Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 23
Văn bản gốc(Tây Tạng)
Trang 6 / 17 (50.000 ký tự/trang)
དང་། །ཡིད་བཞིན་ནོར་བུ་སྤྱི་བོར་འཛིན། །རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ། །ཛཱི་བ་སིནྡྷུ་ར་མདོག་མཚུངས། །ཐོད་པ་རྡོ་རྗེ་སྡིགས་མཛུབ་ཅན། །གཅེར་བུ་བཅུ་དྲུག་ན་ དང་ལྡན། །རུས་པའི་འཁོར་ལོ་མགོ་ཕྲེང་དང་། །ཅོད་པན་དུ་མའི་རྒྱན་གྱིས་སྤྲས། །སྐྲ་གྲོལ་མ་ནི་སྤྱན་གསུམ་པ། །བདེ་ཆེན་ཐུགས་རྗེའི་བདག་ཉིད་དོ། །ཆུ་སྐྱེས་ཤར་གྱི་འདབ་མ་ལ། །ཧེ་རུ་ཀ་ནི་སྐུ་མདོག་དཀར། །མཁའ་འགྲོ་མ་དང་གཉིས་མེད་འཁྲིལ། །འཁོར་ལོ་དྲིལ་བུ་ ལེགས་བསམས་པའོ། །ཧེ་རུ་ཀ་ནི་སྐུ་མདོག་ལྗང་། །ལཱ་མ་དང་ནི་གཉིས་སུ་མེད། །བྱང་ཕྱོགས་པདྨའི་འདབ་ལ་གནས། །རྒྱ་གྲམ་དྲིལ་བུ་བསྣམས་པའོ། །ནུབ་ཕྱོགས་པདྨའི་གདན་སྟེངས་སུ། །ཧེ་རུ་ཀ་དཔལ་རཱ་གའི་མདོག །དུམ་སྐྱེས་མ་དང་གཉིས་མེད་པ། །པདྨ་དྲིལ་ བུ་འཛིན་པའོ། །ལྷོ་ཕྱོགས་པདྨའི་ཕྱོགས་ལ་ཡང་། །ཧེ་རུ་ཀ་དཔལ་གསེར་མདོག་ཅན། །གཟུགས་ཅན་མ་ཡིས་སྐུ་ལ་འཁྱུད། །རིན་ཆེན་པད་སྣོད་བསྣམས་པའོ། །དེ་དག་ཀུན་ཀྱང་ཞལ་གཅིག་མ། །ཕྱག་གཉིས་པ་ལ་སྤྱན་གསུམ་པ། །དར་གྱི་ཅོད་པན་ཅན་འཇིགས་བྱེད་དང་ དུས་མཚན་ཞབས་ཀྱིས་མནན་པ་ཕྱག་རྒྱ་དྲུག་གིས་སྤྲས་པ་བདེ་བ་ཆེན་པོའི་བདག་ཉིད་ཅན་ནོ། །མཚམས་ཀྱི་པདྨའི་འདབ་མ་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་ཀ་པཱ་ལ་བདུད་རྩིས་བཀང་བ་བཞིའོ། །རང་བྱིན་བརླབ་པའི་རིམ་པ་སྟེ། །ལུས་ཀྱི་དཀྱིལ་འཁོར་མཆོག་གྱུར་པ། །གནས་ ཀྱི་རིམ་པ་རབ་སྦྱོར་བས། །ལྷན་སྐྱེས་ཡེ་ཤེས་བདག་ཉིད་དོ། །སྦུབས་ཀ་སུམ་མདོ་ལྟེ་སྙིང་ག །རླུང་མེ་ཆུ་ས་རིམ་པ་བཞིན། །སྒལ་ཚིགས་རི་རབ་ལྷུན་པོ་སྟེ། །ཆུ་ཤིང་མེ་ཏོག་ལྟ་བུ་ཡི། །སྙིང་གའི་པདྨ་འདབ་བརྒྱད་པ། །གེ་སར་ལྟེ་བར་བཅས་པ་སྟེ། །ཟླ་ཉི་ཐབས་དང་ ཤེས་རབ་བཅས། །ལུགས་དང་ལུགས་མིན་ས་བོན་དབུས། །བཅོམ་ལྡན་ཁྲག་འཐུང་འདས་དཔའ་བོ། །ཞལ་བཞི་པ་ལ་ཕྱག་བཅུ་གཉིས། །གསུམ་གསུམ་སྤྱན་མངའ་འགྱུར་བའི་ཞལ། །ནམ་མཁའི་མདོག་མཚུངས་འོད་འཕྲོ་བ། །དུས་མཚན་དམར་བ་ གཡས་བརྐྱང་དང་། །གཡོན་ཞབས་འཇིགས་བྱེད་ནག་པོ་མནན། །རྩ་བའི་ཞལ་ནི་སྐུ་དང་མཐུན། །གཡས་པ་གསེར་གྱི་འོད་དང་མཚུངས། །རྒྱབ་ནི་པདྨ་རཱ་གའི་མདོག །ཨིནྡྲ་ནཱི་ལ་ཞལ་གཡོན་ནོ། །རྡོ་རྗེ་དྲིལ་བུ་དང་པོ་སྟེ། །གཉིས་པ་གླང་པོའི་པགས་པ་བསྣམས། ། ཌ་མ་རུ་དང་དགྲ་སྟ་དང་། །གྲི་གུག་མདུང་རྩེ་གསུམ་པ་ནི། །གཡས་པའི་ཕྱག་ན་བསྣམས་པའོ། །ཁ་ཊྭཱཾ་ག་དང་ཐོད་ཁྲག་དང་། །རྡོ་རྗེའི་ཞགས་པ་ཚངས་པའི་སྐུད། །ཐོར་ཚུགས་དར་གྱི་ཅོད་པན་ཅན། །ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་དང་། །ཡིད་བཞིན་ནོར་བུ་དབུ་ལ་འཇོག །རུས་ པའི་འཁོར་ལོས་སྤྱི་བོར་མཚན། །ཡང་དག་འཁྱུད་པའི་ཕག་མོ་ཡང་། །བདེ་སྟེར་རང་བཞིན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་ཚུལ། །བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད། །རྡོ་རྗེ་ཐོད་པ་བསྣམས་པ་སྟེ། །སྡང་ཕྱོགས་ལ་སྡིགས་སྐྲ་གྲོལ་མ། ། ཕྱག་རྒྱ་ལྔས་སྤྲས་ཡབ་ལ་དགྱེས། །བདེ་ཆེན་ཐུགས་རྗེའི་བདག་ཉིད་དོ། །ཤར་དང་བྱང་དང་ནུབ་དང་ལྷོའི་ཕྱོགས་ཀྱི་འདབ་མ་ལ། མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནི། མཐིང་ག་དང་། ལྗང་གུ་དང་། དམར་པོ་དང་། སེར་མོའི་ མདོག་རིམ་པ་བཞིན་དུ་ཞལ་གཅིག་པ་ཕྱག་བཞི་མ་སྤྱན་གསུམ་མ་གཡས་གཉིས་ན་ཌ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ་སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐེ་རགས་ཀྱིས་བརྒྱན་པ་ཕྱག་རྒྱ་ལྔ་དང་ལྡན་པའོ། །དེ་དག་གི་མཚམས་རྣམས་ སུ་བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བའི་སྣོད་བཞི་བདུད་རྩིའི་བདག་ཉིད་ཅན་ནོ། །དེ་ནས་རབ་ཏུ་བཤད་བྱ་བ། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། །ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། །པྲེ་གྲྀ་སཽ་སུ་ན་སི་མ་ཀུ། །ཐུགས་ཀྱི་འཁོར་ལོ་མདོག་མཐིང་ནག །རྡོ་རྗེའི་ཕྲེང་བས་ཡོངས་བསྐོར་བ། །བུལླི་ ར་མ་ལ་ཡ་མགོར། །ཐོད་པའི་དུམ་བུ་རབ་གཏུམ་མོ། །ཛཱ་ལ་ནྡྷ་ར་སྤྱི་གཙུག་ཏུ། །ཀེང་རུས་ཆེན་པོ་གཏུམ་མིག་མ། །ཨོཌྜ་ནི་རྣ་བ་གཡས་པར་ཡང་། །ཀེང་རུས་ཅན་དང་འོད་ལྡན་མ། །ཨརྦུ་ད་ནི་ལྟག་ཁུང་དུ། །མཆེ་གཙིགས་སྣ་ཆེན་དཔའ་མོའོ། །གོ་དཱ་པ་རཱི་རྣ་བ་གཡོན། ། ལྷ་དགྲ་དཔའ་བོའི་བློ་ཅན་མ། །རཱ་མེ་ཤྭ་རཱི་སྨིན་མའི་དབུས། །འོད་དཔག་མེད་དང་མིའུ་ཐུང་མ། །དེ་བི་ཀོ་ཊ་མིག་ཏུ་ནི། །རྡོ་རྗེ་འོད་དང་ལང་དབང་ཕྱུག །མཱ་ལ་བ་ནི་ཕྲག་པར་ཡང་། །རྡོ་རྗེའི་སྐུ་དང་ཤིང་གྲིབ་སྟེ། །ཐུགས་ཀྱི་རིགས་ལས་ངེས་འབྱུང་བའི། །འདི་དག་ནི་ ནམ་མཁའ་ལ་སྤྱོད་པའོ། །གསུང་གི་འཁོར་ལོ་དམར་བའི་མདོག །པདྨའི་ཕྲེང་བས་ཡོངས་བསྐོར་བ། །ཀཱ་མ་རཱུ་པ་མཆན་ཁུང་དུ། །མྱུ་གུ་ཅན་དང་ས་སྲུང་མ། །ཨོ་ཏྲེ་ནུ་མར་རྡོ་རྗེའོ། །རལ་པ་ཅན་དང་འཇིགས་བྱེད་མའོ། །ཏྲི་ཤ་ཀུ་ནི་ལྟེ་བར་ནི། །དཔའ་ཆེན་རླུང་གི་ཤུགས་ ཅན་མ། །ཀོ་ས་ལ་ནི་སྣ་རྩེར་ཡང་། །རྡོ་རྗེ་ཧཱུཾ་མཛད་ཆང་འཐུང་མ། །ཀ་ལིང་ག་ཁར་རབ་བཟང་དང་། །ལྷ་མོ་སྔོ་བསངས་ལེགས་གནས་ལ། །ལཾ་བ་ཀ་ནི་མགྲིན་པར་ཡང་། །རྡོ་རྗེ་བཟང་དང་རབ་བཟང་མ། །ཀཱཉྩི་སྙིང་གར་དཔའ་བོ་ནི། །འཇིགས་བྱེད་ཆེ་དང་རྟ་རྣ་མ། །ཧི་མཱ་ལ་ ཡ་མདོམས་སུ་ནི། །མིག་མི་བཟང་དང་བྱ་གདོང་མ། །གསུང་གི་རིགས་ལས་ངེས་འབྱུང་བའི། །འདི་དག་ནི་ས་ལ་སྤྱོད་པའོ། །སྐུ་ཡི་འཁོར་ལོ་མདོག་དཀར་ཞིང་། །འཁོར་ལོའི་ཕྲེང་བས་ཡོངས་བསྐོར་བ། །པྲེ་ཏ་པཱུ་རི་མཚན་མ་ལ། །སྟོབས་པོ་ཆེ་དང་འཁོར་ཤུགས་ཅན། ། གྲྀ་ཧ་དེ་བ་བཤང་ལམ་དུ། །རིན་ཆེན་རྡོ་རྗེ་དུམ་སྐྱེས་མ། །མཽ་རཱཥྚ་བརླ་གཉིས་སུ། །རྟ་མགྲིན་ཆང་འཚོང་དཔའ་མོའོ། །སུ་ཝརྡྭི་པ་བྱིན་པར་ཡང་། །ནམ་མཁའི་སྙིང་དང་གོ་ཆ་མ། །ནཱ་ག་ར་ནི་ལག་སོར་ལ། །ཧེ་རུ་ཀ་དང་རབ་དཔའ་མོ། །སིནྡྷུ་རྐང་པའི་བོལ་དུ་ཡང་། །པདྨ་ གར་དབང་སྟོབས་ཆེན་མ། །མ་རུ་མཐེ་བོར་རྣམ་སྣང་དང་། །དཔའ་མོ་འཁོར་ལོས་སྒྱུར་མའོ། །ཀུ་ལུ་ཏཱ་ནི་པུས་མོར་ཡང་། །རྡོར་སེམས་བརྩོན་འགྲུས་ཆེན་མོའོ། །སྐུ་ཡི་རིགས་ལས་ངེས་བྱུང་བའི། །འདི་དག་ནི་ས་འོག་ལ་སྤྱོད་པའོ། །དཔའ་བོ་དེ་དག་ཐམས་ཅད་ནི་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། འཁོར་ལོ་སོ་སོའི་ཁ་དོག་དང་མཐུན་པ། གཡས་དང་པོ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་སྟེ། གཡོན་དང་པོས་དྲིལ་བུ་འཛིན་ཞིང་ཡུམ་གྱི་སྐུ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ག་ འཛིན་པ་ཕྱག་རྒྱས་རབ་ཏུ་བརྒྱན་པ་རལ་པའི་ཅོད་པན་ནོ། །དཔའ་མོ་རྣམས་ནི་ཞལ་གཅིག་པ་ཕྱག་གཉིས་ཀྱིས་ཡབ་ལ་འཁྱུད་པས་རྡོ་རྗེ་དང་ཐོད་པ་བསྣམས་ཏེ་ཀུན་གྱི་དཔྲལ་བར་རྡོ་རྗེའི་ཕྲེང་བས་མཚན་པའོ། །ལྕེ་ཡི་ལྐོག་ཏུ་ཁྭ་གདོང་མ། །སྣ་ཡི་རྩེར་ནི་འུག་གདོང་མ། །མཚན་ མའི་རྩེར་ཡང་ཁྱི་གདོང་མ། །བཤང་བའི་ལམ་དུ་ཕག་གདོང་མའོ། །གཤིན་རྗེ་སྲེག་མ་རྣ་བ་གཡས། །གཡོན་པར་གཤིན་རྗེ་ཕོ་ཉ་མའོ། །མཆེ་བ་ཅན་མ་མིག་གཡས་ཏེ། །མིག་གཡོན་གཤིན་རྗེ་འཇོམས་མའོ། །ལྷ་མོ་དེ་དག་ཐམས་ཅད་ཀྱང་། །ཞལ་གཅིག་ ཕྱག་བཞི་སྤྱན་གསུམ་མ། །གཅེར་བུ་ཕྱོགས་ན་གནས་པ་རྣམས་མཁའ་འགྲོ་མ་ལ་སོགས་པ་དང་མཚུངས་ཏེ། མཚམས་རྣམས་སུ་མི་ཕྱེད་དབང་ཕྱུག་གི་གཟུགས་ཅན་ཡིད་འཕྲོག་མ་ཆ་གཉིས་འཛིན་པ། ཕྱག་རྒྱ་ལྔ་དང་དུམ་བུའི་སྐེ་རགས་ཀྱིས་རབ་ཏུ་བརྒྱན་པའོ། ། གནས་དང་ཉེ་བའི་གནས་དང་ཡང་། །ཞིང་དང་ཉེ་བའི་ཞིང་དང་ནི། །ཚནྡོ་ཉེ་བའི་ཚནྡོ་སྟེ། །འདུ་བ་ཉེ་བའི་འདུ་བ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །ས་བཅུ་རྣམ་པར་དག་པ་ཡི། །སུམ་ཅུ་རྩ་བདུན་ཚུལ་གྱིས་ནི། །བྱང་ཆུབ་ཕྱོགས་ལ་གནས་པ་ཡང་། །རྣམ་པར་མི་ རྟོག་སེམས་བདག་ཉིད། །བདེ་སྟོང་རོ་གཅིག་གྱུར་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་ཡི་རྣམ་པར་དག་པའོ། །དེ་ནས་གོ་ཆ་གཉིས་བཤད་དེ། །གནས་ཀྱི་རིམ་པ་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་རྣམ་སྣང་དང་། །ཉི་མ་པདྨ་གར་དབང་ཕྱུག །རྟ་ མཆོག་ཧེ་རུ་ཀ་བདག་ཉིད། །སྔགས་ཀྱི་རྣམ་པ་ལྷ་ཡི་གཟུགས། །རྡོ་རྗེ་ཕག་མོ་གཤིན་རྗེ་མ། །རྨོངས་བྱེད་མ་དང་སྐྲག་བྱེད་མ། །བསྐྱོད་བྱེད་མ་དང་གཏུམ་མོ་སྟེ། །མཁས་པས་ལེགས་པར་དགོད་པར་བྱ། །རང་སྔགས་ལས་བྱུང་འོད་ཟེར་སྤྲོས། །སྔགས་དང་ཕྱག་རྒྱའི་ སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ལས་འགུགས། །ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དེ་མཐོང་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་བརྗོད་པར་བྱའོ། །སྤྱན་མ་ལ་ སོགས་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱི་ཆར་འབེབས་ཤིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་དག་རྗེས་སུ་ཆགས་པའི་སྦྱོར་བ་ལས་བྱུང་བའི་བྱང་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་ཞིང་བདེ་བ་ཆེན་པོའི་ངོ་བོར་གྱུར་པའོ། །རྣལ་ འབྱོར་ཀུན་གྱི་སྦྱོར་བ་ཡིས། །རོ་གཅིག་གྱུར་པར་བསྒོམ་པར་བྱའོ། །ཐུགས་གསུང་སྐུ་ཡི་ཡེ་ཤེས་ཆེ། །སྲོག་དང་རྩོལ་བ་ཡང་དག་སྤྲོ། །ཧཱུཾ་ཨཱཿཨོཾ་བཾ། རིམ་པ་བཞིན་གསལ་བར་བྱས་ནས། སྤྲོ་དང་བསྡུ་བའི་བདག་ཉིད་དུ་གནས་པར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་ས་མྦ་རཾ་སྭཱ་ཧཱ། ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙེ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བུདྡྷ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་ཤྲཱི་ཀརྨ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡཱ་མེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧཱ་སྲ་པྲ་བྷཱུ་ཛཱ་བྷཱ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཾ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མྦཱནྟཱ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། བ་སྤུའི་བུ་གའི་རྩེ་མོ་ལས་འཕྲོས་པའི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སླར་ཚུར་འདུས་པས་རོ་གཅིག་ཟག་པ་མེད་པའི་ཡེ་ཤེས་སུ་ཐིམ་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། ། ལུས་ཀྱི་ཁམས་ལ་རྣམ་པར་བརྟག །འགྲོ་བ་རིགས་དྲུག་ལ་བསྒྲལ་ནས། །བླ་ན་མེད་པའི་གནས་སུ་གཞག །སྐུ་གསུང་ཐུགས་ཀྱི་རང་བཞིན་ལས། །ཡི་གེ་གསུམ་གྱི་བདག་ཉིད་ཀྱིས། །མཐོ་རིས་མི་ལུས་ས་འོག་ཏུ། །ལུས་ཅན་དེ་ནི་སྐུ་གཅིག་འགྱུར། ། མཉམ་ཉིད་གནས་པའི་སེམས་ཀྱིས་ནི། །རྣལ་འབྱོར་དབང་ཕྱུག་ལྡང་བ་ན། །མཁའ་འགྲོ་མ་ཡི་བདེ་བའི་མཆོག །ཀླུས་བསྐུལ་བ་ནི་དྲན་པར་བྱ། །ཐོག་མར་བླ་མ་མཆོད་པ་དང་། །རྡོ་རྗེ་སེམས་དཔའི་རང་བཞིན་ལས། །དབང་བསྐུར་རོལ་པའི་བདེ་ཆེན་པོ། །སྐད་ཅིག་གིས་ནི་ཀུན་ ཁྱབ་པའོ། །སྐུ་གསུང་ཐུགས་ལ་གནས་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །སྙིང་རྗེ་ཆེན་པོའི་ཡིད་ཀྱིས་ནི། །ཁམས་གསུམ་པ་ཡི་སེམས་ཅན་ཀུན། །ཤྲཱི་ཧེ་རུ་ཀར་བལྟ་བྱ་ཞིང་། །བྱང་སེམས་ཆུ་རྒྱུན་ཁྲུས་བྱ་སྟེ། །བཅུ་ཕྱེད་བདུད་རྩིའི་ཟས་ལས་བཟའ། ། གཅེར་བུ་སྐྲ་གྲོལ་ལྷོར་བལྟས་ལ། །བརྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན། །གསང་བའི་རིམ་པར་བསྟན་པའོ། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །སྤྲོས་བྲལ་བདེ་བ་ཆེན་པོ་སྟེ། །བརྟན་དང་གཡོ་བའི་ འཇིག་རྟེན་ཀུན། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །དེ་ཉིད་མྱུར་བ་ཉིད་དུ་ཡང་། །བདེ་མཆོག་དམ་པ་འགྲུབ་པ་ཡིན། །བཅོམ་ལྡན་སྐུ་གསུང་ཐུགས་ལ་བཞུགས། །ཨཱ་ལི་ཀཱ་ལི་མཉམ་གནས་པ། །འཁོར་ལོ་ལ་ནི་ངེས་པར་བསྐོར། །སྟེང་དུ་འབར་བའི་ཚུལ་གྱིས་ནི། ། འོག་ཏུ་འབབ་པ་ངེས་པའི་ཕྱིར། །ཟག་མེད་དྲི་མེད་བདེ་བའི་དངོས། །འཆི་མེད་ཐིག་ལེའི་ངོ་བོ་ནི། །ས་བོན་ཚུལ་གྱིས་འབབ་པར་འགྱུར། །རྟག་ཏུ་སྙིང་གི་དབུས་གནས་པ། །འོད་གསལ་བདེ་བ་ཆེན་པོ་ནི། །ཉི་མ་ཟླ་བ་རྣམ་དག་པ། །འཆར་དང་ནུབ་པར་བསྟན་པ་ཡིན། ། སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །བསོད་ནམས་ཐམས་ཅད་རྣམ་པར་འཕེལ། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །གཞན་དུ་རྙེད་པར་མི་འགྱུར་རོ། །ལུས་མེད་དྲི་མ་མེད་པ་སྟེ། །ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན། །ཡེ་ཤེས་སྐུ་ནི་དྲི་མ་མེད། །སྐྱེ་བ་དེ་ཉིད་ལ་ཐོབ་འགྱུར། ། ཐབས་དང་ཤེས་རབ་སྙོམས་འཇུག་ཅིང་། །གཉིས་ཐིམ་བཅུ་དྲུག་ཆ་ཕྱེད་ཅན། །ཟག་བཅས་བདེ་མེད་གཉིས་སྤངས་པ། །གསང་བ་དགའ་བའི་རང་བཞིན་ནོ། །དམ་ཚིག་གསང་བ་ཆེན་པོ་ཡི། །སྐུ་གསུང་ཐུགས་ལ་མཉམ་མེད་ལ། །རང་གི་མཚན་ཉིད་ངོ་བོ་སྟོང་། །རྟོག་པ་ གཉིས་ནི་རྣམ་བྲལ་བའོ། །འདས་པ་དང་ནི་ད་ལྟར་ཡང་། །མ་འོངས་པ་ཡི་དུས་གསུམ་པོ། །ལྷན་སྐྱེས་ཡེ་ཤེས་མཆོག་བདེ་བ། །དྲི་མེད་མཁའ་ལྟར་དག་པའི་བདག །གསང་བ་སེམས་ཀྱི་སྤྱོད་ཡུལ་ལས། །ཟུང་དུ་འཇུག་པའི་ངོ་བོར་ནི། །མི་རྟོག་པ་ལ་རབ་གནས་ ན། །མཆོག་གི་སྐུ་ནི་ངེས་པར་འཐོབ། །བསྒོམ་པ་འདི་ནི་མཆོག་ཡིན་ཏེ། །འདོད་པའི་དངོས་གྲུབ་བླ་ན་མེད། །རྣལ་འབྱོར་སྐྱེ་བ་འདི་ཉིད་ལ། །རྡོ་རྗེ་འཆང་གི་ས་ཐོབ་པའོ། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །དཔལ་ལྡན་ཁྲག་འཐུང་ལ་སོགས་པ། །རྣལ་འབྱོར་མ་ ཡི་ཚོགས་རྣམས་ཀྱིས། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དཔལ་འཁོར་ལོ་བདེ་མཆོག་གསང་བ་རིན་པོ་ཆེ་ཡིད་བཞིན་ ནོར་བུ། དཔལ་ཨུ་རྒྱན་གནྡྷོ་ལའི་གཙུག་ལག་ཁང་ནས། དྲི་མེད་ཡེ་ཤེས་མཁའ་འགྲོ་མས་རྗེ་བཙུན་ཏི་ལོ་པ་ལ་གདམས་པ། དཔལ་བདེ་མཆོག་འཁོར་ལོའི་སྒྲུབ་ཐབས་སྙན་ནས་སྙན་དུ་བརྒྱུད་པའི་སྙིང་པོ་དཔལ་ནཱ་རོ་པས་མཛད་པའོ།། །།རྒྱ་གར་གྱི་པཎྜི་ཏ་ ཤྲཱི་ནཱ་རོ་པ་ཆེན་པོ་དང་། བོད་ཀྱི་ལོ་ཙཱ་བ་མར་བ་ཆོས་ཀྱི་བློ་གྲོས་བདག་གིས་ཞུས་ཏེ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། གུ་ཧྱ་རཏྣ། བོད་སྐད་དུ། གསང་བ་རིན་པོ་ཆེ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་རྣལ་ འབྱོར་པས། དུར་ཁྲོད་ལ་སོགས་པར་སྟན་བདེ་བ་ལ་འདུག་སྟེ་ཁ་ལྷོ་ཕྱོགས་སུ་བལྟས་ནས། འགྲོ་བ་ཐམས་ཅད་བདེ་ཆེན་ཟུང་འཇུག་ཐོབ་པར་བྱ་བའི་བསམ་པ་སྔོན་དུ་འགྲོ་བས། མདུན་དུ་བླ་མ་རྡོ་རྗེ་འཛིན་པ་དང་ལྷག་པའི་ལྷ་བལྟས་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ མི་སྣང་བར་གྱུར་ཏོ། །དེའི་ངང་ལས་བདག་ཉིད་ཀྱི་སྤྱི་བོར་ཨ་ལས་བསྐྱེད་པའི་སྟེང་དུ་ཧཾ་ཡིག་ནག་པོ་ལས་འོད་ཟེར་འཕྲོས་པ་ལས་རྡོ་རྗེ། དེ་ལས་བདེ་མཆོག་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་ལྷའི་སྐུ་འཇའ་ཚོན་ནམ། ཆུ་ཟླ་ཤར་བ་ལྟ་བུའི་སྒྱུ་མའི་ རྣམ་པར་བསྒོམ་པར་བྱའོ། །དེ་ལ་རང་གིས་མཆོད་པ་རྣམ་པ་ལྔ་སྤྲོས་ལ་དབུལ་བར་བྱའོ། །དེ་ནས་གསོལ་བ་གདབ་པ་ནི། །བདེ་ཆེན་དཔལ་གྱི་མགོན་པོ་ཡིས། །སངས་རྒྱས་སྐྱོབ་པ་ཇི་ལྟ་བར། །དག་པའི་དེ་ཉིད་སྟོན་མཛད་པ། །དི་རིང་བདག་ལ་མགོན་དགྱེས་མཛོད། ། ཅེས་གསོལ་བ་བཏབ་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབ་པས་རྩ་གསུམ་ལ་བརྒྱུད་ཅིང་། ལུས་དང་ངག་དང་ཡིད་དག་པར་བྱས་ནས་ལུས་བདེ་བའི་རང་བཞིན་དུ་གསལ་བའོ། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་ བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་ལས་བདུད་རྩི་ཟླ་རྒྱུན་འབབ། །རྟེན་དང་བརྟེན་པ་མཉམ་ལྡན་པས། །གཅིག་ཏུ་ཞུ་ཞིང་བདེ་བ་ཆེ། །རྣལ་འབྱོར་མ་ཡི་ཌ་མ་རུ། །སྒྲ་ཡིས་བསྐུལ་གྱུར་བཞེངས་པར་བྱ། །པདྨ་ཉི་མའི་གདན་སྟེང་ན། །ཞལ་གཅིག་ ཕྱག་གཉིས་བརྐྱང་བསྐུམ་ཚུལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྐུ་ནི་བཻ་ཌཱུརྱའི་རང་བཞིན། །ཕྱག་རྒྱ་དྲུག་གིས་སྤྲས་པའི་སྐུ། །འོད་ཟེར་འབར་བ་ཟླ་ཚེས་དང་། །ཡིད་བཞིན་ནོར་བུ་དབུ་ལ་འཇོག །འཇིགས་བྱེད་ཆུང་མར་བཅས་པ་མནན། །རྡོ་རྗེ་ཕག་མོ་ཞལ་གཅིག་མ། ། ཕྱག་གཉིས་ཀྱིས་ནི་ཡབ་ལ་འཁྱུད། །རྡོ་རྗེ་དང་ནི་ཐོད་པ་འཛིན། །གཙོ་བོ་ལ་ནི་བདུད་རྩི་སྟོབས། །སྐུ་ནི་བནྡྷུ་ཀ་ལྟར་དམར། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །གཉིས་མེད་བདེ་བའི་རང་བཞིན་ཅན། །གསལ་བའི་སྐུ་ནི་བསྒོམ་པར་བྱ། །ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་ སྔགས་འདི་དང་ཡིད་ཀྱི་དབྱེ་བས་སྦྲུལ་འཁྱིལ་པ་ལྟ་བུར་དམིགས་ལ་བཟླས་པར་བྱའོ། །དེ་ལས་མཐར་ལུས་དང་ངག་དང་ཡིད་ཨོཾ་ཨཱཿཧཱུཾ་དུ་གྱུར་པས་བསྡུས་ལ་ཆོས་ཐམས་ཅད་བདག་མེད་པའི་ངང་ལ་སྟོང་པར་འགྱུར་རོ། །གང་ཞིག་དེ་ཉིད་ཤེས་པ་ནི། །དེང་འདིར་རྣལ་འབྱོར་ པ་ཉིད་དུ། །ཐེ་ཚོམ་མེད་དེ་འདི་ཉིད་དུ། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་ཏོ། །སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་ བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུ་ལ་ཧ་རིའི་དགོན་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་མཱ་རི་ཙཱ་ནཱ་མ། བོད་སྐད་དུ། བདུད་རྩི་འོད་ཟེར་ཅན་ཞེས་བྱ་བ། དཔལ་བདེ་མཆོག་འཁོར་ལ་ཕྱག་འཚལ་ལོ། །འཁོར་ལོ་པདྨ་དང་འདྲ་ བ། །རང་གི་གནས་ནི་ཉིད་དུ་འཁྱིལ། །སངས་རྒྱས་ཀུན་གྱི་གསང་བ་སྟེ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཡང་དག་པ་སྟེ་རབ་ཏུ་བཤད། །ཡང་དག་པ་ཡང་རྣམ་པ་བཞི། །དེ་ནི་ལུས་ལ་རང་བཞིན་གནས། །འདི་ལྟར་ཤེས་པའི་ལུས་ཉིད་ནི། །བདེ་བ་ཆེན་པོ་ སྐུ་ཞེས་བྱ། །ལྟེ་བར་གསང་བ་དྲུག་ཅུ་བཞི། །སྤྲུལ་པའི་ཡིག་འབྲུ་དཀར་པོ་དགོད། །ཨཱ་ལི་ཀཱ་ལི་གཡས་དང་གཡོན། །ཡེ་ཤེས་བཞི་ཡི་ཡི་གེ་བསམ། །དབུས་ཀྱི་རི་བོང་འཛིན་པར་རོ། །སྤྲུལ་པའི་འཁོར་ལོ་ཞེས་སུ་བཤད། །སེམས་ཀྱི་གནས་ལུགས་ཆོས་སྐུའི་བརྒྱད། ། ཁ་དོག་དཀར་པོའི་ཡི་གེ་དགུ། །ཧཱུཾ་བྷཱུཾ་ཏྲཱཾ་ཧྲཱིཾ་ཁཾ་ཡིག་རྣམས། །དབུས་ནས་བྱང་དུ་རིམ་བཞིན་དགོད། །མཚམས་སུ་ལཱཾ་མཱཾ་པཱཾ་ཏཱཾ་ལ་སོགས་པ་བཞིའོ། །མཚན་མ་མེད་པའི་སྐུ་ཞེས་བཤད། །ལོངས་སྤྱོད་རྫོགས་སྐུ་བཅུ་དང་དྲུག །མགྲིན་པའི་གནས་སུ་ཡང་དག་སྐྱེས། །དེ་ཡི་རི་ བོང་འཛིན་པར་ཨཾ། །ཨ་ཝ་ར་ལ་ཡི་གེ་རྣམས། །ཤར་ནས་བྱང་དུ་རིམ་བཞིན་ནོ། །རྟོག་ཡུལ་ཆུ་རླུང་གཉིས་ཀྱིས་གནས། །འབྱུང་བཞི་རྟགས་ནི་འཛིན་པར་བཤད། །ས་བོན་ཟླ་བ་རྒྱས་པ་འདྲ། །བདེ་བ་ཆེན་པོའི་གནས་སུ་འཁྱིལ། །སུམ་ཅུ་རྩ་གཉིས་ཡང་དག་གནས། །དེ་ཡི་ གནས་ན་ཨཱ་ལི་གཉིས། །གཡས་དང་གཡོན་གཉིས་མགོ་དང་མཇུག །གཅིག་ཏུ་སྤྲད་པས་བརྒྱན་པ་ཡིན། །དེ་དབུས་ཧཾ་སྟེ་པྲ་མ་ཎ། །ལོངས་སྤྱོད་གྱེན་ལ་བདེ་ཆེན་ཐུར། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཆོས་དང་སྤྲུལ་པ་དེ་བཞིན་ནོ། །ཀུན་གྱི་དབུས་ན་རི་བོང་འཛིན། ། འཁོར་ལོ་ཡི་གེ་ཁ་དོག་དཀར། །ཡཾ་ལས་འབྱུང་བ་རླུང་གི་དཀྱིལ། །ཧ་གཉིས་གནས་སུ་བསམ་པར་བྱ། །དེ་སྟེང་རང་བྱུང་གྲུ་གསུམ་བསམ། །རང་གི་གནས་སུ་བསམ་པར་བྱ། །དེ་ལྟར་རང་བཞིན་ཀུན་ཤེས་ནས། །ཡེ་ཤེས་ཆེན་པོའི་བྱིན་རླབས་ལས། །རླུང་ གིས་མེ་བུས་དྲུག་ཅུ་འབར། །དེ་ཉིད་ཡེ་ཤེས་ཞེས་བྱ་བ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་ལས་བདུད་རྩི་ཟླ་རྒྱུན་འབབ། །ཀུན་གྱི་ལུས་བསྲེགས་མགོར་ཕྱིན་བསམ། །ལོངས་སྤྱོད་གསུམ་བསྐོར་འབྱུང་བཞི་བསྲེགས། །དེ་ ནས་གཡས་ཕྱུང་སངས་རྒྱས་ནས། །སེམས་ཅན་ཀུན་བསྲེགས་དབུ་མ་གཡོན། །ཐིམ་སྟེ་བདེ་ཆེན་གཡོན་ནས་བསྐོར། །བསྲེགས་པས་རྣ་བ་གཡས་སུ་འདུ། །མཁའ་འགྲོ་མ་ཀུན་སེམས་གཅིག་བྱེད། །ཨ་བ་དྷཱུ་ཏཱིའི་གནས་ནས་བྱུང་། །སངས་རྒྱས་སེམས་ཅན་གཉིས་མེད་ བསྲེགས། །སྟེང་གི་ཞལ་དུ་པྲ་མ་ཎ། །བདེ་བ་ཆེན་པོའི་ལུས་ཀྱང་སྐྱེས། །ཧཾ་དཀར་ལས་བྱུང་ས་བོན་དཀར། །ལུས་གནས་མི་གནས་ཡེ་ཤེས་སྐྱེས། །དེ་རུ་མ་ནུས་ཆུ་ཡི་རྩ། །གཡོན་གྱི་སར་འདུ་སྤྲུལ་པ་སྟེ། །དེར་ནི་ཡང་དག་རབ་ཏུ་བཟུང་། །དེ་རུ་མི་གནས་སམྦྷོཀ །རྩ་ཡི་རྡོ་ རྗེའི་ལམ་ནས་འགྲོ། །སམྦྷོ་ཀ་ནས་ཆོས་སྐུ་ཡི། །ལུས་རྣམས་ཡང་དག་སྐྱེ་བར་འགྱུར། །སྐྱེས་ནས་བསྐལ་པའི་བར་དུ་གནས། །ཆོས་ཀྱི་གནས་སུ་མ་སྐྱེས་ན། །ནིརྨ་ཀཱ་ཡའི་བར་དུ་གནས། །ཡང་ནས་ཡང་དུ་འདི་བཞིན་བྱ། །རྣམ་རྟོག་མེད་པའི་རྣལ་འབྱོར་བྱ། །ཡར་གྱིས་ བསྲེག་ཅིང་མར་གྱིས་གསོ། །རྣལ་འབྱོར་མིག་གི་འོད་ཟེར་གྱིས། །རྟག་ཏུ་འདི་ལ་བལྟ་བར་བྱའོ། །ནམ་ཞིག་དེ་ལ་བརྟན་གྱུར་ན། །མཚན་མ་ལྔའམ་ཡང་ན་གཡོ། །འབར་ཞིང་གཡོ་ན་ཡིག་མགོ་བཅད། །བཅད་པའི་བཞི་པོ་ཡང་དག་བཞུ། །རྩ་ཡིག་རྡོ་རྗེའི་ལམ་ནས་ནི། །ཏིལ་ གྱི་འབྲུ་བཞིན་རྒྱས་པར་འགྱུར། །རྣལ་འབྱོར་མཐར་ཕྱིན་འབྲས་བུ་སྟེ། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །གཞན་གྱི་དོན་སོགས་ཡོན་ཏན་རྣམས། །འབད་པ་མེད་པར་ལྷུན་གྱིས་འབྱུང་། །བླ་ན་མེད་པའི་དགོངས་རྒྱུད་ནི། །དཔལ་གྱི་ཞབས་ཀྱིས་བདག་ལ་བསྟན། །སྐྱེན་དང་རྣལ་ འབྱོར་གཉིས་སུ་འགྱུར། །བདེ་བ་ཆེན་པོར་རབ་ཏུ་བཤད། །སྦྱོར་བའི་ལུས་ནི་ཐམས་ཅད་ལས། །རྒྱལ་བ་རྣམས་ཀྱིས་སྤྲས་པར་བཤད། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །སྣོད་ལྡན་བདག་ཉིད་ཆེན་པོས་བཟུང་། །ལུས་སེམས་བདེ་བར་སྤྱད་ནས་ནི། །ཉིན་མཚན་སྦྱོར་བ་བསྟེན་ པར་བྱ། །བདག་གིས་བརྩམས་ཡིན་བདུད་རྩི་འདི། །འདི་ལྟར་ཁམས་གསུམ་ཀུན་ཀྱང་དེ། །ཤི་དང་འདྲ་བར་མཚུངས་པས་ན། །ཡང་དག་བདེ་བས་འཚོ་བར་ཤོག །རྩ་དང་རླུང་གི་དེ་ཁོ་ནའི་རྣལ་འབྱོར་དྲ་བའི་འཁོར་ལོ་བདུད་རྩི་འོད་ཟེར་བདེ་བ་ཆེན་པོས་ཚིམ་བྱེད་རྣལ་འབྱོར་གྱི་ དབང་ཕྱུག་ཆེན་པོ་རཏྣ་ཤྲི་ཛྙཱ་ནའི་ཞལ་སྔ་ནས་གཏན་ལ་ཕབ་པ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནཱི་ཀཱ་ཡ་ཎི་དྷརྨྨ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་ལུས་མེད་པའི་ཆོས་ཞེས་བྱ་ བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ་ཕཊ་རྔམ་པའི་སྒྲ་སྒྲོགས་ཤིང་། མཁའ་འགྲོ་ཟ་བྱེད་མུན་པའི་ནང་ན་ཟླ་ཤར་ལྟ་བུར་རབ་ཏུ་འབར། །ཧཱུཾ་ཧཱུཾ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའི་ཚོགས་རྣམས་སྐྲག་མཛད་པ། །གསང་ སྔགས་གསང་མཛོད་མངའ་བདག་བདེ་ཆེན་རྒྱལ་མོའི་སྐུ་ལ་འདུད། །ཨེ་མ་ཧོ། །པདྨ་རིན་ཆེན་ཆུ་བོའི་གཞུང་། །སེང་གེ་གླང་ཆེན་རི་དགས་ལྟར། །ཉི་མ་མེ་དང་ཤེལ་དང་མཚུངས། །ཨེ་མ་ཧོ། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། །རང་བཞིན་ཆོས་དབྱིངས་རྣམ་དག་དབྱེར་མེད་བདེ་བ་ ཆེན་པོའི་ཀློང་། །དག་པའི་གཞལ་ཡས་ཆོས་ཀྱི་འབྱུང་གནས་རྡོ་རྗེའི་བཙུན་མོ་སྟེ། ཤ་ཟ་སྨྱོན་པ་བུ་ཆུང་བཞིན། །སྤྲིན་དང་ནམ་མཁའ་གློག་བཞིན་དུ། །ཅེ་སྤྱང་རོ་ལངས་ས་ར་ས། །ཨེ་མ་ཧོ། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོང་། །རྒྱལ་བ་རྣམས་ཀྱི་རྟག་ཏུ་མཉམ་གཞག་འོད་ གསལ་ཆེན་པོའི་ངང་། །དུས་གསུམ་དག་ཏུ་རྒྱུན་མི་འཆད་པས་སངས་རྒྱས་སྐུ་གསུམ་དེ་རང་བཞིན། །བདག་གཞན་དབྱེར་མེད་ངོ་བོ་ཉིད་དཔལ་ལྷུན་གྲུབ་དབྱེར་མེད་སྤྲོས་དང་བྲལ། །ཨེ་མ་ཧོ། །ས་མ་ཡ། ཨེ་མ་ཧོ། །གཅེར་བུ་གླིང་པ་རྒྱལ་པོ་བླངས། །བློན་པོ་སྣ་བསྒྱུར་རྟ་མཆོག་སྟེ། ། བྲན་དང་ལམ་ཆེན་བཙུན་མོའོ། །སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། །ས་མ་ཡ། དམ་པ་བདེ་ཆེན་མགོན་པོ་སྐྱེ་མེད་རང་བྱུང་སངས་རྒྱས་ཡིན། །ཨེ་མ་ཧོ། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །ཕྱི་ནང་གསང་བ་མཐར་ཐུག་པས། །དབང་གིས་རྣམ་པར་རྟོག་ པའི་རྒྱ། །མདུད་པ་སེམས་ཉིད་རང་གྲོལ་དུ། །རྟོག་པའི་དྲ་བ་བཤིག་པ་ཡིན། །རང་བཞིན་མེད་པའི་ངང་ལ་གཞག་པར་བྱ། །དམ་ཚིག་རང་སེམས་མེ་ལོང་ལྟས། །ཨ་ཧཾ་སྲོག་རྩ་བ་སཾ་ཏ། །སེམས་ཉིད་རང་གསལ་མེ་ལོང་ལ། །དབང་གི་འབྲས་བུར་མཐར་ཕྱིན་པས། །ལོག་ རྟོག་འཁོར་བའི་དྲི་མ་ཕྱིས། །གདོད་ནས་དག་པ་ཀུན་གཞིའི་རྒྱུད། །མི་མེད་རིག་ལ་དག་པ་ལ། །སྣང་མེད་རིག་ཙམ་རྒྱུན་དུ་ལྟོས། །དམ་རྫས་རྟོགས་པའི་ཉི་མ་ནི། །བདེ་ཆེན་རང་སེམས་སྤྲོས་དང་བྲལ། །རྩ་རླུང་བྱང་སེམས་མི་འགྱུར་བའི། །གཉིས་མེད་རྡོ་རྗེ་གང་གིས་རྟོགས། ། དེ་ནི་རྫས་ཀྱི་དམ་པ་མཆོག །ཕྱི་ལྟར་སྣང་བ་སྣ་ཚོགས་པ། །རྟོག་པའི་ཉི་མ་གཅིག་ལ་འདེ། །དེ་ལ་གསལ་འགྲིབ་མེད་པ་ཡིན། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །གང་དང་གང་སྣང་དེ་དག་ལ། །སྤྱོད་དུ་མེད་པའི་ངང་ཉིད་ལས། །སྤྱད་པར་གྱིས་ཤིག་རྣལ་འབྱོར་པ། །ཆུ་ལ་རལ་གྲིས་ གང་བཏབ་པ། །རྗེས་མེད་དག་ཏུ་འགྲོ་བ་བཞིན། །ཉམ་ང་མེད་པའི་རལ་གྲི་ཡིས། །སྦས་དང་བརྟུལ་ཞུགས་བྷུ་སུ་ཀུ། །མཉམ་རྗེས་མེད་པར་སྤྱོད་པ་བྱ། །རིག་པ་སེམས་ཀྱི་སྤྱོད་པ་གྱིས། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟོས། །རང་སེམས་གཉིས་མེད་ཕྱག་རྒྱ་ཆེ། །རང་གྲོལ་སེམས་ ཀྱི་ངང་དུ་གྲོལ། །ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་རྒྱ་དང་བྲལ། །ཆེན་པོ་ཟུང་དུ་འཇུག་པ་ཡིན། །ངོ་བོ་རང་བཞིན་མཚན་ཉིད་དེ། །བདེ་ཆེན་དྲི་མེད་ངང་དུ་ལྟོས། །ཨེ་མ་ཧོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ནམ་མཁའ་སྟོང་པའི་ངང་ལས་ནི། །བརྡ་སྐད་ བྲག་ཅ་ཇི་བཞིན་དུ། །སྟོང་པའི་ངང་ལས་སྙིང་རྗེའི་སྒྲ། །དབྱེར་མེད་བདེ་ཆེན་ངང་དུ་རྫོགས། །སྐལ་ལྡན་བློ་ཡི་པདྨོ་དེ། །ཡེ་ཤེས་ཉི་མ་ཤར་བ་ཡིས། །རང་གྲོལ་ཤུགས་འབྱུང་ཁ་ཟུམ་འབྱེད། །བློ་ལྡན་དྲི་མེད་གཟི་བརྗིད་ཁྱོད། །པུ་ལ་ཧ་རིའི་དགོན་པ་རུ། །བྷོ་ཊའི་མ་རིག་མུན་ སེལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །རྗེ་ཏེ་ལོ་ཆེན་པོས་ན་རོ་པ་ལ་གསུངས་པའོ།། །།དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །རྩ་རླུང་དྲ་བའི་འཁོར་ལོ་བསྐོར། །རྩ་ནི་ལུས་ལ་གནས་པ་སྟེ། །ཨ་བ་དྷཱུ་ཏཱི་ལ་ལ་ནཱ། །ར་ས་ནཱ་སྟེ་དབྱེ་བ་ཡང་། །འཁོར་ལོ་བཞི་རུ་ གནས་པའོ། །དྲ་བ་ཞེས་བྱ་བ་འབྲེལ་ཏེ། །རླུང་ནི་ལས་ཀུན་བྱེད་པ་ཅན། །ལྔ་ཡི་བདག་ཉིད་བཅུ་མིང་སྟེ། །རླུང་སེམས་གཉིས་སུ་མེད་པར་ནི། །མི་རྟོག་འཁོར་ལོ་བསྐོར་བར་བྱ། །རིག་པ་ཡེ་ཤེས་སྒྲོན་མེ་སྒོམ། །རིག་པ་སེམས་ཀྱི་རྒྱལ་པོ་སྟེ། །ལྷུན་གྲུབ་ངང་དུ་ཡེ་ཤེས་ཀྱི། །སྒྲོན་མེ་ གཉིས་སུ་མེད་པར་འབར། །མ་རིག་པ་ཡི་མུན་བསལ་ནས། །ཡེ་ཤེས་དྲི་བྲལ་སྣང་བས་ཁྱབ། །རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །འབྱུང་བ་བཞི་པོ་རོ་སྙོམས་དང་། །ཤེས་པ་ཏིང་འཛིན་རོ་སྙོམས་ཏེ། །ཉམས་ནི་བདེ་གསལ་རྣམ་པ་བཞི། །སྐྱེ་བ་མེད་པའི་མེ་ལོང་ལ། །དྲན་པའི་ རྡུལ་གྱིས་བཀབ་པ་དེ། །དྲན་མེད་རིག་པའི་ཉམས་ཀྱིས་ཕྱེ། །སེམས་ཀྱི་མེ་ལོང་དག་པ་ལ། །སྣང་བ་གཉིས་མེད་ལྟ་བ་ལ། །རྣམ་རྟོག་ཤུགས་བྱུང་དྲི་མ་ཕྱིས། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །བདེ་བ་རང་རིག་གསལ་བ་སྟེ། །ཆེན་པོ་བླ་མ་དམ་པའི་གསུང་། །ཟག་ བཅས་ལུས་ཀྱི་བདེ་བ་ལས། །ཟག་མེད་རོ་མཉམ་དབྱེར་མེད་པ། །གསང་བ་མཆོག་གི་དབྱེར་མེད་པ། །བདུད་རྩི་ཞལ་རྙེད་སྙིང་པོ་འདི། །རིན་ཆེན་ལྟ་བུར་རང་གཞན་དོན། །འབྱུང་བས་སྐལ་ལྡན་དམ་པས་ཆོངས། །རྣལ་འབྱོར་དབང་ཕྱུག་ཏེ་ལོ་ཆེན་པོ་ཡིས། །རྒྱན་གྱི་རི་ ཞེས་གྲགས་པར་བདག་ལ་གནང་། །གསང་སྔགས་སྙིང་པོ་ལུས་མེད་རྡོ་རྗེའི་ཚིག །ཟབ་མོའི་མན་ངག་ནཱ་རོས་བདག་ལ་གནང་། །ལྔ་བརྒྱའི་ཐ་མར་གྱུར་ཏེ་ས་སྟེང་དུ། །སྣོད་ལྡན་རྣམས་ཀྱི་བློ་ཡི་པདྨོ་དེ། །ཁ་བ་ཅན་ལྗོངས་ཁྱེད་ཀྱི་སློབ་མ་ཡིས། །འདུལ་བར་གྱུར་ཞེས་བླ་ མའི་གསུང་ལས་ཐོབ། །འགྲོ་རྣམས་བདེ་མཆོག་འབྲས་བུ་རྒྱས་གྱུར་ཅིག །དཔལ་རྡོ་རྗེ་མཁའ་འགྲོ་ལུས་མེད་པའི་ཆོས་ཞེས་བྱ་བ་རྫོགས་སོ།། །།དཔལ་རྡོ་རྗེ་མཁའ་འགྲོ་མ་ལྟ་སྒོམ་སྤྱོད་གསུམ་གྱི་བརྡ་བསྟན་ཏེ། པདྨ་སེང་གེ་གླང་ཆེན་གསུམ་སྤྱོད་པའི་བརྡ་རི་དགས་ཤེལ་དང་ ཉི་མ་གསུམ་སྒོམ་པའི་བརྡ་ཆུ་བོ་མེ་དང་རིན་ཆེན་གསུམ་ལྟ་བའི་བརྡའོ། །རྡོ་རྗེ་མཁའ་འགྲོ་མས་རོ་སྙོམས་རྣམ་པ་གསུམ་བསྟན་པ། ཤ་ཟ་སྨྱོན་པ་ཅེ་སྤྱང་གསུམ་ལུས་ཀྱི་རོ་སྙོམས་རོ་ལངས་ས་ར་ས་བུ་ཆུང་གསུམ་བརྟུལ་ཞུགས་ཀྱི་རོ་སྙོམས་ནམ་མཁའ་སྤྲིན་དང་ གློག་གསུམ་ཏིང་ངེ་འཛིན་གྱི་རོ་སྙོམས་སོ། །རྡོ་རྗེ་མཁའ་འགྲོ་མ་ཐབས་དང་ཤེས་རབ་གཉིས་མེད་ཟུང་འཇུག་གསུམ་གྱི་བརྡའོ། །བཙུན་མོ་བྲན་དང་རྟ་མཆོག་གསུམ་ཤེས་རབ་ཀྱི་བརྡའོ། །གཅེར་བུ་གླིང་པ་ལམ་ཆེན་གསུམ་ཐབས་ཤེས་རབ་ཟུང་འཇུག་པའི་བརྡའོ། །སྐུ་གསུང་ཐུགས་ཀྱི་ བརྡའོ། །འབྲས་བུ་མཐར་ཕྱིན་པ་ལ་རང་བཞིན་ཆོས་ཉིད་ཀློང་དུ་གནས་པ། སྣང་བ་དག་པར་འཆར་བ། འོད་གསལ་དུ་སོང་བ། སྐུ་གསུམ་ལྷུན་གྱིས་གྲུབ་པ། ངོ་བོ་སྤྲོས་པ་དང་བྲལ་བ། སྐྱེ་མེད་ཡིན་པས་བཙལ་དུ་མེད་པའོ། །རྡོ་རྗེའི་ཚིག་རྐང་ཡིན་ནོ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སམྦ་ར་ཨུ་པ་དེ་ཤ་མུ་ཁ་ཀརྞྞ་པ་ར་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། དཔལ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་དགོས་འབྱུང་བླ་མ་ དམ་པའི་ཞབས་པད་ཟེ་འབྲུ་དྲི་མེད་འོད་ཟེར་ལ་ཕྱག་འཚལ། །གསང་སྔགས་མཐར་ཐུག་སྙིང་པོའི་བཅུད་བྱུང་ཡིད་བཞིན་ནོར་བུ་མཁའ་འགྲོའི་གསུང་བཞིན་རྟོགས་པས་འདིར་གསལ་བཀོད། །བདེ་གཤེགས་ཐུགས་ལ་སྣང་བ་དྲི་མེད་པཉྩ་པ་ནས་རྟོགས་པ་ཀི་རི་ལི་རུ་གསང་བདག་མཉེས། ། སྤྱོད་པས་ཟིལ་མནན་ལུས་ཀྱི་བཀོད་པས་རྣལ་འབྱོར་རྗེས་བཟུང་མཛད་པ་མཐའ་ཡས་འགྲོ་རྣམས་སྟོང་པར་བྱས། །བསླབ་པ་གསུམ་དང་རྒྱུད་པར་ལྡན་པ་ཉམས་སུ་མྱོང་བས་འཇུག་ཚུལ་ཤེས་པས་བླ་མ་དམ་པར་ཤེས། །པཎྜི་པ་དང་རིགས་ཆད་བྲལ་ལྟར་རུས་སྦལ་སྤུ་སྟེ་མོ་གཤམ་བུ་ལྟར་ སློབ་མ་སྐྱོན་ལྔ་བྲལ། །མཆོག་གི་དོན་འདོད་གང་གིས་དེ་བསྟན་ཐོག་མར་དབང་བཞིས་རྒྱུད་སྨིན་ཐབས་དང་ཤེས་རབ་འབྲེལ་བ་ཉིད། །འདི་དོན་རིམ་པར་བརྒྱུད་པ་རྣ་བར་འཕོ་བྱེད་དེ་ཚེ་སངས་རྒྱས་བསྟན་གནས་གུས་པར་མཉན་པར་གྱིས། །ས་ཡི་ཆོ་ག་ལྷག་པར་གནས་པ་རིག་བྱེད་སློབ་དཔོན་ རིག་སྦྱོར་སོགས་ཀྱིས་བུམ་པའི་དབང་བསྐུར་བྱ། །བསླབ་པས་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་ལ་བླ་མས་གསལ་སྟོང་ལ་སོགས་བསྐུར། །ཉེར་ལྔ་ལྷག་སྤངས་རིགས་ལྡན་རྒྱན་སྤྲས་ཟག་བཅས་བསྐུལ་སོགས་གསུམ་པ་བྱིན་ནས་བརྟུལ་ཞུགས་བརྟན་པར་བྱ། ། དགའ་བ་གསུམ་སོན་ལྷན་ཅིག་སྐྱེས་པ་རྙོག་པ་དང་བྲལ་ཡུལ་དུ་བྱས་སོགས་འབྲས་བུར་ཤེས་པར་གྱིས། །དབང་བཞི་དང་འབྲེལ་བརྡ་ཡིས་མཚོན་པ་ཤེས་རབ་བདག་ཉིད་སིནྡྷུ་ར་ལ་མཉེས་སོགས་སྟོན་མོས་བརྒྱན། །སློབ་དཔོན་བཞི་ལ་དབང་བཞི་དུས་བཞི་བྱེད་པ་བཅུ་གཉིས་ཆོས་ཉིད་ དབང་ལ་མཚོན་དུ་མེད་པར་བྱོས། །དབང་གིས་སྨིན་ནས་རིམ་པ་གཉིས་ཤེས་རྣལ་འབྱོར་དབང་ཕྱུག་ཟུང་འཇུག་རྒྱལ་བའི་སྐུ་བསྒྲུབ་ཕྱིར། །དབང་པོའི་རིམ་པས་དབྱེ་དང་བསྡུ་བའི་རིམ་པ་ཤེས་ནས་འདུ་འཛི་མེད་པས་རྒྱུན་དུ་འབད་པས་སྤྱད། །ཚངས་པའི་གནས་བཞི་གསོལ་དང་ཁམས་ སོགས་བསླབ་པ་འཁོར་ལོ་ཚོགས་བརྟེན་རྒྱུ་འབྲས་ཉིད་དང་ཕྲ་མོར་བརྗོད། །གོ་ཆ་ཡེ་ཤེས་རྒྱས་གདབ་སྐུ་གསུང་མཆོད་དང་བཟླས་པ་རྫོགས་རིམ་ཕྲིན་ལས་ཕྱོགས་དང་ཐུབ་པ་ཉིད། །བསྡུས་པའི་སྦྱོར་བ་ཚད་མེད་བཞི་ལྡན་རྫུས་ཏེ་སྐྱེས་པ་སྐད་ཅིག་རྣལ་འབྱོར་བཟླས་པས་བཅས་པ་ཉིད། ། བརྟན་གཡོའི་དངོས་པོ་ལྷན་ཅིག་སྐྱེས་པ་སྣང་སེམས་དབྱེར་མེད་རྣོན་པོའི་སྤྱོད་ཡུལ་ཟུང་འཇུག་རྡོ་རྗེའི་སྐུ། །ཀུན་ལ་ཁྱབ་པ་ངོ་བོ་ཉིད་སྟོན་གསལ་རིག་མཚན་ཉིད་ཐུབ་པའི་དབང་པོ་བདེ་གཤེགས་ཀུན་གྱི་གཙོ། །གསུམ་གསལ་བདག་གིས་མངོན་སུམ་ཉིད་དུ་ལེགས་པར་རྟོགས་ནས་སྒོམ་ དང་བཟླས་པ་གསལ་པོར་རབ་ཏུ་ཕྱེ། །ཆོས་དབྱིངས་སྐྱེ་མེད་རྒྱལ་བའི་ཡུམ་གཅིག་རྒྱན་དང་ཕྱོགས་དང་རྒྱལ་བ་ཉིད་དེ་ནམ་མཁའི་རི་མོར་བལྟ། །བརྟན་དང་གཡོ་བ་རྟེན་དང་བརྟེན་པ་ལྷ་ཡི་རང་བཞིན་རང་ལ་བཅུག་ནས་སྣ་ཡི་རྩེ་མོར་རྡོ་རྗེ་བཟླས། །གཏོར་མ་བྱིན་ནས་དབང་པོ་འབྲིང་པོས་ འོད་གསལ་བསྒོམས་ཏེ་དབང་སོགས་ལམ་དང་དམ་ཚིག་འབྲས་བུར་བསྲེ། །བདག་འཇུག་དབང་དང་བླ་མ་མཆོད་བྱེད་ཉམས་ཆགས་བསྐང་ཕྱིར་རྡོ་རྗེ་སེམས་དཔའ་བརྟན་པའི་ཆོ་ག་བཟླས། །རྒྱལ་པོ་བློན་པོ་དམངས་ཀྱི་བྱེད་པས་མཚམས་ཀྱི་ཀུན་སྤྱོད་ཟ་ཉལ་འགྲོ་དང་ཁྲུས་སོགས་རྣལ་ འབྱོར་བྱ། །རྣམ་རྟོག་དང་བྲལ་ཟླ་བ་དྲུག་ཏུ་ངེས་པར་བསམས་ན་གྲུབ་པའི་མཚན་མ་མཐོང་ནས་རོལ་པར་གནས། །ཐུབ་པའི་བསྟན་པ་རྒྱས་མཛད་དངོས་གྲུབ་མཐར་འབྱིན་ཟབ་དང་རྒྱ་ཆེ་གཉིས་མེད་དམ་ཚིག་ཀུན་གྱི་གཞི། །བག་ཡོད་བསྒོམ་ཞིང་བརྟེན་དང་ གསང་བ་མི་གསལ་མི་འབྲལ་བཟའ་བསྲུང་མཆོག་གྱུར་ཐུབ་པས་རབ་ཏུ་གསུངས། །བསླབ་པ་གསུམ་དང་རྒྱུ་འབྲས་ཞེན་མེད་དབང་སོགས་འབྲས་བུ་རྒྱུད་གཞན་ལས་གསུངས་རང་སེམས་དྲན་པས་བསྲུང་། །སྐུ་གསུམ་ལ་བརྟེན་ཏིང་འཛིན་གསུམ་གྱིས་རྒྱ་ཆེར་རབ་གསལ་གཞི་ལམ་ འབྲས་བུས་ལྟ་བ་མཚོན་པར་གྱིས། །རྣལ་འབྱོར་སྲོག་རྩོལ་སངས་རྒྱས་ལྔ་བདག་གཡོན་དང་གཡས་སུ་རིམ་པ་ཇི་བཞིན་རྒྱུ་མ་ངེས་པ་སྟེ། །མཉམ་པར་གཞག་པས་འཇུག་པའི་རླུང་ཉིད་བུམ་པ་ཅན་དུ་བྱས་ནས་བརྟན་པའི་གོ་འཕང་སོ་སོར་ཐོབ། །རླུང་གི་སྦྱོར་བ་དེ་ཉིད་ལས་དང་མི་ ཤེས་ལས་དང་ལས་མིན་འགྲུབ་རིག་པས་ནི་འབྲས་བུ་སྟེར། །བསྡམས་པ་ཆེ་དང་བཟླས་པའི་རིམ་པ་གོམས་པས་དགེ་དང་མི་དགེ་འཆི་བཟློག་རླུང་རིག་པས་ནི་ཤེས། །དབྱེ་དང་ཕྱེད་ལས་ཆོས་མཚུངས་རྒྱུན་མཚན་བསྡམ་པའི་སྦྱོར་བའི་བསྐྱེད་རིམ་གོམས་པས་མཐུན་པའི་རྐྱེན་དང་ལྡན། ། གསང་སྤྱོད་ལ་གནས་སྡུག་བསྔལ་བཟོད་པ་ལུས་གནད་གསུམ་ལྡན་དམིགས་པ་བཞི་ལ་སྦྱོར་བའི་སྐྱོན་བསལ་ཏེ། །སྟེང་འོག་བར་དང་འབུགས་པའི་སྦྱོར་བ་ལི་ཁྲིའི་ཚུལ་དུ་སྒོ་གསུམ་སྦྱོང་བར་བྱ་ཕྱིར་ངེས་པར་རོལ། །རྡོ་རྗེའི་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང་སངས་རྒྱས་ལྔ་ ལ་ཁ་དོག་སོ་སོར་བསླབ་པར་བྱ། །འབྱུང་བ་ལྔ་ཡི་རླུང་ཟིན་པས་ནི་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་སྤྲིན་མེད་ནམ་མཁའ་འབྱུང་། །བརྟན་པའི་རྟགས་སུ་ཟླ་ཟེར་ཉི་ཟེར་གློག་གི་ཟེར་དང་འཇའ་ཚོན་ཉི་ཟླ་བསྲེས་པ་དངོས་སུ་མཐོང་། །སྤྱོད་ལམ་དང་ནི་སྦྱོར་བ་མཁས་པས་དུག་སོགས་གཞོམ་ དང་འཆི་བ་བརྟག་པར་སྣ་ཚོགས་བསྒྱུར། །རྩ་དང་རླུང་དང་ཐིག་ལེ་འདྲེས་པས་བདེ་གསལ་མི་རྟོག་རྒྱུན་མི་འཆད་པའི་རྒྱལ་པོར་འགྱུར་རོ་ཀྱེ། །རིམ་པ་འདི་ཉིད་འཕེལ་བར་བྱ་ཕྱིར་སྣང་དམིགས་དངོས་པོ་སྒྱུ་མར་བསམས་ལ་དབེན་པའི་གནས་སུ་ནི། །རྡོ་རྗེ་སེམས་དཔའ་མཚན་ དཔེས་སྤྲས་པའི་གཟུགས་བརྙན་ལ་ནི་རབ་ཏུ་དམིགས་ལ་དངོས་པོ་ཆུ་ཟླ་ལྟར། །བཅུ་གཉིས་སྒྱུ་མའི་དཔེ་ཡིས་མཚོན་ཏེ་མཉམ་རྗེས་ལ་ནི་ཆོས་བརྒྱད་ལས་འདས་མཁའ་བཞིན་སྙོམས་པར་འགྱུར། །དེ་ལྟར་ཤེས་པས་མི་བྱ་བ་མེད་སྔགས་ཟློས་སྲུང་སོགས་མི་དགོས་དགེ་སློང་སོགས་ ལ་ཕྱག་མི་བྱ། །འདི་དང་མཚན་དུས་བསྲེ་ཞིང་སྦྱང་དང་གོམས་པས་གྱེན་དུ་འཕངས་ཏེ་བདེ་གཤེགས་བལྟས་ལ་ཆོས་སོགས་མཉན། །རྨི་ལམ་མེད་དུས་གནད་དང་ལྡན་པས་འདོད་ཆགས་ལ་སོགས་བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །རྒྱུན་ཆད་མེད་པའི་འོད་གསལ་ཆེན་པོས་ ས་བཅུར་གྱུར་པ་ལམ་བགྲོད་ན་ནི་རྣམ་ཤེས་གོང་དུ་འཕོ། །སྣ་ཚོགས་དོན་ཆེན་མཐོང་ནས་ཤེས་པ་སྤོ་སྟེ་རིམ་པ་གཉིས་ལྡན་འཇུག་ཕྱིར་གཞན་གྱིས་མི་འགྱུར་རོ། །ཆགས་དང་ཆགས་བྲལ་འདི་མ་ཤེས་པར་གཞན་ནི་དོན་མེད་དུས་གསུམ་སངས་རྒྱས་བགྲོད་པ་གཅིག་པའི་ལམ། ། རི་བོར་བརྒྱུག་དང་ཟླ་བ་ཆུ་འཛིན་དུས་དང་འབྲེལ་པ་བསླབ་བཅས་སངས་རྒྱས་དགོངས་པ་མི་ཤེས་ཕྱིར། །སྒོ་གསུམ་གནད་ཀྱིས་སྦྱང་བ་བྱ་ཞིང་ངལ་ན་སྣ་རྩེར་བལྟས་ལ་ངེས་ཤེས་སྐྱེས་ནས་ཆེན་པོར་བལྟ། །དང་པོའི་ལས་ཀྱིས་ཡིད་འོང་ལ་བརྟེན་གོམས་པས་སྔགས་ལས་ཞིང་དང་ལྷན་ ཅིག་སྐྱེས་སོགས་རྩ་བསྙེན་བྱ། །ཅིག་ཅར་མགོན་པོ་བསྒོམས་ནས་མཐའ་གནས་རྡོ་རྗེའི་བཟླས་པ་རྩ་ལ་མཁས་པས་པདྨའི་སྐྱོན་བཞི་བསལ། །བདེ་བའི་ལམ་དྲང་ཡེ་ཤེས་མཚོན་པ་མར་མེ་འདུ་བ་རྒྱུ་འབྲས་ཤེས་ནས་ཤེས་བྱའི་དཀྱིལ་འཁོར་བལྟ། །ཐུར་སེལ་བཅུད་ནས་གླང་ ཆེན་སེང་གེ་རྨ་བྱ་འདྲེན་དང་བྱ་རྒོད་སྟག་མོ་སྣང་དམིགས་བདེ་བར་འཆར། །སྦྱོར་བ་དངས་མ་རླུང་དང་མཉམ་ཞིང་རིག་མས་བདེ་བ་ལུས་ལ་སྤྲོས་ནས་རྩ་མདུད་དགྲོལ་བར་བྱ། །བདེ་བ་ཉམས་སྐྱེས་ཚོགས་དྲུག་ཀུན་ལ་རོ་མཉམ་ལུགས་ལས་འབྱུང་དང་བཟློག་པས་དགའ་བཞི་མཚོན་པར་ བྱ། །དགའ་བ་གསུམ་དང་དཔེ་དོན་བསྲེས་ནས་རྒྱུ་ཚོགས་གཟུང་འཛིན་ཆོས་ཉིད་གོམས་ནས་རྩོལ་མེད་འབྲས་བུ་འཆར། །ཡེ་ཤེས་གསལ་བྱེད་དབང་གི་འབྲས་བུ་རྡོ་རྗེ་ལུས་ལ་འཁོར་ལོ་མདུད་པ་སྤྱི་བོར་གྲོལ་བའི་གནས། །སྒོ་དགུ་འགགས་ནས་སྒོ་བཞི་ཐིམ་པ་ཉིད་ཀྱིས་རྣམ་གྲོལ་ ཡེ་ཤེས་ལུས་ཅན་སྒྲ་བརྙན་ལྟ་བུ་བྲལ། །མིག་སོགས་སྟོང་དང་བདུད་བཞི་གྲོལ་བ་ཆོས་ཉིད་ལ་མཁས་གསུམ་པ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད། །གཞི་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་དངོས་པོ་རོ་མཉམ་ཡི་གེ་བཞི་དོན་འབྲས་བུ་མངོན་དུ་འགྱུར། །མཐར་ མ་སྐྱོལ་ན་ཉེ་བར་སྤྱོད་པ་ལུས་ལྡན་གཞི་དང་ངེས་ཤེས་རྟགས་ཏེ་ངོ་སྤྲོད་ཤེས་པར་བྱ། །སྐྱེ་ཤིའི་བར་དོ་ཤེས་པ་སྔ་ཕྱི་གཉིས་དུས་དྲན་མཚམས་འཆི་བའི་དུས་དྲན་ཕྲ་རགས་ཐིམ་ནས་ནི། །འོད་གསལ་ཆེན་པོ་དེ་མ་རྟོགས་ན་བླ་མ་སོགས་ཀྱི་སྐྱེལ་བསུས་ཉིང་མཚམས་རླུང་གསུམ་ བཅིངས་པའི་ཕྱིར། །ཡོན་ཏན་རྫོགས་པ་བར་དོ་ལོངས་སྐུ་ཡོན་ཏན་བདུན་ལྡན་དེ་མ་བརྟན་ན་དུག་གསུམ་ལས་གྱུར་པའི། །རྟོག་པར་བཅས་ལ་དབང་དུས་ཉམས་དང་ལྷ་སོགས་སྒྱུ་མ་ཟུང་དུ་འཇུག་པ་སློབ་དང་མི་སློབ་པ། །བདུན་ཕྲག་རེ་ལ་བརྒྱལ་བར་འགྱུར་བ་དེ་མ་ཁེགས་ན་སྐྱེ་བ་སྣ་ ཚོགས་སྤྲུལ་སྐུས་ཉིང་མཚམས་སྦྱར། །བར་དོ་གསུམ་ལ་འདོད་ཆགས་ལ་སོགས་དུས་གསུམ་ཤེས་པ་ཟག་མེད་འོད་གསལ་སྒྱུ་མར་བསྲེས་ལ་བསྒོམ། །འདི་དོན་རིམ་པས་འཁོར་བ་དང་ནི་མྱ་ངན་འདས་རྒྱལ་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འགྱུར། །དབང་དང་དམ་ཚིག་ འབྲེལ་བར་ཤེས་པ་གདོད་ནས་དག་པ་རྐྱེན་གྱི་བསྐུར་ཚུལ་ཉམས་སུ་བླངས་དང་རྟོགས། །བུམ་སོགས་དམ་ཚིག་མཉམ་གཞག་རྗེས་སྤྱོད་མི་འབྲལ་བཟའ་བསྲུང་སྤྲོས་བཅས་སྤྲོས་མེད་ཡན་ལག་བཤགས་བྱ་ཉིད། །དབང་དུས་ལྟ་སོགས་མཚོན་པར་བྱ་ལ་བདུད་རིགས་ངོས་གཟུང་ཟིལ་གྱིས་མནན་ ནས་བསྒོམ་དང་རྟགས་སུ་འབྲེལ། །ཐ་མ་འབྲིང་དང་རབ་དང་མཆོག་གྱུར་འཇུག་སྒོ་ཤེས་པས་སྒོམ་ལ་སྦྱར་ཏེ་གང་དང་གང་ལ་སོགས། །མཆོག་གི་དངོས་གྲུབ་ཚེ་འདིར་འདོད་པས་དུས་དང་འབྲེལ་བར་སྤྱོད་པ་བྱས་ནས་གོལ་ས་གཅད་པར་བྱ། །བྱ་སྤྱོད་ལ་སོགས་ཚོགས་སུ་བསྒྱུར་ལ་ ཕྲིན་ལས་བྱེད་པ་རབ་གནས་སྦྱིན་སྲེག་རྣམ་བཞིས་འདོད་དགུར་བསྒྱུར། །འཁོར་ལོ་བཞི་ལ་སྐུ་བཞིར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས་དཔའ་སྒོ་གསུམ་ངོ་སྤྲོད་མཚན་དཔེས་སྤྲས། །རྒྱུད་རྣམས་སྙིང་ཕྱུང་མན་ངག་བཅུད་བསྡུས་ལམ་གྱི་རིམ་པ་བདེ་གཤེགས་ཀུན་ཐུགས་ཡིད་བཞིན་ནོར་བུ་ ཉིད། །མི་མཐུན་ཕྱོགས་ལས་རྒྱལ་བར་བྱ་ཕྱིར་འཇུག་པའི་ཚུལ་དང་ཞུགས་པའི་འབྲས་བུ་གསལ་བའི་ཐབས་ཉིད་དོ། །ལུས་ལ་གོ་གྱོན་ངག་གིས་གཡུལ་སྤྲད་སེམས་ཀྱིས་མཚོན་བསྣུན་སྐུ་གསུམ་ཁྲུས་བཅུད་རླུང་དང་འཁོར་ལོ་བསྐོར། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ནད་ལ་ སྨན་དཔྱད་བར་ཆད་སྲུང་འཁོར་གནད་བྲལ་གགས་བསལ་ཏོ། །ས་ལ་སོགས་པའི་རོ་བཞི་ངོས་གཟུང་འཁོར་ལོ་བཞི་ཡིས་རོ་བཞི་བསྙམས་ལ་ཞི་གནས་ཕྱོགས་ལ་ནི། །ཐབས་དང་ལྡན་པས་པི་ཝང་སྒྲ་སོགས་རྩ་རླུང་ལ་ནི་ཤེས་རབ་སྐུ་གསུམ་མཐུན་སྦྱོར་རྫས་སོགས་ལྔ། །ཟིན་དང་ མ་ཟིན་ལེགས་པར་ཤེས་ནས་ལུས་ཀྱི་གནད་ལ་ཉི་མ་ཟླ་སོགས་བརྫིས་ནས་རྡུལ་སྤྲུགས་བྱེད། །འབྱུང་བཞིའི་རླུང་ལ་ལྟེ་བ་ལ་སོགས་སྟོང་ར་བཅས་ནས་ན་ཚ་བོགས་འདོན་གསལ་འཁྱིམས་ལ་སོགས་བསལ། །བཅུ་པའི་རླུང་ཤེས་ཏིང་འཛིན་རང་གྲོལ་སྨན་པ་ལྟ་བུས་བརྒྱད་པོ་བསལ་ནས་ རྔུལ་ཆུ་ལྟར་སྤྱད་བྱ། །དངས་མ་བསྒྲུབས་ན་སྐྱོན་རྣམས་སེལ་ཕྱིར་བདག་ལྟའི་བུད་ཤིང་བསྲེགས་ནས་འོད་གསལ་ཆོས་སྐུར་བཀྲལ། །འདི་དོན་རིམ་བརྒྱུད་བླ་མ་ལ་བརྟེན་གུས་པས་བླང་ཕྱིར་བྱིན་རླབས་ལམ་ཁྱེར་སྙན་ནས་སྙན་དུ་བརྒྱུད། །མཆོག་གི་བློ་ཅན་བརྩེ་བ་ཆེན་པོས་ ཐེག་གཞན་སྤངས་ལ་སྨིན་དང་གྲོལ་བ་རིམ་པ་གཉིས་ལ་འབད། །སྣོད་བཅུད་ལ་སོགས་གཞལ་ཡས་ཁང་དང་ཕུང་པོ་ཁམས་སོགས་ལྷ་རུ་དག་པས་རྒྱལ་བ་ཐམས་ཅད་བསྡུ། །རྡོ་རྗེ་ལུས་ལ་བདེ་ཆེན་གནས་པ་ཕོ་ཉ་ལ་སོགས་སྤྲོས་དང་སྤྲོས་མེད་འཁོར་ལོ་ཟུང་དུ་འཇུག །རིམ་ པ་འདི་ལ་མོས་པ་བརྟན་པས་སྤྲུལ་པ་མཐོང་ཞིང་སྐྱོན་ཡོན་དང་བཅས་ཆུང་ངུ་ཕྱིར་ཚོགས་པ། །སྐད་ཅིག་བཞི་ཡིས་དགའ་བ་གསུམ་སོན་འབྲིང་པོའི་དྲོད་དེ་ལྷན་ཅིག་སྐྱེས་པ་དྡྷུ་ཏཱིའི་ལམ་ཞུགས་ནས། །འཇིག་རྟེན་ལས་འདས་བརྒྱ་ཕྲག་བདུན་པོ་ཡོན་ཏན་གྱིས་སྤྲས་གནས་དང་ཉེ་གནས་ ཉི་ཤུ་བཞི་སོགས་ལ། །དངས་མ་ཡས་བྱོན་པུལླི་སོགས་ཁྱབ་རྒྱུ་བ་མས་བརྟེན་བདེ་ཆེན་བརྟོལ་ནས་མ་ཆགས་པདྨའི་ས། །རབ་བཀྲམ་ཆེན་པོ་ཕྲག་བདུན་ཡོན་ཏན་ཡེ་ཤེས་གསལ་བྱེད་ཆོས་སྐུའི་བདག་ཉིད་རྡོ་རྗེ་འཛིན་པར་འགྱུར།། །།འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ལ་སོགས་ གཏིང་དཔག་དཀའ་བ་གསལ་པོར་རབ་ཕྱེ་སྙན་བརྒྱུད་མཁའ་འགྲོའི་གསང་། །དྲི་མེད་བསགས་པའི་དགེ་བ་དེས་ནི་ས་གསུམ་གནས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག །ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་རྫོགས་སོ།། །། རྩིབས་ཀྱི་རྒྱ་མདུད་དང་བཅས་པ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུ་ལ་ཧ་རིར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜལ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་ འགྲོ་ལ་ཕྱག་འཚལ་ལོ། །མགོན་པོ་དཔའ་བོ་ཀུན་བདག་ཉིད། །མཁའ་འགྲོ་མ་ཀུན་བདག་ཉིད་དེ། །འཁོར་ལོ་དགའ་བ་བཞི་རུ་གྲགས། །སྐད་ཅིག་བསྙེན་སོགས་ངོ་བོ་ཉིད། །མི་ཕྱེད་ནམ་མཁའ་དང་མཚུངས་པ། །ཞལ་བཞི་གཡས་བརྐྱང་བ་ཡིས་བཞུགས། །ས་དང་ཕ་རོལ་ ཕྱིན་དག་པས། །ཕྱག་དང་ཕྱག་མཚན་འཆང་བའི་མཆོག །དེ་བཞིན་ཤེས་དང་ཤེས་དག་པས། །ཐོད་དང་མགོ་བོ་ཟླ་ཕྱེད་འཆང་། །མི་བསྐྱོད་པ་དང་དྲག་པོའི་འོད། །གར་གྱི་རོ་དགུའི་ཉམས་དང་ལྡན། །སྲེད་དང་ཞེ་སྡང་རྣམ་དག་པས། །འཇིགས་བྱེད་ཨུ་མའི་སྟེང་ན་བཞུགས། ། དཔལ་ལྡན་འཁོར་ལོའི་འདྲེན་པ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཡེ་ཤེས་འཁོར་ལོའི་ལྟེ་བ་ན། །བདེ་བ་ཆེ་ལ་རྣམ་རོལ་པ། །ཡང་དག་ཏིང་འཛིན་རྣམ་དག་པས། །དཔལ་ལྡན་བདེ་མཆོག་ལ་ཕྱག་འཚལ། །མགོན་པོར་ཡང་དག་འཁྱུད་བཞུགས་པ། །ཞལ་གཅིག་ མ་ལ་ཆེར་དམར་བ། །གྲི་གུག་ཐོད་ལྡན་བདེ་རང་བཞིན། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །དེ་མདུན་ཞི་བ་དགའ་བ་དང་། །ལུས་དྲན་ཉེ་བར་གཞག་ངོ་བོ། །སྐུ་མདོག་ནག་མོ་གྲི་ཐོད་མཚན། །རོར་གནས་མཁའ་འགྲོ་མར་ཕྱག་འཚལ། །གཡོན་དུ་རྒྱས་དང་མཆོག་དགའ་དང་། ། ཚོར་བ་དྲན་པ་ཉེར་གཞག་རིམ། །སྐུ་མདོག་ལྗང་མོ་གྲི་ཐོད་མཚན། །རོར་གནས་ལཱ་མ་ལ་ཕྱག་འཚལ། །ནུབ་ཏུ་དགའ་བྲལ་དགའ་བ་དང་། །དབང་དང་སེམས་དྲན་ཉེར་གཞག་བཞུགས། །སྐུ་མདོག་དམར་པོ་གྲི་ཐོད་མཚན། །རོར་གནས་དུམ་སྐྱེས་མར་ཕྱག་འཚལ། །གཡས་སུ་ འགུགས་དང་ལྷན་ཅིག་སྐྱེས། །ཆོས་དྲན་ཉེ་བར་གཞག་པས་བཞུགས། །སྐུ་མདོག་སེར་མོ་གྲི་ཐོད་འཆང་། །རོར་གནས་གཟུགས་ཅན་ལ་ཕྱག་འཚལ། །ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །བཅོམ་ལྡན་འདས་ཀྱི་ཞལ་དང་མཚུངས། ། མཁའ་འགྲོ་མ་སོགས་བདག་ཕྱག་འཚལ། །པུལླི་འདུན་དང་མགོ་བོ་དང་། །སོ་དང་སེན་མོ་རྣམ་དག་པས། །ཐུགས་ཀྱི་འཁོར་ལོར་ཐོད་དུམ་དང་། །རབ་གཏུམ་ནག་མོ་ལ་ཕྱག་འཚལ། །ཛཱ་ལནྡྷ་ར་བརྩོན་འགྲུས་སྤྱི། །སྐྲ་དང་སྤུ་ནི་རྣམ་དག་པས། །ཀེང་རུས་ཀྱིས་འཁྱུད་ སྐུ་མདོག་སྔོ། །གཏུམ་མིག་མ་ལ་ཕྱག་འཚལ་ལོ། །ཨུ་རྒྱན་དང་ནི་དཔྱོད་པ་དང་། །རྣ་བ་གཡས་དང་པགས་པ་དྲི། །ཀེང་རུས་ཆེན་པོ་དང་ལྷན་ཅིག །འོད་ལྡན་མ་ལ་ཕྱག་འཚལ་ལོ། །ཨར་བུ་དཱ་དང་སེམས་ལྟག་པ། །ཤ་ཡི་ཁམས་ནི་རྣམ་དག་པས། །མཆེ་བ་རྣམ་པར་ གཙིགས་སྦྱོར་བའི། །སྣ་ཆེན་མ་ལ་ཕྱག་འཚལ་ལོ། །གོ་དཱ་བ་རི་རྣ་གཡོན་དང་། །རྩ་རྒྱུས་དང་དབང་བདག་ཉིད་དེ། །ལྷ་དགྲ་དང་བཅས་མཁའ་འགྲོ་མ། །དཔའ་བོའི་བློ་མ་ལ་ཕྱག་འཚལ། །རཱ་མེ་ཤྭ་ར་རུས་པ་དང་། །སྨིན་དབུས་བརྩོན་འགྲུས་དབང་པོ་དག །འོད་དཔག་མེད་ ལ་ཡང་དག་འཁྱུད། །ལྷ་མོ་མིའུ་ཐུང་ལ་ཕྱག་འཚལ། །དེ་བཱི་ཀོ་ཊི་མཆིན་པ་དང་། །མིག་དང་དྲན་པ་རྣམ་དག་པ། །རྡོ་རྗེའི་འོད་ཀྱིས་ཡང་དག་འཁྱུད། །ལང་ཀའི་དབང་ཕྱུག་མར་ཕྱག་འཚལ། །མཱ་ལ་བ་དང་ཕྲག་པ་སྙིང་། །ཏིང་འཛིན་དབང་པོ་རྣམ་དག་པ། །ལྷ་མོ་རྡོ་རྗེའི་ སྐུར་སྦྱོར་བ། །ཤིང་གྲིབ་མ་ལ་བདག་ཕྱག་འཚལ། །ཀཱ་མ་རཱུ་དང་མཆན་ཁུང་དང་། །མིག་དང་ཤེས་རབ་དབང་བདག་ཉིད། །གསུང་འཁོར་དམར་པོར་མྱུ་གུ་ཅན། །ས་སྲུང་མ་ལ་ཕྱག་འཚལ་ལོ། །ཨོ་ཊེ་ནུ་གཉིས་མཁྲིས་པ་དང་། །དད་པའི་སྟོབས་ནི་རྣམ་དག་པ། །རྡོ་རྗེ་ རལ་པ་ཅན་གྱིས་འཁྱུད། །འཇིགས་བྱེད་ཆེན་མོ་ལ་ཕྱག་འཚལ། །ཏྲི་ཤ་ཀུ་ནེ་ལྟེ་བའི་གནས། །གློ་བ་བརྩོན་འགྲུས་རྣམ་དག་པ། །དཔའ་བོ་ཆེན་པོས་ཡང་དག་འཁྱུད། །རླུང་ཤུགས་མ་ལ་ཕྱག་འཚལ་ལོ། །ཀོ་ས་ལ་དང་སྣ་རྩེ་དང་། །དྲན་དང་རྒྱུ་མ་རྣམ་དག་པ། །རྡོ་རྗེ་ཧཱུཾ་མཛད་ ཀྱིས་འཁྱུད་པ། །ཆང་འཐུང་མ་ལ་ཕྱག་འཚལ་ལོ། །ཀ་ལིང་ག་དང་ཁའི་ཕྱོགས་དང་། །གཉེ་མ་དང་ནི་ཏིང་འཛིན་སྟོབས། །རབ་ཏུ་བཟང་དང་སྙོམས་འཇུག་པ། །སྔོ་བསངས་ལྷ་མོ་ལ་ཕྱག་འཚལ། །ལམ་བཱ་ཀ་དང་མགྲིན་གནས་དང་། །གྲོད་པ་དང་ནི་ཤེས་ རབ་སྟོབས། །རྡོ་རྗེ་བཟང་གིས་འཁྱུད་བཞུགས་མ། །ཤིན་ཏུ་བཟང་མོ་ལ་ཕྱག་འཚལ། །ཀཱཉྩི་དང་ནི་སྙིང་ཕྱོགས་གནས། །བཤང་དང་ཏིང་འཛིན་ཡན་ལག་དང་། །འཇིགས་བྱེད་ཆེན་པོས་ཡང་དག་འཁྱུད། །རྟ་རྣ་མ་ལ་བདག་ཕྱག་འཚལ། །ཧཱི་མ་ལ་ཡ་མདོམས་བར་དང་། ། བརྩོན་འགྲུས་མཚན་རྩེ་རྣམ་དག་པ། །མིག་མི་བཟང་ལྡན་མཁའ་འགྲོ་མ། །བྱ་གདོང་མ་ལ་ཕྱག་འཚལ་ལོ། །སྐུ་ཡི་འཁོར་ལོར་པྲེ་ཏ་པུར། །དཀར་མོ་བད་ཀན་མཚན་མ་དང་། །དགའ་བ་རྣམ་དག་འཁོར་ཤུགས་མ། །སྟོབས་ཆེན་ལྡན་ལ་ཕྱག་འཚལ་ལོ། །གྲྀ་ཧ་དེ་བ་ བཤང་ལམ་དང་། །རྣག་དང་ཆོས་རྣམས་འབྱེད་བདག་ཉིད། །རིན་ཆེན་རྡོ་རྗེས་ཡང་དག་འཁྱུད། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །སཽ་རཱཥྚ་བརླ་གཉིས་གནས། །ཁྲག་དང་དྲན་པ་རྣམ་དག་པ། །རྟ་མགྲིན་དང་ལྡན་མཁའ་འགྲོ་མ། །ཆང་འཚོང་མ་ལ་ཕྱག་འཚལ་ལོ། །སུ་ཝརྞྞ་ དྭཱི་པ་བྱིན་པར་གནས། །རྡུལ་དང་བཏང་སྙོམས་ཡན་ལག་དང་། །ནམ་མཁའི་སྙིང་པོར་འཁྱུད་མཛད་མ། །འཁོར་ལོའི་གོ་ཆ་མར་ཕྱག་འཚལ། །ནཱ་གར་སོར་མོ་ཚིལ་དང་ནི། །ཤིན་ཏུ་སྦྱངས་པ་རྣམ་དག་པ། །ཧེ་རུ་ཀ་དཔལ་སྙོམས་འཇུག་པ། །ཤིན་ཏུ་དཔའ་མོ་ལ་ཕྱག་འཚལ། ། སིན་དྷུ་རྐང་པའི་བོལ་དང་ནི། །ཡང་དག་ལྟ་དང་མཆི་མ་སྦྱངས། །པདྨ་གར་དབང་ཕྱུག་དང་ལྡན། །སྟོབས་ཆེན་མ་ལ་ཕྱག་འཚལ་ལོ། །མ་རོ་མཐེ་བོང་སྟེང་དང་ནི། །ཡང་དག་རྟོག་པ་མཆིལ་མ་དག །རྣམ་སྣང་མཛད་དང་སྙོམས་འཇུག་པ། །འཁོར་ལོས་སྒྱུར་མ་ལ་ཕྱག་ འཚལ། །ཀུ་ལུ་ཏཱ་དང་པུས་མོར་གནས། །སྣབས་དང་ཡང་དག་ངག་དག་པ། །རྡོ་རྗེ་སེམས་དཔའ་སྙོམས་འཇུག་པ། །བརྩོན་ཆེན་མ་ལ་བདག་ཕྱག་འཚལ། །ཉི་དཀྱིལ་སྤྲོས་མེད་ལ་གནས་པ། །གཡོན་པ་ལ་སོགས་གོ་རིམས་ཀྱིས། །གྲི་གུག་དང་ནི་ཐོད་པ་འཆང་། །ཕྱག་ རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྤྱན་གསུམ་ལྷན་ཅིག་སྐྱེས་དགའ་བས། །ཐུགས་ནི་ཡང་དག་མཉེས་མཛད་པ། །ཐུགས་གསུང་སྐུ་ཡི་མཁའ་འགྲོ་མ། །གནག་དང་དམར་དཀར་ལ་ཕྱག་འཚལ། །ཤར་སྒོར་ཉི་མ་ལ་གནས་པ། །མཁའ་འགྲོ་མ་མཚུངས་འོད་མངའ་མ། །ཁྲོ་མོ་གྲི་གུག་ ཐོད་པ་འཆང་། །ཁྭ་གདོང་མ་ལ་ཕྱག་འཚལ་ལོ། །གཡོན་སྒོར་ཉི་མ་ལ་བཞུགས་པ། །ལཱ་མ་དང་འདྲའི་འོད་མངའ་མ། །ཁྲོ་མོ་གྲི་གུག་ཐོད་པ་འཆང་། །འུག་གདོང་མ་ལ་ཕྱག་འཚལ་ལོ། །ནུབ་སྒོར་ཉི་མ་ལ་བཞུགས་པ། །དུམ་སྐྱེས་མ་ཡི་འོད་འདྲ་མ། །ཁྲོ་མོ་གྲི་གུག་ཐོད་པ་ འཆང་། །ཁྱི་གདོང་མ་ལ་ཕྱག་འཚལ་ལོ། །ལྷོ་སྒོར་ཉི་མ་ལ་བཞུགས་པ། །གཟུགས་ཅན་འདྲ་བའི་འོད་མངའ་མ། །ཁྲོ་མོ་གྲི་གུག་ཐོད་པ་འཆང་། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །ཡང་དག་ལས་དང་ཡང་དག་འཚོ། །རྩོལ་དང་དྲན་པ་ཡང་དག་ལྡན། །སྒོ་སྐྱོང་མ་ནི་བཞི་པོ་ལ། ། དེ་གོམས་ཐོབ་ཕྱིར་བདག་ཕྱག་འཚལ། །ཤར་ལྷོ་ཡི་ནི་མཚམས་བཞུགས་པ། །གནག་དང་སེར་བའི་འོད་མངའ་བ། །དྲག་མོ་གྲི་གུག་ཐོད་པ་འཆང་། །གཤིན་རྗེ་བརྟན་མར་ཕྱག་འཚལ་ལོ། །ལྷོ་དང་ནུབ་ཀྱི་མཚམས་བཞུགས་པ། །སེར་དང་དམར་བའི་འོད་མངའ་བ། །དྲག་ མོ་གྲི་གུག་ཐོད་པ་འཆང་། །གཤིན་རྗེ་ཕོ་ཉ་མོ་ལ་འདུད། །ནུབ་དང་བྱང་གི་མཚམས་བཞུགས་པ། །དམར་དང་ལྗང་བའི་འོད་མངའ་བ། །དྲག་མོ་གྲི་གུག་ཐོད་པ་འཆང་། །གཤིན་རྗེ་མཆེ་བ་མར་ཕྱག་འཚལ། །བྱང་དང་ཤར་གྱི་མཚམས་བཞུགས་པ། །ལྗང་དང་གནག་པའི་ འོད་མངའ་བ། །དྲག་མོ་གྲི་གུག་ཐོད་པ་འཆང་། །གཤིན་རྗེ་འཇོམས་མ་ལ་ཕྱག་འཚལ། །མ་སྐྱེས་པ་དང་སྐྱེས་པ་དང་། །སྡིག་པ་མི་བསྐྱེད་འཇོམས་པའི་ཕྱིར། །དེ་བཞིན་དགེ་བ་བསྐྱེད་པ་དང་། །དེ་བཞིན་གནས་དང་སྤེལ་བ་བྱེད། །རྣམ་ཤེས་ཚོགས་བརྒྱད་དག་པའི་ཕྱིར། ། འབད་དང་རྩོལ་བ་རབ་མཛད་པའི། །འཇིག་རྟེན་ཆོས་རྣམས་རྣམ་མཉམ་ཕྱིར། །སྒོ་སྐྱོང་རྣམས་ལ་བདག་ཕྱག་འཚལ། །ལུས་དང་ངག་དང་ཡིད་དག་པའི། །དུར་ཁྲོད་བརྒྱད་ཀྱིས་རྣམ་པར་བརྒྱན། །མ་ལུས་མཁའ་འགྲོའི་འཁོར་ལོ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་བསྟོད། ། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོ་རྣམ་དག་པ། །སྒྲིབ་པའི་དྲི་སོགས་དག་པའི་སེམས། །གང་དེ་ཡང་དག་རྣམ་པར་གནས། །ཡེ་ཤེས་འཁོར་ལོ་ཐུགས་འཁོར་ལོ། །གསུང་དང་སྐུ་ཡི་འཁོར་ལོ་དང་། །དེ་བཞིན་དམ་ཚིག་འཁོར་ལོ་ལ། ། གནས་ཀུན་བདག་ཉིད་ཕྱག་འཚལ་ལོ། །ང་རྒྱལ་ཞེ་སྡང་འདོད་ཆགས་ཆེ། །གཏི་མུག་ཕྲག་དོག་རྣམ་དག་པ། །རིན་ཆེན་མི་བསྐྱོད་རྟ་མགྲིན་དང་། །རྟག་པ་བརྟག་བདག་རིམ་པ་ཡིས། །རྣམ་ཤེས་ཡེ་ཤེས་རྣམ་དག་པ། །དམ་ཚིག་ཆེ་དང་འབྱུང་བར་གྲགས། །ཕུང་པོ་ཁམས་ཀྱི་ ངོ་བོ་ཉིད། །འཁོར་ལོ་ལྔ་པོ་ལ་ཕྱག་འཚལ། །མཁའ་སྤྱོད་དང་ནི་ས་སྤྱོད་དང་། །དེ་བཞིན་ས་འོག་གནས་པ་དང་། །ཀུན་རྫོབ་དང་ནི་དོན་དམ་དག །འཁོར་ལོ་ལྔ་ལ་བདག་ཕྱག་འཚལ། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །གནས་ནི་ཉི་ཤུ་རྩ་བཞི་ལ། །སྐྱེ་དང་འཇིག་དང་ གནས་པ་དང་། །ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ། །འདིས་ནི་ཁམས་གསུམ་ཐམས་ཅད་ལ། །སྔགས་དང་དབྱིངས་དང་ཆོས་དག་གིས། །རྟག་ཏུ་ཁྱབ་ནས་ཡང་དག་གནས། །བདེ་མཆོག་དཔལ་ཚོགས་ཕྱག་འཚལ་ནས། །དཔལ་ལྡན་བདེ་མཆོག་ཅེས་བྱ་བའི། །དེ་ལྟར་དཀྱིལ་ འཁོར་བསྟོད་བྱས་པས། །བསོད་ནམས་གང་ཐོབ་དེ་ཡིས་ནི། །འགྲོ་རྣམས་དེ་ཡི་རང་བཞིན་ཤོག །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ་པཎྜི་ཏ་ཤཱུ་རཾ་ཀ་ལ་ཤས་མཛད་པ་རྫོགས་སོ། །ཞུས་ཆེན་གྱི་ལོ་ཙཱ་བ་བསོད་ནམས་བཟང་པོས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་དེ་བ་ག་ཎ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ལྷ་མོ་འཁོར་ལོ་དང་ལྡན་པའི། །མཁའ་ འགྲོ་དཔའ་བོ་དཔའ་མོ་དང་། །དག་པའི་ཆོས་ཀྱི་དྲི་མེད་པའི། །ཁྲག་འཐུང་མགོན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །རྣམ་པར་སྣང་མཛད་རིགས་ལས་བྱུང་། །སུམ་ཅུ་རྩ་བདུན་ཡང་དག་སྤྲོ། །རྡོ་རྗེ་ཕག་མོར་ཕྱག་འཚལ་ལོ། །ལུས་དང་སེམས་དང་ཆོས་ དང་ཚོར། །དྲན་པ་ཉེ་བར་གཞག་པའི་དངོས། །མཁའ་འགྲོ་ལཱ་མ་དུམ་སྐྱེས་མ། །གཟུགས་ཅན་མ་ལ་ཕྱག་འཚལ་བསྟོད། །པདྨའི་དབུས་ཀྱི་བཅོམ་ལྡན་འདས། །ཕྱོགས་ཀྱི་འདབ་མར་ལྷ་མོ་བཞི། །མཚམས་ཀྱི་དག་ནི་སྣོད་བཞི་པོ། །ཞལ་བཞི་དག་ལ་ཕྱག་འཚལ་བསྟོད། །སེན་ མོ་སོ་ལ་ཐོད་དུམ་གནས། །འདུན་པའི་རྫུ་འཕྲུལ་རྐང་འདུ་བྱེད། །རབ་གཏུམ་མོ་ནི་མགོ་ལ་གནས། །པུལླི་ར་མར་ཕྱག་འཚལ་བསྟོད། །ཀེང་རུས་ཆེན་མོ་ཡང་དག་བཞུགས། །གཏུམ་མིག་མ་ནི་སྐྲ་དང་སྤུ། །བརྩོན་འགྲུས་རྫུ་འཕྲུལ་སྤྱི་གཙུག་ལ། །ཛཱ་ལནྡྷ་རར་ཕྱག་འཚལ་ བསྟོད། །དཔའ་མོ་པགས་པ་དྲི་མ་དང་། །དཔྱོད་པའི་རྫུ་འཕྲུལ་ཀེང་རུས་ཅན། །འོད་ལྡན་མ་ནི་རྣ་གཡས་གནས། །ཨོ་ཌི་ཡ་ནར་ཕྱག་འཚལ་བསྟོད། །ཨར་བུ་ད་ནི་རྒྱབ་ཚིགས་ལ། །སྣ་ཆེན་མ་ནི་རྣལ་འབྱོར་མ། །ཤ་ལ་མཆེ་གཙིགས་སེམས་རྫུ་འཕྲུལ། །བདེ་བའི་གནས་ལ་ ཕྱག་འཚལ་བསྟོད། །ལྷ་མོ་རྩ་དང་རྒྱུས་པ་ལ། །དད་པའི་དབང་པོ་དཔའ་བོ་ལ། །རྣ་བ་དག་ནི་གཡོན་པ་ལ། །ཉེ་བའི་གནས་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་དབང་པོ་ཉེ་བའི་གནས། །འོད་དཔག་མེད་ནི་རུས་པ་ལ། །མིའུ་ཐུང་མ་ནི་སྨིན་མའི་དབུས། །མར་མེ་མ་ལ་ཕྱག་ འཚལ་ལོ། །མཆིན་པ་ལ་ནི་དྲན་དབང་པོ། །ལང་ཀའི་དབང་ཕྱུག་རྡོ་རྗེའི་འོད། །དེ་བཱི་ཀོ་ཊི་མིག་གཉིས་ལ། །ཉེ་བའི་གནས་ལ་ཕྱག་འཚལ་ལོ། །ཏིང་འཛིན་དབང་པོ་ཤིང་གྲིབ་མ། །ཕྲག་པ་ལ་ནི་ཉེ་བའི་གནས། །སྙིང་ག་ལ་ནི་རྡོ་རྗེ་སྐུ། །མཱ་ལ་བར་ནི་ཕྱག་འཚལ་ལོ། ། ཐུགས་ཀྱི་འཁོར་ལོའི་གནས་འདི་དག །མཁའ་ལ་སྤྱོད་པ་རྣམ་དག་པ། །ཕྱོགས་དང་མཚམས་སུ་ནག་པོར་བཞུགས། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཤེས་རབ་དབང་པོ་ས་སྲུང་མ། །མཆན་ཁུང་ལ་ནི་གནས་པ་སྟེ། །མྱུ་གུ་ཅན་ནི་མིག་ལ་གནས། །ཀ་མ་རཱུ་པར་ཕྱག་ འཚལ་ལོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེ། །ནུ་མ་ལ་ནི་གནས་པ་སྟེ། །མཁྲིས་པ་རྡོ་རྗེ་རལ་པ་ཅན། །ཨོ་ཊེར་ཞིང་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་སྟོབས་ནི་རླུང་ཤུགས་མ། །ལྟེ་བ་ལ་ནི་གནས་པ་སྟེ། །གློ་བ་ལ་ནི་དཔའ་བོ་ཆེ། །ཏྲི་ཤ་ཀུ་ནེར་ཕྱག་འཚལ་ལོ། །དྲན་ པའི་སྟོབས་ནི་ཆང་འཐུང་མ། །སྣ་རྩེ་ལ་ནི་རབ་ཏུ་གནས། །རྒྱུ་མ་རྡོ་རྗེ་ཧཱུཾ་མཛད་དེ། །ཀོ་སར་ཉེ་ཞིང་ཕྱག་འཚལ་ལོ། །ཏིང་འཛིན་སྟོབས་ནི་སྔོ་བསངས་མ། །ཙྪནྡོ་ཧ་ནི་ཁ་ལ་བཞུགས། །གཉེ་མ་ལ་ནི་རབ་ཏུ་བཟང་། །ཀ་ལིང་ག་ལ་ཕྱག་འཚལ་ལོ། །ཤིན་ དུ་བཟང་མོ་ཤེས་རབ་སྟོབས། །ཙྪནྡོ་ཧ་ནི་མགྲིན་པའི་དབུས། །གྲོད་པ་ལ་ནི་རྡོ་རྗེ་བཟང་། །ལམ་བཱ་ཀ་ལ་ཕྱག་འཚལ་ལོ། །ཏིང་འཛིན་ཡན་ལག་རྟ་རྣ་མ། །ཀཱཉྩིར་སྙིང་ལ་གནས་པ་སྟེ། །བཤང་བ་ལ་ནི་འཇིགས་བྱེད་ཆེ། །ཉེ་ཙྪནྡོ་ལ་ཕྱག་འཚལ་ལོ། །ཧི་མཱ་ལ་ཡར་མཚན་མའི་ རྩེ། །བརྩོན་འགྲུས་ཡང་དག་བྱ་གདོང་མ། །གསང་བའི་སྦུབས་ལ་མིག་མི་བཟང་། །ཉེ་ཙྪནྡོ་ལ་ཕྱག་འཚལ་ལོ། །གསུང་གི་འཁོར་ལོའི་གནས་འདི་དག །ས་ལ་སྤྱོད་པ་རྣམ་དག་པ། །ཁ་དོག་དམར་པོ་ཕྱོགས་མཚམས་ན། །ཡང་དག་བཞུགས་ལ་ཕྱག་འཚལ་ལོ། །པྲེ་ ཏ་མཚན་མ་འཁོར་ལོ་ཤུགས། །དགའ་བ་ཡང་དག་བྱང་ཆུབ་ལམ། །བད་ཀན་ལ་ནི་སྟོབས་པོ་ཆེ། །འདུ་བ་ཅན་ལ་ཕྱག་འཚལ་ལོ། །གྲྀ་ཧ་བཤང་ལམ་དུམ་སྐྱེས་བཞུགས། །ཤིན་ཏུ་སྦྱངས་པ་བྱང་ཆུབ་ལམ། །རྣག་ལ་རིན་ཆེན་རྡོ་རྗེ་སྟེ། །འདུ་བ་ཅན་ལ་ཕྱག་འཚལ་ལོ། །སཽ་ རཱཥྚ་བརླ་གཉིས་ལ། །ཉེ་བར་གནས་པའི་འདུ་ཅན་དུ། །ཆོས་རབ་འབྱེད་པ་ཆང་འཚོང་མ། །རྟ་མགྲིན་ཁྲག་ལ་ཕྱག་འཚལ་ལོ། །གསེར་གླིང་དག་ནི་བྱིན་པ་ལ། །དྲན་པ་འཁོར་ལོའི་གོ་ཆ་མ། །རྡུལ་ནི་ནམ་མཁའི་སྙིང་པོ་སྟེ། །ཉེ་བའི་འདུ་ལ་ཕྱག་འཚལ་ལོ། །ཤིན་དུ་དཔའ་ མོས་ལེགས་པར་འཁྱུད། །བཏང་སྙོམས་ཡང་དག་སོར་མོ་ལ། །ཚིལ་ནི་ཧེ་རུ་ཀ་དཔལ་ཏེ། །དུར་ཁྲོད་གྲགས་ལ་ཕྱག་འཚལ་ལོ། །སིནྡྷུ་རྐང་པའི་བོལ་ལ་ནི། །ཡང་དག་ལྟ་བ་སྟོབས་ཆེན་མ། །མཆི་མ་པདྨ་གར་དབང་ཕྱུག །དུར་ཁྲོད་གྲགས་ལ་ཕྱག་འཚལ་ལོ། །མཆིལ་མ་ དཔའ་བོ་རྣམ་སྣང་མཛད། །འཁོར་ལོས་སྒྱུར་བ་ཡང་དག་རྟོག །མཐེ་བོང་གཉིས་ལ་ཉེ་དུར་ཁྲོད། །མ་ནོར་གནས་ལ་ཕྱག་འཚལ་ལོ། །ཀུ་ལུ་ཏར་ནི་ཡང་དག་ངག །བརྩོན་ཆེན་མ་ནི་པུས་མོ་ལ། །སྣབས་ལ་རྡོ་རྗེ་སེམས་དཔའ་སྟེ། །ཉེ་དུར་ཁྲོད་ལ་ཕྱག་འཚལ་ལོ། ། འདི་ནི་སྐུ་ཡི་འཁོར་ལོ་སྟེ། །ས་འོག་སྤྱོད་པར་གནས་པ་ཡིན། །ཕྱོགས་དང་མཚམས་ན་དཀར་པོར་གནས། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཡང་དག་ལས་དང་འཚོ་བ་དང་། །ཡང་དག་རྩོལ་བ་དྲན་པ་དག །ཁྭ་དང་འུག་པ་ཁྱི་དང་ཕག །སྒོ་མ་བཞི་ལ་ཕྱག་འཚལ་ལོ། །ཡང་ དག་སྤོང་བཞི་རྣམ་དག་པ། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །གཤིན་རྗེ་མཆེ་མ་གཤིན་རྗེ་འཇོམས། །མཚམས་མ་བཞི་ལ་ཕྱག་འཚལ་ལོ། །བསམ་གཏན་དཀྱིལ་འཁོར་བསྲུང་དོན་དུ། །འདི་བརྒྱད་ཀྱིས་ནི་བགེགས་སྤངས་སོ། །བདེ་མཆོག་འཁོར་ལོར་བསྟོད་པ་ཡི། ། དགེ་བས་བདུད་བཞིའི་དགྲ་བཅོམ་སྟེ། །ལྷ་ཚོགས་ལྷ་མོར་ཁྲིར་གྱུར་ནས། །བསམ་ཚོགས་སྟོབས་མཁས་ལྡན་གྱུར་ཅིག །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སྟོ་ཏྲ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ཀུན་རྟོག་སྤྲོས་བྲལ་དྲི་མ་རྣམ་དག་ཅིང་། །མཚོ་ལྟར་བདེ་བ་ཆེན་པོར་རོ་གཅིག་པ། །ནམ་ མཁའི་ངང་དུ་སྤྲིན་དཀར་དག་པ་བཞིན། །རང་བཞིན་རྣམ་དག་ཆོས་རྣམས་མངོན་གྱུར་ཏེ། །ཇི་ལྟར་མཁའ་ལ་འཇའ་ཚོན་ཤར་བ་བཞིན། །གཉིས་མེད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །ཡིད་བཞིན་ནོར་བུ་རྟོག་མེད་ཇི་བཞིན་དུ། །གདུལ་བྱ་མཆོག་ལ་སྤྲུལ་སྐུ་ཁྲོ་བོའི་ཚུལ། ། དཔའ་བོ་འཇིགས་བྱེད་གར་དགུའི་ཉམས་དང་ལྡན། །སྐུ་ཡི་རང་བཞིན་མཚན་དང་དཔེ་བྱད་ནི། །སྒེག་དང་དཔའ་དང་འཇིགས་སུ་རུང་བའི་ཚུལ། །གསུང་གི་རང་བཞིན་ཡན་ལག་དྲུག་ཅུ་ནི། །བཞད་དང་གཤེ་དང་རྔམ་པའི་ཚུལ་དུ་བསྟན། །ཐུགས་ཀྱི་རང་བཞིན་གཟུགས་དང་ ཏིང་ངེ་འཛིན། །ཞི་བ་སེམས་དཔའ་རྨད་དུ་བྱུང་བའི་ཚུལ། །དབང་ཕྱུག་ཆེན་པོའི་སྒེག་པའི་ཉམས་བཅོམ་ནས། །གཉིས་མེད་ཡུམ་ལ་འཁྱུད་ནས་འགྱིང་བག་བཞུགས། །གཞོན་ནུ་གདོང་དྲུག་དཔའ་བའི་ཉམས་བཅོམ་ནས། །འཇིགས་བྱེད་དུས་མཚན་གཡས་བརྒྱང་ཞབས་ཀྱིས་ མནན། །ཁྱབ་འཇུག་ཞལ་གསུམ་འཇིགས་པའི་ཉམས་བཅོམ་ནས། །ཞལ་བཞི་མངའ་ཞིང་བཅུ་གཉིས་ཕྱག་དང་ལྡན། །ལྷ་ཆེན་ཚངས་པ་རྒོད་པའི་ཉམས་བཅོམ་ནས། །གཡས་པ་སེར་པོ་བཞེད་པའི་ཚུལ་དུ་བསྟན། །ཚོགས་ཀྱི་བདག་པོའི་གཤེ་བའི་ ཉམས་བཅོམ་ནས། །གླང་ཆེན་པགས་པས་རྒྱན་བྱས་མཆེ་བ་གཙིགས། །སྒྲ་གཅན་ལྷ་མིན་ཉི་ཟླ་ཁར་བཅུག་ནས། །རྔམ་པའི་ཉམས་བཅོམ་ཚངས་པའི་མགོ་བོ་བསྣམས། །བརྒྱ་བྱིན་སྤྱན་མངས་ཞི་བའི་ཉམས་བཅོམ་ནས། །སྐུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པ་པོ། །མེ་ ལྷ་ཚངས་པ་ཞི་བའི་ཉམས་བཅོམ་ནས། །ཐལ་བའི་ཚོམ་བུས་སྐུ་ལ་བརྒྱན་པ་པོ། །ཀླུ་ཆེན་སེ་ཤ་རྨད་བྱུང་ཉམས་བཅོམ་ནས། །མི་མགོ་ལྔ་བཅུ་གཅིག་གིས་དོ་ཤལ་བྱས། །སྐུ་གསུང་ཐུགས་ལ་སྡུག་བསྔལ་གསུམ་ནུབ་པས། །ཐམས་ཅད་བདེ་བ་ཆེན་པོར་ཐུགས་སུ་ཆུད། །ཡང་ དག་ཏིང་འཛིན་རང་བཞིན་བཅོམ་ལྡན་འདས། །འཁོར་ལོའི་དབུས་ན་གཡས་བརྐྱང་སྦྱོར་བས་བཞུགས། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་གར་བསྟན། །ཐབས་ཀྱི་ཚུལ་གྱིས་འགྲོ་བའི་དོན་མཛད་པ། །ཐུགས་རྗེ་མཆོག་གྱུར་དེ་ལ་ཕྱག་འཚལ་ལོ། །དེ་ཡི་ཡུམ་གྱུར་རྡོ་རྗེ་ཕག་མོ་ ནི། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། །བདུད་བཞི་བཅོམ་ནས་བདེ་ཆེན་ཐུགས་ཆུད་མ། །གཉིས་མེད་ཡུམ་གྱུར་དེ་ལ་ཕྱག་འཚལ་ལོ། །ཞི་སོགས་ལས་མཛད་ཡེ་ཤེས་བཞི་ཡི་སྐུ། །ཚད་མེད་བཞི་དང་ཕྱག་རྒྱ་བཞི་ལྡན་མ། །ཕྱོགས་བཞི་པདྨའི་དབུས་ན་ བཞུགས་པ་ཡི། །མཁའ་འགྲོ་ཡུམ་བཞི་མོ་ལ་ཕྱག་འཚལ་ལོ། །རྟག་པ་ལ་སོགས་དེ་བཞིན་གཤེགས་པ་བཞི། །བུམ་པ་བཞི་དང་བདུད་རྩིས་བཀང་བའི་སྣོད། །མཚམས་བཞིར་མཆོད་པའི་གཟུགས་ཀྱིས་གནས་པ་ཡི། །ཐབས་ཤེས་དབྱེར་མེད་དེ་ལ་ཕྱག་འཚལ་ལོ། ། སེམས་ནི་སྐྱེ་བ་མེད་པར་ཐུགས་ཆུད་ཅིང་། །མི་བསྐྱོད་རིགས་སུ་སྐུ་མདོག་མཐིང་གར་བསྟན། །རྣམ་ཐར་བརྒྱད་རྩིབས་ཐུགས་རྟགས་རྡོ་རྗེས་བརྒྱན། །མཁའ་སྤྱོད་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །གསུང་ནི་སྒྲ་བརྙན་ལྟ་བུར་ཐུགས་ཆུད་ཅིང་། །འོད་དཔག་མེད་རིགས་སྐུ་ མདོག་དམར་པོར་བསྟན། །རྣམ་ཐར་བརྒྱད་རྩིབས་གསུང་རྟགས་པདྨས་བརྒྱན། །ས་སྤྱོད་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །སྐུ་ནི་སྒྱུ་མ་ལྟ་བུར་ཐུགས་ཆུད་ཅིང་། །རྣམ་དག་རིགས་སུ་སྐུ་མདོག་དཀར་པོར་བསྟན། །རྣམ་ཐར་བརྒྱད་རྩིབས་སྐུ་རྟགས་འཁོར་ལོས་བརྒྱན། །ས་ འོག་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །གཤིན་རྗེ་བརྟན་སོགས་ཁྲོ་མོ་ཆེན་མོ་བརྒྱད། །མི་འམ་ཅི་སོགས་གདུལ་ཕྱིར་ཐ་དད་བཞུགས། །ཁྭ་གདོང་ལ་སོགས་ལྷ་མོ་བརྒྱད་པོ་རྣམས། །དམ་ཚིག་འཁོར་ལོར་བཞུགས་ལ་ཕྱག་འཚལ་ལོ། །རིན་ཆེན་ལས་གྲུབ་དཔག་མེད་ གཞལ་ཡས་ཁང་། །བྱང་ཆུབ་མཆོག་གི་ཆོས་རྣམས་ཡོངས་རྫོགས་པ། །གཙོ་བོ་བདེ་ཆེན་ཐུགས་ཀྱི་སྣང་བ་ནི། །སྣ་ཚོགས་རྒྱན་དང་ལྷ་མོའི་ཚོགས་ཀྱིས་མཛེས། །ཆོས་རྣམས་ཚད་མེད་དུར་ཁྲོད་བརྒྱད་ཀྱིས་བསྐོར། །རྣམ་པར་གཟིགས་ཤིང་ཐ་དད་གདོང་དུ་བསྟན། ། ཉན་ཐོས་རང་རྒྱལ་འཁོར་ལོས་སྒྱུར་སོགས་བརྒྱད། །ཕྱོགས་རྣམས་སྐྱོང་ཞིང་ཀླུ་དང་སྲིན་པོའི་གཟུགས། །ཐུགས་རྗེས་ཉོན་མོངས་བསྲེག་མཛད་འབར་བའི་ཕྲེང་། །རྣམ་སྣང་རང་བཞིན་ཐར་པའི་གྲོང་ཁྱེར་མཆོག །བདེ་ཆེན་བཞུགས་གནས་དེ་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་མ་ཧཱ་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། ༄། །དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་ བཞུགས་སོ། །༄༅༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་གདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་མེད་དབང་ཕྱུག་སྐུ་དང་ གཉིས་མེད་ཅིང་། །བདེ་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་ལ་སོགས་སྤྲིན་འཕྲོ་བ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འཁོར་འདས་སྟོང་པར་མཛད་པའི་ཐུགས་རྗེ་ཡིས། །གདུལ་ བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུར་ཐམས་ཅད་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ལུས་དང་ལྡན། །ཐུགས་དམ་དབང་གིས་སྒྲུབ་ལ་བརྩེར་དགོངས་པ། །གནས་ གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་པ། །སྲིད་པའི་འཁོར་ལོ་མ་ལུས་གཅོད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པ། །རྒྱལ་གཉིས་རྡོ་རྗེའི་ཞབས་ལ་དད་པས་འདུད། །ལྷ་མིའི་ལོངས་སྤྱོད་ཕུན་ ཚོགས་ཐམས་ཅད་དང་། །ཀུན་དུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང་། །གསང་དང་གསང་རབ་གསང་ཆེན་བླ་མེད་ཀྱི། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། །བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། ། སྲིད་པ་ཉམ་ངར་སྡིག་པ་ཅི་བགྱིས་པ། །ད་ནས་སྡིག་པ་ཐམས་ཅད་རབ་ཏུ་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་མཆོག །འཕགས་པ་རྣམས་ཀྱིས་དགེ་བ་གང་བགྱིས་པ། །དེ་དག་བླ་མེད་བྱང་ཆུབ་འབྲས་ཐོབ་པར། །མ་ལུས་པ་ལ་རྟག་ཏུ་རྗེས་ ཡི་རང་། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང་། །རྟོག་པའི་དྲ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ་ཞུགས་དགེ་འདུན་ལ། །རབ་ཏུ་དད་པས་བདག་ནི་སྐྱབས་སུ་མཆི། །རྒྱལ་དང་རྒྱལ་ཉིད་ལེགས་སྐྱེས་དེ་དག་ལ། །ཀུན་ནས་ཀུན་དུ་ བདག་ཉིད་བདག་གིས་དབུལ། །སེམས་དཔའ་མཆོག་གིས་བདག་ནི་ཡོངས་བཞེས་ཤིག །དད་པས་བདག་ཉིད་ཁྱེད་ཀྱི་འབངས་སུ་མཆི། །གློ་བུར་ཉོན་མོངས་ཚོགས་ཀྱིས་གདུང་བ་ཡིས། །བསྐྱོད་པའི་སྐྱེ་བོ་མཐའ་དག་བསྒྲལ་བྱའི་ཕྱིར། །དམ་ཆོས་བདུད་རྩིའི་སྔགས་ རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་ལོ། །མཆོག་ཏུ་མི་དགེ་བ་ནི་རབ་བཅོམ་པས། །བདུད་ཀྱི་སྐྱེ་རྒ་ན་དང་འཆི་ལས་གྲོལ། །མྱ་ངན་འདའ་བཞེད་གྱུར་པ་སྤང་བར་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་ལོ། །སངས་རྒྱས་འཇིག་རྟེན་ གང་བྱུང་ལ། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དི་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་བགྱི། ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག །འཚང་རྒྱ་བར་དུ་མ་བཏང་ལྟར། །བདག་ནི་དེང་ནས་བྱང་ཆུབ་པར། །ལུས་སྲོག་ལྟོས་པ་མེད་པར་ཡང་། །བསླབ་འདི་མགོན་བཞིན་བསྲུང་ལ་གནས། ། ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ། །རྟག་ཏུ་བརྟེན་ཞིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང་། །རྒྱལ་བས་ དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་པོ་བསྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་བཞི་སོགས། །རིག་སྔགས་འཆང་ཀུན་མི་འདའ་ལྟར། །དིང་ནས་བླ་མེད་བྱང་ཆུབ་བར། །བདག་གིས་ཚུལ་བཞིན་བསྲུང་བར་བགྱི། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟླ་རེར་ བཅུ་ཕྲག་གཉིས་པོ་དང་། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བགྱི། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤང་ཞིང་། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་ པར་བགྱི། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་བགྱིད་དོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོང་བར་མི་བགྱིའོ། །བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐས་ཀླས་གྱུར་བའི་སེམས་ཅན་རྣམས། །བླ་མེད་ ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ལྡན་བླ་མ་ལ་དད་ཅིང་། །འཁོར་ལོ་བདེ་མཆོག་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་ འཆང་། །ཟབ་ཅིང་རྒྱ་ཆེའི་ཆོས་ནི་རྟོགས་པ་དང་། །ཀཀྐོ་ཤུ་ཀྲ་ལ་སོགས་རྟག་ཟ་ཞིང་། །མཐར་ཐུག་ཐེག་ཆེན་སྒྲུབ་པའི་སྐལ་ལྡན་ཤོག །དིང་ནས་བྱང་ཆུབ་སྙིང་པོར་མཆིས་བར་དུ། །བཅོམ་ལྡན་བདེ་གཤེགས་ཀུན་དུ་བཟང་པོ་དང་། །གསང་བའི་ཐེག་པ་ དབྱེར་མེད་རྨད་བྱུང་དང་། །མི་འབྲལ་ཚུལ་བཞིན་རྟག་ཏུ་སྒྲུབ་པར་ཤོག །སྒྲུབ་མཆོག་འདི་ལ་བར་ཆད་མི་འབྱུང་ཞིང་། །ཚེ་འདི་ལ་སོགས་སྐྱེ་བ་བདུན་པར་དུ། །དཔལ་ལྡན་བདེ་མཆོག་འཁོར་ལོ་ཆེན་པོ་ཡི། །ཞབས་རྡུལ་ཟེའུ་འབྲུ་སྤྱི་གཙུག་གནས་པར་ཤོག །གང་ཚེ་འགྲོ་བའི་ མགོན་ལ་བལྟ་བ་དང་། །ཕྱིར་ཞིང་ཅུང་ཟད་འབྲིང་བར་འདོད་ན་ཡང་། །བཅོམ་ལྡན་བདེ་གཤེགས་ཐུགས་ཀྱི་བདག་པོས་ནི། །ཐམས་ཅད་སྒྲིབ་མེད་ས་ལེར་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་ཁམས་དང་མཉམ་པ་ཡི། །སེམས་ཅན་མ་ལུས་བྱང་ཆུབ་དགོད་པའི་ ཕྱིར། །ཐུབ་པའི་དབང་པོའི་སྤྱོད་པ་ཇི་ལྟ་བར། །བདག་གི་སྤྱོད་པའང་དེ་དང་འདྲ་བར་ཤོག །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་བདེ་དགེ་བས་དེ་ཀུན་དེ་ཐོབ་ཤོག །ཚེ་རབས་ཀུན་དུ་སྒོ་གསུམ་རིན་ཆེན་དང་། །བུམ་བཟང་དཔག་བསམ་ས་སོགས་ལྟ་བུར་ ཤོག །མགོན་པོ་ཀུན་མཁྱེན་ཐུགས་རྗེའི་བྱིན་རླབས་དང་། །སྒྲུབ་པ་མཆོག་ལ་རྩེ་གཅིག་སྦྱངས་པ་ཡིས། །བདེ་མཆོག་མཁའ་འགྲོའི་དངོས་གྲུབ་མཆོག་ཐོབ་ནས། །སེམས་ཅན་ཐམས་ཅད་སྨིན་པའི་མཐུར་ལྡན་ཤོག །དབང་དང་མངོན་ཤེས་སོ་སོར་རིག་པ་དང་། ། གཟུངས་དང་རྣམ་པར་ཐར་པའི་སྒོ་རྟོགས་ནས། །ནམ་མཁའི་མཐས་ཀླས་གྱུར་པའི་སེམས་ཅན་རྣམས། །གནས་དང་ཉེ་བའི་གནས་སོགས་བགྲོད་པར་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡིས། །དམ་བཅས་བསྲུང་ཞིང་དངོས་གྲུབ་མཆོག་སྩོལ་བའི། ། ཐུགས་དམ་བཞིན་དུ་རྟག་བསྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་སྩོལ་བར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་སྤོས་ཐོགས་ནས་ཀྱང་། །རོལ་མོ་གླུ་དང་སྒྲ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ ཁྲིད་པར་ཤོག །སྐད་ཅིག་དེ་ལ་སྣང་བ་གསུམ་ཐོབ་ནས། །གསལ་དང་རྟགས་སྣང་རང་གི་རིགས་རྟོགས་ཏེ། །དུར་ཁྲོད་ལ་སོགས་རྒྱལ་ཉིད་ས་ཐོབ་ནས། །ཙྪནྡོ་ལ་སོགས་ས་ལ་བགྲོད་པར་ཤོག །ཤིན་ཏུ་རྣམ་པར་དག་པ་ཀུན་གྱི་མཆོག །གདོད་ནས་རྣམ་པར་གྲོལ་བ་དེ་བཞིན་ གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག་པོ་ཡི། །སྲས་ཀྱི་དབང་པོ་ཉིད་དུ་བདག་གྱུར་ཅིག །ས་གསུམ་མཐར་ཕྱིན་གསུམ་ཕྲག་གསུམ་གནས་གྱུར། །ཤེས་བརྒྱད་གྱུར་པས་ཡེ་ཤེས་ལྔར་གྱུར་ཏེ། །ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི། །ཆོས་སྐུ་བྱང་ཆུབ་ སྙིང་པོ་ཐོབ་པར་ཤོག །ཆོས་དབྱིངས་ལས་བྱུང་ནམ་མཁའི་མཚན་ཉིད་འདྲ། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །སེམས་དཔའ་རྡོ་རྗེ་ཐུགས་ཀྱི་བདག་པོ་རུ། །རྡོ་རྗེ་སེམས་དཔའ་ཉིད་དུ་བདག་གྱུར་ཅིག །དངོས་གྲུབ་མ་ལུས་པ་ནི་ཀུན་གྱི་བདག །དབང་ཕྱུག་ཆེན་པོ་ལྷ་ ཡི་ལྷར་གྱུར་པ། །སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱལ། །མི་འགྱུར་དམ་པ་ཉིད་དུ་བདག་གྱུར་ཅིག །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་མཉེས་པས། །འདོད་ཆགས་ཀུན་གྱི་རྗེས་སུ་རབ་ཆགས་ལ། །འདོད་ཆགས་མེ་ཀུན་རང་བཞིན་རྣམ་དག་པས། །གསུང་གི་དབང་ཕྱུག་ ཉིད་དུ་བདག་གྱུར་ཅིག །ང་རྒྱལ་རྣམ་དག་མཉམ་ཉིད་ལྷུན་གྱིས་གྲུབ། །ཡོན་ཏན་ཡིད་བཞིན་རྒྱ་ཆེན་མཁའ་འདྲ་བས། །གདུལ་བྱ་རྫོགས་སངས་ཉིད་དུ་རེ་སྐོང་བ། །ཁྱབ་བདག་རྡོ་རྗེ་ཉི་མར་བདག་གྱུར་ཅིག །ཕྲག་དོག་དག་པས་བྱ་བ་གྲུབ་བརྙ