Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 23
Văn bản gốc(Tây Tạng)
Trang 8 / 17 (50.000 ký tự/trang)
སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་པི་བ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ་སཏྶུ་ཁ་བི་ཤུདྡྷ་ཡེ་ས་ ཧཱ་ཡི་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ལན་གཉིས་སུ་བརྗོད་པས་བྱིན་ཏེ་དེ་དག་ཀྱང་ཚིམ་པར་གྱུར་པར་བསམ་མོ། །དེ་ནས་ཡང་དག་པར་མཆོད་དེ་ཡི་གེ་བརྒྱ་པ་བརྗོད་ནས་ཐམས་ཅད་རང་གི་སྙིང་གའི་ཡི་གེ་ཧཱུཾ་ལ་ཆུད་པར་བྱ་སྟེ། སླར་དེའི་འོད་ཀྱིས་བདག་ཧེ་རུ་ཀར་སྤྲུལ་ཏེ་ ཇི་ལྟར་བདེ་བར་གནས་པར་བྱའོ། །ཐུན་མཚམས་ཕྱི་མ་ལ་ཡང་སྙིང་གའི་ཧཱུཾ་གི་འོད་ཀྱིས་རང་གི་ལུས་ཉིད་དུ་བསྡུས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་བརྗོད་པ་ལ་སོགས་པའི་སྔགས་གསུམ་པོ་བརྗོད་པ་སྔོན་དུ་འགྲོ་བས་སླར་ཡང་ཧཱུཾ་དེ་ཉིད་ཀྱི་འོད་ཟེར་རྣམས་ཀྱིས་སྔ་མ་ལྟར་ཐམས་ཅད་བསྐྱེད་པར་ བྱའོ། །ཐུན་བཞི་པའི་མཐར་ནི་ཨོཾ་བཛྲ་མུཿ། ཞེས་བྱ་བ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཏེ་སྔ་མ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་བྱས་ཏེ་ཉལ་བར་བྱའོ། །གལ་ཏེ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱིས་སེམས་བརྟན་པར་བྱ་བར་འདོད་ན། དེ་ཚེ་གང་དུ་སྙིང་གི་པདྨ་ཁ་སྦྱར་ལ་ གནས་པ། །ཕྲ་བར་ལྟ་བ་རང་བྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བར་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་པར་སྦྱར། །ཡེ་ཤེས་རྒྱལ་བ་མ་ལུས་པ་ཡི་སྣོད་གྱུར་ཅིག ། ཁམས་གསུམ་མ་ལུས་བསྐྱེད་པའི་རྒྱུ་ཉིད་དུ་ནི་ཉེར་འགྲོ་བ། །མཐོང་བ་མཁའ་འདྲ་དྲི་མེད་དཔལ་དུ་གྱུར། །སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་པའི་སྦྱོར་བ་ཡིས། །ཆོས་ཀྱི་སྐུར་ནི་རང་ཉིད་འགྱུར། །དབུས་ན་གསལ་བྱེད་རྣམ་པར་ཤེས། ། ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་བསྒོམ་པ་གོམས་པ་ལས། །གསལ་བར་འདི་ནི་ཐེ་ཚོམ་མེད། །རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་བྱ་བའི་དོན་མན་ངག་ཇི་ལྟ་བ་བཞིན་ དུ་བསྒོམ་པར་བྱའོ། །དེ་ལ་ཕན་ཡོན་ནི། རྡོ་རྗེ་མཁའ་འགྲོ་ཐུགས་རྗེ་ཅན། །འདི་ཉིད་དུ་ནི་བཞུགས་མཛད་ཅིང་། །རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། །འགྲོ་བ་གསུམ་པོ་འདི་ལ་གནས། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་རྣམས་འབྱུང་བར་འགྱུར་རོ། །དཔལ་འཁོར་ ལོ་སྡོམ་པ་དཔའ་བོ་གཅིག་པུའི་སྒྲུབ་ཐབས་པཎྜི་ཏ་དཔལ་མ་ན་ཀ་ཤྲཱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་མཁས་པ་སུ་མ་ཏིའི་སྤྱན་སྔར་དགེ་སློང་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཧོ་མོ་པ་ཡི་ཀ།། བོད་སྐད་དུ། དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག །བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྔོ་སེར་དམར་པོ་མརྒཏ་ལྗང་གུའི་སྐུ་འཆང་སྤྱན་གསུམ་ཅན། །དབང་ཆེན་ལ་སོགས་ཕྱོགས་བཞིའི་ཞལ་མངའ་ཤེས་རབ་དམར་སྤྱན་གསུམ། །ཕྱག་ གཉིས་བགེགས་ཀྱི་ལྤགས་འཛིན་རྡོ་རྗེ་དྲིལ་བུ་གཉིས་ན་འཆང་། །ཕྱག་གཞན་ཕྱག་མཚན་བརྒྱད་པོ་འཛིན་པ་བདེ་བའི་མཆོག་གིས་སྲུངས། །ཐོག་མར་བདེ་མཆོག་འཁོར་ལོ་ཡི། །རྣལ་འབྱོར་མ་ཡི་རྒྱུད་ལས་ནི། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སྦྱིན་སྲེག་རིམ་པ་བདག་ གིས་བཤད། །དཀྱིལ་འཁོར་དག་ནི་སྒྲུབ་དུས་སུ། །སྦྱིན་སྲེག་གིས་ནི་ཚིམ་པར་བྱ། །གསང་སྔགས་མ་བཟླས་མི་འགྲུབ་ལ། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །སྦྱིན་སྲེག་ལས་རྣམས་མེད་ པ་ལས། །དངོས་གྲུབ་འབྱུང་བར་མི་འགྱུར་རོ། །དེ་བས་འདིར་ནི་སྔགས་པ་ཡིས། །བརྩོན་པས་སྦྱིན་སྲེག་ལས་རྣམས་བྱ། །བླ་མེད་ནང་དང་ཕྱི་ཡི་སྟེ། །སྦྱིན་སྲེག་དག་ནི་གསུམ་དུ་འདོད། །གཞན་དག་ཞི་བ་ལ་སོགས་པ། །སྦྱིན་སྲེག་དག་ནི་བཞི་རུ་འདོད། །དེ་ལ་བླ་ན་མེད་པ་དང་ པོར་བརྗོད་པར་བྱ་སྟེ། རྣམ་རྟོག་མེད་པའི་སེམས་ཉིད་ནི། །ཐབ་ཁུང་དགྲ་ཡི་མཚན་མ་དག །རྣམ་དབེན་མེ་ཡི་དབུས་སུ་ནི། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །སེམས་ལས་བྱུང་བ་མ་ལུས་པའི། །ཡམ་ཤིང་དག་གི་སྲེག་བླུགས་བྱ། །གཟུགས་ལ་སོགས་པའི་འབྱུང་བ་རྣམས། ། ཡམ་ཤིང་དུ་ནི་རབ་གྲགས་ཡིན། །པདྨ་ཐབ་ཁུང་ཡིན་པར་བཤད། །རྡོ་རྗེ་བླུགས་གཟར་ཡིན་པར་གྲགས། །རྟག་ཏུ་ས་བོན་སྲེག་བླུགས་ཀྱིས། །བླ་མེད་གནས་ནི་ཐོབ་པར་འགྱུར། །བླ་མེད་རྗེས་སུ་སྦྱོར་བ་ཡིས། །ཕུང་པོ་ལ་སོགས་བུད་ཤིང་བསྲེག །ཡེ་ཤེས་མེ་ནི་སྐྱེ་འགྱུར་བས། ། ཕྱི་རོལ་བསྲེགས་པ་བདག་མེད་ཡིན། །ཛྙཱ་ན་པཱ་ད་པས་བཤད་པ། །སྦྱིན་སྲེག་ཆོ་གའི་ཕྱི་རིམ་པ། །སེམས་དང་སེམས་བྱུང་དག་ཡིན་ཏེ། །ཕུང་པོ་ལ་སོགས་བུད་ཤིང་བསྲེག །ཡེ་ཤེས་འབར་བ་བླ་མེད་འདོད། །སེམས་ཀྱིས་ཅི་ཙམ་བསམ་པ་དག །ཕྱི་རོལ་སྦྱིན་སྲེག་ཡིན་པར་འདོད། ། ཡེ་ཤེས་མེ་ལ་ཕུང་པོ་ཡི། །ཡམ་ཤིང་བསྲེག་པ་བླ་མེད་ཡིན། །དེ་ནས་ཡང་ནང་གི་བརྗོད་པར་བྱ་སྟེ། ཉོན་མོངས་སེར་བ་ཞི་བྱེད་ཅིང་། །ཏིང་ངེ་འཛིན་ནི་རྒྱས་བྱེད་ཕྱིར། །རང་གི་ལྷ་ཡི་སྦྱོར་བས་བདག །ཇི་ལྟ་བར་ནི་སེམས་ཀྱིས་བྱ། །སྐྱེ་བའི་ལས་ལས་རྣམ་གྲོལ་ཞིང་། །ཚེ་ནི་ཡང་དག་ འཕེལ་བའི་ཕྱིར། །ཅི་འདོད་སྲེག་བླུགས་ལས་བྱ་བ། །ནང་གི་སྦྱིན་སྲེག་དག་ཏུ་བཤད། །ཇི་ལྟར་དུས་བཞིའི་རིམ་པ་ཡིས། །སྦྱིན་སྲེག་བཞི་ཡང་རབ་ཏུ་བཤད། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་མངོན་སྤྱོད་ཤེས་པར་བྱ། །སྡིག་པ་འཇིག་ཕྱིར་ཞི་བ་སྟེ། །བསོད་ནམས་ ཡོངས་འཛིན་རྒྱས་པ་ཡིན། །ཆགས་པ་བསྒོམ་ཕྱིར་དབང་འགྱུར་ཏེ། །རྟོག་པ་ཟད་ཕྱིར་གསོད་པ་ཡིན། །དེ་ནས་ཡང་ཕྱིའི་བཤད་པར་བྱ་སྟེ། རྒྱུད་སོ་སོ་ལ་སློབ་དཔོན་ཐ་དད་པས་སྦྱིན་སྲེག་གི་ཆོ་ག་ཇི་བཞིན་བཤད་པ་ལས་འདི་ནི་རྣལ་འབྱོར་མའི་རྒྱུད་ལ་བརྟེན་ཏེ། བདག་གིས་འཁོར་ ལོ་སྡོམ་པའི་མན་ངག་ཅུང་ཟད་ཙམ་བརྗོད་པར་བྱའོ། །དེ་ལ་ཐབ་ཁུང་ནི། སེམས་ཅན་དབྱེ་བས་མཐའ་ཡས་ཏེ། །རིགས་ཀྱི་དབྱེ་བས་ལྔ་རུ་འགྱུར། །ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །ཐབ་ཁུང་རྣམས་ནི་དེ་ལྟར་བཤད། །ཞི་བ་ལ་ནི་ཟླུམ་ལ་དཀར། །རྒྱས་ལ་དབང་ཆེན་སེར་པོ་སྟེ། ། དབང་ལ་དམར་པོ་གྲུ་གསུམ་པ། །མངོན་སྤྱོད་ཟླ་བ་ཕྱེད་པ་ཡིན། །ཁྲུ་གང་ཚད་ལས་བརྩམས་ནས་ནི། །ཁྲུ་ནི་བཅུ་དྲུག་པ་ཡི་བར། །དེ་ཡི་ཕྱེད་དུ་བརྐོས་ནས་ནི། །རང་གི་ཚད་དུ་བྱ་བ་ཡིན། །ཁྲུ་གང་ཙམ་གྱི་ཐབ་ཁུང་ལ་སོར་བཞི་བོར་བར་ཁ་ཁྱེར་སོར་བཞིས་བསྟོད། ཁྲུ་ཕྱེད་བརྐོས་ ལ་དེ་བཞིན་དུ་ཐམས་ཅད་ལའང་བལྟས་ཏེ་ཀུན་ཀྱང་རང་གི་ཁ་ཁྱེར་དུ་བྱའོ། །ཐབ་ཁུང་གི་ནང་དུ་རྡོ་རྗེ་དང་ཟངས་གྲི་བྲིའོ། །ཕྱོགས་བཞིར་ཁ་ཊྭཱཾ་ག་དང་དེ་བཞིན་གཤེགས་པའི་ཕྱག་མཚན་རྣམས་བྲི། ཁ་ཁྱེར་ལ་པདྨའི་སྟེང་དུ་ཟངས་གྲིའི་ཕྲེང་བ། ཐབ་ཀྱི་ཕྱི་རོལ་དུ་ཟུར་བཞི་པ་ལ་སྒོ་བཞི་ བ་དཀྱིལ་འཁོར་གྱི་ཐིག་གདབ་སྟེ། འཁོར་ལོ་གསུམ་བྱིན་གྱིས་བརླབས་ལ། སྒོ་བཞི་དང་ལྡན་པ་དུར་ཁྲོད་བརྒྱད་དང་བཅས་པ་ཇི་ལྟར་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཕྱག་མཚན་བཞིན་དུ་འདིར་ཡང་དེ་ལྟར་བལྟའོ། །ཤར་གྱི་སྒོ་ལ་སོགས་པར་ལྕགས་ཀྱུ་ལ་སོགས་ པས་མཚན་པར་བྱའོ། །ཕྱིའི་དཀྱིལ་འཁོར་ལ་པདྨ་ནགས་ཀྱི་ལྕུག་མ་དང་། ཕྲེང་བ་དང་ནི་སྤྱི་བླུགས་དང་། །རི་དགས་པགས་པ་མདུང་རྩེ་གསུམ། །ཟླ་བ་ཕྱེད་པ་རྒྱལ་མཚན་དང་། །རལ་པའི་ཚོགས་དང་མིག་དང་ནི། །འཁོར་ལོ་དུང་དང་དབྱུག་ཏོ་དང་། །རལ་གྲི་ཕུབ་དང་མདུང་དང་ནི། ། དྲིལ་བུ་བ་དན་རྨ་བྱ་དང་། །ར་སྐྱེས་ལྔ་ལྔ་བྱས་ནས་ནི། །ཤར་ཕྱོགས་སྣམ་བུ་དག་ལ་བྲི། །དེ་ལྟར་ཐབ་ཁུང་ཐམས་ཅད་བྱས་ནས་ལས་དང་རྗེས་སུ་མཐུན་པའི་ཁ་ཁྱེར་བྱའོ། །ཞི་བ་ལ་རྡོ་རྗེས་མཚན་པའམ་འཁོར་ལོས་མཚན་པའོ། །རྒྱས་པ་ལ་ནི་རིན་པོ་ཆེས་མཚན་པ། དབང་ལ་ནི་པདྨས་ མཚན་པ། དྲག་པོ་ལ་ནི་རྩེ་གསུམ་པས་མཚན་པ་སྟེ། འདི་ལྟར་ལས་དང་རྗེས་སུ་མཐུན་པར་རང་རང་གི་མཚན་མས་མཚན་པའི་ཁ་ཁྱེར་བྱའོ། །ཤར་དུ་ཞི་བ་བྱ་བར་བཤད། །ལྷོ་ཕྱོགས་སུ་ནི་རྒྱས་པ་སྟེ། །དབང་གི་ལས་ནི་ནུབ་ཏུ་བྱ། །བསད་པ་བྱང་དུ་བྱ་བ་ཡིན། །ཇི་ལྟར་ལས་དང་ རྗེས་མཐུན་པའི། །རྡུལ་ཚོན་གྱིས་ནི་རྫོགས་པར་བྲི། །ཡང་ན་མེ་ཏོག་དག་ཀྱང་རུང་། །ཐབ་ཁུང་དག་ནི་དེ་ལྟར་བྱ། །ཡམ་ཤིང་བུད་ཤིང་རྫས་ལ་སོགས། །མཚན་ཉིད་མེ་ཡི་རྟགས་རྣམས་ནི། །གཞན་དུ་རྒྱ་ཆེར་བཤད་པས་ན། །འདིར་ནི་བདག་གིས་མ་བསྒྲགས་སོ། །མན་ངག་ གཅིག་པུའི་རིམ་པ་དག །རྣལ་འབྱོར་རྒྱུད་ལས་གྲགས་པ་རྣམས། །མདོར་བསྡུས་ནས་ནི་ངེས་པར་ཡང་། །ཇི་ཙམ་ནུས་པ་བཤད་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ལུས་ཁྲུས་བྱས་ཏེ་དྲི་ཞིམ་པོས་བདུགས་ལ། གུར་གུམ་དང་། ཙནྡན་དང་། ཐལ་བ་བསྲེས་པས་ལུས་བྱུགས་ཏེ་ཇི་ སྐད་བཤད་པའི་རྒྱན་བགོ་བར་བྱའོ། །སྟག་གི་པགས་པ་བགོས་ཤིང་ཕྱག་རྒྱ་ལྔས་བརྒྱན་ཏེ། ན་རའི་རུས་པའི་རྒྱན་དང་ལྡན་པས་སེམས་ཅན་གྱི་དོན་རྟག་ཏུ་བྱའོ། །ཕྱི་རོལ་ཟློག་ཚུལ་འཆད་པ་ནི། །དེ་ནི་ཞི་སོགས་ལས་རྣམས་ལ། །ཐུགས་ནི་ཞི་བར་ཤེས་པར་བྱ། །ཉི་མས་གདུངས་པའི་ རྒྱ་མཚོ་ཆེ། །གངས་ལྟར་ནང་གྲང་ཕྱི་རོལ་ཚ། །ཐུགས་རྗེ་ཆེན་པོ་ཁྲོ་བོ་ཡི། །དེ་བཞིན་འགྲོ་བ་ཚུལ་འདིས་སྲུངས། །དེ་ལྟ་བུའི་ལས་དང་རྗེས་སུ་མཐུན་པར་གོས་ཀྱི་བྱེ་བྲག་བགོ་བར་བྱའོ། །དེ་ནི་སྒྲུབ་པ་པོའི་ལས་སོ། །དེ་ནས་རང་གི་ལྷའི་ང་རྒྱལ་བསྐྱེད་དེ། ཇི་སྐད་བཤད་པའི་ལས་དང་རྗེས་ སུ་མཐུན་པའི་གཟུགས་སུ་བྱས་ལ་ཞལ་བཞི་པ་དང་སྐུ་གསུང་ཐུགས་ཀྱི་གསང་སྔགས་དང་། དེ་བཞིན་གསལ་བྱེད་རཀྵ་རཀྵ་དང་། །ཧཱུཾ་གསུམ་ཕཊ་ནི་བརྗོད་པར་བྱ། །གསང་སྔགས་དེ་ལས་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ། བགེགས་ཀྱི་ཚོགས་ཐམས་ཅད་བསྲེགས་པར་བྱས་ནས་ཐལ་བ་དང་། བགེགས་རྣམས་བསྲེགས་ཏེ་ཕྱོགས་བཅུར་བྱེར་བར་བསམ་མོ། །དེ་བཞིན་དུ་གཡས་བརྐྱང་བ་ལ་སོགས་པའི་སྟང་སྟབས་ཀྱང་བྱའོ། །དེ་ལྟར་བགེགས་ཀྱི་ཚོགས་རྣམས་ཕུར་བུ་དང་། རྡོ་རྗེ་དྲ་བ་དང་། ར་བ་ལ་སོགས་པས་ཐབ་ཁུང་གི་ཐན་ཀོར་བགེགས་མེད་པར་བྱས་ཏེ། ཐབ་ཁུང་ བྱིན་གྱིས་བརླབ་པར་ཤེས་པར་བྱ་སྟེ། ཡི་གེ་ཧཱུཾ་ངམ་རང་གི་ལྷའི་ཚོགས་ཀྱི་ཡི་གེ་གང་ཡང་རུང་བ་ལས་དང་རྗེས་སུ་མཐུན་པ་ལས་ཐབ་ཁུང་བསྐྱེད་ལ། དེའི་དབུས་ཀྱི་ལྟ་བ་ལ་ཡི་གེ་རེ་ཕ་འབར་བ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་པར་བྱས་ཤིང་བསྒོམས་ལ། དེའི་གྲྭ་གསུམ་ལ་ཨོཾ་ཨཱཿ ཧཱུཾ་ཡི་གེ་གསུམ་གྱིས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་ས་འོག་དང་། ས་བླ་དང་། མཐོ་རིས་ཀྱི་གཟུགས་པདྨ་དང་། འཁོར་ལོ་དང་། རྡོ་རྗེ་གསུམ་ལ་ས་བོན་བསྐྱེད་དེ། དབུས་སུ་རེ་ཕ་འབར་བ་ཡོངས་སུ་གྱུར་པ་མཐོང་བ་དང་། མཚན་མའི་ཡི་གེ་གསུམ་ དང་རེ་ཕ་ཡོངས་སུ་གྱུར་པ་ལས་འབར་བའི་དབུས་སུ་ཆུའི་དཀྱིལ་འཁོར་གནས་པ་ལ། ཁམས་གསུམ་གྱི་བདག་པོ་དཔལ་ཁྲག་འཐུང་རྣམ་པར་སྤྲོས་ཏེ་ཞི་བའི་དོན་དུ་པཱ་པ་ཀའི་མེ་བསྒོམས་ལ་ཞི་བའི་གཟུགས་ཅན་དཀར་པོ་ཞལ་གཅིག་པ་ཕྱག་བཞི་པ་སྤྱན་གསུམ་པ་རལ་པའི་ཅོད་པན་ཅན་ ཕྱག་གཡས་པ་གཉིས་ན་དབྱུག་ཏོ་དང་མི་འཇིགས་པའི་ཕྱག་རྒྱ་འཛིན་པ། གཡོན་པ་ན་བགྲང་ཕྲེང་དང་། སྤྱི་བླུགས་འཛིན་པ། རྒྱན་དང་གོས་དཀར་པོ་བསྣམས་པ། མཆོད་ཕྱིར་ཐོགས་འཆང་བ། ལུས་ཐམས་ཅད་ལ་བདུད་རྩི་དཀར་པོའི་རྒྱུན་འབབ་པ། རལ་པ་ལ་མཁའ་འགྲོ་མ་ གནས་པར་བསྒོམ་མོ། །དེ་བཞིན་དུ་རྒྱས་པ་ལ་ཁྱད་པར་ཡང་མདོག་སེར་པོ་གོས་སེར་པོའི་རྒྱན་ཅན་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ། ཡེ་ཤེས་ཀྱི་མེས་སེམས་ཅན་ཐམས་ཅད་ལ་མཆོག་སྩོལ་བ། སྟོབས་དང་། མདོག་དང་། དཔལ་རྫོགས་པར་མཛད་ པ། ལཱ་མ་ཅོད་པན་དུ་བསྒོམ་མོ། །རིམ་པ་གཞན་ཡང་དབང་དང་དགུག་པ་ལ་འདོད་པའི་མེ་མདོག་དམར་པོ་མེའི་དཀྱིལ་འཁོར་ལ་གནས་པ། དེ་གོས་དམར་པོས་བརྒྱན་པ། ཁཎྜ་རོ་ཧ་ཅོད་པན་ལ་གནས་པ། ཁྱད་པར་དུ་གཡས་གཡོན་གཉིས་ལ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཞན་ནི་སྔ་མ་བཞིན་ནོ། །བསད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པ་མདོག་ནག་པོ་འཇིགས་པ་སྤྱན་ཟླུམ་པོ། །ཧཱུཾ་གི་ས་བོན་ལས་སྐྱེས་པ་གོས་དང་རྒྱན་ནག་པོ་མི་རུས་ཀྱི་ཕྲེང་བས་བརྒྱན་པ། ཟ་བྱེད་འབར་བ་ལྟ་བུས་འབར་བའི་དབུ་སྐྲ་གྱེན་དུ་བརྫེས་པ། གཟུགས་ཅན་མའི་ཅོད་པན་ཅན། གཡས་ན་རལ་གྲི་འཛིན་པ་འཇིགས་བྱེད་ཆེན་པོ་ནག་པོ་འབར་བ་ལས་བྱ་རྒོད་དང་ཁྭ་ལ་སོགས་པས་ནམ་མཁའ་ཁྱབ་པར་བཀུག་སྟེ། གང་དང་གང་བྱ་བ་དེ་ཟོས་པར་བསྒོམ་མོ། །རླུང་གི་མེས་ནི་བསད་པ་ལ་སོགས་པའི་ལས་བྱའོ། །མེ་ལྷའི་མཚན་ཉིད་དོ། །དེ་ལ་ཞི་བ་ལ་ནི་འོ་མ་ཅན་གྱི་ ཤིང་ལས་བྱུང་བའི་མེའམ། རྒྱུན་བཞག་གི་མེའམ། བྲམ་ཟེའམ་ཐ་མལ་པའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོ་དང་། བློན་པོ་དང་། དགོན་པ་དང་། རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེས་བྱའོ། །དབང་ལ་ནི་སྨད་འཚོང་མ་དང་། རྗེའུ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེས་བྱའོ། །དགུག་ པ་ལ་ནི་གར་མཁན་དང་། རོལ་མོ་མཁན་དང་། ལམ་དུ་བུས་པའི་མེས་བྱའོ། །གསོད་པ་ལ་ནི་རྡོ་ལས་བྱུང་བའི་མེའམ། གདོལ་པའི་ཁྱིམ་ནས་བྱུང་བའི་མེས་བྱའོ། །ཐམས་ཅད་ཀྱང་དུར་ཁྲོད་ཀྱི་མེ་དང་། དུར་ཁྲོད་ཀྱི་སོལ་བར་ལྡན་པར་བྱའོ། །མེའི་མཚན་ཉིད་དོ། །དེ་ནས་མཆོད་ ཡོན་སྣོད་གཉིས་ནི། །མ་ཆག་སྡུག་ཅིང་མཛེས་པ་དང་། །ཆང་ངམ་ཡང་ན་སྦྱར་བའི་ཆང་། །མེ་ཏོག་ལྡན་པས་དགང་བར་བྱ། །དེ་ལ་བདུད་རྩི་ལྔ་པོ་ཡིས། །གཉི་གར་ཡང་ནི་བླུགས་པར་བྱ། །ཡི་གེ་བདུན་པ་གཅིག་པུ་དང་། །གཉིས་པ་གནོད་མཛེས་རྒྱལ་པོ་དག །གཅིག་ནི་བརྒྱ་ རྩ་བརྒྱད་པ་སྟེ། །གཉིས་པ་དག་ནི་བཞི་ཆ་ཡིན། །གནས་ལ་ལེགས་པར་བཞག་ནས་སུ། །གོས་ཀྱིས་བཀབ་སྟེ་མཆོད་པར་བྱ། །མཆོད་ཡོན་གྱི་སྣོད་ཀྱི་ཆོ་གའོ། །སྦྱིན་སྲེག་ཡོ་བྱད་ཐམས་ཅད་ཀུན། །བདག་གི་གཡས་སུ་དགོད་པར་བྱ། །རྡོ་རྗེ་དེ་བཞིན་དྲིལ་བུ་དང་། །མཆོད་ ཡོན་སྣོད་ནི་གཡོན་དུ་གཞག །དགང་གཟར་དང་ནི་བླུགས་གཟར་དང་། །མར་ནི་མདུན་དུ་གཞག་པར་བྱ། །ཐམས་ཅད་ཀྱང་ནི་བསངས་ནས་གཞག །འདི་ནི་རྫས་ཀྱི་གཞག་པའོ། །དེ་ནས་ཕྱི་རོལ་གྱི་མེ་བླངས་ལ་གནོད་མཛེས་ཀྱི་རྒྱལ་པོའི་གསང་སྔགས་ཀྱིས་ཀུ་ཤ་བླངས་ལ་དེའི་ ཆུས་ལན་གསུམ་བསངས་ལ། །རྩ་སྐམ་པོ་གཙང་མ་དང་བཅས་པས་དག་པར་བྱས་ཏེ། བདུད་རྩི་ལྔ་བསྲེས་ནས་ཐབ་ཁུང་དུ་བཞག་སྟེ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ། གསང་སྔགས་འདི་དང་བཅས་པས་རླུང་ཡབ་ཀྱིས་གཡབ་སྟེ་ཐབ་ཏུ་མེ་སྦར་རོ། །དེའི་དབུས་སུ་དམ་ ཚིག་སེམས་དཔའི་མེ་སྔར་བཤད་པའི་རྣམ་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་མེ་སྔགས་དང་བཅས་པའི་ཕྱག་རྒྱ་འདིས་སྤྱན་དྲངས་ཏེ། ལག་པ་གཡས་པ་མི་འཇིགས་པར་བྱས་ལ། མཐེ་བོང་སྲིན་ལག་གི་ཚིགས་ལ་བཀུག་པའི་ཐབས་ཀྱིས་སྤྱན་དྲང་ངོ་། །ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་ བ་རྀ་ཥི་དྲི་ཛ་སཏྟ་མ་གྲྀ་ཧཱི་ཏྭ། ཨ་ཧཱུ་ཏི་མ་ཧཱ་རཱ་སྨིན་ནྶནྣི་ཧི་ཏོ་བྷ་བ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་པཱ་བ་ཀ །ཨགྣ་ཡེ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞི་བའིའོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་མ་ཧེནྡྲ་ཨགྣ་ཡེ་མ་མ་པུཥྚིཾ་ཀུ་རུ་བཽ་ཥཊ། རྒྱས་པའིའོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀཱ་མ་ཨགྣ་ཡེ་མ་མ་ཨ་མུ་ཀཾ་བ་ཤཾ་ཀུ་རུ་ཧོ། ། དབང་གིའོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀྲོ་དྷ་ཨགྣ་ཡེ་ཛ་ཧི་ཀྲོ་དྷཱ་ཡ་ཧཱུཾ། ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ། མངོན་སྤྱོད་ཀྱིའོ། །མེ་ལྷ་འོངས་པ་དང་འཐོར་འཐུང་དང་ཉེ་རེག་བྱ་སྟེ་བཀུག་ལ་དམ་ཚིག་གི་མེ་ལ་གཞུག་གོ། །དེ་ནས་མཆོད་ཡོན་གྱི་སྣོད་བླངས་ལ། བདུད་རྩི་ལྔ་དང་བསྲེས་ཏེ་ཐུགས་ཀ་ནས་ཞབས་ བསིལ་དབུལ་ལོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་པྲ་ཝཱ་ར་སཏྐཱ་རཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ལག་པ་གཉིས་ཀྱིས་ལན་གསུམ་ཨརྒྷ་འདི་དབུལ་ཏེ། ཨི་མ་ཧཱ་མ་མ་ཡ་ཏཏྟ་མ་གྲྀཧྞ་སིདྡྷི་མྨེ་པྲ་ཡཙྪ་སྭཱ་ཧཱ། སྤྱན་དྲང་བའི་ཆོ་གའོ། །དེ་ནས་འཁོར་ལོ་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨཱཿཧཱུཾ་མགོ་དང་། མགྲིན་ པ་དང་། སྙིང་ག་རྣམས་སུའོ། །དེ་ནས་ཡན་ལག་དྲུག་ཏུ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་མ་ལ་སོགས་པས་ཡིད་ཀྱིས་དབང་བསྐུར་ཏེ། ལཱ་སྱེ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ། དར་དཔྱངས་དང་ཕྲེང་བ་ལ་སོགས་པས་བཅིངས་ཏེ་གོ་བསྐོན་ནོ། །དེ་ ནས་མེ་ལོང་དང་སྨན་ལ་སོགས་པ་ཁྲུས་ཀྱི་ཡོ་བྱད་དང་། དྲིལ་བུ་དཀྲོལ་ཞིང་སྤོས་དང་རྫས་སྔ་མ་དང་བཅས་པ་ལ་ཡི་གེ་བརྒྱ་པ་བཟླས་ཏེ་ཁྲུས་བྱའོ། །ཡི་གེ་བརྒྱ་པ་ནི་འདི་ལྟ་སྟེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་མ་ནུ་པཱུ་ལ་ཡ་ཞེས་བྱའོ། །དེ་ནས་མཁའ་འགྲོ་མ་ལ་སོགས་པ་བཞིའི་གསང་སྔགས་དང་། ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་གསང་སྔགས་ཀྱིས་བཏབ་པའི་བུམ་པ་ལྔས་དབང་བསྐུར་རོ། །ཞི་བ་ལ་ནི་མཁའ་འགྲོ་མའི་གཟུགས་ཅན་རྣམ་པར་སྣང་མཛད་དབུ་རྒྱན་དུ་བསམ་མོ། །རྒྱས་པ་ལ་ནི་ལཱ་མའི་ཚུལ་ཅན་རིན་ཆེན་འབྱུང་ལྡན་དབུ་རྒྱན་དུ་བསམ་མོ། །དབང་ལ་ནི་དུམ་སྐྱེས་མའི་ཚུལ་ཅན་སྣང་ བ་མཐའ་ཡས་དབུ་རྒྱན་དུ་བསམ་མོ། །བསད་པ་ལ་ནི་གཟུགས་ཅན་མའི་ཚུལ་ཅན་དོན་ཡོད་གྲུབ་པ་དབུ་རྒྱན་དུ་བསམ་མོ། །མེ་ལྷའི་ཞལ་དང་དགང་གཟར་དང་བླུགས་གཟར་གྱི་ཁ་ལ་རང་གི་བདག་པོའི་ས་བོན་གྱི་ཡི་གེ་དགོད་དོ། །དེ་ནས་ཨོཾ་ཌཱ་ཀི་ནཱི་ཛི་ན་ཛིཀ་སྭཱ་ཧཱ། འདིས་མར་ལ་མངོན་ པར་བསྔགས་ཏེ། དེ་བཞིན་དུ་རྒྱས་པ་ལ་ཡང་ལཱ་མ་དང་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྔགས་ཀྱིས་གདབ་བོ། །དེ་ལྟར་མེ་འབར་བར་ཤེས་ནས་ཐོག་མར་བླུགས་གཟར་གྱིས་དགང་བླུགས་གསུམ། ཨོཾ་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ། སྔགས་འདི་དང་བཅས་པས་དབུལ་ལོ། །དེ་ནས་མེ་ འབར་བ་དང་མདོག་དང་སྒྲ་ལ་སོགས་པ་ལས་བགེགས་མེད་པར་ཤེས་ནས་བགེགས་ཐམས་ཅད་བཅིང་བར་བྱ་བའི་ཕྱིར་ཕྱོགས་བཞི་ནས་ཀུ་ཤ་དགྲམ་མོ། །ཨོཾ་ཨི་མེ་ཀུ་ཤ་ཤུ་བྷ་དིམྦ་པུ་ཏ་བྲཧྨ་བཱ་བི་ཏྲི་ན། རཏྣ་ཏྲ་ཡ་ར་ཧ་ཧྲྀད་པྲྀ་ཐྭི་ཛཱ་ཏ་གརྦྷ། ཨ་བིགྷྣཱཾ་མ་མ་ཤཱནྟིཾ་ཀུརྦནྟུ་སྭཱ་ཧཱ། འདི་ལྟ་བུའི་ རིམ་པས་རྩ་བ་དང་བཅས་པ་ཕྱུང་སྟེ། མདོག་ལྗང་གུ་མཚན་ཉིད་དང་ལྡན་པ། ཞི་བ་དང་རྒྱས་པ་ལ་སྦྱར་རོ། །གཞན་རྣམས་ལ་ནི་མཉམ་པོར་གཅད་པར་བྱའོ། །མེའི་རིམ་པ་ནི་ཤར་གྱི་མདུན་ནས་ཏེ། ལྷོ་ནི་ལྷོ་ཡི་མདུན་ནས་སོ། །ནུབ་ནི་ནུབ་ཀྱི་མདུན་ནས་ཏེ། །བྱང་ནི་བྱང་གི་མདུན་ ནས་སོ། །མེ་ཐབ་ཀྱི་ཕྱོགས་སུ་ཞལ་བཞི་པའི་སྔགས་ཀྱིས་མཆོད་ཡོན་གྱི་སྣོད་ལ་བསྔགས་ཏེ་བསང་ངོ་། །དེ་ནས་ཞལ་བཞི་པའི་སྔགས་སམ། ཁཎྜ་རོ་ཧེའི་གསང་སྔགས་ཡང་རུང་བས་མདའ་དང་ཚོན་སྐུད་ལ་བཏབ་སྟེ་མདའ་བཞི་ཕྱོགས་མཚམས་སུ་བཙུགས་ལ། ཚོན་སྣ་ལྔའི་སྐུད་ པས་ཡོངས་སུ་བསྐོར་ན་རྡོ་རྗེའི་བཅིང་བ་བྱས་པར་འགྱུར་རོ། །ཀུ་ཤ་ལ་སོགས་དགྲམ་པའི་ཆོ་གའོ། །དེ་ནས་མེའི་ལས་དང་རྗེས་སུ་མཐུན་པར་དངུལ་གྱི་སྣོད་དམ། པདྨའི་སྣོད་གང་ཡང་རུང་བ་མདུན་དུ་བསམས་ཏེ་ཡང་མཆོད་ཡོན་གྱི་ཞབས་བསིལ་དང་། འཐོར་འཐུང་བྱིན་ལ་དགང་བླུགས་ འབུལ་ལོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། པུས་མོ་གཉིས་ཀྱི་ནང་དུ་ལག་པ་བཞག་སྟེ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་དགང་གཟར་བླངས་ལ་མཐེ་བོང་དང་མཐེའུ་ཆུང་བརྟན་པར་བཟུང་སྟེ། སོར་མོ་ལྷག་མ་རྣམས་ཡུ་བའི་སྟེང་དུ་བཞག་ལ། མར་གྱིས་ཡོངས་སུ་བཀང་བའི་དགང་ བླུགས་བདུན་ནམ་གསུམ་མམ་གཅིག་མེ་ལྷའི་སྔགས་ཀྱིས་མེ་ལྷའི་ཞལ་དུ་དབུལ་ལོ། །ཨོཾ་ཧེ་རུ་ཀ་ཨགྣ་ཡེ། ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་རོ། །དེ་ནས་བསྲེག་པའི་རིམ་པ་བལྟ་བར་བྱ་སྟེ། དང་པོ་དགང་བླུགས་དབུལ། དེ་ནས་ཡམ་ཤིང་ནི་འོད་ཀྱི་ དཀྱིལ་འཁོར་དུའོ། །མར་ཁུ་ནི་ཞལ་དུའོ། །དེ་ནས་ཏིལ་དང་འབྲས་ཆན་དང་ཞོ་ནི་ཕྱག་ཏུའོ། །དེ་ནས་ཀུ་ཤ་དང་། དཱུར་བའི་མྱུ་གུ་ནི་སྤྱི་གཙུག་ལའོ། །དེ་ནས་ནས་དང་། གྲོ་དང་། འབྲས་དང་། མོན་སྲན་གྲེའུ་རྣམས་ནི་ཞལ་ལའོ། །དེ་བཞིན་དུ་ཞུ་བའི་རྫས་ལ་སོགས་པ་རྣམས་ཀྱང་དེ་ བཞིན་ནོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་དབུ་ལའོ། །བདུག་སྤོས་ནི་འོད་འབར་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མཆོད་ཡོན་དང་འཐོར་འཐུང་ནི་ཕྱག་ལའོ། །མར་མེ་ནི་མདུན་དུ་སྟེ། དེ་དག་ནི་རིམ་པ་ཡིན་ནོ། །དེ་ནས་སྡིག་པ་བསྲེག་པའི་ཕྱིར། །དང་པོ་ཏིལ་གྱི་སྦྱིན་ སྲེག་བྱ་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། དེ་ནས་རྫས་ཐམས་ཅད་གསང་སྔགས་གཅིག་གིས་བྱའོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦ་པཱ་པཾ་བྷསྨིཾ་ཀུ་རུ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡང་ན་ཨོཾ་ཧེ་རུ་ཀཱ་ཡ་བིད་མ་ཧེ་བདྱཱི་རཱ་ཛ་ཡ་དྷི་མ་ཧེ་སྭཱ་ཧཱའོ། །བཱི་ར་པྲ་ཛོ་ད་ཡ་ ཡ་ཧཱུཾ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡང་ན་རྒྱུད་གཞན་ལས་བཤད་པ། །སོ་སོའི་སྤྱིའི་སྔགས་ཀྱང་རུང་ངོ་། །ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་འདི་ཞེས་བྱ་བ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་དང་ཡུངས་ ཀར་རྣམས་ཀྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟས་ཀྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའི་མྱུ་གུའིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོའིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲུའིའོ། །ཨོཾ་མ་ ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུས་པའིའོ། །ཨོཾ་མ་ཧཱ་ཤྲཱི་བ་ཡ་བ་ཡེ་སྭཱ་ཧཱ། སྟར་ཀ་དང་གླ་གོར་ཞོ་ཤ་དང་། ཛཱ་ཏི་ཕ་ལ་ལ་སོགས་པ་རྣམས་ཀྱིའོ། །ཞུ་བའི་རྫས་ལྷག་མ་རྣམས་ནི་མེའི་རང་གི་སྔགས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །ཨུ་དུམྺཱ་རའི་ ཤིང་གི་ཡལ་ག་ལ་སོགས་པ་ལྷག་མ་རྣམས་ལ་ནི། ཨོཾ་ལ་སོགས་པ་ནས་རང་རང་གི་མིང་དང་། མཐར་སྭཱ་ཧཱ་དང་བཅས་པའི་རིམ་པས་སྦྱིན་སྲེག་བྱའོ། །རྫས་ཐམས་ཅད་ལ་བདུད་རྩི་ལྔ་དང་བསྲེས་ཏེ་སྦྱིན་སྲེག་བྱའོ། །དེ་ནས་མེ་ལ་འཐོར་འཐུང་དང་། བསང་གཏོར་ལ་སོགས་པ་བྱ་སྟེ། ཡེ་ ཤེས་ཀྱི་མེ་སྤྱན་དྲངས་ལ། སྙིང་ག་ནས་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་ནམ་མཁའ་ལས་བཀུག་སྟེ། ལམ་མ་ལུས་པའི་བཞི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་ཇི་སྐད་བཤད་པའི་ལས་ཀྱི་རྒྱན་དང་། ན་བཟའ་དང་། ཇི་སྐད་བཤད་པའི་མདོག་དང་། ཕྱག་ཇི་ལྟ་བར་གནས་ པའི་དཔལ་ཁྲག་འཐུང་གི་གཟུགས་མཐོང་བ་དང་། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་རྣམས་དང་། རང་གི་དམ་ཚིག་གི་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་སྤྱན་དྲང་ངོ་། །འཁྱུད་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨེ་ཧྱེ་ཧི་བྷ་ག་བཱ་ན། ཨི་ཧ་བྷཀྟྱ་ ས་མ་ཡེ་ན་ཙ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་སཾ་པྲ་ཏཱིཙྪ་སྭ་པཱ་ཛཱ་ཙ་ཧ་ནཾ་པྲ་སིདྡྷི་མྨེ། འདིས་ཐབ་ཁུང་གཡས་ཀྱི་དྲུང་དུ་བལྟས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཞབས་བསིལ་དང་། མཆོད་ཡོན་དང་། འཐོར་འཐུང་དང་། ལྷ་བཤོས་དང་། ལཱ་སྱེ་ལ་སོགས་ པས་ཡང་དག་པར་མཆོད་དོ། །རྩ་བའི་སྔགས་རྐང་པ་བརྒྱད་ཀྱིས་བསྟོད་དོ། །རྡོ་རྗེས་བཅིངས་ལ་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ །ས་མ་ཡ་སྟྭཾ། ས་མ་ཡོ་ ཧོ། །འདིས་མེའི་དམ་ཚིག་སེམས་དཔའི་ཞལ་དུ་ཐམས་ཅད་ཀྱི་བདག་ཉིད་རབ་ཏུ་གཞུག་གོ། །དེ་ལྟར་སྔ་མ་བཞིན་དུ་མེ་ལོང་གི་སྟེང་དུ་ཁྲུས་བྱས་ལ་དབང་ལྔ་སྩོལ་ཏེ། དར་དཔྱང་དང་ཕྲེང་བ་བཅིངས་ཏེ། ཡེ་ཤེས་སེམས་དཔའ་རང་གི་ཐུགས་ཀར་མཚན་མའི་དབུས་སུ་རང་གི་ཆོས་ཀྱི་ཡི་གེ་ ལ་དཀྱིལ་འཁོར་མ་ལུས་པ་དྲུག་ཅུ་རྩ་གཉིས་ཀྱི་ལྷའི་རང་བཞིན་མཐོང་བ་ལ་ཡང་མཆོད་ཡོན་ཕུལ་ཏེ་སྔ་མ་བཞིན་དུ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསངས་ཏེ་དེ་ནས་དགང་གཟར་བླངས་ལ། ཇི་ཙམ་བླུགས་ནུས་པའི་དགང་བླུགས་མེ་ལྷའི་ཞལ་དུ་དབུལ་ལོ། །དེ་བཞིན་དུ་བླུགས་གཟར་ གྱིས་སྟོང་ངམ་བརྒྱ་རྩ་བརྒྱད་དམ། ཕྱེད་དམ། བཞི་ཆ་ཡང་རུང་བསྲེག་གོ། །དེ་ནས་ཡང་དགང་བླུགས་གསུམ་དབུལ་ཏེ་འདི་ལྟར་དཀྱིལ་འཁོར་མ་ལུས་པ་ཀུན་ལ་བཅུ་པའི་སྦྱིན་སྲེག་བྱའོ། །ཐམས་ཅད་ལ་དགང་བླུགས་དང་། སྤོས་དང་། དྲིལ་བུའི་སྒྲ་དང་། ཡི་གེ་བརྒྱ་པ་གསུམ་མམ་ གཅིག་བཟླས་ཏེ་མེ་ཏོག་ལ་སོགས་པ་དག་དབུལ་ལོ། །སྦྱིན་སྲེག་གི་ཡོ་བྱད་ལྷག་མ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ། །དབྱངས་སྐྱོང་གི་གསང་སྔགས་སམ། ཡི་གེ་བདུན་པའམ། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་གསང་སྔགས་གང་ཡང་རུང་བ་འདི་ཞེས་བྱ་བ་ཤཱནྟིཾ་ཀུ་རུ་ སྭཱ་ཧཱ། ཞེས་བྱ་བ་མཐར་གདགས་སོ། །རྒྱས་པའི་མཐར་ནི་པུཥྚིཾ་ཀུ་རུ་བཽ་ཥཊ། དབང་གི་མཐར་ཧོཿ། བསད་པའི་མཐར་ཕཊ། ཡང་དྲི་ཞིམ་པོ་ལས་བྱུང་བ་ཅི་ཡང་རུང་སྟེ། ཐམས་ཅད་བདག་གི་ཁ་ཟས་ལ་སོགས་པ་འབྱོར་བའི་དོན་དུ་སྦྱིན་སྲེག་བྱའོ། །དེ་ལྟར་མངོན་པར་འདོད་པའི་སྦྱིན་ སྲེག་བྱས་ལ་དངོས་གྲུབ་ཀྱི་ཕྱིར་རྒྱུད་ལས་བཤད་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །བ་ལང་ཤ་དང་རྟ་ཤ་དང་། ཤྭ་ནའི་ཤ་དང་ཁྱིམ་བྱ་དག །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སངས་རྒྱས་ཉིད་ཀྱང་ངེས་པར་འཇིག །མི་ལྡོག་ཕྲེང་བའི་གསང་སྔགས་ཀྱིས། །ཞི་བ་ལ་སོགས་ ལས་རྣམས་བྱ། །རྡོ་རྗེ་ཕག་མོའི་སྔགས་གཉིས་ཀྱིས། །དགུག་པ་ལ་སོགས་བྱ་བ་ཡིན། །དེ་ནས་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱས་པའི་མཐར། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་འདི་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་མར་གྱི་སྲེག་བླུགས་ཀྱིས་སྔར་ལ། མཆོད་ཡོན་དང་ཞབས་བསིལ་དང་འཐོར་འཐུང་དང་དྲིལ་བུ་རོལ་མོ་སྔ་མ་བཞིན་དུ་དབུལ་ལོ། །དགང་བླུགས་ཀྱི་མཐར་བདེ་ལེགས་དང་། རོལ་མོ་དང་བཀྲ་ཤིས་པའི་ཚིགས་སུ་བཅས་པ་འབུལ་ལོ། །དེ་ནས་བསྟོད་པ་བྱ་སྟེ། མངོན་པར་འདོད་པའི་དངོས་གྲུབ་སྩོལ་ལ་བཟོད་པར་གསོལ་ ཏེ་རྡོ་རྗེ་བཅིང་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཧེ་རུ་ཀ་མུཿའདིས་སྟེང་དུ་འགྲོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་ནས་ཨོཾ་ཁ་ཁ་ཁཱ་ཧི་ཞེས་བྱ་བའི་གསང་སྔགས་ཀྱིས་ཉ་དང་། ཤ་དང་། ཆང་དང་། ཟན་དྲོན་ལ་སོགས་པས་ ཡོངས་སུ་གང་བའི་གཏོར་མ་སྦྱིན་ནོ། །མེའི་དབུས་ནས་ཡེ་ཤེས་སེམས་དཔའ་ཆོས་ཀྱི་དབྱིངས་སུ་གྱུར་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ལྷ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། སྦྱིན་སྲེག་གི་ཡོ་བྱད་ཀྱི་ལྷག་མ་རྣམས་ཀྱང་སྦྱིན་སྲེག་བྱའོ། །སྲེག་བླུགས་ཀྱི་མཐར་བསྒྲུབ་བྱ་ བཟུང་ལ་དགང་བླུགས་དབུལ་ལོ། །མཆོད་ཡོན་དང་ཞབས་བསིལ་དང་བསང་གཏོར་ཡང་བྱ། སྒྲུབ་པ་པོ་མངོན་པར་འདོད་པའི་དངོས་གྲུབ་ཀྱང་གསོལ་ཏེ། ཨོཾ་ཨགྣ་ཡེ་ཡཱ་ཧི་ཡཱ་ཧི་སྭཱརྠ་ཉྩ་ཝཱ་པ་རཱརྠཉྩ། སཱ་དྷི་ཏཾ་གཙྪ་ཧ་བྱ་བྷུ་ཀ་ཅེས་བྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་ བསྐྱེད་པའི་ཚུལ་གྱིས་སྤྲུལ་པའི་མེ་འབར་བའི་གཟུགས་ཅན་དུ་བལྟ་བ་དེ་གཤེགས་སུ་གསོལ་ཏེ། རང་གི་ལྷའི་ང་རྒྱལ་དང་ལྡན་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན་ནོ། །རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ཡང་ལན་བདུན་གྱི་བར་དུ་བཟླས་བརྗོད་བྱའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་བྱ་བས་ ཕྱོགས་ཀྱི་ཕུར་བུ་དང་མདའ་རྣམས་ཕྱུང་ལ། ལས་ཐམས་ཅད་པའི་ཆུ་འོ་མ་དང་བཅས་པ་ལ་ཁཎྜ་རོ་ཧའི་རིག་སྔགས་ཀྱིས་བཏབ་སྟེ་ཁྲུས་བྱས་ལ་གཞག་གོ། །དེ་ནས་ལན་གསུམ་བསྐོར་བ་བྱས་ཏེ། གླུ་དང་གར་ལ་སོགས་པ་བདུན་བྱ་ཞིང་ཇི་ལྟར་བདེ་བར་གནས་པར་བྱའོ། །དཔལ་ སྡོམ་རྣལ་འབྱོར་མའི་རྒྱུད་ལས། །སྦྱིན་སྲེག་རིམ་པ་ཕྱུང་བ་འདིས། །རྣལ་འབྱོར་པ་ནི་རྟག་དགའ་བའི། །དངོས་གྲུབ་མྱུར་དུ་ཐོབ་པར་ཤོག །དཔལ་ཧེ་རུ་ཀའི་མིང་གི་རྒྱུད་ལས་དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་ རྫོགས་སོ། །རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིག་པ་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་རོ་ད་ཡ་ནཱ་མ་མཎྜ་ལ་ནོ་པི་ཀཱ། བོད་སྐད་དུ། དཔལ་འཁོར་ལོ་བདེ་ མཆོག་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བདུད་རྩི་རོ་གཅིག་གསོལ་བས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་སྐུ། །དཔལ་ལྡན་གནས་ཀྱི་དབུས་ན་དཀྱིལ་ འཁོར་འཁོར་ལོའི་མཆོག །བླ་མ་མཆོག་ལ་རྟག་ཏུ་སྤྱི་བོས་བཏུད་དེ་ཕྱག་འཚལ་ལོ། །གང་གི་རྒྱུད་ནི་དེ་ནས་ཤེས། །ཞེས་སོགས་རྫོགས་པ་གསུང་ཆེ་བ། །འཁོར་ལོ་སྡོམ་པ་འདྲེན་པ་མོ། །རྡོ་རྗེ་ཕག་མོ་དེ་ཕྱག་འཚལ། །ལྷ་མོའི་ཕྲེང་བས་བརྒྱན་ཅིང་རིན་ཆེན་སྐུ། །ལུས་ཀུན་ ལ་ནི་རྟག་ཏུ་ས་བོན་གྱིས་མཛེས་པ། །འཁོར་ལོ་ལ་གནས་རང་བཞིན་དྲི་མ་མེད། །རྟག་ཏུ་སྡོམ་པར་སྦྱོར་བའི་སྙིང་པོ་ལ་ཕྱག་འཚལ། །པདྨ་མཆོག་གི་ནང་ན་སྙིང་པོ་ཡི་གེ་ཨེ་འདྲའི་གཞི། །དེ་ཡི་དབུས་ན་དང་བ་མཆོག་དང་ཀུནྡ་དཀར་པོ་ལྟར་སྐྱེས་ཐམས་ཅད་བདག །ཐམས་ཅད་ མཁྱེན་ཅིང་ལེགས་པ་རྣམ་དག་སངས་རྒྱས་གཞི་དང་ལྷ་མོའི་གཞིར་གྱུར་མཛེས། །ལྷན་ཅིག་སྐྱེས་པ་དྲི་མེད་མཆོག་ཏུ་དགའ་བ་འདྲེན་པ་བདེ་མཆོག་དཔལ་ལ་བདག་ཕྱག་འཚལ། །དཔལ་ལྡན་རིན་ཆེན་མངོན་བརྗོད་རི་ནི་རྡོ་རྗེ་ཐུགས་ཀྱི་རང་བཞིན་མཆོག་གི་གཞི། །གཅིག་ཏུ་དཔའ་ བོ་བཞུགས་ཤིང་སྣ་ཚོགས་མང་པོར་སྤྲོ་བ་འབྱུང་གནས་སྒྲ་ཡི་ཚུལ། །རྣལ་འབྱོར་ཆེན་པོ་མཆོག་གི་འཁོར་ལོ་བཟང་པོ་མང་པོའི་དབུས་སུ་ངེས་པར་ངོ་མཚར་ཡང་། །དེ་རུ་གནས་ནས་བདག་གཞན་སྐྱེ་བོ་ལ་ཕན་སྒྲུབ་པའི་ཐབས་བཤད་བྱ། །གཅིག་ཏུ་ཐུགས་ནི་སྙིང་པོ་ལྷན་ཅིག་སྐྱེས་ པ་དཔེ་མེད་རྡོ་རྗེ་སྤྱོད་པའི་བདག །རྡོ་རྗེ་ལྷ་མོ་ཕག་མོ་དང་ནི་བླ་མ་མཆོག་གི་ཞབས་ལ་ལུས་ཀུན་ཕུལ་ནས་ཕྱག་བྱས་ཏེ། །དག་དང་མ་དག་བདག་གིས་མི་ཤེས་རྟག་ཏུ་རང་ཡིད་བདེ་བ་སྐྱེད་པའི་ཕྱིར། །གང་ཞིག་བདག་གིས་ཅུང་ཟད་ཐོབ་པའི་དཀྱིལ་འཁོར་བྲི་བའི་ཆོ་ག་ བདག་གིས་བཤད། །ཇི་ལྟར་བ་ལང་ཤི་བའི་བློ་ལས་དཱུར་བའི་མྱུ་གུར་སྐྱེ་བ་དང་། །ཡུང་བ་དང་ནི་ཕྱེ་མར་གྱུར་པར་རྫས་རྣམས་དམར་པོར་འགྱུར་བ་དང་། །འཁོར་བའི་རྡོ་རྙེད་པས་ནི་མྱུར་དུ་ལྕགས་འཁོར་འགྱུར་བ་བཞིན། །སེམས་ལ་རོལ་པས་རྣལ་འབྱོར་པ་ནི་རྣལ་འབྱོར་རིན་ཆེན་དེ་ བཞིན་ནོ། །འདིར་ནི་གང་གིས་གཞུང་མང་བའམ། །ཉུང་བ་མཐོང་བར་འགྱུར་བ་དེ། །བླ་མའི་སྐྱོན་མིན་བདག་བློའི་ཉེས་པ་ཡིན། །གང་ཡང་དཀྲུགས་དང་མ་དཀྲུགས་ལུགས་འབྱུང་ལུགས་བཟློག་ཟ་བ་པ་ཡིན། །རྒྱུད་འདི་བླ་མའི་མན་ངག་ལས་ཤེས་རང་ཉིད་དྲན་ཕྱིར་འདི་བྲི་བྱ། ། གཞན་ཕན་ལ་བརྩོན་རྣལ་འབྱོར་པ། །བསམ་དང་བསམ་མེད་ཏིང་འཛིན་ལྡན། །རྣམ་པར་མཁས་ཤིང་རྣམ་པར་རྒྱས་པའི་ཞལ། །རྟག་ཏུ་སྲིད་པ་ཞི་བར་མཛད་པའི་རང་བཞིན་ཅན། །ཐོག་མར་ཆུ་དང་ཐོད་ལ་གཙུག་ཏོར་རྡོ་རྗེ་དང་། །བདག་པོ་བསྙེམས་པར་བྱས་དང་མིང་དང་རིག་པའི་ དབང་། །མཆོག་ཏུ་དགའ་བར་བྱས་པ་གསང་བ་རྣལ་འབྱོར་མ་ནི་ཡེ་ཤེས་དབང་། །མིང་བཏགས་གྱུར་ནས་ལུང་བསྟན་དབུགས་དབྱུང་མཐའ། །དངོས་གྲུབ་བསྒྲུབ་པའི་དོན་དུ་ངེས་པར་སྡོམ་ཞེས་བྱ་བའི་འཁོར་ལོས་སྒྱུར། །མར་ངོའི་ཚེས་བརྒྱད་དང་ནི་གང་ཞིག་མར་ངོའི་བཅུ་བཞིར་ གྱུར་དང་ཟླ་བ་ཡི། །མཚན་མོ་མཆོད་བྱས་བླ་མའི་ཞབས་དང་དཔའ་བོ་ལ་བཏུད་ནས། །དག་ཅིང་གཅིག་ཏུ་དཔའ་བོས་སྐྱེ་བོ་ཀུན་ལ་ཕན་པའི་དོན་དུ་དེར་ནི་བརྩམ་པར་བྱ། །དེ་བཞིན་དུ་ཡང་གསུངས་པ་ལ། །དཀྱིལ་འཁོར་ཇི་བཞིན་དེ་བཞིན་དུ། །གང་གིས་ནུས་པར་རབ་ཏུ་བརྟག ། གང་གི་ལྷག་པའི་ལྷར་སྦྱོར་བས། །སྒྲུབ་པའི་དཀྱིལ་འཁོར་བརྟག་པར་བྱ། །བསོད་ནམས་དོན་དང་སློབ་མས་བསྐུལ། །སྔགས་པས་སྒྲུབ་པའི་དོན་དུ་བྲི། །གཞན་དུ་རྫས་ཀྱི་དོན་དུ་ནི། །སྐྱེ་བ་བྱེ་བར་དངོས་གྲུབ་མེད། །ལྷན་ཅིག་སྐྱེས་དོན་བསྟན་པ་ཡི། །དཀྱིལ་འཁོར་བསྒྲུབ་པ་ལ་ སོགས་པ། །འཁོར་ལོ་སྡོམ་པའི་རྒྱུད་ཀྱི་ནི། །དཀྱིལ་འཁོར་བྲི་བར་མི་བྱ་སྟེ། །དངོས་གྲུབ་དོན་དུ་དམ་བཅས་ནས། །བདེ་མཆོག་གི་ནི་དཀྱིལ་འཁོར་བྲི། །གང་དུའང་མཆོག་ཏུ་མ་ཡིན་ཞེས། །ངེས་མེད་དོན་དུ་བདག་གིས་བསྟན། །ལྷན་ཅིག་སྐྱེས་བྱས་རྣལ་འབྱོར་མ་ལ་མྱུར་དུ་གུས། ། རྨོངས་པ་ཀུན་སྤངས་སྡིག་པ་ཀུན་ལས་གྲོལ། །རྣལ་འབྱོར་སྙིང་ལ་སྦས་ཤིང་བརྡ་ཡི་དངོས་པོ་གོམས། །བདེ་བར་འདྲི་ཞིང་དག་པའི་སེམས་ལྡན་རྣལ་འབྱོར་པ། །གང་ལ་ཡོད་པའི་རྣམ་རྟོག་ཚེས་གྲངས་དང་ནི་སྨྱུང་བ་ལ་སོགས་མེད། །དེ་ནི་བདེ་མཆོག་བྱང་ཆུབ་མཆོག་འདི་ངེས་པར་ རྙེད། །རང་ཡིད་ངེས་བྱས་རྒྱུད་ཀྱི་དཀྱིལ་འཁོར་བྲི་བར་ལྡན། །གཅིག་ཏུ་རྣལ་འབྱོར་ཀུན་དང་གསང་བ་ཀུན་རིག་པ། །དེ་ནས་ཆོ་གར་ལྡན་པར་གཅིག་ཏུ་གསང་སྔགས་འབུམ་དུ་བཟླས། །ཡི་གེ་བདུན་དང་སྙིང་པོ་ཡང་ནི་དེ་བཞིན་གསུང་། །སྙིང་རྗེར་བཅས་པའི་འོད་ཀྱི་ཚོགས་ཀྱིས་བདུད་ ཀྱི་ལས་འཇིག་པ། །དཔའ་བོ་དཔའ་མོའི་དབང་ཕྱུག་མ་ཡི་ངེས་པར་ཁྲི་ཕྲག་གཅིག་ཏུ་བཟླས། །རང་ཡིད་ཡོངས་སུ་དགའ་ཞིང་ཧེ་རུ་ཀ་ཡི་བཀའ་ཐོབ་དང་། །རང་བཞིན་ལས་སྐྱེས་འཁོར་ལོའི་ལྷ་དང་ལྷ་མོའི་ལུང་ཐོབ་དང་། །རྣལ་འབྱོར་པ་དེ་བརྟན་པར་གྱུར་ཅིང་དཀྱིལ་འཁོར་འདྲི་ལ་ བརྩོན། །འདིར་ནི་ང་རྒྱལ་ཅན་དང་བརྐམ་ཆགས་སེམས་མ་ཡིན། །དཔལ་ལྡན་ཨོ་ཌྱན་གནས་ནས་བླ་མའི་གསུང་གི་རིམ་པ་ལས་མངོན་དུ། །བདག་ཉིད་དགའ་བའི་དོན་དུ་ཐམས་ཅད་བདག་གིས་སྨྲ། །ཇི་ལྟར་བུ་རམ་མངར་བ་དང་། །མེ་ནི་ཚ་བ་ཇི་བཞིན་དུ། །དེ་བཞིན་ལྷ་མོ་དཔལ་ ཆེན་པོའི། །དགའ་བའི་ཡེ་ཤེས་རྣམ་པར་གནས། །དེ་ལ་རོལ་པ་ལྟ་བུ་ཡི། །དཀྱིལ་འཁོར་ལྟར་གྱུར་ལེགས་པར་གནས། །ལུས་ཀྱི་དཀྱིལ་འཁོར་ཞེས་བསྟན་དང་། །རྡུལ་ཚོན་དཀྱིལ་འཁོར་དེ་བཞིན་ཉིད། །ཇི་སྲིད་ནད་མེད་ལུས་དང་ནི། །རྣམ་པར་མཁས་པས་བརྩམ་པར་བྱ། ། དཀྱིལ་འཁོར་གཉིས་པོ་བསྒྲུབ་དོན་དུ། །དེ་སྲིད་ཧེ་རུ་ཀ་ལ་བརྗོད། །གཡུལ་ཆེན་མི་སྡུག་ཤིན་ཏུ་འཇིགས། །ཡི་དགས་མོ་ཚོགས་འཇིགས་པའི་སྒྲ། །འབྱུང་པོ་ཤ་ཟ་མོ་དང་ཅེ་སྤྱང་མོ་ལ་སོགས། །དུར་ཁྲོད་དུ་ནི་ངེས་པར་སྔོན་དུ་བསྙེན་པ་བྱ། །ཤིན་ཏུ་ཤེས་རབ་ལ་ཆགས་སྙིང་ རྗེས་བརླན་པའི་སེམས། །རྣལ་འབྱོར་བདུད་རྩི་མྱང་བའི་ཆོ་གས་མི་ངོམས་ཤིང་། །བྱམས་པའི་ལེགས་པར་སྤྱད་པས་སྲིད་གསུམ་དབང་དུ་གྱུར། །དཀྱིལ་འཁོར་སྒྲུབ་པའི་ཐབས་དོན་རབ་ཏུ་བརྩམ། །གང་ཞིག་བསྟན་དང་མ་བསྟན་པ། །དེ་ཀུན་ཧེ་རུ་ཀ་ལ་ གནས། །འདི་དོན་ལེགས་པར་ཤེས་བྱས་ན། །འདུས་པ་ལ་སོགས་ལེགས་པར་གནས། །བླ་མའི་ལེགས་པའི་ཞབས་གཉིས་ནི། སྤྱི་བོའི་གནས་སུ་རྣམ་པར་བསམ། །གནས་སོགས་སྦྱོར་བས་བཀོད་ནས་ནི། །ལེག་པར་མཆོད་ནས་བསམ་གཏན་བརྩམ། །གཡོན་པས་བརླ་མནན་ ལེགས་པར་བརྟན། །རྐང་པས་རྡོ་རྗེ་སྐྱིལ་ཀྲུང་གནས། །ཕུར་བུ་རི་བ་སྔོན་རིག་པས། །ཕྱོགས་བཅུར་དྲ་བ་ཁྲོ་གཟུགས་ཀྱིས། །ལག་ན་ཌ་མ་རུ་འཛིན་ཅིང་། །རྡོ་རྗེ་ཁ་ཊྭཱཾ་ཕྱག་བསྣམས་པའི། །ཧེ་རུ་ཀ་དཔལ་ཞེས་བྱ་བསམ། །བྱང་ཆུབ་ཡན་ལག་སོགས་ཀུན་གྱིས། །ལེགས་མཛེས་དེ་ ཉིད་རིན་ཆེན་བསྒོམ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། །ཨོཾ་གྲྀ་ཧྞ་གྲྀཧྞ་ཧཱུཾ་ཕཊ། །ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཕཊ། །གཟུགས་ནི་རྣམ་པར་སྣང་མཛད་ཅེས་བྱ་བར་རྟག་ཏུ་འགྱུར། ཚོར་བ་རྡོ་རྗེ་ཉི་མར་རབ་ཏུ་འགྱུར། །འདུ་ཤེས་དཔལ་ལྡན་རྡོ་རྗེ་ གར་ཏེ་འདུ་བྱེད་ནི། །རྡོ་རྗེ་རྒྱལ་པོ་ཡོན་ཏན་སྣ་ཚོགས་གཞི། །རྣམ་པར་ཤེས་པ་རྡོ་རྗེ་སེམས་ཏེ་མ་ལུས་རྒྱལ། །རང་བཞིན་ཚོགས་ཀྱི་སྙིང་པོ་སྟེ། །ངེས་པར་ཧེ་དང་རྡོ་རྗེ་འདི་ནི་ལེག་པར་ང་རྒྱལ་ཐོབ་པར་བསམ། །མིག་ནི་དཔལ་ལྡན་གཏི་མུག་རྡོ་རྗེ་ལྷན་ཅིག་སྐྱེས་པ་ཡི། །བདེ་བ་ ཡིད་དེ་རྣ་བ་ཞེ་སྡང་རྡོ་རྗེའོ། །སྣ་ནི་སེར་སྣ་རྡོ་རྗེ་ཞེས་གྲགས་ཁ་ལ་ནི། །མཆོག་ཏུ་དགའ་བ་ལས་བྱུང་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་སྣ་རྡོ་རྗེ་ཡུལ་དང་ཡང་དག་ལྡན་གྱུར་ཁམས་ཀྱི་དག་པ་དེ་བཞིན་ཉིད། །རྣམ་པ་ཀུན་གྱིས་ལེགས་གནས་མཆོག་ཏུ་བདེ་བའི་རྣམ་པར་རྣལ་འབྱོར་ མ་ཚོགས་རོལ། །ས་ནི་དཔལ་ལྡན་སྤྱན་ཞེས་གྲགས་པ་བྱམས་པ་ལྟུང་བར་བྱེད་མ་ཞེས་བྱའི་ལྷ་མོར་རབ་ཏུ་བསྟན། །ཆུ་ཡི་ཁམས་ལ་གསོད་བྱེད་མ་གང་རྡོ་རྗེ་རིགས་ཀྱི་དངོས་པོ་སྙིང་རྗེའི་སེམས་ཀྱིས་བརྒྱན། །མེ་ལ་རྣོ་བའི་འགུགས་བྱེད་མ་གནས་རླུང་ལ་གར་དབང་ཕྱུག །ནམ་མཁའ་ལ་ ནི་པདྨའི་འོད་ཟེར་བདེ་བ་ཀུན་མཛད་ཆོས་དབྱིངས་རང་བཞིན་ནོ། །ལུས་རྗེས་དྲན་པས་དག་པའི་ཆུ་ཡི་གཟུགས་ནི་མཁའ་འགྲོ་མ་ཡིས་རྟག་ཏུ་མཚན་པའོ། །ཚོར་བའི་མིང་ཡང་ལཱ་མ་སྒྲོལ་མ་རླུང་གི་རང་བཞིན་ནོ། །ཆོས་རྗེས་དྲན་བྱེད་སྐྱེ་བ་རུ་སྐྱེས་དུམ་སྐྱེས་མ་ཞེས་བྱ། །སེམས་རྗེས་དྲན་ པའི་རང་བཞིན་གཟུགས་ཅན་མ་དེ་སྤྱན་ཞེས་གྲགས། །འདུན་པ་རབ་གཏུམ་གཏུམ་མིག་མ་ནི་བརྩོན་འགྲུས་རྫུ་འཕྲུལ་རྣམ་པར་འཕྲུལ། །འོད་ལྡན་མ་ནི་དཔྱོད་པ་སྣ་ཆེན་མ་ནི་སེམས་སུ་གྱུར། །དཔའ་བོའི་བློ་མ་དད་དབང་གསུངས། །བརྩོན་འགྲུས་དབང་པོ་མི་ཐུང་མ། །ལང་ཀ་ ཞེས་གྲགས་དྲན་མའི་མིང་། །ཏིང་འཛིན་མིང་ནི་ལྗོན་གྲིབ་མ། །ལྷ་མོ་ཆེན་མོ་ས་སྲུང་མ། །ཤེས་རབ་དབང་པོར་ཡང་དག་བྱུང་། །དབང་པོ་ལྔར་གྲགས་འདི་རྣམས་ནི། །ལྷ་མོ་དེ་ཡི་བདག་ཉིད་ཅན། །དད་སྟོབས་ཤིན་ཏུ་དཔའ་མོ་སྟེ། །རླུང་གི་ཤུགས་མ་བརྩོན་འགྲུས་སོ། །ཆང་ འཐུང་མ་ནི་དྲན་པ་ཉིད། །སྔོ་བསངས་ལྷ་མོ་ཏིང་འཛིན་སྐྱེས། །ཤིན་ཏུ་བཟང་མོ་ཤེས་རབ་སྟོབས། །ཕྱག་རྒྱ་ལྔ་སྟོབས་དག་པར་གསུངས། །རྟ་རྣ་ཏིང་འཛིན་ཡན་ལག་གྱུར། །བརྩོན་འགྲུས་ཡན་ལག་བྱ་གདོང་མ། །འཁོར་ལོའི་ཤུགས་མ་རྟག་ཏུ་དགའ། །ཤིན་ཏུ་དབྱངས་མ་ དུམ་སྐྱེས་མ། །ཆོས་ཡན་ལག་ནི་ཤོཎྜི་ཉིད། །འཁོར་ལོའི་གོ་ཆ་དྲན་ཡན་ལག །བཏང་སྙོམས་ཡན་ལག་རབ་དཔའ་མོ། །བྱང་ཆུབ་ཡན་ལག་བདུན་གྲགས་པ། །ཡན་ལག་འདིས་ནི་རྟག་ཏུ་མཚན། །རྣལ་འབྱོར་ས་ཡི་སྟེང་ན་རོལ། །ཡང་དག་ལྟ་བ་སྟོབས་པོ་ཆེ་སྟེ་ཡང་དག་དག་ ནི་ཀུན་རྟོག་ལེགས་པར་ཟ། །ཡང་དག་རྟོག་པ་ལེགས་པའི་འཁོར་ལོ་མ་སྟེ་རྟག་ཏུ་སེམས་ཅན་མཆོག་ཕན་བརྩོན། །ཡང་དག་རྟག་ཏུ་སྣ་ཚོགས་མཛེས་པས་བརྒྱན་པའི་བརྩོན་འགྲུས་ཆེན་མོ་ཡི། །ཡང་དག་ལས་ནི་ཕ་རོལ་གནོན་ལ་མཁས་པ་དེ་མིང་ཁྭ་ཡི་གདོང་ཅན་མ། །ཡང་དག་ འཚོ་བ་ཉིན་རེ་བཞིན་དུ་མཆོག་ཏུ་ལེགས་པར་སྲུང་བ་འུག་གདོང་མངོན་བརྗོད་མཆོག །ཡང་དག་རྩོལ་བ་རྟག་ཏུ་མཛེས་པས་ཡང་དག་བརྒྱན་པ་ལྷ་མོ་ཁྱི་གདོང་མ། །ཡང་དག་དྲན་པ་ཉེ་བར་སྤྱོད་པས་མཛེས་པ་ཕག་གདོང་ཞེས་བྱ་ཉིད། །ལྷ་མོ་འདི་དག་ཐམས་ཅད་རྣམ་པ་ཀུན་གྱི་ མཆོག་ལྡན་རང་གི་ལས་ལ་མཁས་པའོ། །བསོད་ནམས་མ་སྐྱེས་བསྐྱེད་པ་གཤིན་རྗེ་བརྟན་མར་གྱུར་པ་ཉིད། །དཔག་ཏུ་མེད་པར་རྟག་ཏུ་བསོད་ནམས་བསྐྱེད་པ་སྲུང་བ་གཤིན་རྗེ་ཕོ་ཉ་མོའོ། །མ་སྐྱེས་པ་ཡི་སྡིག་པ་སྤང་བ་གཤིན་རྗེ་མཆེ་བར་རབ་ཏུ་གྲགས། ། སྐྱེས་པའི་སྡིག་པ་སྤོང་བ་གཤིན་རྗེ་འཇོམས་མར་གསུངས། །བདུན་པ་བཞིའོ། །ཏིང་འཛིན་ཡང་དག་རང་བཞིན་དཔལ་ལྡན་ཕག་མོར་ཤིན་ཏུ་ལེགས་པར་གནས། །སུམ་ཅུ་དྲུག་ཏུ་འབྱུང་བ་ཡི། །བྱང་ཆུབ་ཡན་ལག་དེ་ཡིས་རྫོགས། །སོ་དང་སེན་མོའི་ཕྱོགས་སུ་མགོན་པོ་ཐོད་པའི་ དུམ་བུ་སྟེ། །ཐོག་མར་ཆེན་པོ་ཀེང་རུས་མཐའ་ནི་སྐྲ་དང་སྤུ་རུ་བྱུང་། །གྲུབ་པའི་དཔའ་བོ་རྐང་རུས་པགས་པ་དྲི་མ་རྣམ་དག་ཤ་ལ་འཇིགས་པའི་མཆེ་བར་གྱུར། །དཔེ་མེད་རོ་ཡི་རང་བཞིན་ཆད་དགྲ་དཔག་མེད་ཡོན་ཏན་རྣམ་འགྱུར་དཔག་མེད་འོད་ནི་རུས་པར་བྱུང་། །ཡིད་ལ་བྱས་པའི་ སྙིང་ནི་རྡོ་རྗེ་འོད་ཀྱི་རང་བཞིན་དྲི་མེད་སྙིང་གི་ཕྱོགས་སུ་རྡོ་རྗེ་ལུས་སུ་གྱུར། །མིག་ལ་མྱུ་གུ་ཅན་དགོད་མཁྲིས་པ་ལ་ནི་རལ་ཅན་གནས། །གློ་བ་ལ་ནི་དཔའ་བོ་ཆེན་པོ་རྒྱུ་མར་ཧཱུཾ་མཛད་མཛེས། །གཉེ་མར་ཤིན་ཏུ་རབ་ཏུ་བཟང་པོ་གྲོད་པར་རྡོ་རྗེ་བཟང་། །འཇིགས་བྱེད་བཤང་བའི་ལམ་སྟེ་ མིག་མི་བཟང་ནི་མདོམས་པར་མཛེས། །བད་ཀན་སྟོབས་པོ་ཆེ་སྟེ་རིན་ཆེན་རྡོ་རྗེ་རྣག་ལ་བསམ། །ཁྲག་ལ་རྟ་མགྲིན་ནམ་མཁའི་སྙིང་པོ་རྡུལ་དུ་གྱུར། །ཚིལ་ལ་ཧེ་རུ་ཀ་དཔལ་མཆི་མར་པདྨ་གར། །མཆིལ་མར་མགོན་པོ་རྣམ་སྣང་མཛད་དེ་སྣབས་ལ་དང་པོའི་སངས་རྒྱས་གྱུར། །བརྟན་ པ་དཔའ་བོར་ཡང་དག་གསུངས། །རྣལ་འབྱོར་མ་ནི་གཡོ་བར་གནས། །གཉིས་པོ་སྡུད་པར་གྱུར་པ་ནི། །ཧེ་རུ་ཀ་ཡི་ཡན་ལག་གསུངས། །སྙིང་གའི་དབུས་དེར་རྡོ་རྗེ་མགོན་པོ་ཧཱུཾ་ཡིག་འོད་དང་ལྡན། །སྤྲོས་པའི་འོད་ཀྱིས་གསལ་བར་བསམས་ནས་ཆོ་ག་བཞིན་དུ་དང་པོར་རྡོ་རྗེ་ལྡན་ པའི་ཕུར་བུ་སོགས་དབུས་སུ། །སྙིང་ག་མགོ་བོ་སྤྱི་གཙུག་ཕྲག་པ་མིག་དང་ཡན་ལག་ཀུན་ཏེ་ཡན་ལག་དྲུག །དགོད་བྱས་དཔེ་མེད་བདེ་མཆོག་ཅེས་བྱའི་གཟི་རབ་འབར་བ་གསུངས། །དང་པོ་དང་ནི་སྣང་མཛད་ཉིད་དང་པདྨ་གར་དབང་ཆེ། །ཧེ་རུ་ཀ་དང་རྡོ་རྗེ་ཉི་མ་ཡན་ལག་དྲུག་ལ་ རྟ་དང་ཡང་དག་ལྡན། །ཨོཾ་ཧ་ན་མ་ཧི་སྭཱ་ཧཱ་ཧུ་བོ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ། ལྟེ་བར་ཕག་མོ་གཤིན་རྗེ་མ་ནི་འབར་བའི་ཕྲེང་བ་ཅན་ཏེ་སྙིང་གར་རྣམ་པར་གནས། །ཁ་ལ་གཏི་མུག་པ་སྟེ་མགོ་བོར་ཤིན་ཏུ་མཛེས་པའི་སྐྱོད་བྱེད་མའོ། །སྤྱི་གཙུག་དབུས་སུ་སྐྲག་བྱེད་མ་ནི་འཇིགས་པའི་གཟུགས་ཅན་འབར་ བའི་མེ་དང་འདྲ། །ཡན་ལག་ཀུན་གྱི་ཕྱོགས་སུ་གཏུམ་མོ་ལུས་ལ་མཆོག་ཏུ་བརྒྱན་པའི་སྔགས་ནི་ལུས་ཀྱི་གོ་ཆའོ། །ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། །སྙིང་པོའི་གསང་སྔགས་བཞི་ནི་ལྷན་ཅིག་སྐྱེས་གྱུར་རྟག་ཏུ་དགའ་བའི་རང་བཞིན་སེམས། །རྣམ་ཀུན་གཅིག་ཏུ་སྙིང་པོ་འཕྲོ་བའི་ སྤྲིན་མཁའ་འགྲོ་ཡི་དྲ་བར་རོལ། །རྟོག་དང་རྟོག་མེད་ལས་གྲོལ་ཐུབ་པའི་ཡོན་ཏན་སྐྱེས་ཤིང་བདེ་མཆོག་ཅེས་བྱ་ཤིན་ཏུ་ལེགས་པར་གནས། །བློ་བཟང་པོས་ནི་རྡོ་རྗེ་མཆོག་གི་ཁ་དང་ལྟེ་བ་སྙིང་ག་ཀླད་པར་བསམ་པར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཤར་གྱི་ཞལ་དུ་མཁའ་འགྲོ་མ། །གཡོན་པའི་ཞལ་དུ་ལཱ་མའོ། །རྒྱབ་ཀྱི་ཞལ་དུ་དུམ་སྐྱེས་མ། །ལྷོ་ཡི་ཞལ་དུ་གཟུགས་ཅན་མའོ། །གཅིག་དང་དུ་མའི་རང་བཞིན་ མཆོག་ཏུ་བདེ་བྱེད་རྟག་པ་ལ་སོགས་རང་བཞིན་ཅན། ཐོད་པ་བཞི་པོ་གང་ཞིག་བདུད་རྩི་རང་བཞིན་ལྡན་ཞིང་སྟོང་ཉིད་ལས་བྱུང་སྣ་ཚོགས་པ། །དགའ་ཀུན་གཅིག་ཏུ་སྙིང་པོས་གསུམ་སྐྱེས་པདྨའི་ལྟེ་བའི་ཕྱོགས། །དེ་ཡང་རྟག་ཏུ་རང་བཞིན་ལས་སྐྱེས་གཅིག་ཏུ་དཔའ་བོ་སངས་རྒྱས་ཀུན་ གྱི་རང་བཞིན་དགོད། །བུ་སྟེ་མགོ་བོར་རབ་གཏུམ་མོ་ནི་ཐོད་པ་ལྡན་པ་སྤྱི་གཙུག་ཏུ། །ཛཱ་ལནྡྷ་ར་ཞེས་བྱར་ཀེང་རུས་ཆེན་པོ་དང་ནི་གཏུམ་མིག་བཞུགས། ཨོ་སྟེ་རྣ་བ་གཡས་པ་ཨོ་རྒྱན་ཞེས་བྱ་བར། །ཀེང་རུས་དང་བཅས་འོད་ལྡན་མ་དང་ཨ་ནི་ཨར་བུ་དེར་གནས་པ། །མཆེ་བ་རྣམ་པར་ གཙིགས་དང་སྣ་ཆེན་མ་ནི་རྒྱབ་ཀྱི་ཚིགས་པར་གནས། །འདི་ནི་སྟན་གྱི་རྣམ་པར་དགོད་པ་བདེ་མཆོག་ནང་ནས་གསུངས། །གོ་སྟེ་རྣ་བ་གཡོན་པ་གོ་དཱ་བཱ་རི་ཞེས་བྱ་བར། །དཔའ་བོའི་བློ་མ་དང་ལྡན་ཆང་ལ་དཔའ་བོ་ལེགས་པར་བཞུགས། །སྨིན་མའི་དབུས་སུ་རཱ་སྟེ་རཱ་མེ་ཤཱ་རར་ལེགས་ པར་རྣམ་གནས་པ། །འོད་དཔག་མེད་དང་ལྡན་པའི་མི་ཐུང་མ་ནི་ཁྲོ་བོའི་གཟུགས་ཅན་མའོ། །དེ་སྟེ་མིག་གི་ཕྱོགས་སུ་དེ་བཱི་ཀོ་ཊིར་རྣམ་གནས་པ། །དཔའ་བོ་ཆེན་པོ་རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་ཡང་དག་ལྡན། །མཱ་སྟེ་དཔུང་པའི་རྩ་བར་མཱ་ལ་བར་གྲགས་ཤིན་ཏུ་ལེགས་ གནས་པ། །རྡོ་རྗེ་ལུས་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སུ་རབ་ཏུ་གྲགས། །ཐུགས་ཀྱི་འཁོར་ལོའི་རང་བཞིན་གྱི། །དཔའ་བོ་དཔའ་མོའི་དབང་ཕྱུག་བཞུགས། །མཁའ་སྤྱོད་ཅེས་པའི་འཁོར་ལོ་ནི། །འཁོར་ལོ་བདེ་མཆོག་ལས་རབ་བསྟན། །ཀཱ་ཞེས་པ་ནི་ཀཱ་མ་རཱུ་པ་མཆན་ཁུང་དག་ ལ་རྣམ་གནས་པ། །དཔའ་ཆེན་མྱུ་གུ་ཅན་དང་ཨེ་རཱ་ཝ་ཏཱིར་ཡང་དག་ལྡན། །ཨོ་སྟེ་ནུ་མའི་ཕྱོགས་སུ་ཨོ་ཊྱེར་རྡོ་རྗེ་རལ་པ་ཅན་དང་ནི། །འཇིགས་བྱེད་ཆེན་པོར་ལྡན་པར་བཞུགས་ཞེས་མངོན་པར་བརྗོད། །ཏྲི་སྟེ་ཏྲི་ཤ་ཀུ་ནེར་ལྟེ་བའི་ཕྱོགས་སུ་རྟག་བཞུགས་པ། །དཔའ་བོ་ཆེན་པོར་ཡང་དག་ ལྡན་པའི་རླུང་གི་ཤུགས་མ་ལེགས་པའི་གཟུགས་ཅན་མའོ། །ཀོ་སྟེ་སྣ་ཡི་རྩེ་མོར་རྡོ་རྗེ་ཧཱུཾ་མཛད་ཀོ་ས་ལར། །ཆང་འཐུང་མ་དང་ཡང་དག་ལྡན་པ་ཉེ་བའི་ཞིང་དུ་རབ་ཏུ་གྲགས། །ཀ་སྟེ་ཁ་ཡི་ཕྱོགས་སུ་ཤྱཱ་མ་དེ་བིར་ཡང་དག་ལྡན། །རབ་ཏུ་བཟང་པོར་གྲགས་པ་བསྟེན་པར་གྱུར་པ་ཀ་ ལིང་གར་ནི་རྡོ་རྗེ་འཆང་བའོ། །ལ་སྟེ་མགྲིན་པའི་ཕྱོགས་སུ་ལམ་པཱ་ཀ་ཞེས་བྱ་བར་རྣམ་གནས་པ། །རྡོ་རྗེ་འོད་དང་ཤིན་ཏུ་བཟང་མོར་ཡང་དག་ལྡན་པ་ཚནྡོ་ཧའོ། །ཀཱ་སྟེ་སྙིང་གར་དགོད་པ་ཀཱ་ཉྩི་ཕྱོགས་སུ་རྣམ་གྲགས་ལ། །དཔའ་བོ་ཆེན་པོར་ཡང་དག་ལྡན་པའི་རྟ་རྣ་མ་ནི་འཇིགས་ པའི་གཟུགས། །ཧི་སྟེ་མདོམས་སུ་འབར་བ་ཆེན་པོ་མིག་མི་བཟང་ནི་བྱ་གདོང་མ་དང་ཡང་དག་ལྡན། །ཧི་མཱ་ལ་སྟེ་ཉེ་བའི་ཚནྡོ་ཞེས་སུ་གྲགས། །གསུང་གི་འཁོར་ལོ་ས་ལ་སྤྱོད་པ་ལྷ་མོ་འཛུམ་པར་བཅས་པའི་དཔའ་བོ་ཡང་དག་ལྡན། །དངོས་གྲུབ་ཐམས་ཅད་རྟག་ཏུ་བྱེད་ཅིང་ལྷན་ ཅིག་སྐྱེས་པའི་དགའ་བས་ལེགས་པར་གནས། །པྲེ་སྟེ་པྲེ་ཏ་པུ་རིར་རྡོ་རྗེའི་ཕྱོགས་སུ་རྣམ་གནས་པ། །སྟོབས་པོ་ཆེ་དང་ཡང་དག་ལྡན་པའི་འཁོར་ལོའི་ཤུགས་མའི་རྣལ་འབྱོར་མའོ། །གྲྀ་སྟེ་བཤང་བའི་གནས་སུ་གྲྀ་ཧ་དེ་བ་ཏཱ་དང་ཡང་དག་ལྡན། །དུམ་སྐྱེས་མ་དང་རིན་ཆེན་ཤིན་ཏུ་ལེགས་ པར་གནས་པ་འདུས་པའོ། །བརླ་ཡི་ཕྱོགས་སུ་རྟ་མགྲིན་ཤཽཎྜི་ནཱི་དང་ལྷན་ཅིག་འདི་ནི་འདོད་པའི་ལྷ་མོའོ། །སཽ་སྟེ་སཽ་རཱཥྚར་རྡོ་རྗེ་དྲ་བར་ལྡན་མའོ། །སུ་སྟེ་བྱིན་པ་དག་ལ་འཁོར་ལོའི་གོ་ཆ་མ་ཉིད་དང་། །ནམ་མཁའི་སྙིང་པོར་ཡང་དག་ལྡན་པ་གསེར་གླིང་ལ་ལེགས་གནས། །དེ་ནི་དཔའ་ པོའི་ཉེ་བའི་འདུས་པ་འོན་ཏེ་སོར་མོར་ལེགས་གནས་པ། །ན་ག་རར་ནི་ཧེ་རུ་ཀ་དང་ལྡན་པའི་ལྷ་མོ་ཤིན་ཏུ་དཔའ་མོའོ། །སི་སྟེ་སིནྡྷུར་རྐང་པའི་བོལ་ལ་པདྨ་གར་གྱི་དབང་ཕྱུག་དང་། །སྟོབས་ཆེན་མོ་དང་ཡང་དག་ལྡན་ཞུགས་དུར་ཁྲོད་དོ། །མ་སྟེ་མཐེ་བོའི་ཕྱོགས་སུ་མ་རུར་རྣམ་པར་སྣང་ མཛད་བཞུགས། །འདོད་པའི་དངོས་གྲུབ་ཀུན་སྟེར་དགྱེས་ཉིད་འཁོར་ལོས་སྒྱུར་མའོ། །ཀུ་སྟེ་པུས་མོའི་ཕྱོགས་སུ་ཀུ་ལ་ཏཱར་ནི་རྣམ་དག་པ། །རྡོ་རྗེ་སེམས་དཔའ་བརྩོན་འགྲུས་ཆེན་མོར་ཡང་དག་ལྡན་པར་རྟག་ཏུ་གྱུར། །སྐུ་ཡི་འཁོར་ལོ་ས་འོག་སྤྱོད་པའི་ལྷ་མོ་རྣམ་པར་གནས། ། འཁོར་ལོ་གསུམ་བཀོད་ནང་དང་ཕྱིར་བཅས་གནས་པར་བསྟན། །པུ་ལ་སོགས་པར་བཀོད་པའི་དཔའ་བོ་རྡོ་རྗེ་སེམས་དཔའ་དང་པོར་བརྗོད། །པདྨ་ཉི་མར་ལྡན་པའི་གདན་ལ་རྣལ་འབྱོར་མས་ནི་ལེགས་པར་བསྲུང་། །ཡན་ལག་ལ་དགོད་སྨྲ་བ་སློབ་དཔོན་གཞན་གྱི་གཞུང་། །ལུགས་ གཉིས་གང་འདོད་དེ་བླངས་ནས་ནི་ལེགས་པར་སྤྱད། །ས་བོན་ཐིག་ལེ་ཡང་དག་ལྡན་པར་གང་ཞིག་ཀུན་དུ་གྱུར། །དེ་ནི་འབྲས་བུ་ཡིན་ཞེས་རྣལ་འབྱོར་པ་ཡིས་གསུངས། །ཐིག་ལེས་ཀུན་དུ་ཁྱབ་ཅིང་གང་ཕྱིར་མི་འགྱུར་མཚན་ཉིད་གྱུར་པ་གང་། །དེ་ནི་དགར་གྱུར་དགའ་ལས་ལྷན་ཅིག་ སྐྱེས་པར་གྱུར། །ལྷན་ཅིག་སྐྱེས་པས་འགྲོ་བ་བསྐྱེད་པ་བསྐྱེད་པའི་ལྷན་ཅིག་སྐྱེས་པར་གྱུར། །བསྐྱེད་པའི་ལྷན་ཅིག་སྐྱེས་པའི་བྱེ་བྲག་འདི་ནི་ཀུན་རྫོབ་ཅེས་སུ་བདག་གིས་བསྟན། །ལྷ་མོ་ཁྭ་དང་འུག་པའི་གདོང་ཅན་དང་། །ཁྱི་ཡི་གདོང་དང་ཕག་གི་གདོང་ཅན་དང་། །ཞལ་ལ་དགོད་ པར་གསུངས་པ་ཞལ་བཞི་རྣམ་དག་པ། །གཤིན་རྗེ་བརྟན་མ་དང་ནི་གཤིན་རྗེ་ཕོ་ཉ་མོ། །གཤིན་རྗེ་མཆེ་བ་མ་རྣམས་དེ་བཞིན་ཉིད། །གཤིན་རྗེ་འཇོམས་མ་དང་ལྡན་དགོད་པ་ནི། །མཚམས་སུ་བཞུགས་པར་གྱུར་པའོ། །ཕ་རོལ་ཕྱིན་བཅུ་རྣམ་དག་པ། །ས་བཅུ་རྣམས་སུ་རབ་ཏུ་གནས། ། ཤེས་པ་བཅུ་ཡི་རང་བཞིན་བདག །བཅུ་ཡི་དབྱེ་བས་རྣམ་པར་གནས། །སྟན་ནི་རབ་ཏུ་དགའ་བའི་ས། །དེ་ནི་སྦྱིན་པའི་ཕ་རོལ་ཕྱིན། །དྲི་མེད་ཚུལ་ཁྲིམས་ཡང་དག་ལྡན། །ཉེ་བའི་སྟན་དུ་རབ་ཏུ་གྲགས། །ཞིང་ནི་འོད་བྱེད་ཤེས་པར་བྱ། །དེ་ནི་བཟོད་པའི་ཕ་རོལ་ ཕྱིན། །ཉེ་བའི་ཞིང་ནི་བརྩོན་འགྲུས་གྱུར། །འོད་འཕྲོ་བ་དང་ཡང་དག་ལྡན། །ཚནྡོ་བསམ་གཏན་ཡང་དག་ལྡན། །མངོན་གྱུར་ཞེས་བྱའི་ས་རུ་གནས། །ཉེ་བའི་ཚནྡོ་ཤེས་རབ་སྟེ། །དེ་ནི་སྦྱང་དཀའི་ས་ཞེས་བྱ། །འདུས་པ་རྟག་ཏུ་ཐབས་ཡིན་ཏེ། །རིང་དུ་སོང་བའི་ས་རུ་གནས། ། ཉེ་བའི་འདུས་པ་རྟག་ཏུ་ནི། །མི་གཡོ་བ་དང་ཐབས་སུ་གནས། །དུར་ཁྲོད་སྨོན་ལམ་རྟག་ཏུ་གསུངས། །ལེགས་པའི་བློ་གྲོས་ས་དང་ལྡན། །རྒྱལ་ཆེན་དཔལ་དང་ཧེ་རུ་ཀ །དེ་རུ་རོལ་པས་ལེགས་པར་བཞུགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རང་འབྱུང་མཆོག་གི་དབང་ ཕྱུག་སྟེ། །སྟོན་པ་དཔའ་བོ་ཀུན་གྱི་གཞི། །རྣམ་པ་ཀུན་གྱི་མཚན་ཉིད་གཅིག །ས་གཞན་དང་པོར་ཚོགས་ལྡན་ཐ་མར་སྤྲིན་ཏེ་རྟག་ཏུ་ཡེ་ཤེས་མཆོག་ཏུ་གྲགས། །ཉེ་བའི་དུར་ཁྲོད་འབྱུང་པོའི་གནས་ཏེ་ཧེ་རུ་ཀ་ཆགས་བདག་གིས་བསྟན། །སྟན་ནི་སྡུག་བསྔལ་དག་ཏུ་ཤེས། །ཉེ་བའི་ སྟན་ནི་ཀུན་འབྱུང་སྟེ། །ཞིང་གི་མིང་ནི་འགོག་པའོ། །ལམ་ནི་རྟག་ཏུ་ཉེ་བའི་ཞིང་། །ཟད་པ་ཤེས་པ་ཚནྡོ་ཧ། །ཉེ་བའི་ཚནྡོ་མི་སྐྱེ་བ། །ཆོས་ནི་འདུས་པ་ཉིད་ཡིན་ནོ། །ཉེ་བའི་འདུས་པ་རྗེས་སུ་ཤེས། །དུར་ཁྲོད་ཀུན་རྫོབ་ཤེས་པའོ། །དོན་དམ་ཉེ་བའི་དུར་ཁྲོད་དོ། །ཤེས་པ་ བཅུ་ཡི་རང་བཞིན་གྱིས། །གནས་ལ་སོགས་པ་དག་པར་གྲགས། །ཟབ་མོ་འབུམ་གྱི་མདོ་ལས་ཀྱང་། །ཡེ་ཤེས་གྲགས་པར་གྱུར་པ་ཡང་། །སངས་རྒྱས་གཟུགས་ཀྱི་རང་བཞིན་དུ། །འཁོར་ལོ་བདེ་མཆོག་ལ་གནས་པའོ། །འཆད་པར་འགྱུར་བའི་ཕྱག་དང་ལྡན། །ཁ་དོག་ མཚོན་ཆ་དང་ལྡན་པ། །ལྷ་མོ་རྣམས་དང་དཔའ་བོ་ཀུན། །པུ་ལླིར་ལ་སོགས་རབ་བསམ་བྱ། །བྱང་ཆུབ་ཀྱི་ཆོས་སུམ་ཅུ་བདུན། །རྣལ་འབྱོར་མ་ཡི་དག་པའོ། །སེན་སོགས་ཡན་ལག་བཀོད་པ་ཡང་། །དེ་ནི་གོ་ཆ་ཆེན་པོར་དྲན། །རྣལ་འབྱོར་འདི་དང་ཡང་དག་ལྡན། །ལྷན་ཅིག་སྐྱེས་ པ་གཞན་ཡིན་ནོ། །ཕྱི་རོལ་ནང་དང་མཉམ་ལྡན་པ། །ཧེ་རུ་ཀ་སྐུར་ཡང་དག་གནས། །མ་སྐྱེས་པ་ཡི་རང་བཞིན་ཕྱིར། །སྟོང་པ་ཞེས་ནི་མངོན་པར་བརྗོད། །གང་ཕྱིར་རྒྱུ་དང་བྲལ་བའི་ཕྱིར། །དེ་ནི་མཚན་མ་མེད་པར་བརྗོད། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཐོག་མར་ སྟོང་བསྒོམས་དེ་རྗེས་མཁའ་བྱས་རླུང་དང་མེ་དབུས་ཆུ། །གཞི་བསམ་གཞན་ཡང་བརྒྱ་བྱིན་རྡོ་རྗེས་མཚན་པའི་གཟུགས་སུ་བྱུང་། །དེ་སྟེང་རྩེ་མོ་བརྒྱད་དང་མཚན་པའི་རི་རབ་རྩེ་མོར་གསེར་གྱི་རྡོ་རྗེ་དང་ནི་གཞལ་ཡས་ཁང་། །གཅིག་ཏུ་མེ་ཏོག་སྣ་ཚོགས་ཀྱིས་མཛེས་སྣ་ཚོགས་མང་པོའི་རས་ཆེན་ བཟང་པོས་གཅིག་ཏུ་མཛེས། །དྲིལ་བུ་འཕན་དང་ཡང་དག་ལྡན་པའི་སྒྲ་ཡིས་ཕྱོགས་སུ་གྲགས་ཤིང་དྲིལ་ཆུང་སྙན་པའི་སྒྲ། །འཁོར་ལོའི་རྣམ་པའི་རང་དབུས་ཁ་སྦྱོར་གསུམ་མཆོག་མེ་ཏོག་ཕྲེང་བས་མཛེས། །ཕྱི་རོལ་སྒོ་བཞིར་རྟ་བབས་ཆེན་པོ་ཉིད་ཀྱིས་མཆོག་ཏུ་མཛེས། །དབུས་སུ་སྣ་ཚོགས་ པདྨ་ལ་གནས་སྲིད་པ་ལས་བྱུང་རྡོ་རྗེ་སྔོན་པོ་ཆེན་པོའོ། །དེའི་མཐར་བདེ་མཆོག་ཅེས་གྲགས་ཡུལ་དང་ཡང་དག་ལྡན་པ་འབྱུང་བ་ལྔ་ཡི་རང་བཞིན་ཅན། །སྔོན་པོ་ལྟ་བུའི་འོད་བཟང་ལྡན་ཞིང་ལྟེ་བར་བྱས་པ་ཡིད་ནི་ཧཱུཾ་ལས་བྱུང་བ་མཐའ་ཡས་མགོན་པོའོ། །སྤྲོས་པའི་ཤེས་རབ་ཡན་ལག་སྦྱོར་བ་ ཕྱོགས་སུ་ཕྱིར་བཟློག་གྱུར་ནས་བསྡུས་ཏེ་རྡོ་རྗེ་མགོན་པོའོ། །སྒྱུ་མ་ལྟ་བུའི་རང་བཞིན་སྲིད་པ་ཀུན་དང་མཉམ་པ་པདྨའི་དབུས་སུ་བསྒོམ། །དུ་བ་ལྟ་བུའི་འོད་ཟེར་བཟང་པོ་ཐོག་མར་གཙོ་བོའི་ཞལ་ནི་ཟླ་ཚེས་ལྟ་བུ་ཡི། །མཆེ་བ་ལྡན་ཞིང་གཡོན་པའི་ཞལ་བཟང་ལྗང་གུ་རྒྱབ་ཞལ་རྣམ་པར་ འགྱུར་བ་བཟང་པོའི་སྤྱན། །གཡས་པར་ཧ་ཧར་དགོད་བཅས་ཧི་ཧི་ཞེས་ཞི་གསེར་འདྲ་ཤིན་ཏུ་འཇིགས། །གཡས་པ་བརྐྱང་བས་དུས་མཚན་དང་ལྡན་འཇིགས་བྱེད་མནན་ཅིང་དྲི་མེད་མཁའ་འགྲོ་དྲ་བས་རོལ། །མགོ་བོ་ལྔ་བཅུའི་ཕྲེང་བས་བརྒྱུད་པའི་དོ་ཤལ་མཛེས་པར་འཕྱང་བས་བརླ་ནས་ ཕྲག་པའི་བར། །ལུས་ནི་ཕྱག་རྒྱ་དྲུག་བརྒྱན་མི་མགོ་སྣ་ཚོགས་བཅིངས་ཤིང་དབུ་སྐྲ་ཁམ་པ་གྱེན་དུ་བརྫེས། །ཅོད་པན་ཟླ་བ་ཕྲེང་བས་མཚན་པ་ས་སྟེང་མུན་པ་སེལ་བ་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན། །སྦྱངས་པར་གྱུར་པའི་ཕྱག་ཆེན་པོ་ནི་མཆོག་གྱུར་མང་པོ་ཟད་བྱེད་འཕྲོ་བའི་དྲིལ་བུ་དག་པའི་རྡོ་ རྗེའོ། །གང་གི་གླང་པོའི་པགས་པ་ཁྲག་གིས་བརླན་པ་གྱེན་དུ་འཕྱར་བ་བསྣམས་པས་མཛེས་པར་བསྟན། །གཡས་ན་རྣོ་བའི་མདུང་དང་ཞགས་པ་མཆོག་ལྡན་ཌ་མ་རུ་དང་གྲི་གུག་གོ། །གཡོན་ན་ཁ་ཊྭཱཾ་ག་དང་པདྨ་ས་གསུམ་ལས་རྒྱལ་ཞགས་པ་མགོ་བོ་བཟང་པོས་མཛེས། །རྣམ་ ཀུན་རང་བཞིན་སྲིད་པ་ཀུན་མཉམ་དེ་ཡི་གཟུགས་སུ་རབ་ཏུ་བྱེད། །ཕྱག་ན་རྡོ་རྗེ་ལྡན་ཞིང་གདུག་པ་ཀུན་ལ་སྡིགས་མཛུབ་སྐྲ་གྲོལ་ལེགས་པར་དམར། །རབ་ཏུ་ཆགས་པས་མགྲིན་པར་འཁྱུད་ཅིང་ཞལ་ནི་ཁྲག་གིས་གང་ཞིང་ཕྱག་གཡོན་པདྨ་བསྣམས། །ཐབས་དང་ཤེས་རབ་གཅིག་ཏུ་སྦྱོར་བས་ ལྷན་ཅིག་སྐྱེས་བདེ་རྟག་ཏུ་དགའ་སེམས་རང་བཞིན་ཅན། །སྤྲིན་ལྟར་སྣང་བ་ལྷ་མོའི་ཚོགས་ནི་མཐའ་ཡས་སྤྲོ་བ་ལྷ་མོ་ཕག་མོ་སྟེ། །ཞལ་གྱི་གྲྭ་ཡི་ཕྱོགས་ནས་ཁྲག་འཛག་པས། །ཡན་ལག་ཀུན་ལ་བྱུགས་པས་མཛེས་པ་དང་། །མགོ་བོ་ཐོད་དང་མགོ་ཡི་ཕྲེང་བ་དང་། །གཅེར་བུ་མི་ཡི་ རུས་པས་རྣམ་པར་བརྒྱན། །གཡས་པའི་བྱིན་པས་བདག་པོ་ཡི། །གཡོན་པའི་བརླ་ནི་ཡོངས་སུ་འཁྱུད། །འཁོར་ལོ་ཀུན་བདག་སྦྱོར་བ་ཡིས། །རྣལ་འབྱོར་པ་རྣམས་སེམས་དགའ་མ། །རྟག་ཏུ་ཁྲོས་པ་ཕག་གདོང་དུ། །བདག་གིས་བརྟགས་ནས་བཤད་པའོ། །ཡང་ན་བུད་མེད་ལྟ་བུའི་ ཞལ། །འཁོར་ལོའི་གཙོ་མོ་བསྒོམ་པར་བྱ། །ཡང་ན་དེ་ནི་དུ་བའི་མདོག །དགའ་ཀུན་མཚན་ཉིད་གཅིག་པ་ཡི། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །རྡོ་རྗེ་ཕག་མོ་བསྒོམ་པར་བྱ། །འཁོར་ལོའི་དབུས་རྟག་ལྷ་མོ་ནི། །གང་ཞིག་བསྐྱོད་པའི་སྦྱོར་བས་གནས། །རྡོ་རྗེ་ཕག་གདོང་གཙོ་མོ་ ནི། །སྐྱེས་པ་ལྟ་བུར་བྱེད་པར་གསུངས། །རྡོ་རྗེ་ཕག་མོ་ལྷ་མོ་ཆེ། །ལྷ་མོ་ཀུན་དང་མཉམ་ལྡན་པ། །གཙོ་བོའི་གཟུགས་ཀྱིས་བསྒོམ་བྱ་བ། །བདེ་མཆོག་དོན་དུ་རྣམ་པར་ཤེས། །སྟག་གི་པགས་པའི་གོས་དང་ལྡན། །སྤྱན་གསུམ་རྟག་ཏུ་བསྒོམ་པར་བྱ། །སིལ་སིལ་ཟེར་བའི་སྒྲ་ཡིས་ ནི། །བརླ་གཉིས་མཉམ་པར་ཁྱབ་པའོ། །འབར་བའི་ཕྲེང་ཁྱབ་འཇིགས་པའོ། །འཇིགས་བྱེད་ཆེན་པོ་འཇིགས་པར་བྱེད། །ལྷན་ཅིག་སྐྱེས་རོལ་དུར་ཁྲོད་དེ། །ལྷན་ཅིག་སྐྱེས་དགའ་ཧེ་རུ་ཀ །ཆགས་བཅས་འཁྱུད་པ་ཡང་དག་ལྡན། །འོ་བྱེད་པས་ནི་རྟག་ཏུ་གནས། །བསྐྱོད་པ་ཆེན་ པོའི་སྦྱོར་བ་ཡིས། །འཁོར་ལོའི་གཙོ་བོ་བསྒོམ་པར་བྱ། །ཟླ་བའི་ཁ་དོག་ལྟ་བུའི་ཁྲོས་པ་སྟེ། །སྤྱན་གསུམ་ཞལ་ནི་ལྷ་རུ་གཟིགས། །མཆེ་བ་བཞི་ཡི་མྱུ་གུས་བརྒྱན། །དམ་པའི་དོན་དུ་རབ་ཏུ་གྲགས། །གཡས་པའི་ཕྱག་ན་ས་གསུམ་ལས་རྒྱལ་སྣ་ཚོགས་རྡོ་རྗེ་གསོར་བས་འཇིགས། ། གཡོན་ན་དངོས་གྲུབ་ཟླ་བ་ལྟར་དཀར་སྣོད་ནི་ཁྲག་གིས་བཀང་བ་བསྣམས། །ཕྱག་གཉིས་གཙོ་ལ་འཁྱུད་པས་ལྷན་ཅིག་སྐྱེས་པའི་བདེ་ལྡན་རྡོ་རྗེ་དྲིལ་བུ་འཛིན། །བན་དུ་ལྟར་དམར་འོད་ཚོགས་མང་པོ་ལྡན་པའི་རྡོ་རྗེ་ལྷ་མོ་བསམ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་ གཟུགས་ཅན་མ། །དགའ་དང་བདེ་བས་མགུ་བ་ཡི། །རྡོ་རྗེ་སྦྱོར་བས་བསྒོམ་པར་བྱ། །སྔོན་པོ་ལྗང་གུ་དམར་པོའི་སྐུ། །སེར་བའི་འོད་ཉིད་རྣལ་འབྱོར་མ། །ཕྱོགས་བཞིར་པདྨའི་འདབ་མ་ལ། །ལྷན་ཅིག་སྐྱེས་དགའ་ཤིན་ཏུ་མཛེས། །གྲུབ་པའི་རྣལ་འབྱོར་མ་བཞི་པོ། །ཕྱི་དང་ནང་ ན་ཡང་དག་བཞུགས། །ཆུ་དང་རླུང་དང་མེ་ཆེན་པོ། །ས་ཡི་རྣམ་པའི་དངོས་པོར་བྱུང་། །བྱམས་པ་སྨོན་ལམ་མཱ་མ་ཀཱི། །བཏང་སྙོམས་ཡེ་ཤེས་སྒྲོལ་མ་སྟེ། །གོས་དཀར་མོ་ནི་སྟོབས་སུ་གསུངས། །ཕྱག་རྒྱ་མངོན་འབྱུང་བྱེད་པ་མོ། །བཏང་སྙོམས་སྤྱན་མར་གྲགས་པ་སྟེ། །སྙིང་རྗེ་ དང་ནི་མཉམ་ལྡན་ན། །མཁའ་འགྲོ་མ་སོགས་རྣམ་དག་པ། །བླ་མའི་རིམ་ལས་འོངས་པས་བསྟན། །མཁའ་འགྲོ་མ་སོགས་གཟུགས་བཟང་རོ་ཡིས་སྟན་བྱས་ཕྱག་ན་པདྨ་ཁ་ཊྭཱཾ་ག །གཡས་པའི་ཕྱག་ནི་གྲི་གུག་དང་ནི་ཌ་མ་རུ་ལྡན་བསྣམས་ཤིང་སྐྲ་གྲོལ་སྤྱན་གསུམ་པའོ། །ཕྱག་ རྒྱ་དྲུག་གིས་སྐུ་ལ་བརྒྱན་ཅིང་མི་མགོ་མཆོག་གི་ཐོད་འཆང་གཅེར་བུའི་གཟུགས་ཅན་ཤིན་ཏུ་འཇིགས། །སྟན་ལ་གཡས་བརྐྱང་བཞུགས་ཤིང་རྣམ་འགྱུར་ཞལ་མཛད་ཧཱུཾ་སྒྲོགས་དགའ་བའི་སྙིང་པོའོ། །སྟག་གི་པགས་པའི་ན་བཟའ་དང་། །མི་རོའི་སྟེང་ན་ལེགས་པར་བཞུགས། །དངོས་ གྲུབ་ཀུན་སྟེར་བསམ་པར་བྱ། །ལྷོ་དང་ཤར་དང་རྒྱབ་དང་ནི། །ནུབ་ཀྱི་ཕྱོགས་ཀྱི་ཆ་རུ་ནི། །ཞལ་བཞི་ཞལ་རྣམས་ཉིད་ཀྱིས་ནི། །འོ་བྱེད་པར་ནི་རྣམ་པར་བསམ། །རྒྱལ་པོ་དང་ནི་རྒྱལ་རིགས་ཉིད། །མ་དང་ཕ་དང་མཉམ་ལྡན་པ། །རྒྱལ་རིགས་སོགས་གཞན་བླངས་ནས་ནི། །ཐོད་པ་རྣམས་ནི་ མཚམས་སུ་གཞག །མཆོད་པ་བཞི་པོ་ལེགས་གསུངས་པ། །གཏི་མུག་ཆེན་པོ་རྣམ་དག་པ། །མཆོད་པའི་དོན་གྱིས་འཁོར་ལོ་ཡི། །འཁོར་ལོ་བདེ་མཆོག་དཔལ་ལས་གསུངས། །རབ་གཏུམ་ཐོད་པའི་དུམ་བུ་ནི། །ལྷོ་ཡི་རྩིབས་ལ་རྣམ་པར་གནས། །གཏུམ་ མིག་མ་དང་ཡང་དག་ལྡན། །ཀེང་རུས་ཆེན་པོ་ཤར་ཕྱོགས་སུ། །འོད་ལྡན་མ་དང་ལེགས་སྦྱོར་བ། །ཀེང་རུས་བྱང་གི་ཆ་རུའོ། །སྣ་ཆེན་མ་དང་ཡང་དག་ལྡན། །མཆེ་བ་རྣམ་གཙིགས་བྱང་དུའོ། །དཔའ་བོ་བློ་མ་ཡང་དག་ལྡན། །ཆང་ལ་དཔའ་བ་བདེན་བྲལ་དུ། །འོད་དཔག་མེད་དང་ མི་ཐུང་ཉིད། །རླུང་གི་ཕྱོགས་སུ་རྟག་ཏུ་བཞུགས། །རྡོ་རྗེ་འོད་ལྡན་ལྷ་མོ་ནི། །ལངྐའི་དབང་ཕྱུག་མ་རྟག་ཏུ། །དབང་ལྡན་ཕྱོགས་སུ་ལེགས་པར་བཞུགས། །འདི་དག་སེམས་ཅན་ཀུན་དོན་མཛད། །མེ་ཕྱོགས་རྡོ་རྗེ་ལུས་དང་ནི། །ལྗོན་གྲིབ་མ་དང་ཡང་དག་ལྡན། །ཐུགས་ཀྱི་ འཁོར་ལོ་མཁའ་སྤྱོད་དུ། །བདེ་མཆོག་ལས་ནི་འདི་དག་གསུངས། །ཐུགས་ཀྱི་འཁོར་ལོའི་ཕྱི་རོལ་དུ། །རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར། །དཔའ་བོ་དཔའ་མོའི་དབང་ཕྱུག་སྔོ། །སངས་རྒྱས་ཚོགས་འཕྲོ་ཡང་དག་ལྡན། །ས་སྲུང་མ་དང་ཡང་དག་ལྡན། །མྱུ་གུ་ཅན་ནི་ལྷོ་རུ་ དགོད། །འཇིགས་བྱེད་ཆེན་པོ་དང་ལྷན་ཅིག །རྡོ་རྗེ་རལ་ཅན་ཤར་དུ་བཞུགས། །བྱང་དུ་འཇིགས་བྱེད་ཆེན་པོ་དང་། །རླུང་གི་ཤུགས་མ་ལེགས་པར་བཞུགས། །ནུབ་ཏུ་རྡོ་རྗེ་ཧཱུཾ་མཛད་དང་། །ཆང་འཐུང་མ་དང་ཡང་དག་ལྡན། །སྔོ་བསངས་ལྷ་མོ་ལེགས་སྦྱར་བ། །ཤིན་ཏུ་བཟང་པོ་བདེན་ བྲལ་ཕྱོགས། །རྡོ་རྗེ་བཟང་དང་ཤིན་ཏུ་བཟང་། །ལྷན་ཅིག་རླུང་གི་ཕྱོགས་སུ་བརྟེན། །དབང་ལྡན་ཕྱོགས་ཀྱི་གནས་སུ་ནི། །རྟ་དང་ཤིན་ཏུ་འཇིགས་བྱེད་མཛེས། །མེ་ཕྱོགས་བྱ་གདོང་མ་དང་ནི། །མིག་མི་བཟང་དང་ཡང་དག་ལྡན། །ས་སྤྱོད་གསུང་གི་འཁོར་ལོ་སྟེ། །པདྨའི་ཕྲེང་ དང་ཡང་དག་ལྡན། །སྤྲོ་ཞིང་བསྡུ་བར་བྱེད་པ་པོ། །རྟག་ཏུ་ཁ་དོག་དམར་པོར་བསྒོམ། །ལྷོར་ནི་རྟག་ཏུ་སྟོབས་ཆེན་དང་། །འཁོར་ལོའི་ཤུགས་མས་མཛེས་པའོ། །དུམ་སྐྱེས་མ་དང་ཡང་དག་ལྡན། །རིན་ཆེན་རྡོ་རྗེ་ཤར་དུ་དགོད། །ཤཽཎྜི་ནཱི་སྦྱོར་ཡང་དག་ལྡན། །རྟ་མགྲིན་བྱང་གི་ཕྱོགས་ ཉིད་ནའོ། །ནམ་མཁའི་འཁོར་ལོའི་གོ་ཆ་མ། །ཆུ་ཡི་ཕྱོགས་སུ་དགོད་པར་བྱ། །ཧེ་རུ་ཀ་དཔལ་སུ་བཱི་ར། །རྟག་ཏུ་བདེན་བྲལ་དུ་བསྒོམ་བྱ། །པདྨ་གར་གྱི་དབང་ཕྱུག་དང་། །སྟོབས་ཆེན་པོ་ནི་རླུང་གི་ཕྱོགས། །འཁོར་ལོས་སྒྱུར་དང་གཏི་མུག་ཆེ། །རྟག་ཏུ་དབང་ལྡན་དུ་བསྒོམ་བྱ། །རྡོ་རྗེ་ སེམས་དང་བརྩོན་ཆེན་མོ། །སྐུ་ཡི་འཁོར་ལོར་བསམ་པར་བྱ། །ཕྱི་རོལ་འཁོར་ཕྲེང་དཀར་པོའོ། །ཁ་དོག་དཀར་པོར་རྣམ་པར་བསྒོམ། །འདི་ནི་ས་འོག་འཁོར་ལོ་ཡི། །སྦྱོར་བའི་མཚན་ཉིད་གྱུར་པའོ། །དཔའ་བོ་ཐམས་ཅད་ཕྱག་བཞི་སྟེ། །གཡོན་ན་ཁ་ཊྭཱཾ་འཛིན་པའོ། །ཌ་མ་རུ་ནི་ གཡས་ན་འཛིན། །རལ་པ་བཅིངས་པས་རྣམ་པར་མཛེས། །སྤྲོ་ཞིང་སྡུད་པའི་གཟུགས་ཅན་ཏེ། །རོ་ཡི་གདན་ལ་ལེགས་པར་བཞུགས། །གཡས་བརྐྱང་བ་དང་ཡང་དག་ལྡན། །རུས་པའི་ཕྲེང་བས་རྣམ་པར་བརྒྱན། །ཕྱག་ན་རྡོ་རྗེ་དྲིལ་བུ་དང་། །ལྷ་མོ་འཁྱུད་ལ་མཆོག་ཏུ་བརྩོན། ། གཅེར་བུའི་གཟུགས་ཅན་ཧཱུཾ་ཞེས་སྒྲོགས། །མགོ་ཡི་ཕྲེང་བས་ཉེ་བར་མཛེས། །ལྷན་ཅིག་སྐྱེས་དགའ་འཁོར་ལོར་བཅས། །དཔའ་བོ་རྣལ་འབྱོར་མ་བསྒོམ་བྱ། །དཔའ་བོ་ཀུན་དང་མཉམ་སྦྱོར་བས། །བདེ་མཆོག་ཅེས་བྱ་རྣམ་པར་བྱུང་། །རབ་གཏུམ་མོ་སོགས་ལྷ་མོ་དེ། །ཞལ་ གཅིག་གིས་ནི་མཛེས་པའོ། །ཕྱག་གཉིས་དབུ་སྐྲ་གྲོལ་བ་སྟེ། །གཅེར་བུ་མི་རུས་སོགས་པས་བརྒྱན། །གཡོན་ན་ཁྲག་གི་ཐོད་པ་སྟེ། །གཡས་ན་སྡིགས་མཛུབ་གྲི་གུག་གོ། །ཐམས་ཅད་སྤྱན་གསུམ་ཧཱུཾ་སྒྲོགས་པ། །མཆོག་ཏུ་དགའ་བའི་གཟུགས་སུ་བྱུང་། །རིག་མའི་སྐེད་ པར་སྐེ་རགས་ཏེ། །རབ་ཏུ་འབད་ནས་བསྒོམ་པར་བྱ། །གཅིག་དང་དུ་མའི་རང་བཞིན་ཅན། །གདུག་པའི་ཁྲག་གསོལ་བ་ལ་དགྱེས། །མཁའ་འགྲོ་མ་སོགས་ལྷ་མོ་བཞི། །སྔོན་དུ་གཡོན་དུ་བསྐོར་བ་ཅན། །གང་ཕྱིར་འགྲོ་ཀུན་གཡོན་ལས་བྱུང་། །དེ་ནས་བདེ་མཆོག་ལས་ནི་ གསུངས། །དཀར་པོ་སྔོན་པོ་མཉམ་སྦྱོར་བས། །ངེས་པར་དུ་བ་ལྟ་བུར་གྱུར། །མཁའ་འགྲོ་མ་ནི་སྔོན་པོར་སྟན། །དེ་ནས་མདུན་དུ་ལེགས་པར་བཞུགས། །ཁྭ་དང་འུག་པ་ཁྱི་ཡི་གདོང་། །ཕག་གི་གདོང་རྣམས་དེ་བཞིན་དུ། །སྔོན་པོ་ལྗང་གུ་དེ་བཞིན་དམར། །སེར་པོའི་འོད་ཅན་སྒོ་རུ་ བཞུགས། །རྟག་ཏུ་བདེན་བྲལ་མཚམས་སུ་ནི། །གཤིན་རྗེ་བརྟན་མ་མཆོག་ཏུ་འཇིགས། །རླུང་ཕྱོགས་རྣམ་པར་དག་བསྒོམ་པ། །གཤིན་རྗེ་ཕོ་ཉ་མཛེས་པའི་ཞལ། །དབང་ལྡན་གཤིན་རྗེ་མཆེ་བ་མ། །གཡོན་པའི་སྦྱོར་བར་གཅིག་ཏུ་འགྲོ། །ཤིན་ཏུ་རྣམ་དག་ གཤིན་རྗེ་འཇོམས། །མེ་ཡི་གནས་སུ་རྟག་ཏུ་བསམ། །རིམ་པ་མིན་དང་རིམ་པ་ཡིས། །འདི་དག་ཤིན་ཏུ་གྲགས་པའོ། །རྣལ་འབྱོར་རྒྱུད་ལ་རིམ་མིན་པ། །རྣལ་འབྱོར་མ་ལས་རིམ་པ་གསུངས། །ལྷ་མོའི་གཟུགས་ནི་གཟི་བརྗིད་ཆེ། །ཁ་དོག་གཉིས་དང་ཡང་དག་ལྡན། །མཚམས་ཀྱི་ ལྷ་མོ་མཆོག་འདི་དག །འགྲོ་བའི་བགེགས་ནི་རྣམ་འདྲེན་པ། །གཡོན་ན་ཁ་ཊྭཱཾ་པདྨ་སྟེ། །གཡས་ན་ཅང་ཏེའུ་གྲི་གུག་གོ། །འདི་དག་སྒོ་ལ་སོགས་པར་བཞུགས། །ཧེ་རུ་ཀ་འཁྱུད་ལེགས་པར་བཞུགས། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། མཁས་པས་ མགོ་དང་སྤྱི་གཙུག་སོགས། །པུ་ལ་སོགས་པ་བསམ་བྱས་ཏེ། །ལྷན་ཅིག་སྐྱེས་དགས་མཛེས་པ་ཡིས། །འཁོར་ལོ་ཕྱི་ནས་སྤྱན་དྲང་སྟེ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གི་སྒྲ་བསྒྲགས་ཤིང་། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་ དགུག །མཛུབ་མོ་མདུད་པ་བྱས་པ་དང་། །གུང་མོ་སྦྱར་བར་བྱས་ནས་ཀྱང་། །མཐེ་བོ་མཉམ་པར་ལྡན་པ་ནི། །དཔྲལ་བའི་ཕྱོགས་སུ་བཟུང་བྱས་ཏེ། །དེ་ལྟར་ཕྱོགས་བསྐོར་རྣལ་འབྱོར་པས། །མགུ་བའི་གསང་སྔགས་བརྗོད་པར་བྱ། །ལྷག་གནས་རང་གི་འཁོར་ལོར་བཞུགས། །རྡོ་རྗེ་ པདྨ་མཆོག་དག་པ། །ཡི་གེ་བྱ་ཡིས་ལྟེ་བ་བསྐྱེད། །ཡི་གེ་བྱཱ་ལས་རྡོ་རྗེར་བྱུང་། །སྔོན་དུ་ཡན་ལག་བཞི་བཀོད་ནས། །ཕྱིས་ནི་བདེ་བ་ལེགས་པར་སྤྱད། །དང་པོའི་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཐམས་ཅད་ལྷན་ཅིག་སྐྱེས་དགའ་སྟེ། །ལེགས་པར་བདེ་བའི་ ཐབས་སུ་སྦྱོར། །མཐོ་རིས་ས་སྟེང་སོགས་འཇིག་རྟེན། །སྐད་ཅིག་གིས་ནི་སྐུ་གཅིག་གྱུར། །འཁོར་ལོ་སྡོམ་ལས་དགའ་ཀུན་གསུངས། །དཔའ་བོ་གཉིས་མེད་ཡང་དག་ལྡན། །ལྷ་རྣམས་སེམས་ཀྱི་རྣམ་པར་སྣང་། །ལྷན་ཅིག་སྐྱེས་ནས་འཁོར་ལོའི་དབུས། །སྙིང་རྗེ་ཆེ་ལྡན་རྣལ་འབྱོར་ པས། །ཕྱི་ནང་བདག་ཉིད་མཆོད་པ་ཡིས། །དཀྱིལ་འཁོར་ཁྱབ་བདག་ལེགས་པར་མཆོད། །སྦྱིན་བདག་ལ་སོགས་མི་དམིགས་པས། །མཐའ་གསུམ་སྦྱོར་བས་ལེགས་པར་གནས། །གང་དུ་མཆོད་ཅིང་བསྟོད་པ་དེར། །རྒྱུད་རྣམས་ལས་ནི་མཐོང་བའོ། །འདི་དོན་ལེགས་པར་དཔྱད་ ནས་ནི། །མཉམ་པར་བཞག་ནས་དཔའ་བོ་མཆོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མཆོག་གི་རྣལ་འབྱོར་མ་ཡིས་མགུལ་ནས་འཁྱུད། །སྐུ་ལ་དཔའ་བོའི་ཕྲེང་བ་ལེགས་པར་བྱས་ཤིང་རྣམ་པ་སྣ་ཚོགས་གཟུགས། །འཁོར་ལོ་ལ་གནས་བདེ་མཆོག་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་བརླབ། ། ཁྱབ་བདག་ཁྱོད་ཀྱི་ཞབས་ཀྱི་པདྨར་རྟག་ཏུ་ཕྱག་འཚལ་ལོ། །རལ་པ་ལ་ནི་མི་བསྐྱོད་པས་མཛེས་འབར་བའི་ཕྱག་རྒྱས་རྣམ་པར་བརྒྱན། །སངས་རྒྱས་ཀུན་གྱི་གཞི་རུ་གྱུར་ཅིང་དམ་པའི་དོན་དུ་གསུངས་པའོ། །བདག་གི་བླ་མའི་བློས་གསུངས་པ། །སྣ་ཚོགས་རྡོ་རྗེ་རལ་པའི་སྟེང་། །དེ་ནི་དབང་ བསྐུར་བར་གསུངས་པ། །བརྟུལ་ཞུགས་སྤྱོད་པའི་རིམ་ལས་འོང་། །ཟུར་བཞི་འཁོར་ལོ་ཆེན་པོ་ནི། །འདྲེན་པ་རིན་ཆེན་འབྱུང་ལྡན་ནོ། །པདྨ་འདབ་བརྒྱད་དེ་བཞིན་དུ། །རལ་གྲི་དོན་ཡོང་གྲུབ་པའོ། །ཁྭ་སོགས་མཆོག་གི་ལྷ་མོ་རྣམས། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བསྣམས། ། ལུགས་གཞན་བསྒོམ་པར་བྱ་བའམ། །བརྒྱད་པོ་རོ་ཡི་སྟེང་ན་བཞུགས། །ཁྭ་ལ་སོགས་པའི་ལྷ་མོ་རྣམས། །གསུངས་པ་ཇི་བཞིན་དེ་ཡི་ཞལ། །བདག་གི་བླ་མའི་རིམ་ལས་འོངས། །རྒྱུ་དེ་ཡིས་ནི་བྲིས་པ་ཡིས། །གཞན་དག་ལྷ་མོ་རྣམས་ཀྱི་ཞལ། །བུད་མེད་གདོང་ལྟ་བུ་ཡིན་ ཟེར། །རྟག་ཏུ་རྣལ་འབྱོར་པ་ཡིས་ནི། །ལུགས་གཉིས་གང་འདོད་བླང་བར་བྱ། །ཀེང་རུས་ཆེན་པོ་དང་ཀེང་རུས། །རྟ་མགྲིན་དང་ནི་གླང་སྣ་མ། །བྱ་གདོང་མ་དང་རྟ་རྣ་སོགས། །གསུངས་པ་ཇི་བཞིན་འདི་དག་བསྒོམ། །སྣ་ཚོགས་སྤྲུལ་པའི་གཟུགས་ཀྱིས་ནི། །དཔའ་བོ་ལ་སོགས་རབ་ ཏུ་གྲགས། །གསུངས་པ་ཇི་བཞིན་རྣམ་རོལ་པར། །དཔལ་ལྡན་བདེ་མཆོག་འདི་དག་བསྒོམ། །སྔོན་དུ་ཕུང་པོ་བྱིན་བརླབས་ནས། །ཇི་སྲིད་མཆོད་དང་བསྟོད་འགྱུར་བ། །བསྐྱེད་པའི་དང་པོའི་སྦྱོར་བ་སྟེ། །ཆུང་ངུའི་སྦྱོར་བར་མངོན་པར་བརྗོད། །རི་རབ་ལ་གནས་ས་བོན་རྫོགས། །དཀྱིལ་ འཁོར་ལ་སོགས་རྣམ་བསྒོམ་པ། །བློ་ཡི་དབྱེ་བས་བྱས་པ་ནི། །ཤིན་ཏུ་སྦྱོར་བའི་མཚན་ཉིད་དོ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཡེ་ཤེས་རྟོགས་པའི་མཚན་ཉིད་ནི། །རྣལ་འབྱོར་པས་རྟག་རྣལ་འབྱོར་ཆེར། །ཆེན་པོ་ཞེས་ནི་རབ་ཏུ་གྲགས། །རྣལ་འབྱོར་ ལྷག་པའི་སྦྱོར་དབུས་སུ། །རྣལ་འབྱོར་ཆེན་པོ་རྣམ་པར་གནས། །ཆེན་པོའི་ཡང་ནི་ཆེན་པོ་རུ། །རྟག་ཏུ་རྣལ་འབྱོར་ཀུན་ཤེས་བྱ། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །ལྷན་ཅིག་སྐྱེས་པའི་དགའ་བས་གང་། །དཔལ་ལྡན་དཔའ་བོ་ཀུན་གྱི་གཞི། །རང་བྱུང་རྣལ་འབྱོར་ཐམས་ཅད་ རིག །དཔལ་ལྡན་སྨད་འཚོང་ཞབས་ཀྱིས་ནི། །བྱིན་གྱིས་བརླབ་པའི་མཚན་ཉིད་གསུངས། །དེ་བས་བླ་མ་མཉེས་བྱས་ནས། །རྣལ་འབྱོར་ཐམས་ཅད་ལེགས་པར་བརྩམ། །དགོད་པ་དང་ནི་ངུ་བ་ཉིད། །ཤིན་ཏུ་ཡིད་འཕྲོག་པ་ཡི་གར། །སྣ་ཚོགས་ཀུན་བྱེད་ཐམས་ཅད་མཁྱེན། །རྣལ་ འབྱོར་མ་ཡི་ཚོགས་ཀྱིས་མཛེས། །འདི་ཉིད་ལས་ནི་གང་གསུངས་པ། །མཉེས་བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །བྱང་ཆུབ་ཕྱོགས་དང་གོ་ཆར་བཅས། །གོ་ཆ་ཆེན་པོར་ཡང་དག་ལྡན། །ཐོག་མར་འདི་རྣམས་རབ་ཏུ་བྱ། །གྲུབ་ན་ཡོངས་སུ་སྤང་བ་དང་། ། ཡི་གེ་གསུམ་གྱི་ཆོ་ག་ཡིས། །གྲུབ་ན་དེ་ལ་བཀོད་བྱ་སྟེ། །འཁོར་ལོ་གསུམ་གྱི་རང་བཞིན་དུ། །སྐུ་གསུང་སྦྱོར་བས་དག་པ་བྱ། །ཨོཾ་ནི་སྐུ་ཡི་འཁོར་ལོ་སྟེ། །ཡི་གེ་ཨཱཿནི་ངག་ཏུ་གནས། །ཧཱུཾ་ནི་སེམས་ལ་རྣམ་དགོད་པ། །བྱས་ནས་ཆོ་ག་སྤང་བར་བྱ། །རྟོག་པའི་དབང་གིས་ལེགས་བྱུང་བ། ། སེམས་ཅན་གཟུང་བའི་རྒྱུ་ཡིན་ནོ། །ཡི་གེ་གསུམ་གྱི་དགོད་པ་འདི། །དེ་ཉིད་ཀྱི་ནི་གཟུགས་སུ་སྦྱོར། །དེ་བཞིན་དུ་ཡང་གསུངས་པ་དང་། །སྐུ་ཡི་ཡི་གེ་སྐྱེ་བ་མེད། །གསུང་དང་ཐུགས་ཀྱང་ཡི་གེ་མེད། །ནམ་མཁའི་རྡོ་རྗེ་རྟོགས་ལས་བྱུང་། །ལོག་པར་གཟུང་བས་ཟིན་པའོ། །ཨོཾ་ནི་ ཐམས་ཅད་གསལ་བྱེད་དོ། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །དངོས་གྲུབ་བསྒྲུབ་པའི་རྒྱུ་རུ་ནི། །མིང་བཟླས་པ་ནི་ལེགས་པར་བརྩམ། །སྟོང་པ་ཉིད་ཀྱི་སྔགས་བརྗོད་ཅིང་། །གནོད་མཛེས་རྒྱལ་པོ་དེ་བཞིན་ནོ། །ར་བ་དྲ་བ་བསམ་བྱས་ཤིང་། །རྡོ་རྗེ་ས་གཞི་དེ་བཞིན་ནོ། །རླུང་དང་མེ་ནི་ཡང་ དག་རྫོགས། །ཆུ་དང་ས་ཡི་དཀྱིལ་འཁོར་ལ། །རི་རབ་སྣ་ཚོགས་རྡོ་རྗེ་དང་། །སྣ་ཚོགས་པདྨ་ཡང་དག་ལྡན། །དཔེ་བྱད་བརྒྱད་ཅུ་ལས་བྱུང་བ། །དེ་སྟེང་ཟླ་བའི་དཀྱིལ་འཁོར་ཏེ། །ཟླ་བ་ལ་གནས་ཧཱུཾ་ལས་བྱུང་། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རོ། །ཕག་མོ་ལ་སོགས་ཡང་དག་ལྡན། ། ཁ་དོག་སྣ་ཚོགས་སོགས་ཀྱིས་བརྒྱན། །འཇིགས་བྱེད་ཆེན་པོ་གཡོན་བརྐྱང་བ། །སྒོ་སྐྱོང་རྣམས་དང་ཡང་དག་ལྡན། །དཔའ་དྲུག་རྣལ་འབྱོར་མ་གོ་ཆ། །གོ་ཆ་ཆེན་པོ་ཡང་དག་ལྡན། །དངོས་གྲུབ་ཀུན་མཛད་དཔའ་བོ་སྟེ། །བདེ་མཆོག་མཛེས་པ་བསྒོམ་པར་བྱ། །སྔོན་དུ་ཡི་གེ་གསུམ་ བཀོད་དེ། །བཟླས་པ་ལེགས་པར་བརྩམ་པར་བྱ། །འདི་ལྟར་དཔལ་ལྡན་བདེ་མཆོག་ནི། །བསྒོམ་པ་རྣལ་འབྱོར་གཞན་དག་ཟེར། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཨོཾ་ན་མོ་བྷ་ག་ བ་ཏེ་བཱི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷཱ་ཛི་ན་ཨམྦ་ར་དྷ་རཱ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཿཧྲཿཧཱུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧཱུཾ་ཧཱུཾ་ཕཊ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་ རྩ་བའི་སྔགས་སོ།། །།ཨོཾ་ད་ཧ་ད་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བ་ཤ་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྤི་ནེ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཔྟ་པཱ་ཏཱ་ལཱ་ག་ཏ་བྷུ་ཛཾ་ག་སརྤཾ་པཱ་ཏརྫ་ཡ་ཏརྫ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧཱུཾ་ཧཱུཾ་ཕཊ། ཨ