Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 23

Văn bản gốc(Tây Tạng)

Trang 10 / 17 (50.000 ký tự/trang)
མེ་ནི་བྱེད་པའི་རླུང་གིས་བསྐུལ་བས་དེ། །དུ་བ་འབྱུང་ཞིང་མེ་ལྕེ་འབར་བ་ཉིད་ཀྱིས་བསྲེག །ཁྱབ་ཅིང་རྒྱལ་བ་དེ་ནི་ཆོས་ཀྱི་དབྱིངས་སུ་མཐོང་། །ལུས་ཀྱི་སྦྱིན་སྲེག་ཡང་དག་ལྡན། །ཕྱི་རོལ་སྦྱིན་སྲེག་གིས་མཉེས་ཏེ། །རྡོ་རྗེ་བདུད་རྩི་ལ་སོགས་བསྟེན། །ཕྱི་རོལ་སྦྱིན་སྲེག་ཡང་དག་
བརྩམ། །ཁྲུ་གང་ཙམ་གྱི་ཐབ་ཁུང་གྱུར། །ཐོད་པ་ལྟ་བུས་མཛེས་པའོ། །ལྷོ་རུ་ཁ་བལྟས་ཆོ་ག་ཡིས། །དེ་ལ་ཁ་བལྟས་བསྐོར་བས་འགྲུབ། །དབུས་སུ་པདྨ་འདབ་བརྒྱད་ནི། །རི་ཡི་སྟེང་ན་ལེགས་པར་གནས། །པདྨར་དགྲ་སྟ་དེ་བཞིན་ཞགས། །མདུང་དང་ཁ་ཊྭཱཾ་ཡང་དག་ལྡན། །ཁྲོ་
བོ་ལྟ་བུ་ཤིན་ཏུ་འཇིགས། །རྡོ་རྗེ་ལྟེ་བར་དགོད་པ་དང་། །ཕྱི་རོལ་རྡོ་རྗེ་ཕྲེང་བ་བྱ། །པདྨ་ལྟ་བུའི་ཁ་ཁྱེར་བཟང་། །རྣལ་འབྱོར་རྒྱུད་ཀྱི་དགང་གཟར་དང་། །བླུགས་གཟར་ཉིད་ཀྱང་དེ་བཞིན་ནོ། །ཅུང་ཟད་ཁ་ལ་ཐོད་པ་འདྲ། །དབུས་སུ་ཁྲོ་བོའི་རྡོ་རྗེ་བྲི། །ཨཱ་ལི་ཀཱ་ལི་ལེགས་པར་བརྗོད། །
འབྱུང་གནས་ལ་སོགས་རྣལ་འབྱོར་རིག །གཡོན་དུ་སྦྱིན་སྲེག་ལ་སོགས་རྫས། །གཡོན་པའི་སྤྱོད་པས་སྦྱིན་སྲེག་བྱ། །གཉིས་མེད་ལ་སོགས་རྒྱུད་ཆེན་ལས། །མཆོད་པ་བྱ་བའི་ཆོ་ག་ཡིས། །མེ་དང་ཧེ་རུ་ཀ་དཔལ་སོགས། །སྦྱིན་སྲེག་བྱས་ནས་ཡོན་བླང་ངོ་། །མི་དང་བ་ལང་རྔ་མོ་དང་། །
ཅེ་སྤྱང་རྟ་དང་གླང་པོ་ཡི། །ཤ་ནི་དངོས་གྲུབ་འདོད་པ་དེས། །རྣལ་འབྱོར་རིག་པས་སྦྱིན་སྲེག་བྱ། །གསང་བར་སྐྲ་གྲོལ་གཅེར་བུ་དང་། །སྔོན་དུ་སྤྱད་ཅིང་བཟའ་བ་ཡིས། །དཔལ་ལྡན་བདེ་མཆོག་རྣལ་འབྱོར་ཆེས། །གཏོར་མའི་ལས་ནི་ལེགས་པར་བརྩམ། །ཕྱི་དང་ནང་གི་སྦྱིན་སྲེག་གི་ཆོ་
གའོ།། །།སྔགས་པ་རྣལ་འབྱོར་མ་ལྷན་ཅིག །ལྷོ་རུ་བལྟས་ཤིང་ལྷོ་རུ་ནི། །དཀྱིལ་འཁོར་ལ་གནས་སློབ་མ་ལ། །ཆོ་ག་ཡིས་ནི་འདི་སྐད་སྨྲ། །བུ་ཡིས་ངེས་པར་རབ་འབད་པས། །སྡོམ་པའི་མཆོག་རྣམས་སྲུང་བར་གྱིས། །དཔལ་ལྡན་བདེ་མཆོག་ལས་མཆོག་མེད། །ལྷན་ཅིག་

སྐྱེས་པས་ཉེ་བར་མཚོན། །དཀྱིལ་འཁོར་གྱི་ནི་མདུན་བྱས་ཏེ། །ཡང་ན་གསུངས་པར་གྱུར་པ་སྟེ། །མ་ལ་སོགས་པ་ཐོད་པར་གནས། །སློབ་མའི་སྡིག་པ་སེལ་བ་སྟེ། །གཡོན་པའི་ལག་པས་ལེགས་པར་བླངས། །ཡི་གེ་བདུན་པ་རྗེས་སུ་དྲན། །ཧེ་རུ་ཀ་ཡི་སྦྱོར་
དམིགས་ཏེ། །ང་རྒྱལ་བཅས་པས་ལེགས་པར་གནས། །ཕག་མོ་དང་ནི་འོ་བྱེད་པ། །སློབ་མ་ཀུན་གྱི་ཁ་རུ་ནི། །ནུས་པ་འཕྲོག་ཅིང་བདུད་མེད་པ། །བློ་བཟང་ཀྱིས་ནི་རིམ་པར་གཏོར། །དཔའ་བོ་དྲུག་སོགས་སྔགས་ཀྱིས་ལས། །བྱས་ནས་སློབ་མ་ཤིན་ཏུ་བསྲུང་། །མཁའ་འགྲོའི་སྔགས་
ཀྱིས་བསྔགས་པ་ཡི། །དར་དཔྱངས་བཅིང་བར་བྱ་བའོ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །སློབ་མས་ལྷོ་ནས་གསོལ་བ་བཏབ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཡི། །སྐྱེ་བོ་ལ་ནི་དངོས་གྲུབ་སྟེ། །དེ་ནས་བླ་མའི་ལག་གཡོན་གྱིས། །རྟག་ཏུ་སློབ་མ་བཟུང་ནས་ཀྱང་། །ལྷོ་ཡི་སྒོ་
རུ་བཞག་ནས་ནི། །པོ་ཏང་གི་ཡི་ཚིག་གིས་དྲི། །སློབ་མས་ཀྱང་ནི་དེ་ནས་ཚིག །པྲ་ཏི་པོ་ཏང་གི་ཀྱེ་ཁྱབ་བདག །ཧེ་རུ་ཀ་ཡིས་གཱ་ཡ་དྲི། །དེ་ནས་དཔའ་བོས་བརྗོད་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛ་ཡ་དྷཱི་མ་ཧེ་སྭཱ་ཧཱ། འདི་ནི་གཱ་ཡ་དྲིའོ། །དཀྱིལ་འཁོར་འདིར་ནི་དངོས་
གྲུབ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་གཙོ། །བདེ་མཆོག་གི་ནི་གཞིར་གྱུར་པ། །བུ་ཁྱོད་ཀྱིས་ནི་བླང་བར་གྱིས། །ལྷོ་སྒོར་སློབ་མས་འདི་སྐད་བརྗོད། །ཨོཾ་ན་མ་ཏེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཞེས་སོ། །མཁའ་སྤྱོད་ལ་སོགས་རབ་དབྱེ་བས། །ཕྱག་གསུམ་དག་ནི་བྱ་བའོ། །
ཐལ་མོ་སྤྱི་བོར་བྱས་ནས་ནི། །ཡན་ལག་ཀུན་གྱིས་ཕྱག་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛོ་པསྠ་ནཱ་ཡ། ཨཱཏྨཱ་ནཱཾ་ནི་དྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནྱཱཏྨཾ་ཌཱ་ཀི་ནྱཻ་ཨདྷི་ཏིཥྛ་སྭ་མཱཾ། གཡོན་པས་ཐལ་མོ་སྦྱར་ནས་ནི། །སྙིང་ག་རུ་ནི་བྱས་ནས་ནི། །ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །སློབ་མས་སྒོ་ཀུན་
ལ་ཕྱག་བྱ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱ་ནཱཾ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནྱཱཏྨ་ལཱ་མཱ་ཡཻ་ཨ་བྷི་ཥིཉྩ་མཱཾ། གཡོན་པའི་ཐལ་མོ་འཕྲལ་བ་རུ། །བྱས་པར་གྱུར་ནས་དེ་ནས་ཡང་། །བྱང་གི་སྒོ་རུ་བརྟེན་ནས་ནི། །རྣལ་འབྱོར་མ་ལ་ཕྱག་བྱའོ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་

བྷྱཿཔཱུ་ཛ་པྲ་བརྟ་ནཱ་ཡཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནྱཱཏྨཾ་ཁཎྜ་རོ་ཧཱ་ཡཻ་པྲ་བརྟཱ་ཡ་མཱཾ། སྔགས་པས་དེ་ནས་ཕྱི་ནས་སྒོར། །སྤྱི་བོར་ཐལ་མོ་བྱས་ནས་ནི། །སྔོན་དུ་གསང་སྔགས་བརྗོད་པ་ཡིས། །དཔའ་བོ་ཧེ་རུ་ཀར་ཕྱག་བྱ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཾ་པཱུ་ཛ་ཀརྨ་ཎི་
ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མེ། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནྱཱཏྨཾ་རཱུ་པི་ཎྱཻ་ཀརྨ་ཀུ་རུ་མཱཾ། ཕྱག་བཞིའི་ཆོ་གའོ། །ལྷོ་ཡི་སྒོ་རུ་སོང་ནས་ནི། །ལྷོ་རུ་བལྟས་ནས་ལེགས་པར་གནས། །གཡོན་པས་སློབ་མ་བཟུང་ནས་ནི། །སྡོམ་པའི་མཆོག་ནི་སྦྱིན་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་
མཆོག་གསུམ་ལ་སྐྱབས་སུ་སོང་། །འདིར་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་རྡོ་རྗེ་སྟེ། །ཤེས་རབ་དྲིལ་བུ་ཞེས་བྱའོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་
མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའོ། །སྡོམ་པ་དམ་ཚིག་ཅེས་སུ་བརྗོད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉི་མ་རེ་རེ་དུས་དྲུག་ཏུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་
ཁྱོད་ཀྱིས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །སྡོམ་པ་མཆོག་གི་གོ་འཕང་ངོ་། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །བདག་གིས་བརྟན་པོར་སོ་སོར་གཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ལས་ཀྱི་རིགས་ཆེན་རྟག་པའོ། །སྡོམ་པའི་ཆོ་གའོ།། །།བུ་སྐྱེས་སོ་སོར་
གནས་པར་གྱིས། །རིགས་ཀྱི་དེ་ཉིད་ཀུན་དུ་བལྟ། །དཔའ་བོ་ལྷ་མོ་ལེགས་པར་བྱུང་། །ཧེ་རུ་ཀ་ལྟར་ཤིན་ཏུ་མཛེས། །གང་གིས་བསྐྱེད་པ་མཁའ་ལྟར་སྟོང་། །མཆོག་གི་གོ་འཕང་ཐོབ་པར་འགྱུར། །ཧེ་རུ་ཀ་དཔལ་ཡེ་ཤེས་དེ། །ང་ཡིས་མཆོག་ནི་ཁྱོད་ལ་སྦྱིན། །དཀྱིལ་འཁོར་
མ་མཐོང་བ་རྣམས་ལ། །ཁྱོད་ཀྱིས་ཀྱང་ནི་སྨྲ་མི་བྱ། །གལ་ཏེ་སྨྲས་ན་བུ་ཁྱོད་ཀྱི། །དམ་ཚིག་ཉམས་པར་གྱུར་ཏ་རེ། །དཔལ་ལྡན་ཕག་མོ་ཁྱོད་ཉིད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་འདི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །བདུད་རྩི་ལྔ་ཡི་ཆུ་ཡི་

སྣོད། །སློབ་མ་མཆོག་ལ་སྦྱིན་པར་བྱ། །མཁའ་འགྲོ་མ་ཡི་སྔགས་བཟླས་ཤིང་། །ཚིག་འདི་དག་ནི་བརྗོད་པར་བྱ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འོང་། །བདུད་རྩི་ལྔ་ཡི་ཆུ་འཐུང་ཤིག །ཨོཾ་པཉྩ་
ཨ་མྲྀ་ཏོད་ཀ་ཋ་ཧཱུཾ། དེང་ཕན་ཆོད་ཁྱོད་ཀྱི་དཔལ་ཕག་མོ་ང་ཡིན་གྱིས། གང་ང་ཡིས་སྨྲས་པ་དེ་འབད་པས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་ཡ་ང་བ་མ་སྤངས་པར་དུས་བྱས་ནས། །དམྱལ་བར་ལྟུང་བར་གྱུར་ཏ་རེ། །བུ་ཡིས་འདི་དག་སྨྲ་བར་གྱིས། །དཔའ་
བོ་དང་རྣལ་འབྱོར་མ་རྣམས་བདག་ལ་བྱིན་གྱིས་རློབ་ལ། དཔལ་ཧེ་རུ་ཀ་ལ་སོགས་པ་བདག་ལ་དབབ་ཏུ་གསོལ། །གོས་ངན་ཁྲག་ནི་བླངས་ནས་ནི། །བདུད་རྩི་ལྔ་དང་གུ་གུལ་དང་། །བྱི་ལའི་རྟུག་པ་ཡང་དག་ལྡན། །བདུག་པ་བྱས་ནས་བསྔགས་ནས་ནི། །ཐོད་པའི་ནང་དུ་གཞག་པར་བྱ། །
རོ་བསྲེགས་མེ་ཡིས་ལེགས་པར་བདུག །ཁྲོས་ཤིང་བསྒྱིངས་བཅས་སེམས་དང་ནི། །གཉིས་སུ་མེད་པས་བསྔགས་པར་བྱ། །སྔོན་དུ་བསྟན་པའི་རྒྱན་དང་ལྡན། །གོ་ཆ་ཡན་ལག་དེ་བཞིན་ནོ། །སློབ་མའི་ལུས་ལ་བློ་ལྡན་པས། །ཡང་ནི་འཁོར་ལོ་ཐམས་ཅད་གཞུག །ལྟེ་བའི་པད་གནས་
འཁོར་ལོ་བཟང་། །གསལ་ཞིང་འོད་དང་བཅས་པའོ། །རྐང་པའི་འོག་ཏུ་རླུང་གིས་བསྐྱོད། །སློབ་མ་ལ་ནི་དབབ་པར་བལྟ། །གཉིས་སུ་མེད་པའི་གསང་སྔགས་བཟླས། །གཡས་བརྐྱང་སྟན་ལ་ཡང་དག་ལྡན། །མཁས་པས་སྔོན་དུ་བསྟན་པ་ཡི། །བདུག་པ་རྣམས་ཀྱིས་བདུག་པར་བྱ། །
ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བི་བྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བྱ་བས་དཔའ་བོ་རབ་ཏུ་བསྐུལ་ལ། དེ་ཡི་ལག་ནས་ལག་པས་བཟུང་། །མིག་ཕྱེ་ནས་ནི་བསྟན་པར་བྱ། །དཔལ་ལྡན་ཕག་མོ་ད་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཐམས་ཅད་
མིག་ནི་འབྱེད་གྱུར་པ། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། དད་པའི་ཤུགས་ཀྱིས་ད་ལྟ་ནི། །དཀྱིལ་འཁོར་འདི་ལ་བལྟ་བར་གྱིས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །མེ་ཏོག་གཏོར་བ་ལ་

བལྟས་ཏེ། །སྟན་སོགས་གནས་ན་ལེགས་པར་གནས། །གང་དུ་མེ་ཏོག་ལྟུང་བ་དེ། །དེ་ལ་དངོས་གྲུབ་འགྱུར་བའོ། །ཕྱི་རོལ་དབབ་པའི་ཆོ་གའོ། །རྣལ་འབྱོར་ཁ་ཅིག་ཕྱི་རོལ་འདོད། །བདག་གི་བླ་མའི་དབབ་པའི་ལུགས། །བདག་ཉིད་བྱིན་གྱིས་བརླབ་པར་གྱུར། །དཀྱིལ་འཁོར་བྱ་
བའི་ཆོ་ག་ནི། །ཅུང་ཟད་བསྒོམས་པའི་བརྟུལ་ཞུགས་ཅན། །བྱིན་གྱིས་བརླབ་པའི་རིམ་པ་ཉིད། །རྣལ་འབྱོར་མ་ཡི་ལུས་ཀྱིས་གསུངས། །ལུས་ཀྱི་རིན་ཆེན་བསྐྱོད་པ་ནི། །སྐད་ཅིག་གིས་ནི་རང་བཞིན་འཕར། །རྣལ་འབྱོར་བཟང་པོས་འདས་པའི་རིགས། །མ་འོངས་པ་ཡང་མཐོང་བར་
འགྱུར། །དབབ་པའི་ཆོ་གའོ།། །།ཧེ་རུ་ཀ་དང་གཉིས་མེད་གནས། །དཔའ་བོ་ཆེ་ལ་བུ་ཡིས་ལྟོས། །པདྨའི་འདབ་མར་ལྷ་མོ་བཞི། །མཆོད་པ་བཞི་དང་ཡང་དག་ལྡན། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །སྒོ་སྐྱོང་ལ་སོགས་རྣམས་ཀྱིས་སྲུང་། །བློ་གྲོས་ཆེན་པོ་དབུས་གནས་པའི། །
འཁོར་ལོ་བདེ་མཆོག་བདེ་བའི་མཆོག །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །སློབ་མ་གུས་ཤིང་ཡིད་འོང་བཟང་། །གཡོན་པ་ཐལ་སྦྱར་སྙིང་གར་གཞག །དབང་སྐུར་དོན་དུ་གསོལ་བ་གདབ། །ཧེ་རུ་ཀ་དཔལ་དབང་སྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །རྡོ་རྗེ་སེམས་དཔས་
ཇི་ལྟར་བྱིན། །དེ་བཞིན་བདག་ལ་དེང་གསོལ་ཅིག །ལྷོ་ཡི་སྒོ་རུ་རབ་ཞུགས་ནས། །ཧེ་རུ་ཀ་སོགས་བདག་སེམས་ལ། །སེང་གེའི་སྟན་ལ་གནས་པ་ཡི། །སྣ་ཚོགས་པདྨ་ལ་འཕན་སོགས། །སློབ་མ་ཕྱག་རྒྱ་ལྔ་དང་ལྡན། །ཁ་ཊྭཱཾ་ག་བརྟེན་ལེགས་པར་གནས། །སྟེང་དུ་
གདུགས་བཟང་ལྷ་མོས་གཟུང་། །ཌ་མ་རུ་ནི་ལག་ན་ཐོགས། །རྣལ་འབྱོར་མ་དང་དཔའ་ཚོགས་ཀྱིས། །བསྐོར་ནས་དབུས་སུ་བསྒྱུར་ནས་ནི། །གླུ་ལ་སོགས་པའི་བཀྲ་ཤིས་ཀྱིས། །འབད་ནས་མཆོད་པ་བྱས་ནས་ནི། །ཐོག་མར་གནས་པའི་དངོས་གྲུབ་དོན། །བླངས་ནས་སྔགས་དང་ཡང་
དག་ལྡན། །གསང་སྔགས་རིག་པས་དཔའ་བོ་དང་། །རྣལ་འབྱོར་མ་ཚོགས་འཁོར་ལོར་གཏོར། །དེ་ནས་དགྱེས་པས་ལངས་ནས་ནི། །དཔའ་བོ་ཧེ་རུ་ཀ་དཔལ་སོགས། །དབང་བསྐུར་རིན་ཆེན་ཆེན་པོ་ཡི། །གཉིས་མེད་ཆུ་ནི་སྟེར་བར་བྱེད། །ཧེ་རུ་ཀ་ཡི་བཀའ་ཐོབ་ནས། །ཐོག་མར་སྙིང་

པོ་བཟླས་པ་ཡིས། །དབང་བསྐུར་བ་ནི་སྦྱིན་པར་བྱ། །གཞན་དག་ཏུ་ནི་བཞད་གད་འགྱུར། །ནུས་པ་མེད་གྱུར་རྣལ་འབྱོར་མའི། །སྙིང་གའི་དཀྱིལ་འཁོར་འོད་ཟེར་གྱིས། །སློབ་མའི་ལུས་ལ་བཀང་ནས་ནི། །དབང་བསྐུར་སྦྱིན་པ་བསམ་པར་བྱ། །དབང་བསྐུར་བ་ནི་བཅུ་བཞི་ནི། །
སྔོན་གྱི་རྣལ་འབྱོར་པས་གང་བསྟན། །རྒྱས་པ་དགོས་པ་མེད་པའི་ཕྱིར། །ཐམས་ཅད་བདག་གིས་མ་བྲིས་སོ། །བསྐྱེད་པ་རྣལ་འབྱོར་རྒྱུད་དུའོ། །རྫོགས་པ་རྣལ་འབྱོར་མ་ཡི་རིམ། །བདག་གིས་དེ་བགྲོས་རྫོགས་པ་ཡི། །རིམ་པ་འདི་ནི་རབ་ཏུ་བསྒྲགས། །ཡུངས་ཀར་འོད་ཟེར་དུ་ནི་
བསྟན། །གང་ཕྱིར་དེས་ནི་ལེགས་བསྐུལ་བའོ། །སངས་རྒྱས་རོལ་པ་འདི་ལྟ་བུ། །བདག་ཉིད་ཆེན་པོ་ཕབ་ནས་ནི། །སངས་རྒྱས་ལྔ་ཡི་རང་བཞིན་ཏེ། །བརྟན་གཡོ་ཀུན་གྱི་བདག་ཉིད་དོ། །དེས་ན་ཐོག་མར་དབང་བསྐུར་ལྔ། །བདེ་ཞིང་འབྱོར་པ་སྦྱིན་པར་བྱ། །འགྲོ་བ་རྒྱུ་དང་མི་རྒྱུ་བ། །
དབང་བསྐུར་སྐད་ཅིག་གིས་རྫོགས་སོ། །གང་ཕྱིར་འགྲོ་དབང་ངོ་བོ་སྟེ། །དེ་ཕྱིར་དབང་བསྐུར་སྦྱིན་མི་བྱ། །མི་ཤེས་དེ་ཉིད་མི་རིག་སྟེ། །དེ་ཡང་དེ་ཉིད་རང་བཞིན་ནོ། །རྫོགས་པའི་ཡེ་ཤེས་བསྐྱེད་པ་ནི། །ཡང་ནི་སྨྲ་བར་བྱ་བའོ། །ཐོག་མར་ཆུ་ནི་སྦྱིན་པར་བྱ། །མཁའ་འགྲོ་མ་ཡི་སྔགས་ཀྱིས་
བསྔགས། །ཕྱི་ནས་དབུ་རྒྱན་སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་རིམ་པས་སོ། །ཇི་ལྟ་བ་བཞིན་དུ་གསུངས་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ། །དེ་བཞིན་སྲོག་དང་རྩ་རང་བཞིན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཏེ། །རྡོ་རྗེ་གཙུག་གི་ནོར་བུ་ཐོད། །སྣ་ཚོགས་ཀུན་གྱི་བླ་མ་དང་། །
ཐམས་ཅད་ཀུན་གྱི་སློབ་དཔོན་ཕྱིར། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །རྒྱལ་སྲིད་ཐམས་ཅད་རབ་ཏུ་འགྲུབ། །སྣ་ཚོགས་རང་བཞིན་པདྨ་གཅིག །སྣ་ཚོགས་ཀྱིས་མཛེས་དེ་བཞིན་ནོ། །སངས་རྒྱས་པདྨའི་དབང་བསྐུར་བས། །སློབ་མ་ཐམས་ཅད་དབང་བསྐུར་ཏེ། །གསང་སྔགས་འདི་
ཉིད་བརྗོད་པར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་གར་གནས་པའི་ཐུགས་རྡོ་རྗེ། །དེ་རྗེས་ཀྱང་ནི་དབང་བསྐུར་ཏེ། །བདག་ཉིད་ཧེ་རུ་ཀ་རྡོར་ཆེ། །ཡིད་དུ་འོང་བའི་ཚིག་འདི་བརྗོད། །དཔའ་བོ་རྡོ་རྗེ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །དཔའ་

བོ་ཀུན་དུ་རབ་འགྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །རྡོ་རྗེ་དྲིལ་བུའི་ལག་པ་ཡིས། །ཧེ་རུ་ཀ་ཡི་སྦྱོར་བས་འཁྱུད། །དེ་ཡི་གཡས་པའི་བརླ་སྟེང་དུ། །གཡོན་པའི་བྱིན་པས་མནན་པའོ། །ཨོཾ་ཧེ་རུ་ཀ་ཨ་དྷི་པ་ཏི་ཏྭཱཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཱི་ར་ས་མ་ཡ་སྟཾ། བདག་པའོ། །ཨོཾ་ཤྲཱི་ཧེ་རུ་ཀ་
ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཡང་ན་རྣལ་འབྱོར་མ་ཡི་གཙོ། །ལྷ་མོ་རྒྱུད་ལས་ཐམས་ཅད་དུ། །དེ་མིང་རྣལ་འབྱོར་མ་ལུང་བསྟན། །དེ་ཉིད་རིག་པས་སྦྱིན་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། གདོད་ནས་ཆོས་
ལ་མིང་མེད་དེ། །ཀུན་རྫོབ་ཏུ་ནི་མིང་དུ་གྲགས། །དམ་པའི་དོན་གྱི་རང་བཞིན་གྱིས། །མིང་མེད་མིང་དང་ལྡན་པའང་མེད། །ཤིན་ཏུ་རྣམ་དག་ཆུ་ཡིན་ཏེ། །མཉམ་པ་ཉིད་ནི་དབུ་རྒྱན་གྱུར། །རྡོ་རྗེ་རྟག་ཏུ་སོ་སོར་རྟོག །བདག་པོ་དམ་ཚིག་ལས་བྱུང་བའོ། །བརྟུལ་ཞུགས་ལུང་
བསྟན་དབུགས་དབྱུང་བ། །དཔལ་ལྡན་རྣམ་སྣང་གཙོ་བོའོ། །དབང་བསྐུར་འདི་དག་ཡང་དག་ལྡན། །བུམ་པའི་དབང་དུ་རྣམ་པར་བསྟན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་ཡི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་
བཱི་ར་ཏྭཾ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་བརྟུལ་ཞུགས་དེ་བྱིན་ཏེ། །དེ་ཡི་རྡོ་རྗེ་སྦྱོར་བས་བཟུང་། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །མཁའ་འགྲོ་དྲ་བ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་པ་བདག་པོའི་བདག །དྲིལ་བུ་
དེ་ཉིད་གཟུགས་ཀྱིས་ནི། །རྣམ་པར་མཁས་པས་དེ་ལ་སྦྱིན། །འདི་དེ་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ནི་རྗེས་སུ་དྲན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་ཞེས། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་བྱས་པ། །རང་བཞིན་དག་པའི་
སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པའོ། །དཔའ་བོ་ཆེན་པོ་ཆེན་པོ་སྦྱིན། །ཁ་ཊྭཱཾ་ག་མཆོག་གཟུང་བར་གྱིས། །ཧེ་རུ་ཀ་དཔལ་སྐུ་ཡན་ལག །བརྟན་གཡོའི་བདག་ཉིད་ཀུན་ཡན་ལག །བུ་ཡིས་རྟག་ཏུ་དམ་དུ་ནི། །རབ་ཏུ་འབད་པས་གཟུང་བར་གྱིས། །ཐོད་པའི་ཕྲེང་བ་ཡང་

དག་ལྡན། །དབུ་རྒྱན་མཆོག་ཏུ་གཟུང་བར་གྱིས། །གར་དང་གླུ་དང་དེ་བཞིན་ཕྲེང་། །དྲི་དང་བདུག་པ་དེ་བཞིན་ཏེ། །འདི་དག་ལྷན་ཅིག་སྐྱེས་པར་གྲགས། །འཁོར་དང་ཤིན་ཏུ་མཛེས་པའོ། །མེ་ལོང་ཡེ་ཤེས་མེ་ལོང་དང་། །དུང་ནི་དེ་བཞིན་བདེ་བའོ། །མིག་སྨན་
བདེ་བ་ཅེས་བྱར་གསུངས། །སེམས་ཅན་ཀུན་ལ་རབ་ཏུ་བསྐུར། །ཕྱི་རོལ་གྱི་ནི་བུམ་པ་འདི། །སློབ་དཔོན་ཐམས་ཅད་བཞེད་པའོ། །བུམ་པ་གཞན་ནི་ལྷན་ཅིག་སྐྱེས། །ལུས་ལ་རྟག་ཏུ་གནས་པའོ། །ཀ་ནི་བྱང་ཆུབ་ཅེས་སུ་གསུངས། །འབར་བ་ལྡན་པར་གང་ཞིག་གྱུར། །དེ་ནི་བུམ་པ་
ཞེས་སུ་བསྟན། །སེམས་ཅན་ཀུན་ལ་ལེགས་པར་གནས། །བུམ་པས་ལེགས་པར་དབང་བསྐུར་བར། །སེམས་ཅན་ཐམས་ཅད་སོམ་ཉི་མེད། །བླ་མའི་མན་ངག་རིམ་མེད་པས། །བུམ་པ་ཤེས་པར་མི་འགྱུར་རོ། །དེ་བར་ནུས་པ་འཁོར་ལོ་དབུས་སུ་ཀུན་གྱི་སྙིང་པོ་ནི། །བླ་མ་དང་ནི་རྣལ་
འབྱོར་མ་དང་དཔའ་བོའི་འཁོར་ལོ་ལ་གུས་ཀྱིས། །སྐྱེ་བོ་ངན་པའི་ཚོགས་དང་གདུག་པའི་སེམས་སོགས་སྤོངས། །ལྷན་ཅིག་སྐྱེས་པར་འབྱུང་བའི་སེམས་དང་ཧེ་རུ་ཀ་ཡི་རྡོ་རྗེ་ཁྱོད་ཉིད་དོ། །བུམ་པས་དབང་བསྐུར་སློབ་མ་ཡིས། །ནམ་མཁའ་ལྡིང་གི་ཚུལ་གནས་ལ། །སྙན་པའི་ཚིག་གིས་
སྨྲ་བར་བྱ། །བགྲོད་དང་མི་བགྲོད་སོགས་མཚན་ཉིད། །ཞི་དང་རྒྱས་སོགས་གང་ཅུང་ཟད། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །རྣལ་འབྱོར་མ་ཡི་སྒྲུབ་པ་གང་། །ལས་དེ་ཐམས་ཅད་བསྒྲུབ་པར་བྱ། །ནང་པར་སྔར་ལངས་སེམས་དག་ཉིད། །ཐམས་ཅད་ལུས་ལ་བྱས་ནས་ནི། །བགྲོད་
དང་མི་བགྲོད་གང་ཅུང་ཟད། །ཀུན་ལ་སྦྱར་བས་བྱ་བའོ། །ལུས་ཀྱི་སྡུག་བསྔལ་ཡོངས་སྤངས་ནས། །དམ་ཚིག་དང་ནི་སྡོམ་པ་བཟུང་། །བདེ་མཆོག་གིས་ནི་བྱིན་པ་བཞིན། །བུ་ཡིས་རྟག་ཏུ་སྦྱིན་པར་བྱ། །རྒྱལ་དང་སྟོང་དང་དེ་བཞིན་གང་། །ཕྱོགས་ནི་གཉི་ག་ལ་དེ་བཞིན། །རྣལ་འབྱོར་
མ་དང་དཔའ་བོ་མཆོད། །རང་ཉིད་ཀྱིས་ནི་འབད་ནས་མཆོད། །དཔའ་བོ་དཔའ་མོའི་དབང་ཕྱུག་ཚོགས། །ཆད་ལ་དགའ་བས་རོལ་པར་བྱ། །འཁོར་ལོ་བདེ་མཆོག་དཀྱིལ་འཁོར་དུ། །བུ་ཁྱོད་ཀྱིས་ནི་རྟག་ཏུ་རོལ། །དཔའ་བོ་ཕྱོགས་ལ་རབ་འབད་པས། །ལག་པའི་བརྡ་ནི་སྦྱིན་པར་བྱ། །

དཔའ་བོ་དམ་ཚིག་ཤེས་ནས་ནི། །དེ་དང་ལྷན་ཅིག་བཟའ་ཞིང་སྤྱད། །ཐེག་པ་དམན་ལ་དགའ་བ་ནི། །བཟང་པོས་ནམ་ཡང་མི་བྱའོ། །འཁོར་བ་དག་ཀྱང་མི་གཏོང་ཞིང་། །མྱ་ངན་འདས་རྟག་དགའ་མི་བྱ། །རྣལ་འབྱོར་མ་དང་དཔའ་བོའི་ཚོགས། །གནོད་པའི་བསམ་པ་མི་བྱའོ། །དཔའ་
བོ་སྤྱོད་པའི་བརྟུལ་ཞུགས་བལྟ། །རྩ་བའི་སྔགས་ནི་རྟག་ཏུ་བཟླས། །བདེ་མཆོག་མཉེས་པས་དངོས་གྲུབ་ཏུ། །འགྱུར་བར་ཐེ་ཚོམ་མེད་པའོ། །དེ་ནས་འབད་པས་སྐྱོང་བ་ནི། །དམ་ཚིག་གྲུབ་པ་ཐེ་ཚོམ་མེད། །གསང་བའི་དམ་ཚིག་བསྐྱང་བ་ཡིས། །སྤྱོད་ཅིང་མོས་པར་འགྱུར་བའོ། །བསྐལ་པ་
མཐའ་ཡས་བརྒྱ་ཡིས་ཀྱང་། །ཉམས་པར་གྱུར་པས་མི་འགྲུབ་བོ། །བླ་མའི་ཞབས་ཀྱི་པདྨ་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །ཁྱབ་བདག་ཁྱོད་ཀྱིས་ཇི་ལྟར་བསྟན། །ཀུན་མཁྱེན་བདག་ནི་བགྱི་བར་འཚལ། །སྡོམ་པ་བསྐྱང་བའི་ཆོ་གའོ། །ལྷན་ཅིག་སྐྱེས་པའི་སེམས་ཀྱིས་ནི། །
མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པས་བརྟགས་ནས་ནི། །འདོད་པ་ལྔ་ལ་སྤྱད་པར་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཇི་ལྟར་འདོད་པ་ཡིད་ཀྱིས་བསྟེན། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །ཡན་
ལག་ཐམས་ཅད་མཁའ་འགྲོའི་གནས། །དེ་བས་ཀུན་ནས་རབ་འབད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་གཞན་མེད། །དེ་བས་ཆགས་དང་ཆགས་བྲལ་བར། །ཁྱོད་ཀྱིས་གཟུང་བར་མི་བྱའོ། །དམ་ཚིག་བསྲུང་བའི་ཆོ་གའོ། །
གཡས་པས་ཆོས་གོས་བཟུང་ནས་ནི། །གཡོན་པས་མཆོག་སྦྱིན་ལེགས་གནས་དཔའ་བོ་ཡིས། །ནམ་མཁའ་ལྡིང་ལྟར་གནས་པའི་སློབ་མ་དངོས་པོ་ཀུན་བྱས་ཏེ། །འདི་ལྟར་ང་ཡིས་ལུང་བསྟན་ཁྱོད། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་དག་པའི་ཕྱིར། །སྲིད་པ་ངན་
འགྲོ་རྣམས་ལས་འདོན། །ཤྲཱི་ཧེ་རུ་ཀ་ནིརྨ་ཎ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭ། དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོར་རྣམ་པར་གནས་པའི་ཐབས་འདིས། མཆོག་ཏུ་གསང་བའི་ཆོ་གས་རྒྱལ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་བསྟན་པ་སྟེ་དེ་ཧེ་རུ་ཀར་འགྱུར་རོ། །ལུང་བསྟན་པའི་ཆོ་

གའོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །རྒྱལ་པོའི་བདག་པོར་བརྟན་པ་དང་། །དི་རིང་བདུད་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ནི། །དེང་ནི་སངས་རྒྱས་ཉིད་དུ་ནི། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །
ཆུ་དང་དབུ་རྒྱན་རྒྱུ་མཐུན་ཏེ། །རྡོ་རྗེ་བདག་པོས་མཚོན་པ་སྨིན། །རྫོགས་སངས་རྒྱས་དབང་སྐྱེས་བུ་སྟེ། །གསང་བར་སྦྱོར་བ་དྲི་མ་མེད། །མ་དང་བུ་མོ་སྲིང་མོ་དང་། །ཚ་མོ་ཉིད་དེ་ཕོ་ཉ་མོ། །གཏུམ་མོ་དང་ནི་གར་མཁན་ནམ། །གཞན་མ་ལ་ཡང་སེམས་སྦྱིན་ཏེ། །དེ་རྣམས་ནང་ནས་
མེ་ཏོག་ལྡན། །སྔགས་པ་བཟང་པོས་གཟུང་བྱས་ཏེ། །དབང་སྐུར་བ་ལ་སྤྲོ་བ་ཆེ། །རྒྱུད་ཀྱི་མཚན་ཉིད་ཡང་དག་ལྡན། །དཔལ་ལྡན་མེ་ཏོག་ཤ་ལྔ་དང་། །པདྨར་གནས་བྱས་བློ་བཟང་བས། །ཕྱག་རྒྱ་འདི་དག་དཀྱིལ་འཁོར་དུ། །རྒྱུད་བསྲུངས་བསྲུང་བར་ཐེ་ཚོམ་མེད། །ཕྱག་རྒྱ་དྲུག་
དང་ཐལ་བར་ལྡན་ཞིང་གོས་དང་བྲལ་བ་སྐྲ་གྲོལ་ཕྱག་རྒྱ་ནི། །ཕྱག་རྒྱ་གཡོན་ན་ཁ་ཊྭཱཾ་ག་སྟེ་གཡས་ན་ཌ་མ་རུ་ནི་དྲི་མེད་དཀྲོལ་བ་ཡི། །མདུན་གྱི་ཕྱོགས་སུ་བླངས་ནས་བརླ་གཡོན་དབུས་སུ་སློབ་མ་མཁའ་ལྡིང་ཁ་བྱས་ཏེ། །བཟའ་བ་ལེགས་གནས་རབ་མཆོག་བླ་མ་མཆོག་གིས་ཟླ་བའི་
འདོད་པ་བྱ། །རྣལ་འབྱོར་པ་ཡིས་སྤྲོས་པར་གྱུར་པ་གང་ཞིག་དྲི་མེད་དེ་ནི་ལྕེ་ཡིས་རབ་བླངས་ནས། །དེ་ནས་དེ་ཡི་ཐོད་པར་རབ་ཏུ་རྒྱས་པའི་ཞལ་གྱིས་སློབ་མ་ལ་ནི་གསང་བ་སྦྱིན། །པདྨ་ལ་གནས་མཆོག་ཏུ་དགའ་བར་འབྱུང་ཞིང་སྙིང་པོར་གྱུར་པ་ཁྱོད་ཀྱིས་ལྕེ་ཡིས་ལོང་། །དེ་ནས་ལག་ནས་
བཟུང་སྟེ་ཆོ་ག་བཞིན་དུ་སྐྱོན་མེད་རྣལ་འབྱོར་མ་ནི་དེ་ལ་སྦྱིན། །ལྷ་མོ་འདི་ནི་དངོས་གྲུབ་སྟེར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་བདག་སྦྱོར་བ་ཡིས། །བདེ་ལ་ལེགས་པར་མྱང་བར་གྱིས། །བུ་ཀྱེ་མདུན་དུ་དགའ་བས་མཚོ་སྐྱེས་མཆོག་ནི་དགའ་བས་བརྟན་པར་འཁྱུད། །
ཚིག་མེད་བརྗོད་དུ་མེད་པ་གང་ཞིག་ལེགས་པའི་མཐུ་ནི་བདེ་མཆོག་རང་བཞིན་སྙིང་པོའོ། །གཞན་པ་ཐམས་ཅད་ཇི་ལྟར་བསྟན་པ་བདེ་བ་སྐྱེས་པས་དགའ་བའི་ངོ་བོ་ལ་སོགས་དེ། །ཤེས་པར་བྱས་ནས་ཕྱིས་ནི་ཇི་ལྟར་འདོད་པ་བྱ་ཞིང་ཉིན་དང་མཚན་དུ་དེ་ཉིད་རིན་ཆེན་བསྒོམ། །ལྷ་མོའི་མཚན་

ཉིད་མངོན་དུ་བསྟན་པས་རྡོ་རྗེའི་དབྱངས་ཀྱིས་སྨྲ་བར་བྱ། །དཔའ་བོ་ཁྱོད་ནི་ཅི་ལ་སྤྲོ། །པདྨ་ལས་བྱུང་བཟའ་བ་དང་། །དགའ་བ་བཞི་པོ་གང་ཡིན་དང་། །དེ་ཡང་མི་ཕྱེད་ལེགས་པའི་བློ། །ནུས་སམ་ཧེ་རུ་ཀ་ཡིས་སྨྲོས། །སློབ་མས་ཀྱང་ནི་དེ་ནས་སྨྲ། །རྟག་ཏུ་བདག་གིས་བྱེད་པར་ནུས། །
པདྨ་རྒྱས་པ་མགུ་བ་ཡིས། །དག་པའི་སེམས་ལ་སྨྲ་བར་བྱ། །པདྨར་ཇི་ལྟར་བྱ་བར་གྱིས། །བདེ་མཆོག་མཉེས་པ་ལ་སོགས་པ། །འཇིགས་དང་ངོ་ཚ་རྟག་ཏུ་ཐོང་། །བདེ་བའི་མཆོག་ལ་རོལ་བར་གྱིས། །སློབ་དཔོན་གྱིས་ནི་ཇི་ལྟར་བསྟན། །བློ་བཟང་གིས་ནི་དེ་ཀུན་ནི། །སངས་
རྒྱས་བཞི་ཡི་སྟན་ལ་གནས། །རྡོ་རྗེ་པདྨ་ལེགས་པར་གནས། །དགའ་བ་བཞི་ཡི་མཚན་ཉིད་ནི། །རིམ་པ་ཉིད་ཀྱིས་རྗེས་སུ་སྤྱད། །དེ་འོག་འབྱུང་བ་ལེགས་བཟའ་ཞིང་། །བླ་མ་རྣལ་འབྱོར་མ་ཕྱག་བྱ། །རྡོ་རྗེ་སྙིང་པོ་དབེན་པར་མཉམ་པའི་
རོ་ལ་རབ་ཏུ་དགའ་བས་ཧེ་རུ་ཀ་ཡིས་བྱ། །ལྷ་མོའི་ཚོགས་ནི་དཔའ་བོ་དང་བཅས་མང་པོའི་རོ་དང་བཅུད་ནི་ཁྲོ་དང་སྒྱུ་ལས་རྣམ་པར་གྲོལ། །པདྨ་ལ་གནས་སྦྱོར་བའི་སེམས་ནི་མཆོག་ཏུ་དགའ་བར་འབྱུང་བ་ཟླ་བའི་འོད་རང་བཞིན། །གཅིག་ཏུ་རོལ་པ་ལ་ཆགས་སྙིང་པོ་ལྷན་ཅིག་སྐྱེས་
པའི་རང་བཞིན་སངས་རྒྱས་ཀུན་གྱི་དངོས། །དགའ་བ་དང་བཅས་དཔའ་བོ་མགོན་པོས་ངེས་པར་བཞི་བའི་མཚན་ཉིད་གསུངས། །དེ་ནི་ཀུན་མཁྱེན་རང་བཞིན་ས་གསུམ་དང་བཅས་བདེ་མཆོག་སྙིང་པོའོ། །ལྷག་མའི་བརྟུལ་ཞུགས་ལ་སོགས་སྦྱིན་ཞིང་བདེ་མཆོག་ཏུ་སྦས་གང་ཡིན་སེམས་ནི་བདེ་
བར་བྱ། །རྣལ་འབྱོར་མ་ཡིས་གསང་བའི་མཚན་ཉིད་ངེས་པར་རྒྱུད་ཀྱི་སྙིང་པོས་ངེས་པར་བརྡར་བསྟན་བྱ། །རྣལ་འབྱོར་སེམས་ཀྱི་མཚན་ཉིད་ནི། །བདེ་མཆོག་གཞི་ལས་མ་ཤེས་ན། །རྣལ་འབྱོར་མ་ཚོགས་ཅི་ཡི་དོན། །སེམས་ཅན་ལ་བསྟན་ཅི་ཡི་དོན། །དོན་འདི་དག་དང་ཡང་དག་ལྡན། །
དབང་བསྐུར་བ་ནི་རྣམ་པ་བཞི། །དཔལ་ལྡན་བདེ་མཆོག་རྒྱུད་ལས་ནི། །ཇི་ལྟར་བསྟན་པ་དེ་བཞིན་གསུངས། །དེ་བཞིན་དུ་ཡང་གསུངས་པ། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །བཞི་པ་དེ་ནས་ཡང་དེ་བཞིན། །དཔལ་

ལྡན་འདུས་པའི་རྒྱུད་ལས་མཆོག་ཏུ་དགའ་བའི་མཚན་ཉིད་གཅིག་པའི་རང་བཞིན་ནི། །ལེགས་པར་བསྔགས་པའི་དངོས་གྲུབ་གསུངས་པ་ལྷན་ཅིག་སྐྱེས་མི་གནས། །དཔལ་ལྡན་བདེ་མཆོག་རྒྱུད་དུ་ཐོག་མར་ལྷན་ཅིག་སྐྱེས་པའི་སེམས་ནི་རྣམ་པར་བཀོད། །བློ་དང་ལྡན་པས་
མངོན་དུ་བརྡ་ཡིས་བསྟན་པས་གོ་བར་བྱ། །ལྷན་ཅིག་སྐྱེས་པའི་དགའ་བར་འཁོར་བར་ཐམས་ཅད་རྣལ་འབྱོར་པ་ནི་རྟག་ཏུ་འགྱུར། །དེ་ཉིད་དུ་ནི་སྔགས་དང་ཕྱག་རྒྱ་ལྷན་ཅིག་སྐྱེས་པར་ཆོ་ག་ཐ་དད་གསུངས། །ལྷན་ཅིག་སྐྱེས་པ་ཧེ་རུ་ཀར་བརྗོད་པའི། །དགའ་བ་བསྟན་པ་མི་ཤེས་ནི། །དེ་ནི་
བདེ་མཆོག་ཕྱི་རོལ་འཁོར། །དེ་ནི་དངོས་གྲུབ་ཤིན་ཏུ་རིང་། །རྟག་པའི་དུས་སུ་བདེ་མཆོག་གང་། །འདུས་པ་ཞེས་བྱར་དེས་གསུངས་སོ། །འདུས་པ་དང་ནི་བདེ་མཆོག་དག །རྟེན་ཅིང་འབྲེལ་བར་འབྱུང་བར་གནས། །འདུས་པ་ཞེས་བྱ་ཆོ་གས་བསྟན། །འཁོར་ལོ་བདེ་མཆོག་དེ་
ལས་བྱུང་། །འདུས་པ་བདེ་མཆོག་ཅེས་བྱ་སྟེ། །དེ་ཀུན་ཧེ་རུ་ཀ་རུ་བརྗོད། །གང་ཞིག་བདེ་མཆོག་ལྷན་ཅིག་སྐྱེས་པ་ཐོག་མེད་སངས་རྒྱས་ཏེ། །རང་རིག་ཆོ་གས་རྣམ་པར་སྤྲུལ་པ་སྣ་ཚོགས་གཟུགས། །རྡོ་རྗེ་པདྨར་འབྱོར་པ་རྒྱུ་ལས་མ་སྐྱེས་དཔལ་ལྡན་འདི་ནི་ཧེ་རུ་ཀ་བཅས་མགོན་པོར་
གྱུར། །ཡོན་ཏན་ཀུན་གནས་རྒྱུད་ལས་ནི། །འདི་ཡི་དོན་ནི་ལེགས་པར་གསུངས། །ཧེ་རུ་ཀ་དཔལ་ལེགས་སྦྱོར་བ། །འདོད་པའི་དོན་ཀུན་སྒྲུབ་པ་པོ། །ཕ་རོལ་ཡན་ལག་ཅེས་གྲགས་པ། །གང་ཡིན་སློབ་མ་དབང་བསྐུར་བའོ། །དེ་ཉིད་ལྷན་ཅིག་སྐྱེས་ཡན་ལག །ཅེས་པ་རྣལ་འབྱོར་
མ་ལུས་གྲགས། །ལྷན་ཅིག་སྐྱེས་མ་གཟུགས་ཅན་མ། །ཡན་ལག་ཕྱག་རྒྱ་འདི་སྤངས་ནས། །གང་ཞིག་ཡང་དག་རིག་འདོད་པ། །གཞན་དུ་སྡུག་བསྔལ་སྐལ་བ་ཅན། །ཇི་ལྟར་ཆགས་པའི་ཆོ་ག་ཡིན། །བདེ་མཆོག་ལས་ནི་སེམས་ཅན་འཛིན། །ལྷན་ཅིག་སྐྱེས་དགའ་སྟོང་པ་ཉིད། །
འཁོར་བ་ན་ནི་མཆོག་ཡིན་ནོ། །དེ་གསུངས་པ། རྡོ་རྗེ་བདག་པོ་ཐམས་ཅད་ཀྱིས། །འདོད་ཆགས་དེ་ཉིད་དོན་བསམ་ཞིང་། །འདོད་ཆགས་ལས་སྐྱེས་བྱང་ཆུབ་བྱ། །སེམས་ཅན་ཀུན་ལ་ཕན་པ་ཡི། །སྔགས་པས་ཁོང་དུ་ཆུད་དོན་འདི། །སྐུ་དང་གསུང་དང་ཐུགས་སུ་འདོད། །དེ་ཀུན་རྟོགས་

པའི་བློ་ཡིས་ནི། །ཆོ་ག་ཡིས་ནི་ལས་བྱའོ། །གྲུབ་པའི་དམ་ཚིག་སྡོམ་པ་ནི། །འདི་ནི་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་ལེགས་པར་གསུངས། །གནང་བའི་མཆོག་འདི་བརྟག་པའོ། །གང་གསུངས་པ། འབྲས་བུ་འབྱུང་བ་མང་པོ་རྒྱས་པ་ནི། །གསང་སྔགས་སྨྲ་བས་
བསྟན་པ་ནི། །སེམས་ཀྱི་སྒྲུབ་པའི་ཁྱད་པར་གྱིས། །སེམས་ལས་རྫོགས་པའི་བྱང་ཆུབ་འབྱུང་། །དེ་གསུངས་པ། བྱང་ཆུབ་སེམས་ཀྱི་འབྲས་བུ་གང་། །དེ་ནི་སངས་རྒྱས་ཡེ་ཤེས་མཆོག །རྡོ་རྗེ་ཧེ་རུ་ཀ་འདི་མངོན་དུ་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །དཔའ་བོ་རྣལ་འབྱོར་མ་
རྣམས་གཟུགས། །རྣམ་པ་སྣ་ཚོགས་མཆོག་གིས་སེམས། །ལྷན་ཅིག་སྐྱེས་བྱས་མཉེས་ནས་ནི། །གསང་སྔགས་ཟློས་ལ་མཆོག་ཏུ་བརྩོན། །རྡུལ་ཚོན་ལྷན་ཅིག་སྐྱེས་པའི་གཟུགས། །ལེགས་མཆོད་ནས་ནི་གཤེགས་སུ་གསོལ། །རྡུལ་ཚོན་བག་ཙམ་དོན་བྱིན་ནས། །ཆུ་བོ་ཆེན་པོ་
སོགས་པར་འདོར། །དེ་ནས་དཔའ་བོ་ལྷ་མོ་རྣམས། །མཚན་མོ་ཕྱེད་ནས་མཁས་པ་ཡིས། །སྤྱད་དང་བཟའ་བ་སྔོན་བྱས་ཏེ། །རྒྱུད་ཉིད་ཀྱིས་ནི་མཆོད་པ་བྱ། །དཀྱིལ་འཁོར་ས་ཡི་གནས་སུ་ནི། །འོངས་པར་གྱུར་ནས་བླ་མ་མཆོད། །ཕྱི་དང་ནང་དུ་ཡང་དག་ལྡན། །འདོད་པ་ལྔ་ལ་ཉེ་
བར་སྤྱོད། །ཧེ་རུ་ཇི་བཞིན་ལྷ་མོ་བཞིན། །བླ་མ་ཡང་ནི་དེ་བཞིན་ནོ། །ཧེ་རུ་ལྷ་མོ་བླ་མ་ལ། །མཆོད་པའི་འབྲས་བུ་འདྲ་བའོ། །དེ་ནས་བླ་མ་ལ་དབུལ་བ། །དེ་བཞིན་གཤེགས་པས་གསུངས་པའི་ཡོན། །གསེར་ནི་བརྒྱ་སྟོང་དབུལ་བ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །རས་ནི་ཟུང་
གྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་དང་། །རྣ་རྒྱན་དང་ནི་ལག་རྒྱན་དང་། །མགུལ་རྒྱན་སོར་གདུབ་དམ་པ་དང་། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །རང་གི་ཆུང་མ་བུ་མོ་དང་། །བྲན་དང་བྲན་མོ་སྲིང་མོ་རྣམས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །དངོས་པོ་ཀུན་གྱི་
བདག་ཉིད་ཀྱིས། །བློ་དང་ལྡན་པས་བླ་མར་རབ་དབུལ་བྱ། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་ཕུལ་བ་ལགས། །དེ་ལྟར་ཆོ་ག་དེ་བྱས་ནས། །སྒྲུབ་པ་པོ་ཡིས་ཤིན་ཏུ་ངེས། །དེ་ནས་དེ་དང་དེ་ཡི་ནི། །མཁའ་འགྲོ་མ་དང་སྦྱོར་བའོ། །ཌཱ་ཀི་ནཱི་དང་ལཱ་མ་དང་། །

ཁཎྜ་རོ་ཧཱ་རཱུ་པི་ཎི། །འདི་དག་འགྲོ་བར་རྣམ་པར་སྤྱོད། །མཁའ་འགྲོ་མ་དང་སྒྲུབ་པོར་བཅས། །ཐམས་ཅད་དེ་ཡི་བྲན་བཞིན་དུ། །སྒྲུབ་པ་པོ་ནི་སོམ་ཉི་མེད། །སྦྱོར་བ་གྲུབ་པར་གྱུར་པ་དེའི། །འཇིག་རྟེན་གསུམ་གྱིས་མི་བཟློགས་སོ། །སློབ་དཔོན་ལུས་སུ་གནས་ནས་
ནི། །འབད་པ་ཡིས་ནི་མཆོད་པ་ལེན། །འདི་དོན་བདག་གིས་རབ་ཏུ་བསྟན། །བླ་མ་ལ་ནི་མཆོད་པ་བྱ། །ཧེ་རུ་ཀ་སོགས་བདེ་མཆོག་ལ། །དངོས་པོ་ཀུན་གྱིས་ལེགས་མཆོད་པ། །རྫོགས་པར་གྱུར་ནས་མཁས་པ་ཡིས། །དེ་ཡི་འོག་ཏུ་སྤྱོད་པ་བྱ། །དབང་བསྐུར་བའི་ཆོ་གའོ།། །།
ཡང་ན་ཡིད་ནི་མངོན་དགའི་གནས་སུ་འཁོར་ལོའི་བདག་ཉིད་རྣལ་འབྱོར་ལྡན་པ་ཡི། །དབང་བསྐུར་དོན་དུ་ཡིད་འོང་བ་ཡི་འཁོར་ལོར་ཆོ་ག་ཐམས་ཅད་བྱས། །སྔོན་དུ་བསྟན་པའི་རྣལ་འབྱོར་ལྡན་པའི་སྔགས་པས་ཟས་བཟང་པོ་ཡི་རྒྱན་དང་ཆོ་ག་ནི། །སྔོན་དུ་བསྟན་པའི་དེ་འདྲའི་སློབ་མ་
ལ་ནི་དབང་བསྐུར་སྦྱིན། །གནས་དེར་རྣལ་འབྱོར་པ་ནི་དང་པོའི་དཔའ་བོ་དང་ནི་དབུས་དང་གཡོན་པར་ལྡན། །གཡོན་པའི་སྤྱོད་པའི་ཆོ་གས་ཤིན་ཏུ་མཛེས་པ་ཐམས་ཅད་རྟག་ཏུ་སྦྱིན། །ཤིན་ཏུ་རྒྱུད་དུ་སྦས་པའི་དགའ་བ་བཞི་ཡི་ཆོ་ག་ལེགས་པར་བསྟན། །སྙིང་རྗེའི་སྟོབས་ནི་ལྷན་ཅིག་སྐྱེས་
པར་ལེགས་གནས་བཤད་པར་གྱིས། །པདྨའི་ནང་ན་མཆོག་གི་སྣ་ཡི་རྩེ་མོ་རུ། །རྡོ་རྗེ་ལས་བྱུང་འོ་མ་རྒྱ་མཚོ་གཟུགས་ནི་ཡིད་བཞིན་ནོར་བུ་འགྲོ་ཀུན་རང་བཞིན་ནི། །དཔལ་ལྡན་བདེ་མཆོག་རིག་པ་རྟག་ཏུ་འབབ། །གཏོར་མའི་ཆོ་ག་བསྲུང་འཁོར་ལོ། །ཁ་སྦྱོར་གྲོལ་བ་བཟང་པོ་དང་། །
སྔགས་བཏུ་བ་དང་དེ་བཞིན་བསྲུང་། །སྤོབས་པ་དཀྱིལ་འཁོར་སྒྲུབ་ཐབས་ཏེ། །དེ་དག་ཐམས་ཅད་ཡང་དག་ལྡན། །སློབ་དཔོན་དེས་ནི་བསྟན་པར་བྱ། །དེ་ཡི་ལག་ཏུ་འོངས་པའི་དཔལ། །འདོད་པ་ཐམས་ཅད་རབ་སྟེར་བའོ། །དཔལ་ལྡན་འདུས་པའི་རྒྱུད་དུ་བདེན་སྦས་གྱུར་པའི་དབང་
བསྐུར་ཤེས། །སློབ་མ་ལ་ནི་བླ་མ་དེས་ནི་རྒྱུད་དུ་དེ་བཞིན་གསུངས། །ཕྱི་རོལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་ཆོ་གའོ། །ལེགས་པར་རབ་གནས་ཆོ་ག་འདི། །གདོད་ནས་དག་པ་སྐྱོན་མེད་པའི། །དཀྱིལ་འཁོར་ཀུན་དང་ཡང་དག་ལྡན། །རྣམ་པ་ཀུན་གྱིས་ལེགས་པར་དཀྲིས། །

གང་ཕྱིར་འགྲོ་བ་སེམས་ལས་བྱུང་། །ལྷན་ཅིག་སྐྱེས་པའི་མཚན་ཉིད་དོ། །དེ་ཡི་ཕྱིར་ན་གནས་ཀུན་དུ། །བློ་བཟང་གིས་ནི་རབ་གནས་ཀྱིས། །ལུགས་མ་དང་ནི་གླེགས་བམ་ནི། །འཇིག་རྟེན་དོན་དུ་རབ་གནས་གསུངས། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །མཁས་པ་ཡིས་ནི་རབ་
གནས་བྱ། །ཉེ་བའི་སྙིང་པོས་རི་ལུ་གྲུབ་པ་དེ་ཡི་ཡུལ་ལ་ལྷག་པར་གནས་པ་གསུངས། །དེ་ནི་བགྲོད་ནས་སྔགས་པ་བཟང་པོས་རབ་ཏུ་གནས་པ་མདོར་བསྡུས་བྱ། །ཟླ་བའི་བཏུང་བ་སྔོན་བྱས་ནས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དཔའ་བོའི་སྲུང་བ་ཡང་དག་ལྡན། །རབ་ཏུ་
འཇུག་ལམ་ལ་ལེགས་གནས། །ཨཱ་ལི་ཀཱ་ལི་ལེགས་བརྗོད་ནས། །ལྷ་རྣམས་ལྷག་པར་གནས་པར་བྱ། །ལུགས་མ་གླེགས་བམ་ལ་སོགས་རྣམས། །དེ་ཀུན་རབ་ཏུ་གནས་པར་བྱ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཀ་ཁ་ག་གྷ་ང་།
ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ །རྣམ་རྒྱལ་བུམ་པ་བཟླས་པ་ཡིས། །མཁས་པས་ལྷ་ཡི་ཁྲུས་བྱའོ། །དེ་ནས་བུམ་པ་གཞན་གྱིས་ཀྱང་། །དངོས་གྲུབ་རྒྱུར་ནི་དབང་བསྐུར་རོ། །རྣལ་འབྱོར་ཆུང་ངུ་རྡོ་རྗེ་སེམས། །དེ་ལྟ་
བུར་ནི་མཚན་ཉིད་གྱུར། །ཆོ་ག་ཐམས་ཅད་བྱ་བ་སྟེ། །རྒྱུད་ལས་ཇི་ལྟར་བསྟན་པ་འདོད། །འདས་པ་བར་མའི་སྦྱོར་བ་ཡིས། །རྟེན་ལ་བར་མའི་ཆོ་ག་བྱ། །རབ་གནས་ལ་སོགས་གང་ཡིན་ཀུན། །གང་བསྟན་པ་ནི་དེ་བཞིན་གསུངས། །ལྷན་ཅིག་སྐྱེས་པའི་དགའ་ལྡན་བདག །དཔའ་བོའི་
ཡིད་ནི་མི་གཡོ་བའོ། །ཆེན་པོའི་ཡོན་ཏན་དང་ལྡན་པས། །སེམས་ཙམ་ཉིད་དུ་ཀུན་ལ་སྤྱད། །སྐད་ཅིག་གིས་ནི་ཐམས་ཅད་ཉིད། །རབ་ཏུ་གནས་པར་ངེས་པར་གྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །རྫོགས་པའི་སངས་རྒྱས་ཀུན་གྱིས་བསྔགས། །ཆེན་པོ་ཡང་ནི་ཆེན་པོ་ཡི། །རྣལ་
འབྱོར་གཉིས་མེད་མཚན་ཉིད་དོ། །དཔལ་ལྡན་འཁོར་ལོ་ཀུན་གྱི་གཞི། །རང་འབྱུང་བདེ་མཆོག་ལས་བྱུང་བའོ། །རྣམ་པ་བཞིར་གྱུར་རྣལ་འབྱོར་པ། །དགའ་བ་བཞི་ཡི་མཚན་ཉིད་དང་། །མཚན་ཉིད་བཞི་དང་ཡང་དག་ལྡན། །སངས་རྒྱས་ཐམས་ཅད་རབ་ཏུ་མཆོད། །ཟླ་བའི་བཏུང་བ་ལ་

སོགས་བྱ། །བཞད་དང་སྒེག་པ་ལ་སོགས་ལྡན། །མཚན་མོ་དགའ་བ་ཆེན་པོས་དེར། །དཔའ་བོ་དཔའ་མོའི་དབང་ཕྱུག་ལྡན། །འདུས་པ་ལ་སོགས་ལེགས་བརྟེན་ནས། །རབ་ཏུ་གནས་པའི་ཆོ་ག་མཆོག །རྟག་ཏུ་གཡོན་དུ་བསྒྱུར་བ་ཡིས། །བློ་དང་ལྡན་པས་ཐམས་
ཅད་བྱ། །རབ་ཏུ་གནས་པའི་ཆོ་གའོ།། །།དཔལ་ལྡན་བདེ་མཆོག་འཁོར་ལོ་ཆེ། །བདེ་མཆོག་ལྟ་བུའི་སྦྱོར་བ་ཡིས། །བཅངས་ན་བདེ་མཆོག་ཏུ་འགྱུར་རོ། །ཨེ་ལྟ་བུ་ཡི་དབུས་ཕྱོགས་སུ། །དཔལ་ལྡན་མཁས་པས་གསང་སྔགས་རྒྱལ་པོ་བྲི། །གྲོ་གར་གུར་གུམ་ཙནྡན་སོགས། །ཆོ་གས་
དཔལ་ལྡན་ངང་པའི་རྒྱལ་པོ་ཉིད། །གནོད་པ་ཀུན་སེལ་རྒྱལ་བྱེད་ལེགས་པའི་དཔུང་པར་རྟག་ཏུ་བཅིང་། །གསང་སྔགས་སྣ་ཚོགས་བཟླས་ཤིང་ཆོ་གས་དངོས་གྲུབ་སྟེར། །ཞི་ལ་མཐའ་རུ་སྭཱ་ཧཱ་བྲི། །རྒྱས་པ་ལ་ནི་ཕྱག་འཚལ་ཏེ། །དབང་ལ་ཧོཿདང་ཡང་དག་ལྡན། །བསད་ལ་ཧཱུཾ་ཕཊ་སྦྱར་
བར་བྱ། །ཧེ་རུ་ཀ་སྦྱོར་མི་ཤེས་ན། །སེམས་ཅན་དོན་ལ་བརྩོན་པར་གནས། །དུབ་ཅིང་ངལ་བ་དེ་རྣམས་ཀྱི། །སེམས་ཅན་དོན་དུ་མི་འགྱུར་རོ། །སྒྲུབ་ཐབས་གཏོར་མ་སྦྱིན་སྲེག་དང་། །རབ་གནས་དཀྱིལ་འཁོར་དེ་བཞིན་ཏེ། །འདི་དག་ཐམས་ཅད་ཡང་དག་ལྡན། །ཧེ་རུ་ཀ་དཔལ་ལུས་མཚན་
ཉིད། །དཔལ་ལྡན་རིན་ཆེན་རི་གནས་ཏེ། །སེམས་ཅན་ཀུན་གྱི་དོན་གྱི་རྒྱུར། །སློབ་དཔོན་དབུ་བ་བློ་ལྡན་པས། །དཀྱིལ་འཁོར་ཐབས་འདི་བྱས་པ་ཡིན། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛཱ་མཎྜལ་
ཏྲི་ཨཱ་ལོ་ཀ་ས་ཧ་ཛ་ནཱ་མ། །བོད་སྐད་དུ། ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བྱེད་རྒྱུ་ལ་སོགས་རྣམ་པར་སྤངས། །སྐྱེ་འཇིག་ཚོགས་བྲལ་མི་གནས་པ། །གཉིས་མེད་ཧེ་རུ་ཀ་དཔལ་ལ། །བཏུད་དེ་ལྷན་ཅིག་སྐྱེས་
པ་བྲི། །ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་དང་། །བྷ་གའི་དཀྱིལ་འཁོར་ཞེས་བྱ་དང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རྣམ་པ་གསུམ་དུ་བཤད། །ར་ནི་མེ་རུ་བསྟན་པ་སྟེ། །ཁྲག་དང་མཁྲིས་པ་ཡང་དག་འབྱུང་། །བད་ཀན་གྱིས་ནི་ཁྱབ་ནས་སུ། །རྡུལ་དང་རྒྱུས་པའང་

འབྱུང་བ་ཡིན། །དེ་དག་གཙོ་བོ་རླུང་ཡིན་ཏེ། །ཧ་ནི་ཀུན་དུ་འགྲོ་བར་བརྗོད། །རུས་པ་ཡི་ནི་མཚམས་རྣམས་སུ། །ས་བོན་ལྔས་ནི་ཁྱབ་པ་ཡིན། །ར་ནི་རྐན་ལ་གནས་པ་སྟེ། །ས་བོན་བཞི་ནི་བླ་ན་མེད། །རེའུ་མིག་དང་པོའི་གནས་སུ་ནི། །ས་བོན་ལྔ་ལས་བརྒྱན་པ་སྟེ། །ཧ་ནི་དབྱངས་ཡིག་
དྲུག་པ་དང་། །ལྔ་པ་རྣམ་པར་ཤེས་པར་གྲགས། །ཧ་ཞེས་བྱ་བ་ཀུན་ནས་ནི། །སངས་རྒྱས་ཐམས་ཅད་འདུས་པ་སྟེ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །དངོས་དང་དངོས་མེད་འདྲེས་གྱུར་ཏེ། །བཤང་གཅི་བད་ཀན་ཁྲག་དང་ནི། །དེ་བཞིན་ལྔ་པ་ཁུ་བ་སྟེ། །བདུད་རྩི་ལྔ་ཡི་རང་བཞིན་ལུས། །རུས་
པ་རྐང་དང་ཁུ་བ་སྟེ། །ཕ་ལས་སྐྱེས་པར་བསྟན་པ་ཡིན། །ཤ་དང་ཁྲག་དང་པགས་པ་ཡིན། །མ་ལས་སྐྱེས་པར་རབ་ཏུ་བཤད། །རྣམ་པ་གཉིས་ལ་རིལ་པོ་གཅིག །གཉིས་བྱུང་ལས་ནི་དུ་མའོ། །གཅིག་དང་དུ་མའི་ཚུལ་ལས་ནི། །རྡོ་རྗེ་ཅན་དུ་བརྗོད་པ་ཡིན། །ཧེ་རུ་ཀ་སོགས་ལྷ་ཡི་ནི། །
ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བ། །ཇི་སྐད་གསུངས་པའི་སྒོ་བཞིར་ལྡན། །རང་གི་ཡན་ལག་ལས་བྱུང་བའི། །ཀ་བ་བརྒྱད་ཀྱིས་བརྟན་པ་ཡིན། །དངོས་གྲུབ་ཀུན་དུ་མཉམ་པས་ན། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ཚུལ་གྱིས་ནི། །གཅིག་ཉིད་འཁོར་ལོ་
གསུམ་དུ་བརྗོད། །བླ་མ་བརྒྱུད་པའི་རིམ་པས་ནི། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་གསལ། །བྷཻ་རམ་ལ་སོགས་ཚུལ་བཞིན་གནས། །མགོ་བོའི་པདྨ་རི་རབ་ཡིན། །རྐང་མཐིལ་གཞུ་ཡི་དབྱིབས་ཀྱིས་ནི། །རླུང་གི་དཀྱིལ་འཁོར་ཉིད་དུ་གསལ། །གྲུ་གསུམ་རྐེད་པའི་ཕྱོགས་ཉིད་ན། །
མེ་ཡི་དཀྱིལ་འཁོར་ཉིད་དུ་གནས། །ལྟོ་བ་ཟླུམ་པོ་ཆུ་ཞེས་བརྗོད། །སྙིང་ག་གྲུ་བཞི་ས་ཞེས་བརྗོད། །སྒལ་ཚིགས་རི་རབ་ལྷུན་པོའོ། །དེར་ནི་མགོ་བོའི་ཆར་གནས་པ། །སུམ་ཅུ་རྩ་གཉིས་འདམ་སྐྱེས་ལ། །དབྱངས་དང་གསལ་བྱེད་ཡང་དག་རྫོགས། །བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །
མགོ་བོའི་དབུས་ནས་གླད་པ་ཞེས། །བྱ་བར་གྲགས་པ་དེ་ཉིད་ནི། །པདྨའི་དབུས་གྱུར་གང་ཡིན་པ། །ཟླ་བའི་དཀྱིལ་འཁོར་ཞེས་བྱར་བརྗོད། །དེ་ཡི་དབུས་ན་ཡི་གེ་ཧཾ། །མི་ཤིགས་ཐིག་ལེའི་གཟུགས་ཅན་ཏེ། །མི་གསལ་གསལ་བའི་བདག་ཉིད་ཅན། །ས་བོན་གཟུགས་ཀྱིས་ཡང་དག་

གནས། །དེ་ཉིད་བརྟན་དང་གཡོར་བཅས་པའི། །འགྲོ་བ་ཀུན་གྱི་རྩ་བ་སྟེ། །ལུས་ཅན་ཀུན་གྱི་གཟུགས་རྣམས་ཀྱི། །དང་པོར་དེ་ལས་སྐྱེས་པ་ཡིན། །ཉིན་མཚན་བདུད་རྩི་འཛག་པས་ན། །མེ་ནི་མཉེས་པར་བྱེད་པ་སྟེ། །དེ་ཉིད་ཀྱིས་ནི་སྒྲ་ཡང་ཕྱེད། །དེས་ནི་དཀྱིལ་འཁོར་
ཡོངས་རྫོགས་པར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །དེ་ཉིད་དཀྱིལ་འཁོར་ཞེས་བཤད་དེ། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ནི་ལེན་ཅིང་འཛིན་པས་ན། །ལུས་ཀྱི་དཀྱིལ་འཁོར་ཉིད་དུ་འདོད། །རྩ་རྣམས་སུ་ནི་ཡང་དག་འཇུག །དེ་ཡི་སྒོ་ནི་རྣམ་པ་གཉིས། །དེ་དག་འདུས་པའི་དུས་
སུ་ནི། །ལྷ་ཡི་ལུས་སུ་དམིགས་པར་འགྱུར། །སྟེང་འོག་སྒོ་ནི་རྣམ་གཉིས་ཏེ། །འོག་སྒོར་རྣམ་པར་ཤེས་པ་ཉིད། །སྟེང་གི་སྒོ་རུ་ཁམས་རྣམས་ཏེ། །རྣལ་འབྱོར་པས་ནི་རྩ་རྣམས་ཀུན། །འདུས་ནས་འཇུག་པ་བསམ་པར་བྱ། །ལུས་ལ་རྟག་ཏུ་སྟེང་སྒོར་ནི། །རྡོ་རྗེ་ཅན་ནི་རྒྱུད་དུ་
གནས། །སྟེང་འོག་འཁྲུལ་འཁོར་གསུམ་ལ་ནི། །སྒོ་དགུ་ཡིས་ནི་ཡང་དག་སྒོར། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །རྣམ་པ་གསུམ་དུ་འཁྲུལ་པས་ན། །མཆོག་དང་བར་དང་ཐ་མ་ཡི། །འཁྲུལ་འཁོར་གསུམ་དུ་ཡང་དག་གནས། །ཀ་བ་གཅིག་དང་སྒོ་དགུ་སྟེ། །རགས་པ་ལྔ་ནི་
ལྷག་པའི་ལྷ། །བུ་ག་དགུ་ཡི་ལམ་དག་ནི། །སྒོ་དགུ་ཞེས་ནི་བྱ་བར་གྲགས། །ཐ་མ་ལུས་ཀྱི་སྒོ་ཡིན་ཏེ། །སྦོམ་པོའི་ལྷ་ནི་རྣམ་པར་སྤྲུལ། །གང་གིས་འདི་ཤེས་སེམས་ལྡན་ཞིང་། །སྐྱེས་བུ་རྣལ་འབྱོར་པ་ཞེས་བྱ། །དུས་རྣམས་ཀུན་དུ་རྟག་པར་ནི། །འགྲོ་དང་འོང་བའི་ཁྱད་པར་
གྱིས། །རྐང་མེད་རྐང་གཉིས་བཞི་སོགས་ལ། །རླུང་ལ་སོགས་པའི་བྱེ་བྲག་གིས། །དབུགས་ནི་རྣམ་པ་བཞིར་གནས་ལ། །སེམས་གནས་པ་ཡི་ཆོ་གས་གཉིས། །ཐིམ་དང་འཇུག་པའི་ཆོ་གའོ། །ཐིམ་པ་རྟག་ཏུ་གནས་པ་སྟེ། །འཇུག་པ་འགྲོ་དང་འོང་བ་ཡིན། །དེ་ལྟར་གང་
གིས་མི་ཤེས་པ། །སེམས་མེད་སྐྱེས་བུ་རྣལ་འབྱོར་མིན། །མེ་དང་དེ་བཞིན་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་འཕོ་བ་སྟེ། །སྟེང་དང་ལོགས་དང་ཐད་ཀར་སོགས། །གསུམ་པ་ཡིད་ཀྱི་སྒོ་ཡིན་ཏེ། །ཟླ་བ་ཉི་མའི་བྱེ་བྲག་གིས། །འཇུག་དང་འབྱུང་

བའི་སྒོ་ཡི་མཆོག །གཙོ་བོ་སྟེང་དང་འོག་ཅེས་གྲགས། །འོག་སྒོར་རྣམ་པར་ཤེས་པ་སྟེ། །སྟེང་གི་སྒོ་རུ་ཁམས་རྣམས་སུ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོ་ནས་བསྐྱོད་ནས་སུ། །དེ་རྣམས་འོག་ཏུ་ཡང་དག་གནས། །འོག་ཏུ་སྤྱན་དྲངས་སྟེང་གཤེགས་གསོལ། །
སྤྱན་དྲང་གཤེགས་གསོལ་ཚུལ་གྱིས་ནི། །མཁའ་འགྲོ་མ་ཡི་སྦྱོར་བ་ཡིས། །དུས་གསུམ་སངས་རྒྱས་རྟག་ཏུ་བཞུགས། །འཇུག་པ་དང་ནི་འབྱུང་བ་ཡིས། །ཡོན་ཏན་སྐྱོན་ནི་འཕེལ་འགྱུར་ཏེ། །བདེ་དང་སྡུག་བསྔལ་རང་བཞིན་ཉིད། །ལྷན་ཅིག་སྐྱེས་པས་གྲུབ་སྟེ་གནས། །འདི་ནི་བཅོམ་
ལྡན་རྡོ་རྗེ་ཅན། །ཚོགས་འདི་དག་གིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུས་ནི་ས་རྣམས་པས། །སེམས་ཅན་ས་བཅུའི་དབང་ཕྱུག་ཡིན། །སྙིང་གི་དབུས་གྱུར་པདྨ་ནི། །འདབ་མ་བརྒྱད་པ་ལྟེ་བར་བཅས། །དེ་ཡི་དབུས་གྱུར་དཔའ་བོ་ནི། །ཧཱུཾ་གི་ས་
བོན་མི་ཤིགས་ལ། །ཁ་བ་ལྟ་བུ་འཛག་པ་སྟེ། །བཱ་སནྟ་ཞེས་བཤད་པ་ཡིན། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །རྒོད་མའི་ཁ་ནི་མེ་ཡི་གཟུགས། །བདག་མེད་ཏི་ལ་ཀ་ཞེས་བརྗོད། །ལུས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་ནས་འབར་ཏེ། །བཱ་སནྟ་དང་འདུས་
པས་ན། །བྱ་བ་དང་ནི་བྱེད་པའི་དངོས། །འདི་ནི་ཇི་ལྟར་བདེ་བར་རོལ། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བའི་གཟུགས་ཀྱིས་ཡང་དག་བཞུགས། །དེ་མ་རྟོགས་པར་བདེ་བ་མེད། །བདེ་བ་སྤངས་ནའང་དེ་མི་དམིགས། །ནུས་མེད་ལྟོས་དང་བཅས་པའི་ཕྱིར། །ལྷ་ཡི་སྦྱོར་བས་བདེ་བའོ། །
དེ་ཕྱིར་སངས་རྒྱས་དངོས་མིན་ཞིང་། །དངོས་པོ་མེད་པ་ཉིད་ཀྱང་མིན། །ཕྱག་དང་ཞབས་སོགས་རྣམ་སྤངས་ཏེ། །དོན་དམ་བདེ་བ་གཟུགས་ཡོད་མིན། །དེས་ན་འགྲོ་ཀུན་ལྷན་སྐྱེས་དགའ། །ལྷན་སྐྱེས་ཞེས་བྱ་རྣམ་པར་བརྗོད། །སེམས་ཀྱི་རང་བཞིན་རྣམ་དག་པས། །རང་བཞིན་གྱིས་ནི་
མྱ་ངན་འདས། །དབྱིབས་དང་ཁ་དོག་ལ་སོགས་པས། །འོན་ཀྱང་ཐ་མལ་ཞེན་པར་འགྱུར། །ལྷ་ཡི་གཟུགས་ཀྱི་སྦྱོར་བ་ཡིས། །བསྐྱེད་པ་ཙམ་དུ་གནས་པ་ཡིན། །འདི་དག་རྣལ་འབྱོར་མ་རྣམས་ཀྱི། །བསྟན་པ་བླ་ན་མེད་པ་ཡིན། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱང་། །བྱང་ཆུབ་སེམས་ནི་རིན་

པོ་ཆེའི། །སྙིང་པོ་ལེན་པས་དཀྱིལ་འཁོར་ཡིན། །དེ་ནི་ཕྱི་ནང་སྣ་ཚོགས་ཀྱི། །ཁྱབ་བྱའི་གཟུགས་ཀྱིས་ཡང་དག་གནས། །ཕྱི་ནི་གཟུགས་དང་སྒྲ་སོགས་པ། །དབང་པོ་ཐམས་ཅད་འཇུག་པའོ། །ནང་གི་ཁུ་བ་ལ་སོགས་པ། །སྒྲུབ་པའི་རྫས་སུ་གནས་པ་སྟེ། །
ཕྱི་དང་ནང་གི་དེ་དག་ཉིད། །བྱང་ཆུབ་སེམས་ནི་རྡོ་རྗེ་ཅན། །སྦོམ་པ་དང་ནི་ཕྲ་གཟུགས་ཀྱིས། །འགྲོ་བ་སངས་རྒྱས་རང་བཞིན་ཉིད། །དེ་ནི་སངས་རྒྱས་བྱང་སེམས་ཀྱི། །དམ་ཚིག་དོན་དུ་གསུངས་པ་སྟེ། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐོབ་པའང་དཀྱིལ་འཁོར་ལས་བྱུང་སྟེ། །ཉན་ཐོས་
རང་རྒྱལ་དེ་བཞིན་དུ། །ཚངས་སོགས་ལ་ཡང་དཀྱིལ་འཁོར་སྐྱེས། །འབྱུང་གནས་སྒྲ་ཚུལ་ངེས་འབྱུང་རྣམས། །དམ་ཚིག་གཅིག་པའི་སྤྱོད་ཡུལ་ཡིན། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །གཙུབ་ཤིང་བཙུབས་པའི་སྦྱོར་དེ་བཞིན། །སྔགས་
བཟླས་བསམ་གཏན་ལ་སོགས་ལྡན། །ཀཱ་ལི་བུང་བ་ཞེས་བཤད་དེ། །བུང་བ་རྡོ་རྗེ་འཇིགས་བྱེད་ཡིན། །ཀཱ་ལི་ནམ་མཁའི་མཐའ་ཀླས་པའི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །རྒྱུ་དང་རྒྱུ་ཡི་གསང་འཛིན་པའི། །ལུས་ནི་མ་ལུས་དེ་ལས་བྱུང་། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང་། །
དབང་པོ་ཀུན་གྱི་བདུད་རྩི་དག །དེ་དག་ཀུན་ལས་དྲངས་ནས་སུ། །རྩ་བ་དབུས་སུ་ཐིམ་པར་བྱ། །འཇིགས་བྱེད་རྡོ་རྗེ་སྒྲ་ཡིས་ནི། །སྦྱོར་བའི་རྫས་ནི་དབྱུང་བར་བྱ། །ཧཾ་ནི་ཆར་བའི་རྒྱུན་དུ་བརྗོད། །དབྱངས་ཡིག་དང་པོའི་ས་བོན་ནི། །དེ་ཡི་དབུས་སུ་གཟུང་བར་བྱ། །ཀཱ་ལི་མེ་ཏོག་ཚུལ་
དུ་ཤེས། །རྡོ་རྗེ་ཅན་གྱི་ལུས་མེ་ཏོག །འཁོར་བ་བསྐྱེད་པ་མ་ཡིན་ཞིང་། །ཐམས་ཅད་ཀྱི་ནི་ས་གཞི་ཡིན། །ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདིར། །ཤེས་རབ་ཆུ་སྲིན་ཉ་ལ་སོགས། །གཉིས་མེད་འདམ་གྱི་དབུས་ནས་ནི། །ཐབས་ཀྱི་མྱུ་གུ་སྐྱེས་པ་ཡིན། །བནྡུ་ཀ་ནི་རྒྱས་འདྲ་བ། །སྦྲང་རྩི་བདུད་
རྩིའི་གནས་ཡིན་ནོ། །ཀཱ་ལི་ཉིད་ཀྱང་བདུད་རྩི་སྟེ། །མེ་ཏོག་ཆུ་ནི་འཛིན་པ་པོ། །གཉིས་ལས་སྐྱེས་པ་ལུས་ཡིན་ཏེ། །བདུད་རྩི་ཆུ་ཡི་ཆོ་ག་མཆོག །དང་པོ་རྡོ་རྗེ་བདུད་རྩིའི་ཆུ། །རྣམ་པ་ལྟར་ནི་འབྱུང་བ་ཡིན། །རེག་ན་དྲོ་བ་མེ་ཡིན་ཏེ། །དུ་བར་སྣང་བ་རླུང་ཡིན་ནོ། །ཞུ་བར་གྱུར་ན་ཆུ་ཡིན་

ཏེ། །གཟུགས་སུ་སྣང་བ་ས་ཡིན་ནོ། །ཡེ་ཤེས་རྡོ་རྗེས་བྱིན་བརླབས་པ། །རྣམ་པ་ལྔར་ནི་རབ་ཏུ་སྐྱེས། །སེམས་ཅན་སངས་རྒྱས་ཉིད་མོད་ཀྱི། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་སྤངས་པ་ནི་སངས་རྒྱས་ཉིད། །འཇིག་རྟེན་དེ་ཉིད་མི་ཤེས་གང་། །དུག་ཟོས་པས་ནི་བརྒྱལ་བར་འགྱུར། །
དེ་ཉིད་ཤེས་པས་སྤོང་འགྱུར་ལྟར། །གཏི་མུག་སྤང་ན་མྱ་ངན་འདའ། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་འགྱུར་བ། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་སེལ་བར་འགྱུར། །ཇི་ལྟར་རླུང་ནད་ལྡན་པ་ལ། །སྲན་མའི་བཟའ་བ་སྦྱིན་པར་བྱ། །བཟློག་པས་
སྨན་དུ་བརྟག་པར་བྱ། །སྲིད་པ་སྲིད་པ་ཉིད་ཀྱིས་སྦྱོང་། །རྣམ་རྟོག་ཡང་དག་རྟོག་སྤངས་ཏེ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །སླར་བླུགས་པ་ཡིས་འབྱུང་བར་འགྱུར། །དེ་བཞིན་དངོས་པོར་རྟོག་པ་ཡང་། །དེ་ཡི་ཚུལ་གྱིས་དག་པར་འགྱུར། །དཔེར་ན་མེ་ཡིས་ཚིག་པ་དག །སླར་ལ་མེ་ལ་བསྲོ་བར་
བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཉིད་བསྟེན་པར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་བཅིངས་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །སྐྱེ་བོ་འདོད་ཆགས་ཀྱིས་བཅིངས་ཏེ། །འདོད་ཆགས་ཉིད་
ཀྱིས་གྲོལ་བར་འགྱུར། །སླར་བཟློག་པ་ཡི་སྒོམ་པ་ཡི། །ནང་གི་མུ་སྟེགས་ཅན་གྱིས་མིན། །མི་ཤེས་རྨོངས་པའི་སེམས་ཅན་རྣམས། །ཇི་སྲིད་ཡེ་ཤེས་རྣམས་སྤངས་ཏེ། །ཕྱི་རོལ་དངོས་པོ་ལ་གནས་ཤིང་། །རྟོག་པའི་དྲ་བས་དཀྲིས་པའི་ཚེ། །བསོད་ནམས་དང་ནི་སྡིག་པ་ཡི། །ཕུང་པོ་གཉིས་
སུ་བརྟགས་པ་ཡིན། །ཆོས་ནི་རང་བཞིན་རྣམ་དག་སྟེ། །སྐྱེ་བ་མེད་ཅིང་གནས་མེད་ལས། །མི་ཤེས་བསྒྲིབས་པའི་སྐྱེ་བོ་ལ། །སྡིག་དང་བསོད་ནམས་སངས་རྒྱས་གསུངས། །དྲང་བའི་ཐབས་སུ་མཛད་པས་ན། །སྡིག་དང་བསོད་ནམས་གཉིས་ཀ་ཡང་། །དཔེར་ན་ཆུ་ཡིས་གང་བའི་ཀླུང་། །རྒལ་
འདོད་སྐྱེ་བོས་ཤིང་དྲུང་ནི། །རྩྭ་སོགས་བསྡུས་ཏེ་འཇུས་ནས་སུ། །རྒལ་ཏེ་ཕ་རོལ་རྒལ་བ་དང་། །དོར་ནས་བདེ་བར་འགྲོ་བར་འགྱུར། །དེ་བཞིན་ཆོས་དང་ཆོས་མིན་ལ། །བརྟེན་ནས་འཁོར་བའི་ཕ་རོལ་འགྲོ། །བདེ་བའི་བྱང་ཆུབ་ཐོབ་འགྱུར་ནས། །ཆོས་དང་ཆོས་མིན་རབ་ཏུ་སྤོང་། །དེ་བས་

རྟོག་པའི་ཚིག་བཏང་སྟེ། །ཟབ་མོའི་ཆོས་ལ་འཇུག་པར་བྱ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །ལམ་རིག་པ་ནི་རྟོག་མི་འགྱུར། །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ནས། །མཁའ་བཞིན་དྲི་མ་
མེད་པར་འགྱུར། །དབང་པོ་གཉིས་ནི་སྙོམས་ཞུགས་ལས། །སྐུ་གསུང་ཐུགས་འདུས་ཡེ་ཤེས་ཀྱིས། །ཡེ་ཤེས་ཅན་ནི་ཚེ་འདི་ལ། །ང་རྒྱལ་གྱིས་ནི་རྣམ་པ་ཀུན། །སྤངས་ནས་རྒྱལ་བའི་གཟུགས་རྫོགས་འགྱུར། །མི་ཤེས་པ་ཡི་སྤྲུལ་པ་ཡི། །སྣ་ཚོགས་ལས་ལས་ཡང་དག་སྐྱེས། །སྐྱེས་པ་བུད་
མེད་གཟུགས་མི་སྨད། །སྐུ་ཡི་རྡོ་རྗེ་དམ་ཚིག་ཡིན། །སེམས་ཀྱི་རྡོ་རྗེ་སྨད་མི་བྱ། །ངན་རྟོག་དྲ་བས་བཅིངས་པ་ཡི། །སེམས་ཅན་སྣ་ཚོགས་བསྐྱབ་པ་ནི། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་ཡིན། །བརླང་དང་རྩུབ་དང་མི་མཉན་པའི། །ཚིག་དག་སྨྲ་བར་མི་བྱེད་ཅིང་། །མཉན་ན་བདེ་བར་སྨྲ་
བྱེད་པ། །གསུང་གི་རྡོ་རྗེའི་དམ་ཚིག་ཡིན། །ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། །ཆགས་པའི་གཏམ་ནི་རྣམ་པ་དུ་མ་སྨྲ། །དེ་བཞིན་རྣལ་འབྱོར་ལམ་ངན་སྟོན་པ་དག །ལམ་ཡང་མ་བཤད་འཆིང་བའི་རྒྱུར་འགྱུར་རོ། །དེ་ནས་གང་གི་ཚེ་རིག་པ་གྲུབ་པའི་སྒྲུབ་པ་པོར་གྱུར་པའི་ཚེ་
རྟགས་འདི་དག་འབྱུང་སྟེ། ས་ཆེན་པོ་གཡོ་ཞིང་ཡིད་དུ་འོང་བའི་སྒྲ་གྲགས་པ་དང་། ཕྱོགས་ཐམས་ཅད་དུ་འོད་ཆེན་པོ་བསྐལ་པའི་མེ་ལྟ་བུ་འབྱུང་བ་དང་། བདུད་ཀྱི་གནས་རྣམས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པས་སྐར་མདའ་གཏོང་ཞིང་རྒྱ་མཚོ་ཆེན་པོ་འཁྲུག་པ་དང་། རྡོ་ཆར་འབབ་པ་དང་།
ཕྱག་རྒྱའི་སྙིང་པོ་ཅན་གྱི་ཡེ་ཤེས་ཀྱི་མེ་འབར་བས་བསྒྱིངས་ཤིང་ཁམས་གསུམ་པོ་སྣང་བར་མཛད་དེ། ཚངས་པ་ལ་སོགས་པ་ཕྱོགས་སྐྱོང་ཆེན་པོ་རྣམས་དང་རིག་པ་འཛིན་པ་དང་། མཚོ་སྨན་ལ་སོགས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལྷགས་ཏེ་མེ་ཏོག་དང་རོལ་མོ་སྣ་ཚོགས་པའི་སྒྲ་རྣམས་ཀྱིས་ནམ་
མཁའ་ལ་གནས་ཏེ་མཆོད་ཅིང་། མཚོ་སྨན་དང་རིག་པ་འཛིན་པའི་བུ་མོ་རྣམས་གླུ་ལེན་ཅིང་གར་བྱེད་ལ། མིའམ་ཅི་ལ་སོགས་པ་རྣམས་དགའ་ཞིང་རྩེ་ལ་རྒྱལ་བར་གྱུར་ཅིག་པའི་སྒྲ་འབྱིན་ཏོ། །ལྷ་རྣམས་ཀྱི་ལེགས་པའི་སྦྱིན་པ་དང་། དགའ་ལྡན་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་གུས་པར་

ཕྱག་དང་མེ་ཏོག་གི་ཆར་འབེབས་སོ། །མདོར་ན་སྒྲུབ་པ་པོ་དེ་ལ་ཁམས་གསུམ་ན་ཡོད་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱེད་དོ། །རིག་པའི་སྐྱེས་བུ་གྲུབ་པ་དང་། །གར་ཡང་མི་འགྲོ་གར་མི་གནས། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །གཉིས་མེད་སྲིད་གསུམ་སྣང་བ་པོ། །འགྲོ་
ཀུན་ཐམས་ཅད་ཤེས་པ་པོ། །ཀུན་དོན་ཀུན་གྱི་སེམས་ཀུན་ནས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཡོན་ཏན་ཀུན་གྱིས་རྒྱན་དུ་བྱས། །ཀུན་ཕན་ཞི་བ་མཚུངས་མེད་པ། །རྟག་འཆར་མགོན་སྐྱོབ་རྣམ་རྟོག་སྤངས། །དབྱིབས་དང་ཁ་དོག་ལས་འདས་པ། །རྒྱལ་པོ་རྒྱལ་བའི་སྤྱོད་ཡུལ་ཡིན། །
བཤིག་དཀའ་བས་ན་རྡོ་རྗེ་སྟེ། །ཉོན་མོངས་གདུང་སེལ་ཟླ་བ་ཡིན། །འཇིགས་པ་མེད་པས་སེང་གེ་སྟེ། །འཇུག་པར་དཀའ་བས་རྒྱ་མཚོ་ཡིན། །དེ་ལ་སོགས་པ་སྣ་ཚོགས་འདུས། །རྣལ་འབྱོར་པ་ནི་དེ་ཉིད་འགྱུར། །རྟོག་པ་ཀུན་ལས་རྣམ་གྲོལ་ཡང་། །དེ་ཉིད་གཅིག་ཏུ་འགྲོ་དོན་མཛད། །
མཛད་པ་རྣམ་པ་བཅུ་གཉིས་སྟོན། །དེ་ལྟར་ཁྱབ་པར་སྣ་ཚོགས་པས། །རྨི་ལམ་ལྟ་བུར་གར་མཛད་དེ། །སྒྲུབ་པས་སྒྱུ་མའི་སྐྱེས་བུ་བཞིན། །འགྲོ་བའི་དོན་ནི་རབ་ཏུ་མཛད། །གྲུབ་དང་ལུང་བསྟན་མ་ཐོབ་ཀྱང་། །རྒྱུད་དང་བླ་མའི་མན་ངག་ལ། །བརྟེན་ནས་གཞན་ལ་ཕན་བློས་བྱས། །འདི་
ལས་བསོད་ནམས་གང་བསགས་པས། །ས་གསུམ་སྐྱེ་བོ་མ་ལུས་པ། །ལམ་ལ་རྨོངས་པ་དག་གྱུར་ནས། །རྣལ་མའི་ལམ་དང་ཕྲད་གྱུར་ཏེ། །ལོག་ལྟ་སྐྱེ་བར་མ་གྱུར་ཅིག །བསྐལ་པའི་སྙིགས་མ་རྩོད་དུས་སུ། །ཚུལ་ཆེན་རྒྱ་མཚོ་ལྟ་བུར་བྱུང་གྱུར་ཡང་། །མིག་བྲལ་ལོང་བ་རྣམས་ནི་ཁ་
ཕྱིར་བལྟས། །དེ་བས་དེ་ལ་ཕན་ཕྱིར་བརྩམས་པ་ཡིན། །རྙེད་དང་ཕྲད་པར་དགའ་བས་སྐྱེ་བོ་རྣམས། །དམ་པ་བརྟེན་ལ་ལམ་ལ་འབད་པ་གྱིས། །དཀའ་བས་འཇུག་ཅིང་གཞན་ནས་རྩོལ་མི་དགོས། །ལྷན་ཅིག་སྐྱེས་པས་མཚོན་བྱ་མཚོན་བྱེད་རྣམས། །རང་ལ་གདོད་ནས་གྲུབ་པ་གནས་པ་
ཡིན། །དེ་ནས་མཐུན་པའི་གྲོགས་དང་ལྷན་ཅིག་ཏུ། །མ་ཡེངས་བརྩོན་པས་གོམས་པར་བྱ་བར་འོས། །ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ། །བོད་ཀྱི་རྒྱལ་པོ་ཕོ་བྲང་ཞི་བ་འོད་ཀྱིས་གསོལ་བ་བཏབ་ནས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཨུ་ལོ་ཙ་ཏུཥྚ་ཡ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། སྒྲོན་མ་བཞིའི་ཊཱི་ཀཱ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཟླ་བ་རྡོ་རྗེ་རིམ་ལས་འདས། །རྫོགས་པའི་རིམ་པ་སྔོན་འགྲོ་བ། །བདེ་མཆོག་སྡོམ་པའི་བདག་ཉིད་ཅན། །སྦྱོར་བདག་
མགོན་ལ་བདག་ཕྱག་འཚལ། །དེ་དང་གཉིས་མེད་སྐལ་ལྡན་མ། །སྤྲུལ་པ་ཆོས་དང་ལོངས་སྤྱོད་ལ། །གནས་པའི་དངོས་རྣམས་འཇོམས་མཛད་མ། །ཕག་མོ་དེ་ལའང་བདག་ཕྱག་འཚལ། །སངས་རྒྱས་བསྟན་པའི་སྙིང་པོ་ནི། །སྟོན་བྱེད་སྙིང་རྗེའི་བདག་ཉིད་ཅན། །གྲོལ་བྱེད་རབ་ཏུ་ཞི་བ་
ཡིས། །བླ་མའི་ཞབས་ལ་བདག་ཕྱག་འཚལ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ལས། །མན་ངག་ཤིན་ཏུ་རྙེད་དཀའ་བ། །ནག་པོ་ཞབས་ཀྱིས་བསྡུས་བྱས་ནས། །སྒྲོན་མ་བཞི་པོ་མཛད་པ་ཡིན། །བརྡའ་ཡི་སྐད་རྣམས་དུ་མ་ཡིས། །རང་བྱུང་རྣམས་ཀྱིས་རྟོགས་པར་དཀའ། །རྨོངས་པ་
རྣམས་ཀྱིས་སློབ་དཔོན་དུ། །གཟུང་བས་ཉམས་པ་དག་གིས་ནི། །ཕྱིན་ཅི་ལོག་པའི་ཆོས་བསྟན་པས། །གཞན་རྣམས་ལ་ཡང་ཉམས་པར་བྱེད། །དེ་ལྟའི་སྐྱོན་ནི་བསལ་བྱའི་ཕྱིར། །ལས་ཀྱི་རྡོ་རྗེ་བདག་གིས་ནི། །ཚིག་རེའི་སྣ་ཚོགས་དོན་གསལ་བའི། །རྨོངས་པ་བསལ་བྱེད་ཊཱི་ཀཱ་
བརྩམ། །དེ་ལ་དང་པོར་བརྗོད་པ་ལ་སོགས་པ་སྨྲ་བར་བྱ་བ་ཡིན་ཏེ། གང་ཕྱིར་རིགས་པའི་རྗེས་སུ་འབྲང་བ་རྣམས་བརྗོད་པ་ལ་སོགས་པ་མ་གཏོགས་པར་འཇུག་པར་མི་འགྱུར་བས། དེའི་ཕྱིར་སྒྲོན་མ་བཞི་ཞེས་བྱ་བའི་རབ་ཏུ་བྱེད་པ་ནི་རྗོད་པར་བྱེད་པའོ། །སྔགས་དང་རྒྱུད་དང་ཡེ་ཤེས་དང་
གསང་བའི་ལམ་བསྟན་པ་ནི་བརྗོད་པར་བྱའོ། །དེ་དག་གི་འབྲེལ་པ་བསྟན་ཏེ། བརྗོད་པ་དང་བརྗོད་པར་བྱ་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཤས་ཆེ་བའི་སྐྱེ་དགུ་རྣམས་འདུལ་བ་ནི་དགོས་པའོ། །རྩོད་པའི་དུས་སུ་ཡང་མྱུར་དུ་བྱང་ཆུབ་ཐོབ་པའི་ཐབས་བསྟན་པ་ནི་དགོས་པའི་དགོས་
པའོ། །བརྗོད་པ་དང་བརྗོད་པར་བྱ་བ་ལ་སོགས་པ་གླེང་གཞིའི་ཚིག་ལ་བརྟེན་ཏེ། བསྒྲུབ་པར་བྱ་བའི་རྟེན་དུ་གྱུར་པའི་ཕྱག་རྒྱ་བཞིས་བཏབ་པའི་བཅོམ་ལྡན་འདས་ཡེ་ཤེས་ལྔ་དང་། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སྤྱི་དང་རང་གི་མཚན་ཉིད། ཉེ་བར་དམིགས་པའི་བརྡ་གནས་ཀྱི་ཁྱད་པར་རབ་ཏུ་

བསྟན་པས། །ཐབས་དང་ཐབས་ལས་བྱུང་བའི་བསྒོམ་པའི་དངོས་པོའི་སྒོ་ནས་ཀྱང་། །གནས་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་། །སེམས་ལ་དམིགས་པ་ཐིམ་པའི་རྒྱུར་གྱུར་པ། །རྡོ་རྗེ་བཟླས་པའི་རིམ་པ། སྔགས་ཀྱི་སྒྲོན་མའི་སྒྲའི་བྱེ་བྲག་གིས། སློབ་དཔོན་གྱིས་དྲན་པར་བྱེད་དེ།
ཇི་ལྟར་ཞེ་ན། ཨི་ནི་ལས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་གཙོར་གྱུར་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། རང་གི་ལུས་བཤད་དོ། །ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། ཡི་གེ་ཨ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དང་པོར་གྱུར་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། །ཙཎྜ་ལཱི་ཡིན་
ཏེ། ལྷན་ཅིག་སྐྱེས་པའི་བདེ་བ་འབྱུང་བའི་རྟགས་ཡིན་པའི་ཕྱིར་རོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི། སྲོག་དང་རྩོལ་བའི་རླུང་གི་སྦྱོར་བས་ནུས་པའི་ཕྱིར་རོ། །སླར་ཡང་ནང་གི་བཤད་པ་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པས་འཁོར་ལོ་བཞི་བཤད་དོ། །ཇི་སྐད་དུ། ཨ་ནི་ས་ཡི་ཁམས་ཡིན་
ཏེ། །ལས་ཀྱི་ཕྱག་རྒྱ་སངས་རྒྱས་སྤྱན། །ཐུགས་རྗེ་ཆེ་ཞིང་ཐབས་ཆེ་བ། །སྣ་ཚོགས་གཟུགས་ཅན་སྐྱེད་བྱེད་མ། །འདབ་མ་དྲུག་ཅུ་རྩ་བཞི་པ། །སྤྲུལ་པའི་འཁོར་ལོར་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་བའི་བཤད་པ་ཡང་། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་
པདྨའི་རྩ་ཨ་ཝ་དྷཱུ་ཏཱིའོ། །ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེའི་ཨ་ཝ་དྷཱུ་ཏཱིའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། དེ་དག་ལས་བདེ་བ་ཉམས་སུ་མྱོང་བའོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི། ལ་ལ་ནཱ་དང་། ར་ས་ནཱ་དག་གིས་གཟུང་ཞིང་འཛིན་པར་བྱ་
བའི་དོན་ཏོ། །གསང་བའི་གསང་བ་ལ་ཡང་། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། མདོག་དམར་པོ་སྟེ་དེ་ཉིད་དེའི་གཙོ་བོར་གྱུར་པའི་ཕྱིར་རོ། །ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། དཀར་བ་ཡིན་ཏེ། ཆོས་ཉིད་ལ་དེས་རྒྱས་བཏབ་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། །དཔེའི་ཚུལ་ཅན་བཞི་པ་ལྷན་
ཅིག་སྐྱེས་པ་བསྟན་ཏེ། དམ་པའི་དོན་ཆེན་པོ་ལ་དེས་རྒྱས་བཏབ་པའི་ཕྱིར་རོ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་སྤངས་པ་ལས་དམ་ཚིག་གྲུབ་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་བཞིའི་མཚན་ཉིད་བཤད་ནས། སྡུད་པ་པོའི་ཚིག་གི་འབྲེལ་པ་བསྟན་པར་བྱ་བའི་ཕྱིར་

རོ། །ཨེ་ཝཾ་མ་ཡཱ་ཤྲོ་ཏ། ཞེས་ཚིག་གི་འབྲེལ་པས། འདི་དག་བདག་གིས་ཐོས་ཞེས། ཐབས་དང་ཤེས་རབ་ཀྱི་ངོ་བོ། །རོ་གཅིག་པའི་བདག་ཉིད་བདག་གིས་མྱོང་ཞེས་བསྟན་པར་བྱ་བའི་ཕྱིར། ཨེ་ནི་ཤེས་རབ་པོ་ཞེས་བྱ་བ་སྨོས་ཏེ། ཡི་གེ་ཨེའི་རྣམ་པ་ཤེས་རབ་ཀྱི་བྷ་ག་བཤད་དེ།
རྣམ་པར་རྟོག་པ་ཉོན་མོངས་པ་ཐམས་ཅད་བཅོམ་པའི་ཕྱིར་རོ། །ཇི་སྐད་དུ། གང་དུ་གཙོ་བོ་ཡང་དག་གནས། །དེ་ནི་བྷ་གར་གསུངས་པ་ཡིན། །ཇི་སྲིད་ལུས་ལ་གནས་པ་ནི། །དེ་སྲིད་ལས་དང་ལས་མིན་འགྱུར། །ཞེས་འབྱུང་ངོ་། །ཡང་ན་ཨེ་ནི་ཤེས་རབ་ཅེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་
ཡི་གེ་ཨའོ། །ཤེས་རབ་ཀྱི་ཡེ་ཤེས་ཀྱི་མེའི་རྒྱུ་ཡིན་པའི་ཕྱིར་ཤེས་རབ་ཏུ་བཤད་དོ། །ཡང་ན་ཆུ་སྐྱེས་ཀྱི་དབུས་སུ་རྩ་གསུམ་གྱི་དབྱིབས་ཀྱི་ཚུལ་ཅན་ཡི་གེ་ཨེ་ཤེས་རབ་ཡིན་ཏེ། གསང་བ་གསུམ་ཉེ་བར་དམིགས་པའི་གནས་ལ་བཏགས་པའི་ཕྱིར་རོ། །ཡང་བཤད་པ་ནི་ཡི་གེ་ཨེ་ཞེས་བྱ་བ་ནི།
བདེ་བ་ཆེན་པོའི་རང་བཞིན་ཅན་ཆོས་ཉིད་བཤད་དོ། །ལུས་དང་ངག་དང་ཡིད་གསུམ་དེ་ལ་མ་ཚང་བས་ཏེ་ཀོ་ན་སྟེ་ཤེས་རབ་ཉིད་དོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཞི་མ་ཡིན་པའི་ཁུངས་གསུངས་ཏེ། ཇི་སྐད་དུ། གང་ཞིག་རྣམ་རྟོག་ཀུན་གྱི་གཞི་མིན་ཚིག་གི་གཞི་མ་ཡིན། །དེ་ནི་ཤེས་རབ་ཕ་
རོལ་ཕྱིན་མར་དེ་བཞིན་གཤེགས་པས་གསུངས། །ཞེས་འབྱུང་ངོ་། །ཝ་ནི་ཐབས་སོ་ཞེས་བྱ་བ་ལ། ཡི་གེ་ཝ་ནི་ཆུའི་ས་བོན་ཏེ། ཐབས་སུ་བསྟན་ཏེ། ཚིམ་པར་བྱེད་པ་ཉིད་ཀྱིས་དངོས་པོ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཡང་ན་ཡི་གེ་ཝའི་རྫས་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བ་ན་གནས་པའི་
ཡི་གེ་ཧ་བཤད་དོ། །བསྲེགས་པ་རྣམས་གསོ་བར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ། སངས་རྒྱས་རྡོ་རྗེ་འཛིན་པདྨ། །རྡོ་རྗེ་ཉི་མ་ཁམས་གསུམ་དག །རྒྱས་བཏབ་རྨོངས་པ་ཐམས་ཅད་ནི། །ཐལ་བར་འགྱུར་བའང་གསོ་བར་བྱེད། །ཅེས་འབྱུང་ངོ་། །སླར་ཡང་བཤད་པ། ཝ་ཞེས་བྱ་བ་ནི། ཡི་
གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྟེ་སྐྱེས་བུའི་རྟགས་སོ། །དེ་ཉིད་ཐབས་ཀྱི་ཡན་ལག་ཡིན་པས་ན་ཐབས་སུ་བསྟེན་ཏེ། མ་ནིང་ལ་འདོད་ཆགས་ཀྱི་བྱང་ཆུབ་མེད་པའི་ཕྱིར་རོ། །སླར་ཡང་བཤད་པ། ཝ་ཞེས་བྱ་བ་ནི་རྡོ་རྗེ་དང་ཆུ་སྐྱེས་དཀྲུགས་པའི་དུས་སུ་རྩ་ཐམས་ཅད་ཝ་མ་ནའི་ཕྱིར་རོ། །ཝ་སྟེ་ཐིག་ལེའི་

གཟུགས་ཅན་ཐབས་སུ་བཤད་དེ། དེ་ནི་རྐྱེན་གྱི་སྟོབས་ཀྱིས་ཉེ་བར་འོངས་པའི་ཕྱིར་རོ། །དེ་ལྟར་ཨེ་ཝཾ་གྱི་རྫས་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་བསྒྲུབ་བྱ་ཉིད་དུ་བསྟན་ཏོ། །ཇི་སྐད་དུ། ཡི་གེ་ཨེ་ནི་ཤེས་རབ་སྟེ། །དེ་བཞིན་ཝ་ནི་ཐབས་སུ་བཤད། །ཐིག་ལེ་མི་ཤིགས་དེ་ཉིད་དེ། །དེ་ལས་འགྲོ་བ་
གསུམ་པོ་སྐྱེས། །ཞེས་འབྱུང་ངོ་། །བསྒྲུབ་བྱ་གོམས་པའི་གནས་བསྟན་པར་བྱ་བའི་ཕྱིར། སྤྲུལ་པའི་འཁོར་དང་ཞེས་བྱ་བ་སྨོས་ཏེ། དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དངོས་པོ་ཐམས་ཅད་དེ་ལས་སྐྱེས་པས་ན་སྤྲུལ་པ་སྟེ་ལྟེ་བའི་གནས་སོ། །ཆོས་ཀྱི་འཁོར་ལོ་
ཞེས་བྱ་བ་ནི། ཕུང་པོ་དང་ཁམས་ལ་སོགས་པ་མངོན་པར་གསལ་བར་བྱེད་པའི་རྒྱུ་སྟེ། ཆུ་ཡི་དཀྱིལ་འཁོར་ཁུ་བའི་ཚུལ་ཅན་སྙིང་གའི་གནས་སོ། །ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱ་བ་ནི། མེའི་དཀྱིལ་འཁོར་ཏེ། དྲོ་བ་ཉིད་ཀྱིས་རྫས་སྭོམ་པ་ལ་གནས་པའི་རོ་དྲུག་གི་ལོངས་སྤྱོད་པའི་རྒྱུར་འགྱུར་
བས་ན་ལོངས་སྤྱོད་དེ། མགྲིན་པའི་གནས་སོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་ཏེ། གཡོ་བ་དང་འགུལ་བ་ལ་སོགས་པའི་རྒྱུ་ཡིན་པས་བདེ་བ་ཆེན་པོའི་འཁོར་ལོ་སྤྱི་བོའི་གནས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །བདེ་བ་ཆེན་
པོ་དེ་བཞིན་ཏེ། །སྐྱེ་གནས་སྙིང་ག་མགྲིན་སྤྱི་བོར། །སྐུ་གསུམ་པོ་ནི་རྣམ་པར་གནས། །སེམས་ཅན་མ་ལུས་པ་རྣམས་ཀྱི། །གང་དུ་སྐྱེ་བ་རབ་ཏུ་བརྗོད། །དེ་ནི་སྤྲུལ་པའི་འཁོར་ལོ་སྟེ། །གང་ཕྱིར་སྤྲུལ་པ་གནས་བརྟན་པའི། །ཆོས་ནི་སེམས་ཀྱི་རང་གཟུགས་ཅན། །ཆོས་ཀྱི་སྐུ་ནི་སྙིང་
གར་གནས། །རོ་ཡི་གཟུགས་ཅན་དྲུག་རྣམས་ལ། །ལོངས་སྤྱོད་པས་ན་ལོངས་སྤྱོད་བཤད། །མགྲིན་པར་ལོངས་སྤྱོད་འཁོར་ལོ་སྟེ། །བདེ་བ་ཆེན་པོ་སྤྱི་བོ་ནས། །ཞེས་རྒྱུད་ཀྱི་ཚིག་འདི་ལས་ཉན་ཐོས་ཀྱི་སྡེ་བ་འདུས་པར་ཤེས་པར་བྱའོ། །ཡང་བཤད་པ། གཞི་ཙམ་གྱི་མངོན་པར་ཞེན་པ་
སྤངས་ཏེ། གཞི་ཅན་རྣམས་གཙོ་བོ་ཉིད་ཀྱི་འཁོར་ལོ་ཉིད་དུ་བཤད་པར་བྱ་སྟེ། དེ་ལ་སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ནི། བརྗོད་དུ་མེད་པའི་ཡི་གེ་ཨ་ལས། །ངག་གི་འགྱུར་བ་ཐམས་ཅད་སྤྲུལ་པའི་འཁོར་ལོར་སྤྲུལ་ཞིང་སྐྱེས་པ་ན་ཡི་གེ་ཨེ་ཉིད་སྤྲུལ་པའི་འཁོར་ལོ་སྟེ། རྒྱུ་ལ་འབྲས་བུའི་

མིང་བཏགས་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི། དེའི་འབྲས་བུར་གྱུར་པ་ཕུང་པོ་ལྔའི་ཚིག་རྣམ་པར་དག་པའི་མཚན་ཉིད་ཅན་ཡི་གེ་ཧཱུྃ་བཤད་དོ། །ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལ་དམིགས་པར་བྱེད་པའི་ཡི་གེ་ཨོཾ་མོ། །ཡུལ་ཅན་ལ་
ཡུལ་གྱི་མིང་བཏགས་པའི་ཕྱིར་རོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ནི། རང་རིག་པའི་བདེ་བ་ཆེན་པོའི་རྒྱུར་གྱུར་པ། མགོ་མེད་མི་ཤིགས་པ་ཐུར་ཏུ་བལྟ་བ་ཡི་གེ་ཧའོ། །དེ་ཉིད་ཁྱབ་པར་བྱེད་པ་ཡིན་པས་ན། འཁོར་ལོར་བསྟན་ཏེ། ཇི་སྐད་དུ། འཁོར་ལོ་ཤུགས་ཆེན་མཁའ་དབྱིངས་
ཞེས། །ཡུལ་ལ་སོགས་པ་རྣམ་སྦྱོང་བྱེད། །ཅེས་དགྱེས་པའི་རྡོ་རྗེ་ལས་འབྱུང་ངོ་། །ཡང་བཤད་པ། སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ནི། ཤེས་རབ་བོ། །སངས་རྒྱས་ལ་སོགས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་འཁོར་ལོར་བསྟན་ཏེ། དམིགས་པ་དང་བཅས་
པའི་ཤེས་རབ་ཀྱི་ཕྱོགས་སུ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྣམ་པར་སོ་སོར་སྣང་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི། ཐབས་ཀྱི་ངོ་བོ་ཉིད། ཞལ་དང་ཕྱག་དང་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད་ཧེ་རུ་ཀའི་རྣམ་པ་ཡིན་ཏེ། དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་འཁོར་ལོར་
བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས། ཐ་མལ་པའི་ང་རྒྱལ་ལོག་པ་ལས་ལོངས་སྤྱོད་པ་སྟེ། །འཁྱུད་པ་དང་ཙུམྦ་ན་ལ་སོགས་པས། དེ་བཞིན་གཤེགས་
པ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ། །དེ་ཉིད་མང་བས་ན་འཁོར་ལོར་བཤད་དོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ནི། རོལ་པའི་དུས་སུ་མན་ངག་གི་རྗེས་སུ་འབྲང་བ་ལས། རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོ་ཐོབ་པའོ། །རྣམ་པ་སྣ་ཚོགས་ལ་ཁྱབ་པར་བྱེད་པས་ན་དེ་ཉིད་
འཁོར་ལོར་བཤད་དོ། །ཇི་སྐད་དུ། འགྲོ་ཀུན་བདེ་བས་ཁྱབ་པ་ཡི། །ཞེས་འབྱུང་ངོ་། །ཡང་བཤད་པ་ནི། སྤྲུལ་པོའི་འཁོར་ལོ་ཞེས་བྱ་བ་ནི། པདྨའི་དབུས་ན་གནས་པའི་རྩའི་འཁོར་ལོའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ལྷ་མོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་

འཁོར་ལོ་ཞེས་བྱ་བ་ནི། ཆོས་ནི་འོད་དཔག་ཏུ་མེད་པ་སྟེ་ཤུ་ཀྲའོ། །དེ་འཛིན་པས་ན་ཆོས་ཀྱི་འཁོར་ལོ་སྟེ། རྡོ་རྗེའི་ཆང་གཟུངས་ན་གནས་པའི་རྩའི་འཁོར་ལོའོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པའི་དོན་ཏོ། །ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱ་བ་ནི། རྩའི་འཁོར་ལོ་གཉིས་ཀ་འདུས་
པ་ལས། དེ་བཞིན་གཤེགས་པ་དང་ལྷ་མོ་དག་གི་ལོངས་སྤྱོད་པ་སྟེ། འཇིག་རྟེན་ལས་འདས་པའི་ཕྱིར་རོ། །དེ་ཉིད་རོ་གཅིག་པ་ཡིན་པས་འཁོར་ལོར་བཤད་དོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ནི། དེ་ལ་མཐར་ཐུག་པའི་རྣལ་འབྱོར་པས་འབྲས་བུ་ཐོབ་པར་བྱ་བའི་དོན་ཏོ། །དེ་ལྟར་
འཁོར་ལོ་བཞི་བཤད་ནས། །སྔགས་ཀྱི་སྒྲོན་མའི་གནས་སྐབས་སུ། །རླུང་གི་དེ་ཁོ་ན་ཉིད་སྔོན་དུ་འགྲོ་བས་ངག་རྣམ་པ་བཞི་གནས་བཞི་ལ་རྣམ་པར་བཀོད་ནས། །རྡོ་རྗེ་བཟླས་པའི་རིམ་པས་རྣམ་པར་དབེན་པ་བསྟན་པར་བྱ་བའི་ཕྱིར། ཨཱ་ལི་དང་ཀཱ་ལི་ནི་གཡས་དང་གཡོན་པའོ་ཞེས་བྱ་བ་
སྨོས་ཏེ། ཨཱ་ལི་ནི་སྣང་བའི་ཡེ་ཤེས་ཏེ་གཡོན་ན་ཟླ་བའི་ངོ་བོ་ཉིད་དོ། །ཀཱ་ལི་ནི་སྣང་བ་མཆེད་པའི་ཡེ་ཤེས་ཏེ། གཡས་ན་ཉི་མའི་ངོ་བོ་ཉིད་དོ། །ཡེ་ཤེས་དེ་གཉིས་ཀྱིས་ཏིང་ངེ་འཛིན་ལ་རྗེས་སུ་འཇུག་ཅིང་སེམས་ནི་རྩ་དབུས་མ་ལ་འཇུག་པར་བྱ་སྟེ། སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་
ལ་གནས་ཤིང་། །འོད་གསལ་བའི་ཐིག་ལེ་ཙམ་སྙིང་གར་དམིགས་ཏེ། དེའི་གཡས་པའི་ཆའི་སྒོ་ལས་རླུང་སྤྲོས་ཏེ། སྟེང་གི་སྣའི་བུག་པ་གཡས་པ་ནས་བཅུ་གཉིས་ཀྱི་མཐའི་བར་དུ་ཕྱིར་ཞིང་། སླར་ཡང་གཡོན་པ་ནས་ཁུགས་ཏེ། དབུས་སུ་གནས་པར་བསམ་པར་བྱའོ། །དེ་ལྟར་ཡང་དང་
ཡང་དུ་གོམས་ཤིང་རླུང་ལ་དབང་ཐོབ་པས་རླུང་གི་དེ་ཁོ་ན་ཉིད་བསྟན་ཏོ། །ཇི་སྐད་དུ། སྲོག་ནི་རྒྱུ་བའི་ཚད་མ་ནི། །ལན་གཉིས་གོམས་པའི་གོ་འཕང་གིས། །དགོད་པ་དེ་ལྟར་བྱེད་འགྱུར་ན། །འཇིག་རྟེན་མགོན་པོའི་སྐུ་འདྲར་འགྱུར། །ཞེས་རིགས་ཀྱི་སྤྱན་རས་གཟིགས་ཀྱི་ལྔ་པ་ལས་
འབྱུང་ངོ་། །དེ་ལ་མཆོག་གི་ངག་ནི་མ་སྐྱེས་པའོ། །མཐོང་བར་གྱུར་པ་ནི་འཇུག་པའོ། །ཁོང་ན་གནས་པ་ནི་ཐིག་ལེའི་གཟུགས་ཅན་ནོ། །ཐ་སྙད་ཀྱི་ངག་ནི་ཕྱིར་སོང་བའོ། །ཡང་བཤད་པ། ཨཱ་ལི་དང་ཀཱ་ལི་ནི་གཡས་དང་གཡོན་པ་ཞེས་བྱ་བ་ལས། ཨཱ་ལི་དང་ཀཱ་ལིའི་གཟུགས་ཅན་

སྲོག་དང་རྩོལ་བའོ། །ལྟེ་བའི་འོག་ནས་བརྩམས་ཏེ། སྟེང་གི་སྣའི་བུག་པ་གཉིས་ནས། མདའི་ཤུགས་བཞིན་དུ་ངེས་པར་འབྱུང་ཞིང་འཇུག་པའོ། །དེའི་ཕྱིར་རྣལ་འབྱོར་པས། ཐུང་བ་དང་རིང་བའི་བྱེ་བྲག་གིས་གནས་པའི། ཨཱ་ལི་དང་ཀཱ་ལི་ཨཱ་ཨཱི་ཞེས་བྱ་བ་ལ་
སོགས་པས། སློབ་དཔོན་གྱིས་བསྟན་པ་དེ་དག་ངག་རྣམ་པ་བཞིའི་ངོ་བོ་ཉིད་དུ་འཁོར་ལོ་བཞི་ལ་རྟ་རྒོད་བཞིན་དུ་བཅིང་བར་བྱའོ་ཞེས་དགོངས་སོ། །གསང་བའི་བཤད་པ་ནི། ཨཱ་ལི་དང་ཀཱ་ལི་ཞེས་བྱ་བ་ནི། ཨཱ་ལི་ནི་བུང་བའོ། །དེ་དང་ཆ་མཐུན་པས་རྡོ་རྗེ་བསྟན་ཏེ། བདེ་བ་ཆེན་པོའི་པདྨ་
ཟེའུ་འབྲུའི་སྙིང་པོ་ལེན་པར་བྱེད་པའི་ཕྱིར་རོ། །དེ་ཉིད་གཡོན་པ་སྨོས་པ་ནི་ཝ་ཞེས་བྱ་བ་སྨོས་པ་སྟེ། རྡོ་རྗེ་སྟེ་བྱང་ཆུབ་ཀྱི་སེམས་སོ། །མ་ཞེས་བྱ་བ་ནི་མ་ཧཱ་སྟེ་བདེ་བ་ཆེན་པོ་བསྟན་ཏེ། གཉི་གའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཀཱ་ལི་ཞེས་བྱ་བ་ནི། པདྨར་བརྟེན་ཏེ། རྡོ་རྗེ་ཟ་བར་བྱེད་པའི་ཕྱིར་
རོ། །དེ་ཉིད་གཡས་པ་ཞེས་བྱ་བ་ནི། དཀྵེ་ཎ་ཞེས་བྱ་བའོ། །དེ་ལ་ད་ནི་ད་ཧ་ན་སྟེ་མེའི་ངོ་བོ་ཉིད་དོ། །ཀྵེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སུ་སྐུལ་བར་བྱེད་པའོ། །པ་ནི་སྐུལ་བར་བྱེད་པའི་དོན་སྐད་ཀྱི་དབྱིངས་ལས་འབྱུང་ངོ་། །ཎ་ཞེས་བྱ་བ་ནི་དགག་པའི་དོན་ཏོ། །དེས་ན་ཐ་མལ་པའི་རྣམ་པར་
རྟོག་པ་དགག་པའོ། །ཇི་སྐད་དུ། ཨཱ་ལི་ཀཱ་ལི་བརྡ་ཡིས་ནི། །བུང་བ་ཆུ་སྐྱེས་ངོ་བོ་ཉིད། །དེར་ནི་སྙིང་པོ་མྱང་བྱས་ནས། །དཔྱོད་པ་མེད་པར་ཐིམ་པར་འགྱུར། །ཞེས་བཤད་པའི་རྒྱུད་ལས་འབྱུང་ངོ་། །གསང་བའི་གསང་བ་ལ་ཡང་། །ཨཱ་ལི་ནི་ཤུ་ཀྲའོ། །ཀཱ་ལི་ནི་མཚལ་ཆེན་ཏེ་ཟླ་བ་
དང་ཉི་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཡོན་པ་དང་གཡས་པ་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་རྩ་ལ་གནས་པ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས། དེ་དག་འདྲེས་པར་གྱུར་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པར་འགྱུར་ཞེས་རྟོགས་པར་བྱའོ། །ཇི་སྐད་དུ། སྐྱེ་གནས་
དབུས་ན་རྩ་གཉིས་ཏེ། །གཡོན་དང་གཡས་སུ་ཡང་དག་གནས། །གཡོན་པར་ཤུ་ཀྲ་ཞེས་བྱ་སྟེ། །གཡས་སུ་དེ་ཉིད་ཁྲག་ཉིད་དོ། །གཉིས་ཀ་འདྲེས་པར་ས་གཅིག་གྱུར། །ཆོས་ཀྱི་དབྱིངས་ཀྱི་འདུས་པའོ། །ཞེས་ལྷ་མོ་བཞིས་ཞུས་པའི་རྒྱུད་ལས་འབྱུང་ངོ་། །ཨ་ཨཱི་ཞེས་བྱ་བ་ལ་

སོགས་པ་བཤད་ཟིན་ཏོ། །ཨ་ཀ་ཙ་ཊ་ཞེས་བྱ་བ་ལ་སོགས་པས་གཡུལ་དཀྲུགས་པའི་སྔགས་བསྟན་ཏོ། །ནང་གི་བཤད་པ་ཡང་། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་སྡེ་ཚན་བརྒྱད་ཀྱི་དབུས་ན་གནས་པའི་ཡི་གེ་ཨ་གསུང་གི་རྡོ་རྗེའི་རང་བཞིན་ཅན་དངོས་གྲུབ་བརྒྱད་ཀྱི་རྒྱུ་ཡིན་པར་ཤེས་པར་བྱའོ། །
ཡང་གསང་བའི་བཤད་པ་ནི། ཨ་ཀ་ཙ་ཊ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་འཆར་བའི་དུས་སུ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་པས་དུར་ཁྲོད་བརྒྱད་ཀྱི་མཚན་ཉིད་བསྟན་ཏོ། །ཇི་སྐད་དུ། རྣམ་ཤེས་བརྒྱད་པོ་རྣམ་དག་པས། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །
གསང་བའི་གསང་བ་ལ་ཡང་། ཨ་ཀ་ཙ་ཊ་ཞེས་བྱ་བ་ལ་སོགས་པ་ནི། རེ་ལེར་གེའི་རྣལ་འབྱོར་ལས་འབྱུང་བ་དང་། ཨོཾ་ཏྲཾ་ཧྲཾ་ཁཾ་ཧཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཆོས་ཀྱི་འཁོར་ལོ་ལ་ཞེས་བྱ་བ་ནི། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་དུ་མ་རྣམས། རྒྱུར་བསྡུས་པའམ་སྤྲོས་པ་ཡོངས་སུ་སྤང་བར་བྱ་བའི་
ཕྱིར། ཧཱུཾ་གཅིག་པུ་དགོད་པར་བྱ་བའི་དོན་ཏོ། །ནང་གི་བཤད་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་དང་། ལྷ་མོ་བཞིའི་ས་བོན་བཞི་ཕུང་པོ་དང་ཁམས་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ལ་དགོད་ཅེས་བྱ་བ་བསྟན་ཏོ། །གསང་བའི་
བཤད་པ་ནི། ཤེས་རབ་དང་འབྲེལ་པའི་དུས་སུ་ཨོཾ་ཏྲཾ་ཞེས་བྱ་བ་ལ་སོགས་པའི་རྫས་ཕུང་པོ་འབྱུང་བའི་རྩའི་འཁོར་ལོ་ཞེས་བྱ་བ་ནི། རྩ་དབུས་མ་ལ་བཀོད་ནས་བསྒོམ་ཞེས་བྱ་བའི་དོན་ཏོ། །གསང་བའི་གསང་བ་བཤད་པ་ནི། །ཨོཾ་ཏྲཾ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་དགུས་པོ་ལ་དང་ཀཀྐོ་
ལའི་དུས་སུ་དེ་བཞིན་གཤེགས་པ་དང་ལྷ་མོ་ཉེ་བར་དམིགས་པ་དེ་ཁོ་ན་དགོད་པའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཆོས་ཉིད་ལ་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་ཡི་གེའི་ངོ་བོ་ཡིན་པའི་ཕྱིར་རོ། །ཀྵ་ར་ནི་གཡོ་བའོ། །ཨ་ནི་དགག་པའི་