ནི་དྲན། །བྱང་ཆུབ་ས་བོན་རྫོགས་པ་གང་། །ཞིང་དང་བྱེད་རྒྱུའི་བདག་ཉིད་ཅན། །དེ་བཞིན་ཉིད་མཐའ་ལེགས་དག་པ། །ཆོས་
ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །སེམས་ཅན་ཕུང་པོ་མ་ལུས་པའི། །རྫོགས་པའི་བྱང་ཆུབ་ཐོབ་བྱེད་མ། །རྡོ་རྗེ་པདྨའི་རྩེ་བ་ཡིས། །ལས་ཀྱི་ཕྱག་རྒྱ་ཞེས་གྲགས་སོ། །འོན་ཀྱང་ལྷ་མོ་རྣམས་དེ་བཞིན། །དགའ་རོལ་དམ་ཚིག་ཏུ་ནི་དྲན། །རང་གིས་འབད་རྩོལ་སྐད་ཅིག་རྒྱ། །
ལས་ཀྱི་ཕྱག་རྒྱར་དེ་བཞིན་འགྱུར། །ཕྱག་རྒྱ་བཞིས་མངོན་རྒྱས་བཏབ་ནས། །རིམ་པས་རྒྱས་བཏབ་དེ་བཞིན་དུ། །རང་གི་ལྷ་མོས་དཔའ་དབང་ལ། །དཔའ་བོ་རྣམས་ལ་གཙོ་བོ་ཡིས། །དབང་བསྐུར་མངོན་པར་སྦྱིན་པར་བྱ། །བསམ་གཏན་ལེགས་མཉམ་གཞག་རྣམས་ཀྱིས། །
སེམས་ཅན་དོན་བྱེད་ལ་བརྩོན་པས། །སྤྲོས་ནས་དེ་ཉིད་ལ་གཞུག་བྱ། །ཕན་ཚུན་ཤིན་ཏུ་དབྱེར་མེད་པའི། །གཟུགས་ནི་ཐམས་ཅད་དུ་དམིགས་ནས། །དཀྱིལ་འཁོར་བདག་པོའི་གསང་སྔགས་ནི། །ཉི་ཤུ་རྩ་གཅིག་བཟླས་པར་བྱ། །དེ་ནས་དཀྱིལ་འཁོར་གྲུབ་པར་ནི། །

འགྱུར་བ་ལ་ནི་ཐེ་ཚོམ་མེད། །གཙོ་བོའི་གསང་སྔགས་བཟླས་པ་ཡི། །རྣམ་རྒྱལ་བུམ་པ་དེ་ནས་ནི། །དེ་ཉིད་ཀྱིས་ནི་མདུན་བཞག་ནས། །ལྷག་མ་སྔགས་ཀྱིས་བསྔགས་པ་རྣམས། །དེ་རྣམས་ཁྱེར་ནས་འཁོར་ལོ་ཡི། །མཁས་པས་ཚོན་གྱི་ཕྱི་རོལ་དུ། །གྲྭ་བཞིར་ཇི་ལྟར་
འདོད་པ་ཡིས། །མཚན་མ་ལྡན་དེ་རྣམས་དགོད་བྱ། །དེ་ནས་མཆོད་ཡོན་སོགས་བྱིན་ནས། །གཡས་པའི་པུས་མོས་གནས་ནས་ནི། །སྤོས་ལ་སོགས་པས་ལེགས་མཆོད་ནས། །སླར་ཡང་ཡིག་གསུམ་བྱིན་བརླབས་པའི། །ལས་ཀུན་བྱེད་པའི་བུམ་པ་ཡིས། །སྣོད་
གཅིག་ཏུ་ནི་བསང་གཏོར་བྱ། །དམ་ཚིག་བཏུང་བ་ལ་སོགས་དང་། །བལྡག་དང་གཞིབས་པའི་ཟས་རྣམས་ཀྱི། །དེ་ནས་ཡི་གེ་གསུམ་གྱིས་ནི། །མངོན་པར་བསྔགས་ཏེ་འདི་ཡིས་ཀྱང་། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟཱ་ཡ་ཧོཿཞེས་བྱ་བས་ཀྱང་ངོ་། །དཔའ་བོ་རྣམས་ལ་
སོ་སོར་ནི། །བུམ་པ་ལ་ནི་གོས་ཟུང་དབུལ། །རྣམ་པར་བཀྲ་བའི་གོས་ཟུང་ནི། །བཟང་པོ་གཙོ་བོ་ལ་དབུལ་བྱ། །དེ་ནས་ཇི་ལྟར་ནུས་པ་དེ། ལྔ་ལས་ཉུང་བ་མི་བྱའོ། །སྔགས་པས་ལྷ་རྣམས་སོ་སོ་ལ། །ཉེར་སྤྱོད་ལྔ་རྣམས་ཀྱིས་མཆོད་བྱ། །དེ་ཡི་སྔགས་ནི་འདི་རྣམས་སོ། །
ཨོཾ་པུཥྤཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་དྷཱུ་པཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་དཱི་པཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་གནྡྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བྷ་ཀྟཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྷ་དང་དབྱེར་མེད་པ་གཟུགས་ཀྱིས། །པི་ཝང་མ་སོགས་ཚུལ་གྱིས་ནི། །གསང་སྔགས་འདི་ནི་བརྗོད་བཞིན་དུ། །བློ་དང་ལྡན་པས་སྔོན་བཞིན་མཆོད། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ་སྱཱ་ར་ཏི་ཀྲྀ་ཌཱ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གདུགས་དང་རྒྱལ་མཚན་བ་དན་སོགས། །གལ་ཏེ་འབྱོར་ན་མཆོད་རྣམས་ཀྱིས། །གླུ་དང་རོལ་མོ་གར་སོགས་བཅས། །དགོད་དང་སྒེག་དགའ་སྤྲོ་རྣམས་ཀྱིས། །ཕྱི་དང་གསང་བའི་བྱེ་
བྲག་གམ། །མཆོད་པའི་རིགས་ཀྱི་ཚོགས་རྣམས་ཀྱི། །བརྟུལ་ཞུགས་ཅན་གྱིས་ཡང་དག་མཆོད། །དེ་བཞིན་དུ་ཡང་གསུངས་པས་ན། །འདི་ནི་མཆོག་གི་མཆོད་པ་སྟེ། །ཡིད་ཀྱི་དགའ་བས་འགུགས་པར་བྱེད། །དེ་ཕྱིར་ཀུན་བརྟགས་རྣལ་འབྱོར་གྱིས། །རང་ཉིད་ཀྱང་ནི་མཆོད་

པར་བྱ། །ཞེས་སོ། །འཆད་པར་འགྱུར་བའི་སྔགས་འདི་ནི། །ལན་གསུམ་དུ་ནི་མཆོད་དེ་གནས། །མཆོད་པ་ཀུན་གྱི་རང་བཞིན་གྱིས། །མཆོད་པ་རྣམ་པ་སྣ་ཚོགས་བསྒོམ། །སྔགས་ནི། ཨོཾ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུདྦྷ་ཝེ་སྥ་ར་ཧི་མཾ་ག་ག་ན་ཁཾ་ཧཱུཾ་
ཕཊ་སྭཱ་ཧཱ། དེ་ནས་དམན་དང་ཆད་པ་ཡི། །སྐྱོན་ནི་བསལ་བར་བྱ་བ་སྟེ། །བཟླས་དང་བསམ་གཏན་བསྟོད་བྱས་ནས། །ཇི་ལྟར་དེ་བཞིན་མཁྱེན་པར་གསོལ། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་ཀྱང་ནི་དྲན་པ་ཡིས། །སྙིང་རྗེ་ཡིས་ནི་སེམས་ཅན་དོན། །དངོས་
གྲུབ་ཐམས་ཅད་མཛད་དུ་གསོལ། །ཞེས་སོ། །དེ་ཡི་སྒོ་ནས་ཕྱིར་འཐོན་ནས། །བཅོམ་ལྡན་ལྷན་ཅིག་འོངས་པ་ཡི། །ཕྱོགས་བདག་དབང་པོ་སོགས་ཀུན་ལ། །ངག་གིས་ཉེ་བར་སྙན་གསན་དབབ། །དེ་ལ་ངག་ནི་འདི་ཡིན་ཏེ། །གང་དུ་བཅོམ་ལྡན་འདས་ལྷན་ཅིག །
འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲེང་བཅས་འདིར། །གནས་པ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་གཟུང་བའི་ཕྱིར། །ཇི་ལྟར་རིག་པར་གྱུར་པ་འདི། །དྲི་དང་མེ་ཏོག་སོགས་གཏོར་མ། །སོ་སོར་བཞེས་ཏེ་སེམས་ཅན་ལ། །བྱམས་
པའི་སེམས་དང་སློབ་མ་ལ། །བགེགས་མེད་པར་ནི་མཛད་དུ་གསོལ། །ཞེས་སོ། །དེ་ནས་དེར་གནས་ལ་འདི་ལྟར། །ཆུ་ཁྱོར་གསུམ་གྱིས་མཆོད་ཡོན་སྦྱིན། །ཉེ་བར་སྤྱད་པ་ལྔ་བླངས་ལ། །བདུད་རྩི་ལྔ་དང་ལྡན་གཏོར་མ། །ཡིག་གསུམ་མངོན་པར་བཟླས་པ་ཡིས། །དེ་
ཉིད་བརྗོད་པས་སྦྱིན་པར་བྱ། །མཆོད་པ་སྦྱིན་པར་བྱས་ནས་ནི། །ཕྱོགས་ཀྱི་གཏོར་མ་བྱིན་དེ་ནས། །དེ་ནས་དྲི་ཞིམ་ཡན་ལག་བཀྲུས། །རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ནས། །དང་པོ་ལྷ་རྣམས་ཚིམ་བྱའི་ཕྱིར། །ཞི་བ་ཡི་ནི་སྦྱིན་སྲེག་བྱ། །དེ་ལ་འདི་ཡི་ཆོ་ག་འདི། །ཇི་
ལྟར་དམན་ཤེས་བཙུན་མོ་བླང་། །རང་གི་ལྷ་མོའི་དབྱིངས་སུ་བསམ། །དེ་ཡི་དཀྱིལ་འཁོར་གྱི་ནང་དུ། །གནས་ནས་དབང་ལྡན་སྙོམས་འཇུག་ཉིད། །སྙིང་གར་ཡེ་ཤེས་ཀྱི་ནི་ལྷ། །གཉིས་ཀ་ལ་ཡང་ལེགས་བསམས་ནས། །ཐབ་ཁུང་ཧ་ལས་སྐྱེས་དེ་བཞིན། །མེ་འབར་

ལྟ་བུའི་དབུས་སུ་ནི། །ལྕེ་ནི་ཧཱུཾ་ལས་སྐྱེས་དེ་བཞིན། །རྣམ་པར་བསམས་ནས་མར་བསྲེས་པའམ། །མར་ཁུ་ཆེན་པོས་མཆོད་པ་སྟེ། །བདུད་རྩི་ལྔ་ལ་སོགས་ལྡན་པ། །བློ་ལྡན་སྟོན་མོའི་སྦྱིན་སྲེག་བཟའ། །ཕན་ཚུན་འཁོར་ལོའི་ཐབ་ཁུང་འདིར། །བདེ་བས་མ་ཚིམ་
བར་དུ་བསྲེག །གང་གིས་འདི་ལྟར་མི་བཟོད་པ། །དེ་ཚེ་ཕྱི་རོལ་སྦྱིན་སྲེག་འདོད། །ཞི་བའི་སྦྱིན་སྲེག་ཆོ་ག་ཡིས། །བྱས་ནས་དེ་ནི་ལེགས་པར་བསྡུ། །འོན་ཀྱང་གསང་བའི་ཆོ་ག་ཡིས། །མཐུན་པས་ཉེ་བར་འགྱུར་བ་ཡིན། །དེ་བཞིན་ལྷ་རྣམས་ཕྱི་རོལ་གྱི། །སྦྱིན་སྲེག་
གིས་ནི་འགྲོ་བ་ཡིན། །དེ་ནས་ཕྱི་དང་གསང་རྣམས་ཀྱི། །མཆོད་པ་རྣམས་ཀྱིས་ལེགས་པར་མཆོད། །དེ་ནས་རང་སེམས་བརྟན་བྱའི་ཕྱིར། །དཀྱིལ་འཁོར་པོ་རྣམས་སོ་སོ་རུ། །བདག་ལ་མངོན་སུམ་དུ་བྱས་ནས། །སློབ་མ་རྣམས་ལ་རྗེས་བརྩེའི་ཕྱིར། །ཐམས་ཅད་
མཉེས་ནས་གཟིགས་པར་བསམ། །དེ་ཡི་རྗེས་སུ་སློབ་དཔོན་ནི། །རང་གི་རིག་མ་དང་བཅས་དྲངས། །མདོར་བསྡུས་པ་ཡིས་ལེགས་བླངས་ཏེ། །ཐོག་མར་གསུམ་ལ་སྐྱབས་འགྲོ་སོགས། །བྱང་ཆུབ་སེམས་ནི་རབ་བསྐྱེད་དེ། །དེ་ནས་དཀྱིལ་འཁོར་དུ་འཇུག་བྱ། །
དེའི་རིམ་ཇི་ལྟར་འདི་ཤེས་བྱ། །བློ་ལྡན་བསྡུས་པའི་ཆོ་གས་སོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཨོཾ་སརྦ་ཡོ་ག་ཀཱ་ཡ་ཝཱ་ཀ་ཙིཏྟ་མུཏྤཱ་ད་ཡ་
མི་ཤེ་ཥ་ན་ཨ་བ་ཤེ་ཥ་སཏྭ་དྷཱ་ཏུ་ཧི་ཏ་སུ་ཁོཏྟ་མ་སིདྡྷི་མ་ཧེ་ཤྭ་རཱ་ཡ་རཱ་ཛ། མེ་ཏོག་ཕྲེང་བ་ལག་བླངས་ཏེ། །ལག་གཉིས་ཐལ་མོ་སྦྱར་བར་བྱ། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། །སྔགས་འདི་བརྗོད་བཞིན་པ་ཡིས་སོ། །ཨ་ཁཾ་བཱི་ར་ཧཱུཾ་མ། ཨོཾ་བཛྲ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ།
ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཞེས་བྱ་བསོ། །གཙོ་བོའི་སློབ་དཔོན་དག་གིས་ནི། །དཔའ་བོའི་དབང་ཕྱུག་གཟུགས་བཟུང་ནས། །དེ་ཕྱིར་འཇུག་པའི་དུས་སུ་ནི། །དེ་ཚེ་སློབ་མས་འདི་ལྟར་བརྗོད། །ཨོཾ་པྲ་དྲྀ་ཤྱ་བྷ་ག་བཱན་མ་ཧཱ་མོཀྵ་པུ་རཾ་པ་ར་མ་སརྦ་སིདྡྷི་སུ་ཁཾ་ར་མྱཾ་བ་ར་མ་སུ་ཁོཏྟ་མ་

སིདྡྷྱ་ཛཿཧཱུཾ་བཾ་ཧོཿསིདྡྷྱ་དྱ། གཉིས་ཞུགས་ནས་ནི་ཕྱག་བྱེད་ཅིང་། །དེ་ཡི་རོལ་ཞིང་དགའ་བས་བསྐོར། །དེ་ལྟར་ཕྱག་བྱ་དེ་ནས་ཕྱིས། །བསྐོར་བ་གསུམ་ནི་བྱ་བ་ཡིན། །སླར་ཡང་དེ་ནས་མདུན་དུ་འདུག །འདི་ཡང་སྔགས་པས་བརྗོད་པར་བྱ། །
རྒྱུད་གཞན་ལས་ནི་རབ་གྲགས་གང་། །དེ་ཉིད་བདག་དེ་ལྷན་ཅིག་བརྗོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེན་པོ། །ཡེ་ཤེས་ཆེན་པོ་ལས་ཆེན་པོ། །རྡོ་རྗེ་སེམས་དཔའ་རབ་བསྒྲུབ་འགྱུར། །ཞེས་བྱ་བའོ། །བདུད་རྩི་ལྔ་ཡི་ཆུ་འཐུངས་ནས། །དེ་ནས་
སྙིང་ག་ཟླ་དཀྱིལ་ལ། །ཨཱཿཡིག་དམར་པོ་བསམ་བྱས་ནས། །དེ་རྗེས་བྱེད་པའི་འོད་རྣམས་ཀྱིས། །ཡན་ལག་ཉིང་ལག་ཀུན་བཀང་སྟེ། །བརྟུལ་ཞུགས་ཅན་གྱིས་དེ་བརྗོད་བཞིན། །དཔའ་བོའི་དབང་ཕྱུག་རྗེས་ཞུགས་ནས། །དཔའ་བོས་ཡང་དག་བྱིན་གྱིས་བརླབས། །རྡོ་རྗེ་
ཕག་མོ་དེ་བཞིན་དུ། །བཙུན་མོ་ཡང་དག་བྱིན་བརླབས་པར། །བསམས་ནས་ཏིཥྛ་བཛྲ་ཞེས། །ཡི་གེ་བརྒྱ་པས་བརྟན་པར་བྱ། །དེ་ནས་ཕྱི་ནས་ཕྲེང་བ་དང་། །ལག་གཉིས་ཐལ་སྦྱར་ལ་གནས་པས། །བློ་ལྡན་དཀྱིལ་འཁོར་དུ་བསྐུར་བྱ། །གསང་སྔགས་འདི་ནི་བརྗོད་
པར་བྱ། །ཨོཾ་པ་ར་མ་སུ་ཁཱ་ཡ་ལ་ལི་ཏ་བི་ལཱ་ས་ན་མཱ་མི། བྷ་ག་ཝཱན་ཨ་ཁཾ་བཱི་ར་ཧཱུཾ་པྲ་ཏཱི་ཙྪ་ཀུ་སུ་མཱཉྫ་ལིཾ་ནཱ་ཐཱ་ཧོཿ། ཕྲེང་བ་བཅིང་བ་སོགས་བྱས་ནས། །ཧེ་རུ་ཀ་དཔལ་ཕྱག་བྱས་ཏེ། །ཤེས་རབ་ཡེ་ཤེས་དབང་ལ་སོགས། །ལུང་བསྟན་པ་ཡང་ཐམས་ཅད་དུ། །རྡོ་རྗེའི་བརྟུལ་
ཞུགས་མཐར་ཐུག་པར། །མདོར་བསྡུས་པ་ཡིས་ཐམས་ཅད་བླངས། །འཆད་པར་འགྱུར་བའི་རིམ་ཉིད་ཀྱིས། །རིག་དང་ལྷན་ཅིག་བྱས་ནས་ནི། །བྱེད་འགྱུར་རྗེས་སུ་གནང་བྱས་ཏེ། །རང་གི་འདོད་པས་བསྒོམས་དེ་ནས། །རྡོ་རྗེའི་གར་དང་ཉེར་སྤྱོད་སོགས། །མཆོད་པས་
ཡང་དག་མཆོད་བྱས་ནས། །དམ་ཚིག་གསུམ་གྱི་གླུ་རྣམས་གང་། །སྙན་པའི་སྒྲ་རྣམས་ཀྱིས་དེ་བཞིན། །ཡང་དག་མཆོད་བྱས་དེ་ནས་ཕྱིས། །དེ་ལ་གླུ་འདི་བླ་མེད་པའོ། །ནམ་མཁའ་ལས་ནི་སྐྱེས་པའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །དམ་ཚིག་སེམས་དཔའ་རྡོ་རྗེ་

ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཆང་བ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་འགྱུར། །ཉེས་པ་མི་མངའ་རྟག་པ་ནི། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་
ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་གྲུབ་པར་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་འགྲུབ་ཤོག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་
ཕྱུག་ཆེ་མཆོག་ཕྱག་རྒྱ་ལྡན། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་ཕྱག་འཚལ་ལོ། །དེ་ནས་སློབ་མ་འཇུག་དོན་དུ། །མཁས་པས་འདི་ལྟར་མཁྱེན་པར་གསོལ། །བདག་མིང་ཆེ་གེ་ཞེས་བྱ་ཡིས། །ཧེ་རུ་ཀ་དཔལ་སློབ་དཔོན་ཆེ། །སངས་རྒྱས་བྱང་ཆུབ་སེམས་
ཀུན་གྱིས། །གསུངས་པའི་ཆོ་ག་དག་གི་ནི། །ཕུན་སུམ་ཚོགས་པའི་ཆོ་ག་ཡིས། །སེམས་ཅན་དོན་ནི་བདག་གིས་བགྱི། །དེ་ལ་རྗེས་གནང་སྩོལ་མཛོད་ལ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །དེ་ནས་དེ་རྣམས་ཀྱིས་རྗེས་
གནང་། །བདག་གི་རྗེས་སུ་བསམ་པར་བྱ། །ཚིགས་སུ་བཅད་པ་འདི་ཉིད་ཀྱིས། །བདེན་པའི་བྱིན་རླབས་བརྗོད་པར་བྱ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཉིད། །དམ་ཚིག་མཆོག་རྣམས་ཀྱི་སྐུ་མཆོག །
བྱུང་དང་འབྱུང་བར་འགྱུར་བ་ཡི། །དེ་བཞིན་གཤེགས་རྣམས་ཁྱེད་ཀྱིས་སྒྲུབ། །བདེན་པ་འདི་ཡིས་བདག་མགོན་པོ། །འདོད་པ་ཁྱོད་ཀྱིས་རྫོགས་པར་མཛོད། །བདེན་པའི་བྱིན་གྱིས་བརླབས་ཕྱི་ནས། །བློ་དང་ལྡན་པས་འདི་མཆོད་བྱ། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་།
དམ་ཚིག་ཀྱང་ནི་དྲན་པ་ཡིས། །བརྩེ་བས་སེམས་ཅན་ཀུན་གྱི་དོན། །དངོས་གྲུབ་ཀུན་ཕྱིར་མཛད་དུ་གསོལ། །ཞེས་བྱའོ། །དེ་ནས་སློབ་མ་དབང་བསྐུར་འོས། །དེ་བཞིན་རང་གི་རིག་དང་བཅས། །སྔར་བཤད་པ་ཡི་སྔགས་ཉིད་ཀྱིས། །དཔལ་ལྡན་ཧེ་རུ་ཀ་གཟུགས་ཀྱི། །ཡིག་

གསུམ་ཡང་དག་བྱིན་གྱིས་བརླབ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། །རྣམ་པར་བཀྲ་བའི་གོས་ནི་གྱོན། །དེ་ཕྱིར་གཙུག་ཏོར་བགོས་པ་ཅན། །གདོང་གཡོགས་ནེ་ཏྲ་སོགས་བྱིན་ནས། །ལེགས་པ་ཡོན་ནི་བྱིན་པ་ཡིས། །རང་གི་རིག་མ་བཅས་བྱས་
ནས། །དེ་ཡིས་ཕྱག་ནི་བྱ་བ་ཡིན། །ཐོག་མར་རེ་ཞིག་ཤར་སྒོ་རུ། །ཐལ་མོ་སྦྱར་བ་བྱས་ནས་སུ། །དེ་ནས་རབ་ཏུ་བརྐྱང་བྱས་ནས། །གུས་པས་འདི་དག་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱོ་པསྠཱ་ན་ཡཱཏྨ་ནཾ་ནཱི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏཱ་ཀྵོ་བྷྱཱ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བའོ། །
བརྗོད་ནས་ལུས་ནི་ཐམས་ཅད་ཀྱིས། །དེ་ནས་རབ་ཏུ་འདུད་བྱའོ། །བཅོམ་ལྡན་སྙིང་གར་རབ་ཞུགས་པར། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །དེ་བཞིན་དུ་ནི་ལྷོ་ཡི་སྒོར། །དེ་ལྟའི་ཐལ་སྦྱར་སྙིང་གར་ནི། །བྱས་ནས་དེ་བཞིན་གསང་བའི་དབང་། །རིན་ཆེན་འདི་ཡིས་
བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཥེ་ཀཱ་ཡཱཏྨ་ནཾ་ནཱི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་རཏྣ་སམྦྷ་བཱ་བྷི་ཥཉྩཱི་དྷི་ཏིཥྛ་སྭ་མཱཾ། ཞེས་བྱའོ། །འདི་ལྟར་བརྗོད་ཅིང་དཔྲལ་བ་ཡིས། །བློ་དང་ལྡན་པས་ཕྱག་བྱའོ། །རིན་ཆེན་འབྱུང་ལྡན་རྡོ་རྗེ་ཡིས། །དེ་ལ་དབང་བསྐུར་རབ་བརྟག་བྱ། །དེ་
ནས་ནུབ་ཀྱི་སྒོ་རུ་ནི། །དེ་བཞིན་ཐལ་སྦྱར་སྤྱི་བོ་རུ། །བྱས་ནས་འདི་སྐད་བརྗོད་བྱ་སྟེ། །མཆོད་པའི་ཆོས་ནི་རབ་བསྐོར་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་མ་ནཾ་ནཱི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏཱ་བྷ་ཝ་པྲ་བརྟ་ཡ་མཱཾ་ཞེས་སོ། །འདི་སྐད་བརྗོད་བཞིན་ཁ་ཉིད་ཀྱིས། །དེ་ནས་
རབ་ཏུ་འདུད་བྱའོ། །འོད་དཔག་མེད་ཀྱི་རང་བཞིན་གྱིས། །དེ་ཡི་མཐུ་སྟོབས་གྱུར་བརྟག་བྱ། །དེ་བཞིན་བྱང་གི་སྒོར་འདུག་ནས། །སྙིང་གར་ཐལ་མོ་སྦྱར་བྱས་ཏེ། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པའི། །གསང་སྔགས་འདི་ནི་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་
ཎེ་ཨཱཏྨ་ནཾ་ནཱིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷཾ་ཀུ་རུ་མཱཾ་ཞེས་བྱའོ། །འདི་སྐད་བརྗོད་ཅིང་མགོ་བོ་ཡིས། །བློ་དང་ལྡན་པས་ཕྱག་བྱའོ། །དོན་ཡོད་གྲུབ་པ་གསང་བ་ཡི། །མཆོད་པའི་ཐུགས་ལེགས་ལྡན་བསམ་བྱ། །བསྐྱོད་མེད་དངོས་ཕྱིར་མི་བསྐྱོད་པ། །བཅོམ་ལྡན་

དཔའ་བོ་འདྲེན་པ་པོ། །རིན་ཆེན་ཀུན་གྱི་འབྱུང་གནས་ཕྱིར། །དེ་ཉིད་རིན་ཆེན་འབྱུང་ལྡན་ནོ། །དེ་ནས་ཆོས་ནི་མཐའ་ཡས་པ། །དེ་བཞིན་འོད་དཔག་མེད་དེ་བརྗོད། །དངོས་གྲུབ་ཐམས་ཅད་སྟེར་བའི་ཕྱིར། །དོན་ཡོད་གྲུབ་པ་ཞེས་བྱར་གྲགས། །དེ་ཐམས་ཅད་ཀྱང་རིག་བྱས་
པས། །འོན་ཀྱང་འདི་ལྟར་མདོར་བསྡུས་པས། །མཁའ་འགྲོ་མ་སོགས་མཆོག་རྣམས་ཀྱིས། །བྱིན་གྱིས་བརླབས་པར་བསམ་བྱས་ནས། །མེ་ཏོག་བཅས་ལག་གིས་བླ་མར། །དེ་ཡིས་ཀྱང་ནི་ཕྱག་བྱས་ཏེ། །ཤར་སྒོར་མངོན་ཕྱོགས་པས་གནས་ནས། །འདི་སྐད་
གུས་པས་བརྗོད་པར་བྱ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་ཡང་ནི་བདག་ལ་སྩོལ། །རྡོ་རྗེའི་རིགས་ཀུན་བསྡུས་པ་ལ། །སློབ་དཔོན་ཆེན་པོ་བདག་གཞུག་མཛོད། །ཕྱིར་མི་ལྡོག་པའི་དབང་བསྐུར་བའི། །སྐལ་པ་ཆེན་པོ་བདག་ལ་སྩོལ། །དུས་གསུམ་
བཞུགས་རྣམས་སངས་རྒྱས་ཀྱི། །སངས་རྒྱས་བྱང་ཆུབ་གོ་འཕང་མཆོག །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །མཚན་ཉིད་དང་ནི་དཔེ་བྱད་དང་། །ནམ་མཁའི་འོད་སོགས་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །
དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བརྩོན་པས། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །དེ་ཡི་སྒོ་ལ་མངོན་ཕྱོགས་པས། །དེ་བཞིན་སློབ་དཔོན་གྱིས་གནས་ཏེ། །གང་ཞིག་རིག་ཀུན་མཁྱེན་པ་གསོལ། །དེ་ལ་རིམ་པ་འདི་ཡིན་ཏེ། །བདག་མིང་
འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སེམས་ནི་ཡོངས་བཟུང་དང་། །གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང་། །དམ་ཚིག་སྡོམ་པ་ནོད་པར་འཚལ། །དཀྱིལ་འཁོར་ཀུན་གྱི་དཔའ་བོ་ལ། །གུས་པ་ཡིས་ནི་གསོལ་བཏབ་པ། །དེ་ལྟར་སློབ་མ་ལ་བརྗོད་དེ། །དེ་ནས་གཞན་
ཡང་སློབ་མ་ལ། །གསང་བ་ཆེན་པོའི་རིགས་དགེ་བ། །གསང་ཆེན་ཡོངས་སུ་བཟུང་བ་རུ། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །བདག་ནི་འདོད་པར་བྱའོ་ཞེས། །དེ་ལྟར་བྱས་ནས་དེ་ནས་ཕྱིས། །རིགས་ལྔའི་དམ་ཚིག་བརྗོད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་

ཏེ། །རིན་ཆེན་གསུམ་གྱི་དམ་ཚིག་བསྟེན། །དེ་ལྟར་སངས་རྒྱས་རིགས་དག་ལ། །སྡོམ་པ་བརྟེན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་གྲོས་ཆེན་པོ་ཁྱོད་ཀྱིས་གཟུང་། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་
དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །
སྦྱིན་པ་རྣམས་བཞི་རྟག་སྦྱིན་བྱ། །ཕྱི་དང་གསང་བ་ཐེག་པ་གསུམ། །ཁྱོད་ཀྱིས་དམ་པའི་ཆོས་གཟུང་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་མཆོག་ཡིན་ནོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །རང་གི་དེ་ཉིད་
སོ་སོར་གཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །གཞན་ཡང་བཅུ་བཞིར་བཤད་འདི་རྣམས། །ཕས་ཕམ་པ་ཞེས་བྱ་བར་གྲགས། །རྩ་བའི་ལྟུང་བར་ཤེས་བྱ་སྟེ། །ཉིན་ལན་གསུམ་དང་མཚན་ལན་གསུམ། །ཉི་མ་རེ་རེར་འདོན་པར་གྱིས། །རྡོ་རྗེའི་སྤུན་རྣམས་
བཤེས་ཉིད་པས། །རྣལ་འབྱོར་རྣམས་ལ་བསྙེན་བཀུར་བྱ། །སྤང་ཞིང་དོར་བར་མི་བྱ་སྟེ། །ཇི་ལྟར་ནུས་པས་ཡང་དག་སྤྱད། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་ཡོངས་སུ་མི་སྤང་ཞིང་། །རྟག་ཏུ་མྱང་འདས་ལ་མི་དགའ། །གསང་བ་གསུམ་གྱི་ལྷ་རྣམས་ལ། །
བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །སྲོག་ཆགས་གསད་པར་མི་བྱ་ཞིང་། །མ་བྱིན་མི་བླང་ཉིད་དུ་བྱ། །འདོད་ལོག་སྤྱད་པར་མི་བྱ་ཞིང་། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བྱ་བ་མ་ཡིན་ཐམས་ཅད་སྤོངས། །
སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །ལེགས་པ་ཡིས་ནི་ཉེ་བར་གནས། །རྣལ་འབྱོར་གསུམ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ལས་ནི་རྣམ་བཞི་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཇི་ལྟར་ནུས་པས་རྗེས་སུ་སྐྱོངས། །འདི་དག་

དམ་ཚིག་ཡིན་པར་གསུངས། །ཁྱོད་ཀྱིས་ད་ལྟ་ཉིད་ནས་སྲུངས། །དེས་ཀྱང་འདི་སྐད་ཅེས་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོལ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་དུ་ནི་བདག་གིས་བགྱི། །དེ་ཉིད་འདི་ཡི་ཕྱི་ནས་ནི། །འདི་ཉིད་རིམ་པས་སྡོམ་པ་སྦྱིན། །
གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་རྣམས་དང་ནི། །དེ་སྲས་བདག་ལ་དགོངས་སུ་གསོལ། །
བདག་མིང་འདི་ཞེས་བྱ་བ་འདི། །དུས་འདི་ནས་ནི་རབ་བཟུང་སྟེ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་
འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དིང་ནས་
བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང་བགྱི་ཞིང་། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་
རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་
ནི། །ཡང་དག་ཉིད་དུ་གཟུང་བགྱི་ཞིང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་ནི་བདག་གིས་དགྲོལ། །མ་བསྒྲལ་

བ་ནི་བདག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཀཱ་ཡ་བཱཀ་ཙིཏྟ་མུཏྤཱ་དཡཱ་མི་ཤི་ཥྱ་ན་བ་ཤེ་ཥ་ས་ཏཱ་དྷཱ་ཏུ་ཧི་ཏ་སུ་ཁོཏྟ་མ་སིདྡྷི་ཨཏྱནྟ་བྷ་ཝ་སིདྡྷི་མ་ཧེ་ཤྭ་རྱཱ་དྷི་བ་དྱ་ཙ་ཡ། ཞེས་
བྱའོ། །འདི་ཡིས་སློབ་མ་བྱང་ཆུབ་སེམས། །བླ་ན་མེད་པ་བསྐྱེད་བྱས་ནས། །སྙིང་གར་རྡོ་རྗེ་བཞག་ནས་ནི། །སྙིང་པོ་འདི་ནི་བརྗོད་པར་བྱ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་སོ། །འདི་ཡིས་སློབ་མ་ལ་བསྐྱེད་པས། །འདོད་པ་ཐམས་ཅད་འགྲུབ་པར་འགྱུར། །
ས་མ་ཡ་སྟྭཾ་སྔགས་ཀྱིས་ནི། །མེ་ཏོག་ཕྲེང་བ་འབད་པས་གཟུང་། །དེ་ནི་སློབ་དཔོན་གྱིས་བཅུག་ནས། །ཡང་ནི་འདི་ལྟར་མཁྱེན་པར་གསོལ། །བདག་མིང་ཆེ་གེ་ཞེས་བྱ་བའི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་
གཞུག་པར་བྱ། །དཀྱིལ་འཁོར་སྙིང་པོ་འདི་ཉིད་དུ། །ཡེ་ཤེས་རྡོ་རྗེ་ཐོབ་བྱའི་ཕྱིར། །དེ་བཞིན་གཤེགས་ཀུན་གྲོང་ཁྱེར་དུ། །བདག་གིས་སློབ་མ་གཞུག་པར་བྱ། །ཨ་ཁཾ་བཱི་ར་ཧཱུཾ། ཞེས་བརྗོད་པས། །སློབ་མ་རབ་ཏུ་གཞུག་པར་བྱ། །དེ་ནས་ཕྱི་ནས་འདི་སྐད་དག །དམ་
ཚིག་སྐྱོང་བ་ཅན་སྨྲ་བྱ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། །
ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་བརྗོད་པར་མ་བྱེད་ཅིག་དམ་ཚིག་ཉམས་པར་གྱུར་ཏ་རེ། ལག་པ་གཡས་པས་རྡོ་རྗེ་ནི། །སྤྱི་བོར་བཞག་ལ་འདི་སྐད་བརྗོད། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ལ་ལར་ཁྱོད་འདི་སྨྲ། །ཁྱོད་ཀྱི་སྤྱི་བོ་འགས་པར་བྱེད། །རྡོ་རྗེ་སྙིང་
བཞག་འདི་བརྗོད་བྱ། །རྡོ་རྗེ་སེམས་དཔའ་རང་ཉིད་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚིག་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །དེ་ནས་བདུད་རྩི་ལྔ་ལྡན་པའི། །ཆུ་ནི་ཐོད་པར་གནས་པ་ལ། །སྙིང་པོ་ལན་ཅིག་ཡོངས་བཟླས་པས། །འཐུང་

དུ་གཞུག་པར་བྱ་བ་སྟེ། །བཛྲོ་ད་ཀཾ་ཞེས་བྱ་བའམ། ཨོཾ་ཨཱཿཧཱུཾ་ངོ་། །དེ་ནས་བློ་ལྡན་གྱིས་འདི་བརྗོད། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །
དཀྱིལ་འཁོར་མེད་ལ་གལ་ཏེ་སྨྲ། །སྐྱེ་བོ་ཚོགས་ནང་གནས་ནས་ནི། །མ་དད་བཞད་གད་ཀྱིས་མ་ཡིན། །དེང་ཚུན་ཆད་ཁྱོད་ཀྱི་མཁའ་འགྲོ་རྒྱ་མཚོ་ང་ཡིན་གྱིས། །ངས་འདི་གང་གྱིས་ཤིག་ཅེས་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཡ་ང་
བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཡང་སློབ་མས་འདི་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་བདག་ལ་དབབ་ཏུ་གསོལ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །མཁའ་འགྲོ་རྒྱ་མཚོ་
ཞེས་བྱར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་པ། །དེ་རིང་བདག་ལ་དབབ་ཏུ་གསོལ། །དེ་ཚེ་རྡོ་རྗེ་བབ་ཅེས་བྱ། །འདི་སྐད་རྟག་ཏུ་བརྗོད་བྱའོ། །གལ་ཏེ་བབས་པར་མ་གྱུར་ན། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དེའི་སྙིང་ཟླ་བ་ཁ་སྦྱར་ལ། །མཁའ་འགྲོ་རྒྱ་མཚོ་བསྒོམ་པར་བྱ། །
རྡོ་རྗེ་པདྨའི་ཏིང་འཛིན་གྱིས། །དེ་དག་གདབ་པ་ལས་བྱུང་བས། །ཨཱཿཡིག་དམར་པོའི་འོད་རྣམས་ཀྱིས། །དེ་ཡི་ལུས་ཀུན་ཀུན་ནས་དགང་། །དེ་ཉིད་ཡང་དག་བརྗོད་པ་ཡིས། །སྔར་བཞིན་དུ་ནི་རྗེས་འཇུག་བྱ། །སློབ་མ་རྗེས་སུ་གཟུང་བ་དེ། །རིག་དང་ལྷན་ཅིག་བསམ་པར་
བྱ། །དེ་ནས་ངེས་པར་བབས་པས་ནི། །ཡང་དག་བྱིན་བརླབས་སུ་འགྱུར་རོ། །དེ་ཉིད་ཡེ་ཤེས་དེ་ནས་དེའི། །ཡེ་ཤེས་སུ་ནི་ཡང་དག་བརྩམ། །ལྕེ་ལ་དམར་པོའི་ཨཱཿ་ཡི་གེ །དགོད་པར་བྱས་ལ་དེ་ནས་ཡང་། །སྨྲོས་ཤིག་རྡོ་རྗེ་ཞེས་སྨྲས་པས། །དགེ་དང་མི་དགེ་ཉིད་
འཆད་འགྱུར། །དེ་ནས་ཡང་ནི་དེར་བབས་ལ། །ཡི་གེ་བརྒྱ་ཕྱེད་བ་རྣམས་ཀྱིས། །བརྟན་པར་བྱས་ནས་དེ་ནས་ཕྱིས། །ཡང་དག་བྱིན་རླབས་བརྩམ་པར་བྱ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷཱ་ཝ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་

ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། ཞེས་བྱ་བའོ། །དཀྱིལ་འཁོར་འདི་རུ་ཡང་དག་པར། །བདག་གི་སློབ་མ་བཅུག་པ་ལ། །ཇི་ལྟའི་བསོད་ནམས་དེ་བཞིན་ཤོག །ལྷ་རྣམས་ཀྱི་ནི་རིགས་ཀྱི་རིམ། །གང་གི་རིགས་ཀྱི་སྣོད་ཡིན་པ། །གང་འདྲ་འདི་ཡི་དངོས་གྲུབ་འགྱུར། །གང་
འདྲའི་བསོད་ནམས་རྗེས་མཐུན་པའི། །དེ་འདྲ་དཀྱིལ་འཁོར་འདིར་གྱུར་ཅིག །སྔགས་བརྗོད་པ་ཡི་ཚིག་གིས་ནི། །མེ་ཏོག་ཕྲེང་བ་དོར་བར་བྱ། །འཕངས་པའི་མེ་ཏོག་ཕྲེང་བ་ནི། །ལྷ་ཡི་གནས་ལ་བབས་ཤེས་བྱ། །ཨོཾ་པྲ་བི་ཤྱ་ཀུ་ལཾ་མ་ཧཱ་བ་ལཾ། །ཞེས་བྱ་འདི་ཡི་ཕྲེང་བ་དེ། །
བླངས་ནས་སུ་ནི་དེ་ནས་ཡང་། །བདེན་པའི་བྱིན་གྱི་རླབས་འདི་ནི། །སྔགས་པ་མཁས་པ་ཡིས་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་སྐྱེ། །བདེན་པ་འདི་ཡིས་
དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ་བུར་སློབ་མ་ནི། །གསལ་ཞིང་སྡིག་མེད་མཐོང་བར་ཤོག །དེ་ནས་མིག་གཉིས་ཟླ་བ་ལ། །ཨོཾ་མོ་སྙིང་གར་ཟླ་བ་ལས། །བདག་པོ་ཡང་དག་དམིགས་བྱས་ནས། །དེ་ཡིས་མིག་བལྟས་འོད་རྣམས་ཀྱིས། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་
ཀྱི། །སྤྱན་དང་དབྱེར་མེད་རང་བཞིན་དུ། །ཡང་དག་དམིགས་ནས་དེ་ནས་ཕྱིས། །མིག་གཉིས་ལ་ནི་ལེགས་བཏུས་ཏེ། །ཡང་ནི་འཇུག་པར་བྱས་ནས་ནི། །དེ་ཡི་བཅིངས་པ་དགྲོལ་བར་བྱ། །མིག་འབྱེད་པ་ཡི་གསང་སྔགས་འདི། །ཇི་ལྟ་བ་ནི་བརྗོད་པར་བྱ། །ཨོཾ་བཛྲ་
ཌཱ་མཁའ་འགྲོ་རྒྱ་མཚོ་དེང་ཁྱོད་ཀྱི་སོགས་སོ། །ཀཱརྞ་བཱ་སྭཱ་ཡནྟེ་དྱ། ཙཀྵུ་རུདྒྷ་ཊ་ན་ཏཏྤ་ར། ཨུངྒྷ་ཊ་ཡ་ཏི་སརྦཱ་ཀྵོ། །བཛྲ་ཙཀྵུ་རཱ་ནུཏྟ་ར། ཞེས་བྱའོ། །གདོང་བཅིངས་པ་ཉིད་བཀྲོལ་བྱས་ནས། །ལན་ཅིག་ཏུ་ནི་དྲི་བར་བྱ། །ཁྱོད་ཀྱི་མིག་གིས་ཅི་མཐོང་གྱུར། །ཇི་ལྟ་བ་དེ་ངེས་པར་སྨྲོས། །དཀར་དང་སེར་དང་དེ་བཞིན་
དམར། །ལྗང་གུ་དང་ནི་ནག་པོ་ཉིད། །ཞེས་བྱའི་དངོས་གྲུབ་དེ་ཤེས་ནས། །དཀྱིལ་འཁོར་བསྟན་པ་སྨྲ་བར་བྱ། །ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བྱའོ། །དེ་ལྟར་བརྗོད་ནས་སླར་འདི་བརྗོད། །ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སྔགས་དང་ཕྱག་

རྒྱས་བྱིན་གྱིས་བརླབས། །སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེ། །མཐོང་བས་དངོས་གྲུབ་ཐམས་ཅད་འོང་། །ཕུན་སུམ་ཚོགས་པ་མངོན་དུ་འགྱུར། །དམ་ཚིག་བསྲུངས་ལ་དངོས་གྲུབ་སྟེ། །ཁྱོད་ཀྱིས་སྔགས་རྣམས་ལ་བརྩོན་བྱ། །ཇི་ལྟར་བསོད་ནམས་དག་སྟོབས་ལས། །
དཀྱིལ་འཁོར་མཐོང་བ་དེ་ནས་ནི། །སྣ་ཚོགས་འོད་ཟེར་འཕྲོས་པ་ཡིས། །དཀྱིལ་འཁོར་མཐོང་བར་ཐེ་ཚོམ་མེད། །དེ་ནས་ཧེ་རུ་ཀ་དཔལ་སོགས། །ཀུན་ནས་དེ་ཡི་དཀྱིལ་འཁོར་པ། །བསྟན་ནས་དེ་ནས་སྨྲ་བྱ་བ། །ལྷ་ཡི་དེ་ཉིད་བརྩམ་པར་བྱ། །གང་ཞིག་ཤྲཱི་གང་བླ་
མེད་དེའི། །རུ་ཉིད་ཀྱང་ནི་མེད་པ་ཡིན། །བརྗོད་དངོས་མེད་ལས་དེ་རྣམས་ཀུན། །དཔལ་ཧེ་རུ་ཀ་ཞེས་བྱར་གྲགས། །རྡོར་ཡེ་ཤེས་ལ་དབྱེར་མེད་ཕྱིར། །རྟག་ཏུ་སྡིག་པ་ལས་སྒྲིབ་དང་། །འདོད་ཆགས་དམན་པའི་སྦྱོར་བ་གང་། །རྡོ་རྗེ་སྔོན་སོང་ཅན་ཕག་མོ། །མཆོག་
ཏུ་འགྲོ་བའི་ངང་ཚུལ་ཕྱིར། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །དེ་ཡི་རིགས་ལྔ་པོའང་དེ་འདྲའོ། །གང་ཞིག་རྟག་ཏུ་གདུག་ཟ་བས། །ལཱ་མ་ཞེས་བྱར་དེ་བཞིན་དྲན། །དེ་རིགས་ལྔ་པོ་ཡང་དེ་འདྲ། །དེ་བཞིན་ཤེས་བྱ་གཞན་གཉིས་ཀྱིའང་། །དུམ་བུར་བྱེད་ཅིང་བསྐྱེད་
པས་ཀྱང་། །དུམ་སྐྱེས་མ་ཞེས་བྱ་བར་བརྗོད། །སྣ་ཚོགས་པ་ཡི་གཟུགས་འཛིན་ཕྱིར། །གཟུགས་ཅན་མ་ཞེས་རབ་ཏུ་བཤད། །གཞན་ཡང་གཙོ་བོའི་རྣམ་དག་པ། །བདུན་ཅུ་རྩ་གཉིས་ཕྱག་རྣམས་ནི། །རྒྱུད་དག་པར་ནི་རྣམ་པར་བརྗོད། །ཕྱག་བཞི་རྒོད་པ་ལ་སོགས་
པ། །བཞི་པོ་རྣམས་ནི་དག་པར་འདོད། །ཞལ་རྣམས་དག་པའི་དངོས་པོ་ནི། །ལྷན་སྐྱེས་རྫོགས་བྱང་ཆུབ་བཅུ་དྲུག །བཅུ་བདུན་པ་ཡི་ཞལ་དུ་བཤད། །སྲིད་དང་མྱ་ངན་འདས་ཞབས་གཉིས། །ཐམས་ཅད་རྒྱན་གྱིས་དག་པ་ནི། །ཆོས་དང་ཆོས་པའི་སྐྱེ་རྣམས་སོ། །
ལྷག་མ་ལྷ་རྣམས་ཐམས་ཅད་ཀྱི། །སོ་སོར་བརྗོད་པར་མི་ནུས་པས། །འཁོར་ལོ་བཅུ་གཉིས་དག་པ་ཡང་། །གནས་བཅུ་གཉིས་དང་ས་བཅུ་གཉིས། །རྡོ་རྗེ་འཆང་བ་སྒོར་གནས་རྣམས། །དེ་རྣམ་དག་པའི་ངོ་བོ་ཡིན། །ཡེ་ཤེས་ཆོས་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་

དག་པས་དཀྱིལ་འཁོར་བཞི། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་པ། །གང་ཕྱིར་དཀྱིལ་འཁོར་ཡང་དག་བཤད། །ཡེ་ཤེས་ཆོས་དང་ལོངས་སྤྱོད་རྫོགས། །ཀུན་ནས་ཀུན་དུ་མཉམ་པའི་ཕྱིར། །ཟླུམ་པོའི་དཀྱིལ་འཁོར་གསུམ་ཡིན་ནོ། །སྤྲུལ་པ་ཀུན་དུ་
འཕྲུལ་རྒྱས་པས། །དཀྱིལ་འཁོར་བཞི་པ་གྲུ་བཞི་པ། །ཡང་ན་མཐའ་བཞི་གཅོད་ཕྱིར་རོ། །རླུང་གཉིས་དབུ་མར་འདུས་པ་ལས། །སྐུ་གསུམ་དང་ནི་དགའ་བ་བཞི། །ཡེ་ཤེས་ལྔ་རྣམ་དག་པ་ནི། །དཀྱིལ་འཁོར་བཞི་རྩིག་ལ་རིམ་སྦྱར། །བཞི་པོ་ཀུན་གྱི་ཐུན་མོང་གི། །རྣམ་
དག་རྒྱས་པར་གསུངས་བཤད་བྱ། །བྱིན་གྱིས་བརླབས་པའི་ཐིག་ཡིན་ཕྱིར། །མཉམ་པའི་ཚད་མེད་པ་ལས་སོ། །ཚུལ་ཁྲིམས་སྡོམ་པ་བླ་མེད་པ། །རྒྱན་གང་ཡིན་པར་ཡང་དག་བཤད། །དད་པའི་དབང་པོ་སོགས་ཅན་སེམས། །རྩིག་པ་ལྔ་རུ་བྱུང་བ་ཡིན། །རྣམ་པར་ཐར་པ་
རྣམ་པ་བཞི། །གང་གིས་སྒོར་ནི་ཡང་དག་བཤད། །ཡང་དག་རབ་ཏུ་སྤོང་བ་བཞི། །རྟ་བབས་ཀྱི་ནི་ཀ་བར་བྱུང་། །དྲན་པའི་ཡེ་ཤེས་བཞི་རྣམས་ནི། །ཁ་ཁྱེར་བཞི་རུ་དྲན་པར་བྱ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །སྒོ་ཁྱུད་རྣམ་པ་བཞི་ཡིན་ནོ། །བྱང་ཆུབ་ཡན་ལག་
བདུན་ཕྲེང་བ། །བ་དན་མེ་ཏོག་ཕྲེང་བར་བརྗོད། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །ཏིང་འཛིན་གཉིས་སུ་བརྟགས་པ་ཡིན། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་བརྗོད་པ་ཡིན། །ཉོན་མོངས་ཐམས་ཅད་ཟད་བྱེད་པས། །དེ་བཞིན་དྲ་བ་ཞེས་བརྗོད་དོ། །ཡང་དག་
གཅོད་པའི་རབ་འཕྲོག་པ། །ཚོགས་གཉིས་ཀྱིས་ནི་སྦྱོར་བས་ཏེ། །ཉོན་མོངས་རྣམས་ཀྱིས་ཕྱེད་ཕྲོག་ཕྱིར། །དྲ་བ་ཕྱེད་པ་ཞེས་བརྗོད་དོ། །སངས་རྒྱས་ཀུན་གྱི་ཁང་ཆེན་རྣམས། །དུས་ཐམས་ཅད་དུ་ཀ་བར་བྱུང་། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ཀ་བ་བརྒྱད་ཅེས་བྱ་
བར་དྲན། །དེ་ཡི་དབུས་ཀྱི་པདྨ་གང་། །སྐྱོན་གྱིས་མ་གོས་པར་སྟོན་ཏོ། །འཁོར་ལོ་བཅུ་གཉིས་བཤད་པ་རྣམས། །ས་ཡི་མི་མཐུན་ཕྱོགས་སྤོང་བའོ། །ཡང་དག་བཤད་པའི་རྩིབས་འདི་རྣམས། །ཉོན་མོངས་ཉེ་བའི་ཉོན་མོངས་སེལ། །རྡོ་རྗེ་ལ་སོགས་ཕྲེང་བ་གང་། །གློ་བུར་

བ་ཡི་དྲི་མ་སེལ། །ཆ་ཤས་བཅུ་དྲུག་རྣམས་ཀྱི་བར། །དུར་ཁྲོད་དག་པར་ཤེས་པར་བྱ། །དཀྱིལ་འཁོར་དག་པ་ཐམས་ཅད་ཀྱང་། །འཁོར་བསྡུས་སྟོན་པ་པོ་ཡིན་ནོ། །ལྷག་མ་འཇིག་རྟེན་ཁམས་ཀྱིས་ནི། །རྣམ་དག་གསལ་དང་མི་གསལ་བའོ། །སངས་རྒྱས་ཡོན་ཏན་དེ་དག་
ཀུན། །དཀྱིལ་འཁོར་དུ་ནི་བརྗོད་པ་ཡིན། །སེམས་ཅན་ཀུན་དོན་བརྩོན་རྣམས་ཀྱིས། །རྫོགས་སངས་རྒྱས་ཀྱི་དེ་ཉིད་བསྟན། །དེ་ནས་བདག་པོའི་སྦྱོར་ལྡན་པས། །དབང་བསྐུར་དེ་ནས་ཁུ་ཚུར་གྱིས། །ཇི་ལྟའི་སྔགས་ནི་ཀློག་བཞིན་དུའོ། །ཨོཾ་ཨཱཿཧཱུཾ་བཛྲཱ་བྷི་ཥིཉྩ། དེ་
ནས་དེ་ཡི་མགོ་བོར་ནི། །རལ་པའི་ཅོད་པན་ཁྱབ་པར་བསྐོན། །གུས་པས་དབུ་རྒྱན་དབང་བསྐུར་བ། །དེ་ཡིས་རྗེས་མཐུན་བསམ་པར་བྱ། །དེ་ནས་རང་གི་མཚན་མའི་དབང་། །ལག་པ་དག་ཏུ་སྦྱིན་པར་བྱ། །སྔགས་པས་རང་མཚན་རྗེས་འགྲོ་བ། །ཇི་ལྟར་སྔགས་འདི་བརྗོད་
བཞིན་དུའོ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ན་རྡོ་རྗེ་ལའོ། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ། །དེ་ལྟར་གང་གིས་འདི་ཡི་མིང་། །ཀྱེ་སྒྲ་སྔོན་དུ་སོང་བས་བྱ། །ཤེས་རབ་ཐབས་ཀྱི་ཏིང་འཛིན་
ཡང་། །ཡང་དག་བསྟན་བྱ་དེ་ནས་ཕྱིས། །ཕྱག་རྒྱ་བཞི་ཡི་མན་ངག་ཡང་། །སློབ་མ་ཡིས་ཀྱང་དེ་ནས་ཕྱིས། །ཐལ་སྦྱར་བྱས་པས་སློབ་དཔོན་ལ། །གུས་པས་ཕྱག་བྱས་དེ་ནས་ནི། །ཕྲེང་བ་བཅིང་སོགས་ཀུན་བཟུང་ནས། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་སོ། །འདི་དེ་
སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །དེ་ནས་རྡོ་རྗེ་བཟུང་ནས་ནི། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་
ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱའོ། །བརྟུལ་ཞུགས་ཅན་གྱིས་འདི་བརྗོད་ནས། །དེ་ནས་དྲིལ་བུའི་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །གང་གི་

ལྷ་ཡིས་དབང་བསྐུར་བའི། །གང་དེའི་དངོས་གྲུབ་ཐེ་ཚོམ་མེད། །གང་རྣམས་ལྷ་ནི་མངོན་བྱས་པའི། །ལས་རྣམས་འབྲས་བུ་སྒྲུབ་པར་བྱེད། །རིག་པའི་དབང་གི་ཆོ་གས་སོ། །དེ་ལྟར་བྱས་ནས་དེ་ནས་ཕྱིས། །འཆད་པར་འགྱུར་བའི་རིམ་པ་ཡི། །ཆོ་ག་
ཡིས་ནི་ཡང་དག་བྱ། །གདན་ནི་པདྨའི་དཀྱིལ་འཁོར་རོ། །དེ་ནས་བདག་པོའི་སྦྱོར་ལྡན་པའི། །ང་རྒྱལ་དེ་ནས་བྱས་ནས་ནི། །འཆད་པར་འགྱུར་བའི་ཆོ་ག་ཡིས། །སློབ་མའི་གཙོ་བོ་གུས་པ་ཡིས། །དབང་བསྐུར་དོན་དུ་གསོལ་གདབ་པ། །བྱས་ནས་ཡང་ནི་དེ་ནས་རང་། །
ལངས་ནས་དེ་ནས་སློབ་མ་དེས། །པད་ཟླ་ལ་གནས་བསམ་པར་བྱ། །དེ་ནས་རང་ལྷའི་བསམ་གཏན་གྱིས། །བྱིན་གྱིས་བརླབ་པ་ལ་སོགས་གང་། །དེ་བཞིན་ཆུ་ཡི་དབང་བསྐུར་དང་། །སྔོན་དུ་མཁས་པ་ཡིས་བྱའོ། །ཁྱད་པར་དུ་ཡང་ཇི་ལྟར་འདིར། །གཙོ་བོའི་བུམ་
པའི་ཆུ་རྣམས་ཀྱིས། །དེ་སྔགས་སྔོན་དུ་བརྗོད་པ་གང་། །རྒྱུན་མི་འཆད་པར་དབང་བསྐུར་བྱ། །ཇི་སྲིད་རྣམ་རྒྱལ་བུམ་སོགས་ཀྱིས། །ཁྲག་འཐུང་སློབ་དཔོན་ཐོབ་བྱའི་ཕྱིར། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱའོ། །རང་གིས་གསང་སྔགས་ཀློག་བཞིན་དུའོ། །དེ་ནས་ཤེས་
རབ་ཅན་གྱི་དེ། །མགོ་བོར་ཅོད་པན་ཁྲག་འཐུང་ལྡན། །རྡོ་རྗེའི་ཕྲེང་བའང་རྣམ་བསམས་ནས། །སྔོན་བཞིན་དུ་ནི་དབང་བསྐུར་བྱ། །དེ་ནས་ཁྲོ་བོའི་རྡོ་རྗེ་སྦྱིན། །རྡོ་རྗེའི་དབང་བསྐུར་དུ་ནི་འདོད། །རྒྱུད་གཞན་ལས་ནི་རབ་གྲགས་གང་། །མཁས་པས་དེ་ཁོ་ན་འདི་བརྗོད། །
རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་རྣལ་འབྱོར་ཆེ། །ཀུན་ནས་མཁའ་འགྲོ་འབར་བའོ། །ཞེས་སོ། །ཧྲཱིཿབདག་པོ་ཡི་ནི་དབང་བསྐུར་ཀྱང་། །དྲིལ་བུ་བྱིན་ནས་དེ་དཀྲོལ་ཏེ། །ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་སོགས། །དེ་ནས་ཆོས་ནི་
རབ་བསྟན་བྱ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཐམས་ཅད་མཆོག་ཉིད་བསྒྲུབ་པར་བྱ། །དྷཱིཿཡང་ན་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་

དཔའ་ནི། །སྲིད་པའི་མཆོག་ཏུ་བྱེད་པར་འགྱུར། །དེ་ནས་དེ་བཞིན་མང་བཤད་པའི། །དབང་བསྐུར་བ་ཡང་བྱིན་ནས་ནི། །རིག་དང་ལྷན་ཅིག་ཏུ་བཞག་ནས། །དམ་ཚིག་རྗེས་སུ་བསྒྲགས་པར་བྱ། །ཤིན་ཏུ་སླ་བས་བདེར་གྱུར་དང་། །སྡུག་བསྔལ་མང་པོ་ཞི་བྱའི་ཕྱིར། །ཤིན་ཏུ་
དམ་པ་བདེ་བའི་ཐབས། །དམ་ཚིག་འདི་ནི་བདེ་བ་འགུགས། །འདོད་པ་ཀུན་གྱི་ལོངས་སྤྱོད་ཀྱིས། །ཇི་ལྟར་འདོད་པ་སྟེར་བར་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རང་གཞན་མཆོད་པ་ཉིད་དུ་བྱ། །ཇི་སྲིད་འཁོར་བའི་གནས་འདུག་པ། །རྟུལ་ཕོད་མང་པོར་གྱུར་པ་ཡིས། །
དེ་སྲིད་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་ནུས་པར་གྱིས། །གསང་མཆོག་དམ་ཚིག་གི་ནི་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབས་པས། །དངོས་གྲུབ་ཀུན་དབང་ཕྱུག་གྲུབ་པས། །སེམས་ཅན་དོན་ནི་རྟག་པར་གྱིས། །ཕྱག་རྒྱའི་དམ་ཚིག་མངོན་པར་
བཤད། །ཡིད་ཀྱི་སྐུ་ནི་བརྟན་པའི་ཕྱིར། །གང་གིས་ཐམས་ཅད་སྐུ་བརྟན་པ། །དེ་ཡིས་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་སོ། །དེ་ནས་དེ་བཞིན་ཉེར་གནས་ཉིད། །རིག་མ་སློབ་མ་ཡང་དག་ལྡན། །ཡིད་དང་རྗེས་མཐུན་ཟས་ལ་སོགས། །སྣ་ཚོགས་བཏུང་བ་འཐུངས་ནས་ནི། །
ཁ་ནི་ག་བུར་དྲིས་བསྒོ་བྱ། །ལུས་ལ་དྲི་ཞིམ་པོ་བྱས་ནས། །ཕན་ཚུན་དགོད་པ་ལ་སོགས་དང་། །དགའ་རོ་བདེ་བ་ཡང་དག་ལྡན། །དབང་གཉིས་ཡང་དག་ལེགས་སྦྱར་བ། །དེ་ཡི་དགའ་བའི་བདེ་ཤར་བས། །དེ་བཞིན་གཤེགས་སོགས་ཐམས་ཅད་ཀྱིས། །བཀྲ་ཤིས་གླུ་ལ་སོགས་
རྣམས་ཀྱིས། །བདག་ཉིད་ལ་ནི་བསྐུལ་བཞིན་པར། །རང་གི་རྣམ་པར་བསམ་པར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །གསང་གསུམ་གནས་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་སོ། །དེ་ལྟར་བརྗོད་
ནས་རྡོ་རྗེ་ལས། །པདྨར་ལྟུང་ཁར་ལེགས་པར་གཞུག །ཨ་ཧོ་སུ་ཁཾ་ཞེས་བྱ་བརྗོད། །རྡོ་རྗེ་ཡེ་ཤེས་བྱུང་གང་དེ། །དེས་ཀྱང་དགུག་པར་བྱ་བ་ཡིན། །འདི་ནི་ཤིན་ཏུ་གསང་ཆེན་དོན། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །རྡོ་རྗེ་དང་ནི་དྲིལ་སྒྲོགས་པས། །མཆོག་ཏུ་དགའ་བ་

བྱེད་རྣམས་ཀྱིས། །དེ་ཁོ་ན་ཉིད་འདི་བརྗོད་བྱ། །དབང་བསྐུར་བ་ནི་རང་ལ་སྦྱིན། །གང་དེའམ་དགའ་བའི་གཟུགས་ཀྱིས་སྙིང་ལ་བདེ་བ་བྱེད་པ་དེ་ཡང་ཀུན་དུ་རྟོག་པ་ཙམ། །གང་ཡང་ཆགས་བྲལ་རྒྱུ་ཡང་དེ་གཉིས་དེ་ཡི་སྲིད་པའི་རྩེ་མོའི་རྒྱུ། །ཇི་
སྲིད་བརྒྱ་ལ་ཡིད་ལ་རྣམ་པར་རྟོག་པ་འཕྲོ་བ་སྤངས་པའི་གཟུགས་དེ་སྲིད། །མྱ་ངན་འདས་པ་གཞན་ན་ཅུང་ཟད་ཀྱང་ནི་ཡོད་མིན་ཡུལ་ནི་རྣམ་པར་རྟོག་པའི་བདག་ཉིད་བསམ་པའོ། །འདི་ཡི་དེ་ཉིད་མི་ཤེས་པའོ། །སློབ་མ་རྣམས་ལ་བསྟན་མི་བྱ། །བློ་ལྡན་རྣམ་པར་རྟོག་མེད་
ལ། །ལེགས་པར་སྦས་པ་འདི་སྦྱིན་བྱ། །དེ་ནས་དེ་ཉིད་ལ་བཞག་ནས། །མཁའ་འགྲོ་མ་སོགས་པས་མཆོད་དེ། །སྔོན་བཞིན་ལེགས་པར་མཉམ་གཞག་པས། །དེ་ནས་རྡོ་རྗེ་དྲིལ་བྱིན་ཏེ། །དེང་ནས་བརྩམས་ནས་རྣལ་འབྱོར་པས། །རྒྱུད་ཀུན་ལས་གསུངས་རྣམས་ཀྱི་
ཡང་། །མ་ལུས་ལུས་པ་མེད་པ་ཡི། །ཆོ་ག་ཡིས་ནི་དཀྱིལ་འཁོར་བྲི། །ཇི་ལྟར་མངོན་པར་འདོད་པའི་ལྷའི། །རང་གི་འདོད་པས་འཇུག་པ་ཉིད། །རྣལ་འབྱོར་དམིགས་པའི་དངོས་གྲུབ་ནི། །ཐ་མ་དང་ནི་མཆོག་དང་འབྲིང་། །ཕྲ་མོ་ཡི་ནི་ལས་ལ་སོགས། །ཇི་ལྟར་
དེ་རྣམས་སྒྲུབ་པར་བྱེད། །རང་གཞན་བཤད་པའི་དངོས་གྲུབ་ཕྱིར། །དེ་ཡིས་འགྲུབ་པར་ཐེ་ཚོམ་མེད། །འདི་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ། །དེ་ལྟར་རྫོགས་པའི་སློབ་མ་ལ། །རྗེས་གནང་དབང་བསྐུར་བསྟན་པར་བྱ། །དཀྱིལ་འཁོར་ལས་ཕྱིར་ཁྲུ་གཉིས་ནི། །
དོར་བར་དེ་ཡི་ཕྱེད་ཅན་གྱི། །སྒོ་ཐམས་ཅད་ཀྱི་ཕྱོགས་སུ་ནི། །གྲུ་བཞི་པ་ལ་སྒོ་བཞི་ཅན། །དེའི་དབུས་སྣ་ཚོགས་པདྨ་ནི། །དཀྱིལ་འཁོར་དུ་བྲི་དེ་ལ་ནི། །ཤིན་ཏུ་འཇམ་པའི་གནས་འདུག་སྟེ། །མཁའ་འགྲོ་རྒྱ་མཚོའི་དཔལ་གཟུགས་ཀྱིས། །རང་བདག་པདྨ་ལ་གནས་པར། །
མཉམ་པར་གཞག་པས་བསྒོམ་པར་བྱ། །དེ་ནས་སློབ་མ་གུས་ཆེན་པོས། །ཡོན་གྱི་མཆོག་ནི་ཕུལ་བ་ཡི། །རང་རིག་དེ་བཞིན་ཕུལ་བྱས་ནས། །དེ་ལས་བྱུང་བའི་བྱང་ཆུབ་སེམས། །མཁའ་འགྲོ་མ་སོགས་ཀྱིས་མཆོད་ནས། །དེ་དང་ལྷན་ཅིག་བཟའ་བར་བྱ། །སློབ་དཔོན་

དབང་པོ་གཉིས་འཛོམ་ལ། །ཕྱག་འཚལ་བ་ཡིས་གསོལ་བ་གདབ། །བདག་མིང་རྡོ་རྗེ་ཆེ་གེ་མོ། །བྱང་ཆུབ་སེམས་རྣམས་སྒོམ་བྱེད་པ། །སློབ་དཔོན་ཞབས་ཀྱི་ཆུ་སྐྱེས་ལ། །དབང་བསྐུར་དོན་དུ་གསོལ་བ་འདེབས། །སློབ་དཔོན་གོ་འཕང་རྨད་བྱུང་བ། །སྐལ་བ་ཆེན་པོ་
བདག་ལ་སྩོལ། །དབང་བསྐུར་རྒྱལ་བ་རྣམས་ཀྱི་ནི། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །གང་གིས་བདག་སེམས་ཅན་ཀུན་གྱི། །རྙོག་པ་མེད་པས་དོན་བྱའོ། །ཁྱོད་ལེགས་བརྟུལ་ཞུགས་བཀའ་དྲིན་གྱིས། །སངས་རྒྱས་ཀུན་དོན་དོན་བྱའོ། །དེ་ལྟར་གསོལ་བཏབ་བློ་ལྡན་
པས། །དེ་ཚེ་སློབ་དཔོན་གྱིས་དེ་ནས། །ཡང་དག་བཞེངས་ནས་དབང་བསྐུར་བ། །དེའི་རིམ་འདི་ཡིས་བརྟག་པར་བྱ། །སློབ་མ་རང་ལྷའི་རྣམ་པ་རུ། །ཇི་ལྟར་སྔོན་བཞིན་རྫོགས་བྱས་ནས། །ཡིག་གསུམ་བྱིན་གྱིས་བརླབས་ནས་སུ། །པདྨ་ལ་གནས་རྣམ་པར་བསམ། །
སློབ་དཔོན་ནུས་པ་ལྡན་པའོ། །དེ་ཡི་དབང་བསྐུར་གྲུབ་བྱའི་ཕྱིར། །སྔོན་དུ་བསྙེན་པའི་གསང་སྔགས་སམ། །དེ་བཞིན་དུ་ནི་ཡིག་གསུམ་གྱིས། །སྔགས་པའི་ཡུངས་ཀར་རྣམས་ཀྱིས་ནི། །གསང་སྔགས་ལན་ཅིག་ཟློས་བཞིན་དུ། །ལྷ་ཡི་འཁོར་ལོ་ལ་བརྡེག་བྱ། །
དེ་ནས་ལྷ་རྣམས་རང་ཉིད་ནི། །བཀྲ་ཤིས་གླུ་ཡི་སྔགས་རྣམས་དང་། །དག་བྱེད་བུམ་པའི་ཆུ་རྣམས་ཀྱིས། །རིག་དང་ལྷན་ཅིག་ལངས་རྣམས་ཀྱིས། །དེ་ཡི་བླ་མེད་དབང་བསྐུར་སྦྱིན། །མེད་ན་བདུད་རྩིས་གང་བ་ཡི། །བུམ་པ་ལ་ནི་དེ་བཞིན་བརྡེག །རྒྱལ་བ་དག་གིས་གསུངས་པ་
ལྟར། །རང་ཉིད་ལ་ནི་དབང་བསྐུར་ཏེ། །གལ་ཏེ་ནུས་པ་མེད་གྱུར་ན། །རྣམ་པ་སྣ་ཚོགས་རྒྱལ་མཚན་དང་། །པི་ཝང་གླིང་བུ་རྔ་ལ་སོགས། །སྣ་ཚོགས་གོས་ཀྱི་ཚོགས་རྣམས་དང་། །རིན་ཆེན་རྒྱལ་མཚན་མཆོག་རྣམས་ཀྱིས། །དེ་བཞིན་གཤེགས་རྣམས་ཡང་དག་ལྡན། །
ནམ་མཁའ་གང་བར་བསྒོམ་པར་བྱ། །དེ་ནས་དེ་བཞིན་གཤེགས་ཀུན་གྱིས། །འདོད་ཆགས་ཆེན་པོ་ཞུ་ལྡན་པའི། །དེ་བཞིན་བདུད་རྩི་ལྔས་གང་བའི། །མཁའ་འགྲོ་མ་སོགས་པས་བདག་ཉིད། །ཡོངས་སུ་བསྐོར་བར་རྣམ་པར་བསམ། །རྣམ་པར་རྒྱལ་བའི་བུམ་པའི་ཆུ། །

བཀྲ་ཤིས་གླུ་རྣམས་དང་བཅས་པས། །གསང་སྔགས་འདི་ནི་བརྗོད་བཞིན་དུ། །སློབ་མ་འདི་ཡིས་དབང་བསྐུར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ཏྭཾ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ནྲེ་ན་དྲྀ་དྷོ་མེ་བྷ་བ་སིདྡྷྱ་ན་མ་སྟེ་བྷ་ག་བཱན་མ་ཧཱ་བཛྲ་དྷ་ར་སུ་ར་
ཏ་སྟཾ་ཨ་ཧཾ་བཛྲ་སཏྭ་ཨོཾ་ཨཱཿཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱའོ། །དབང་བསྐུར་ཉིད་ན་གཞན་རྣམས་ཀྱི། །མཁའ་འགྲོ་མ་དང་དཔའ་རྣམས་ཀྱིས། །ལུགས་འབྱུང་གཡོན་དུ་བསྐོར་བ་ཡིས། །སེམས་ཅན་དབང་ནི་བསྐུར་བཞིན་དུ། །ཤིས་པ་བརྗོད་པ་བསམ་པར་བྱ། །དེ་ནས་དབུ་
རྒྱན་དར་དཔྱང་སོགས། །གསང་བའི་མཐར་ཐུག་ཐོག་མ་བཞིན། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །མཁས་པས་སྦྱིན་པ་ཉིད་དུ་བྱ། །སྟན་དེ་ལ་ནི་རབ་བཞག་ནས། །འདི་ནི་ཕྲ་བའི་སྨྲ་བས་བརྗོད། །འདི་ནི་ཁྱོད་ཀྱིས་གཟུངས་མ་མཆོག །བསྟེན་བྱར་སངས་རྒྱས་
རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པས་སྦྱོར་བ་ཡིས། །བདེ་བ་ཡང་དག་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་བ་གསུམ་པོ་འདི་ཡིས་དག །དེ་ཕྱིར་འདི་དང་མི་འབྲལ་ཞིང་། །ཁྱོད་ཀྱིས་ནམ་ཡང་མི་གཏོང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་
ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པས་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ནས་ནི་གཏད་པར་བྱ། །མེ་ཏོག་ཕྲེང་དྲི་གོས་བརྒྱན་ནས། །གོས་མེད་པདྨ་གསལ་བསྟན་ནས། །དེ་ལ་འདི་སྐད་རིམ་པས་བརྗོད། །བུ་ཁྱོད་
ཀྱང་ནི་འདོད་དམ་ཅི། །དྲི་ཆེན་དྲི་ཆུ་སོགས་ཟ་ཞིང་། །ཤ་ཁྲག་ཁུ་བ་དེ་བཞིན་དུ། །དེ་བཞིན་གཞན་ཡང་བུད་མེད་གུས། །བྷ་གའི་པདྨོའོ་བྱེད་པ། །བུ་ཁྱོད་སྨྲོས་ཤིག་ཅི་བདེ་བར། །ཞེས་སོ། །ལྷ་མོ་ཅི་ཕྱིར་བདག་མི་འདོད། །ཁྲག་དང་ཁུ་བ་སོགས་ཟ་ཞིང་། །བུད་མེད་
རྣམས་ལ་བདག་གུས་བགྱིས། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་པར་བྱའོ། །དེ་ནས་དགའ་སྟེ་ཐབས་ཀྱི་བཞིན་ལ་བལྟ་ཞིང་ཙོག་པོར་འདུག་སྟེ་པདྨ་ཤིན་ཏུ་གསལ་བར་བསྟན་ཏེ། ཨ་ཧོ་བདག་གི་པདྨ་ནི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །གང་ཞིག་

ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་བདག་གནས་སོ། །ཇི་ལྟར་པདྨའི་དགོས་པ་ཉིད། །ཡང་དག་སངས་རྒྱས་མཉེས་བྱེད་སོགས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་ཡང་དག་ཞུགས། །བྷཉྫ་མོ་ཀྵ་ཧོཿཞེས་བརྗོད་པར་བྱའོ། །དེ་གཉིས་གཙོ་བོ་གཙོ་མོ་ཡི། །
རྣལ་འབྱོར་བྱས་ནས་མཁའ་གསད་བ། །བྱིན་བརླབས་ཙུམྦ་ན་སོགས་བྱ། །པདྨའི་རྩ་བཙལ་སོགས་བྱས་ཏེ། །ལྷན་སྐྱེས་བདེ་བ་མྱོང་བར་བྱ། །དེ་ཡང་བདག་གི་བླ་མ་ནི། །བག་མ་ལེན་པའི་རིམ་པས་མཛད། །དགའ་བ་རྟོགས་པར་ཤེས་ནས་ནི། །བླ་མ་སློབ་མས་
འདི་སྐད་བརྗོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །འདི་ཡིས་མངོན་པར་དབང་བསྐུར་བས། །སློབ་མ་ཡོན་ཏན་བདག་པོར་འགྱུར། །ཇི་ལྟར་ནུས་པས་བདེ་བ་བཟུང་། །པདྨ་ལྟུང་བ་བཟའ་བར་བྱ། །བདེ་བ་རྟོགས་པའི་དུས་སུ་ནི། །སློབ་དཔོན་སྙིང་
ག་ལས་བྱུང་བའི། །མཁའ་འགྲོ་མ་སོགས་དེ་སྙིང་ཞུགས། །དེ་ལྟར་བྱས་པས་བརྟན་གཡོ་ཡི། །བདེ་བས་སློབ་དཔོན་དུ་འགྱུར་རོ། །དེ་ནས་བརྩམས་ཏེ་འདི་དེ་ལ། །གསང་བ་མཆོག་ནི་བསྟན་པར་བྱ། །རྒྱུད་ཐམས་ཅད་དུ་གང་ཅུང་ཟད། །རྩས་ཤིང་བྲིས་པའི་ཕྱག་རྒྱ་ནི། །
དེ་ནས་དབང་གཉིས་སྦྱོར་བ་ཡིས། །དེ་ཉིད་གདན་ལ་རབ་བཞག་སྟེ། །ཕྱི་དང་གསང་སོགས་མཆོད་རྣམས་ཀྱིས། །ཡང་དག་མཆོད་ནས་དེ་ནས་གཞན། །གཟུགས་སོགས་གསང་བའི་མཆོད་རྣམས་ཀྱིས། །འདི་ལྟར་རིམ་པས་ཡང་དག་མཆོད། །དེ་ནས་དགའ་བཞིའི་
དབྱེ་སོགས་ཀྱིས། །བཞི་པར་བརྗོད་པ་བརྟན་པར་བྱ། །མེ་ལོང་དེ་ཡི་ང་རྒྱལ་ཅན། །འདི་ལྟར་ལེགས་བསྟན་འདི་བརྗོད་བྱ། །གཟུགས་བརྙན་རྣམ་པར་ཆོས་ཐམས་ཅད། །སྲིད་མ་ཚོར་དེ་རྣམས་ལྷག་རྟོག་པ། །ཆོས་ཐམས་ཅད་ནི་ཞེས་བྱ་བ། །གཟུགས་བརྙན་ལྟ་བུར་
དབབ་བྱས་ནས། །ཆོས་ཐམས་ཅད་ནི་ཞེས་བྱ་བ། །སེམས་ཅན་ཀུན་ལ་བསྟན་པར་གྱིས། །སྒྲ་ཡི་ང་རྒྱལ་ལྡན་པ་ཡིས། །དེ་ལྟར་པི་ཝང་སྒྲ་བརྗོད་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྲ་ཡི་རྗེས་སུ་འགྲོ་བ་ཡིས། །ཤེས་རབ་མངོན་དུ་རྟོགས་གྱུར་ཅིག །གང་གིས་

འཇིག་རྟེན་ཐམས་ཅད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཀུན་དུ་སྒྲ་བརྙན་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དྲི་ཡི་ང་རྒྱལ་ལྡན་པ་ཡིས། །སྙིང་གར་དྲི་བསྐུ་འདི་སྐད་བརྗོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐྱེ་
མེད་ལྷག་པར་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་ཞིང་ཀུན་དང་། །འཇིག་རྟེན་ཀུན་དུ་བླ་མེད་པའི། །བསམ་གྱིས་མི་ཁྱབ་པ་ཡི་དྲི། །རང་གི་ལུས་ལས་སྤྲོ་བར་བྱའོ། །རོ་ཡི་ང་རྒྱལ་ལྡན་དེ་ལྟར། །བདུད་རྩི་ལྔ་ནི་འདུས་བྱས་ནས། །ཡང་དག་པར་ནི་མྱང་བྱས་
ནས། །ངག་གིས་འདི་སྐད་བརྗོད་པར་བྱ། །རོ་ཀུན་གཅིག་གི་རྣམ་པར་ནི། །རང་བཞིན་མེད་པའི་གཟུགས་ཀྱིས་ནི། །ལྷག་པ་རུ་ནི་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་བྱང་སེམས་དང་། །སྲོག་ཆགས་གྱུར་པ་ཐམས་ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག །
སྤྲུལ་ནས་སུ་ནི་སྦྱིན་པར་བྱའོ། །དེ་ལྟར་རེག་བྱའི་ང་རྒྱལ་ལྡན། །རྣལ་འབྱོར་མ་ཡི་སྦྱོར་བརྩོན་པས། །བྱས་ནས་རང་གི་རིག་མ་མཆོག །རེག་ལ་མཁས་པས་འདི་སྐད་བརྗོད། །རེག་བྱས་རྗེས་སུ་མི་གོས་པར། །དེ་ནི་ལྷག་པར་རྟོགས་གྱུར་ཅིག །གང་གིས་རེག་
བྱའི་ཁྱད་པར་རྣམས། །རང་གི་སེམས་ལ་བྱུང་ཞེས་པར། །ལྷག་པར་མོས་བྱས་སྣ་ཚོགས་པའི། །བླ་མེད་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ནི་ཡོངས་གྱུར་ལས། །ལྷ་རྣམས་ཐམས་ཅད་གནས་རྣམས་དང་། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །
བྱང་ཆུབ་སེམས་དཔའ་སོགས་ཀུན་ལ། །ཀུན་སྦྱོར་རེག་བྱའི་བདེ་བ་ནི། །ངེས་པར་སྦྱར་བར་བྱ་བ་ཡིན། །ཞེས་སོ། །ལེགས་མཆོད་འདི་ལྟར་གསེར་སོགས་པའི། །ཐུར་མ་མངོན་པར་བསྔགས་བྱས་ནས། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བྱ་བའོ། །མཉམ་
པར་གཞག་པའི་སེམས་ཀྱིས་ནི། །མདུན་དུ་འདུག་ནས་འདི་བརྗོད་བྱ། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི།