Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 23

Văn bản gốc(Tây Tạng)

Trang 5 / 17 (50.000 ký tự/trang)
 །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བཞིན་དུའོ། །ཞེས་བྱའོ། །དེ་ནས་སློབ་མའི་མིག་དག་

ལ། །མིག་སྨན་འབྱུག་པའི་ཚུལ་བྱས་ནས། །སྔགས་པས་མེ་ལོང་བསྟན་བྱས་ཏེ། །ཆོས་ཀྱི་མཚན་ཉིད་བརྗོད་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །དེ་ལྟར་
ཤེས་བྱས་ཆོས་འདི་ནི། །རང་བཞིན་མེད་པ་རྙོག་པ་མེད། །སེམས་ཅན་དོན་ནི་མཉམ་མེད་གྱིས། །སྐྱོབ་པ་རྣམས་ཀྱི་རིགས་སུ་སྐྱེ། །དེ་ནས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ་ཧཱ། ཞེས་བྱ་བ་བརྗོད་ནས། ཧོཿཞེས་བྱ་བ་ཡིས་ནི་གཞུ། །བྱིན་ནས་དེས་ཀྱང་བརྩོན་པ་ཡིས། །
ཕྱོགས་བཞི་རྣམས་སུ་མདའ་བཞི་ནི། །དེ་བཞིན་དུ་ནི་འཕང་བར་བྱ། །གཅིག་གི་སྟེང་དང་འོག་ཏུ་ཡང་། །ལེགས་མཉམ་གཞག་པས་དྲང་བར་བྱ། །བཛྲ་སཏྭ་ཨཿབརྗོད་བཞིན་དུ། །དེ་ནས་མེ་ལོང་བླངས་ནས་ནི། །རྣལ་འབྱོར་ལྷུར་ལེན་སློབ་དཔོན་གྱིས། །དེ་ལ་
འདི་ཉིད་འདི་ལྟར་བརྗོད། །རྡོ་རྗེ་སེམས་དཔའ་རང་བཞིན་ཉིད། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་གྱི་བདག་པོ་གང་། །བུ་ཡི་སྙིང་ལ་གནས་པའོ། །ཞེས་སོ། །ཧཱུཾ་གིས་དེ་ནས་ཆོས་འཁོར་ལོ། །དེ་ཡི་སྟན་གྱི་མདུན་དུ་ནི། །བཞག་བྱས་ཨཿ
ལྡན་ལག་གཡས་སུ། །དུང་བྱིན་ནས་ནི་འདི་སྐད་བརྗོད། །དེང་ནས་བརྩམས་ནས་འཇིག་རྟེན་དུ། །སྐྱོབ་པ་རྣམས་ཀྱིས་འཁོར་རབ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །དྲི་མ་མེད་པ་ཀུན་དུ་གང་། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །འདི་ལ་བློ་ངན་མེད་པར་བརྗོད། །
ཆོས་ཀྱི་སྤྱོད་པའི་ཚུལ་མཆོག་ནི། །རང་གི་མཉམ་མེད་རབ་ཏུ་སྟོན། །དེ་ལྟར་སངས་རྒྱས་རྣམས་ཀྱིས་ནི། །བྱས་ཞེས་དགོངས་པ་བྱེད་ཅེས་བརྗོད། །དེ་ཡིས་རྡོ་རྗེ་འཆང་ཀུན་གྱིས། །ཐམས་ཅད་དུ་ནི་ཁྱོད་སྲུང་འགྱུར། །ཞེས་སོ། །དེ་ནས་དེ་བཞིན་གཞན་ཉིད་ནི། །མཁས་
པས་དམ་ཚིག་བསྒྲགས་པར་བྱ། །ཐབས་དང་ཤེས་རབ་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དོགས་མེད་གྱུར་བྱས་ནས། །འདོད་པ་ལྔ་ལ་ལོངས་སྤྱོད་བྱ། །ཇི་ལྟ་ཇི་ལྟར་འདུལ་གྱུར་པ། །སེམས་ཅན་དེ་ཡི་རང་བཞིན་གྱིས། །དེ་ལྟ་དེ་ལྟར་སེམས་ཅན་དོན། །

འདོད་ཆགས་སོགས་པས་དག་པར་བྱ། །གང་གཞན་དམ་ཚིག་ལ་སྡང་བ། །དམ་ཚིག་ཉམས་པའི་སྐྱེ་བོ་དེ། །འབད་པ་ཡིས་ནི་གསད་པར་བྱ། །སངས་རྒྱས་བསྟན་པ་སྐྱོང་བ་ལ། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །སངས་རྒྱས་རྣལ་འབྱོར་རབ་བསྐྱོད་
པ། །ཕ་རོལ་པོ་ཡི་སེམས་ཕྲོགས་ཀྱང་། །སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་ལྟ་བུའི་བདེ་མེད་པས། །སྐྱེ་བོ་རྣམས་ལ་དེ་རྟག་སྦྱིན། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །སངས་རྒྱས་ལ་སོགས་སྨོད་པ་ལ། །
རིན་ཆེན་འབྱུང་ལྡན་རྣལ་འབྱོར་གྱིས། །ཚིག་ནི་རྩུབ་མོ་ལ་སོགས་པས། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །འོད་དཔག་མེད་ཀྱི་བརྫུན་ངག་སྨྲ། །དོན་ཡོད་གྲུབ་མཆོག་ཏིང་འཛིན་གྱིས། །བློ་ལྡན་རྒྱུད་གསུངས་ཆོ་ག་ཡིས། །དམ་ཚིག་དག་པ་བསྟེན་པར་བྱ། །ཞེས་
བྱ་བའོ། །དེ་ནས་དཔལ་ཧེ་རུ་ཀ་ཞེས་སོགས། །བསྟོད་ཅིང་ཡང་ནི་བསྟོད་བྱས་ཏེ། །ཐལ་སྦྱར་བྱས་པས་འདུད་བྱས་ཉིད། །འདི་སྐད་སློབ་མ་ལ་བརྗོད་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་པ། །
རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་གཤེགས་ཀུན་རྒྱལ་བ་རྒྱལ། །བདག་པོའི་འཁོར་ལོ་བསྐོར་བར་གྱིས། །ཞེས་སོ། །རྗེས་སུ་གནང་བའི་དབང་བསྐུར་བའི་ཆོ་གའོ།། །།དེ་ལྟར་བྱས་ནས་དེ་ནས་ཕྱིས། །རྩ་བའི་དཀྱིལ་འཁོར་དུ་ཞུགས་ནས། །དཀྱིལ་
འཁོར་བལྟས་ནས་གསང་སྔགས་ཀྱི། །བསྐུལ་བར་སྨྲ་བ་སྦྱིན་པར་བྱ། །ཏིང་འཛིན་སྔགས་ཀྱི་རྒྱལ་པོ་ཡིས། །བྱིན་ནས་གསང་བ་བརྩམ་པར་བྱ། །རྒྱུད་འདིར་གསུངས་པའི་དམ་པའི་རྫས། །མཁས་པ་ཡིས་ནི་བཟའ་བར་བྱ། །དེ་ནས་སྟེང་དུ་ལངས་པ་ཡིས། །སངས་
རྒྱས་ཀུན་བདག་རྣལ་འབྱོར་བརྩོན། །རྡོ་རྗེའི་མིང་དབང་བསྐུར་བ་ཡིས། །འདི་སྐད་དེ་བཞིན་གཤེགས་ལུང་བསྟན། །དེ་ལ་འདིའི་རིམ་བརྗོད་བྱ་སྟེ། །མཁའ་འགྲོ་རྒྱ་མཚོ་དཔལ་གཟུགས་ཀྱིས། །སློབ་མ་དེ་བཞིན་ཡོངས་བཞག་ནས། །རང་ཡང་བདག་པོའི་སྦྱོར་བ་ལྡན། །ཆོས་

གོས་ལག་པ་གཡོན་པ་ཡིས། །འཛིན་པའི་ཚུལ་གྱིས་དེ་བཞིན་དུ། །མངོན་པར་མཆོག་སྦྱིན་ཚུལ་ཉིད་ཀྱིས། །མཉམ་པར་གཞག་པས་འདི་སྐད་བརྗོད། །ངས་འདི་ཁྱོད་ལ་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་དུ་དག་པའི་ཕྱིར། །སྲིད་པའི་
ངན་འགྲོ་ལས་བཏོན་ནས། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་དེ་བཞིན་གཤེགས་པ་གྲུབ་པ་ཁྱོད་ཀྱི་དམ་ཚིག་གོ་ཞེས་བྱ་བའོ། །གང་གིས་ཆོ་ག་འདི་ཡིས་ནི། །ཕྱག་རྒྱ་ཆེན་པོའི་ཚུལ་གང་གིས། །གང་ལ་ལུང་བསྟན་བྱེད་བཞིན་པ། །དཔལ་ཧེ་རུ་ཀ་སོགས་ལྷ་དང་། །སངས་
རྒྱས་བྱང་ཆུབ་སེམས་རྣམས་དང་། །དཀྱིལ་འཁོར་འཁོར་དུ་གནས་རྣམས་དང་། །དམ་ཚིག་གཅོད་པའི་མགྲིན་པ་ཡིས། །རྫོགས་པའི་བྱང་ཆུབ་བསྟན་པ་མཛད། །འདི་ལྟར་འདིའི་ཕྱག་རྒྱ་ཆེན་པོས་མཆོག་ཏུ་གསང་བ་ཆེན་པོ་བཟང་པོ་བདེན་པའི་བྱིན་གྱི་རླབས་
ཀྱིས་འགྲུབ་པར་འགྱུར་ཏེ་འདིའི་ཚིག་གིས་ཞེས་བྱ་བ་ལ་དད་པར་བྱའོ་ཞེས་བྱ་བ་ཉིད་བརྗོད་ནས་ཕྱིས། ཡང་དག་དབུགས་དབྱུང་སྦྱིན་པར་བྱ། །གསང་མཆོག་དཀྱིལ་འཁོར་དམ་པར་ནི། །བལྟས་ནས་སུ་ནི་རབ་ཞུགས་པས། །སྡིག་པ་ཀུན་ལས་རྣམ་ངེས་གྲོལ། །དེ་རིང་
ལེགས་པར་གནས་པར་འགྱུར། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཡང་འཆི་བ་ཡོད་པ་མིན། །མི་ཚུགས་པ་དང་མི་ཆོམས་པར། །འཇིགས་པ་མེད་པས་རོལ་པར་གྱིས། །སྲིད་པའི་སྡུག་བསྔལ་ལས་ནི་འདས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །དངོས་གྲུབ་དམ་པ་
སྡོམ་པ་ནི། །འདི་ནི་རྟག་ཏུ་བསྲུང་བར་གྱིས། །རྗེས་གནང་མཆོག་ཏུ་དབུགས་འབྱིན་པ། །སངས་རྒྱས་ཀུན་དངོས་རབ་ཏུ་གསུངས། །རྡོ་རྗེ་ཞེས་གང་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་མི་སྤང་ཞིང་། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་
པའོ། །དམ་པའི་ཆོས་ནི་སྤང་མི་བྱ། །མི་ཤེས་པའམ་རྨོངས་པ་ཡིས། །གལ་ཏེ་ན་ནི་སྤངས་པ་ནི། །གང་ལས་དེ་ནི་ངེས་པར་སྦྱངས། །རང་གིས་བདག་ཉིད་མི་སྤང་ཞིང་། །དཀའ་ཐུབ་ཀྱིས་ཀྱང་བཙིར་མི་བྱ། །ཇི་སྲིད་བདེ་བའི་བདེ་བ་བཟུང་། །འདི་ནི་མ་འོངས་རྫོགས་

སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །གང་ཞིག་སློབ་དཔོན་ལ་སྨོད་ལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སངས་རྒྱས་ཐམས་ཅད་སྨད་པས་
ན། །དེ་ནི་རྟག་ཏུ་སྡུག་བསྔལ་འཐོབ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོས་འཚེ་དང་གདོན་རྣམས་དང་། །བགེགས་དང་ལོག་འདྲེན་དྲག་རྣམས་ཀྱིས། །བསད་ནས་དམྱལ་བར་ལྟུང་བར་བྱེད། །དེ་ཕྱིར་ཀུན་ནས་རབ་འབད་པས། །རྡོ་རྗེ་སློབ་དཔོན་
བླ་མ་ཆེ། །དགེ་མཆོག་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་གུས་དེ་ལ་ཡོན། །དེ་ནས་རྗེས་མཐུན་དབུལ་བར་བྱ། །དེ་ཡིས་རིམས་སོགས་གདུང་བ་རྣམས། །ཕྱིར་ཞིང་དབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་སྤྱོད། །སྦྱིན་མིན་བུ་དང་
བུ་མོ་སོགས། །སྲོག་རྣམས་ཀྱིས་ཀྱང་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་རྣམས་ཀྱིས། །རྟག་ཏུ་རྙེད་པར་དཀའ་བ་ཡི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་པ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྒྲུབ། །
རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་ཡིས་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་
རིང་བདག་སྐྱེས་འབྲས་བུར་བཅས། །གང་འདིར་ལེགས་པར་རབ་ཏུ་གནས། །དམ་ཚིག་ལྷ་རྣམས་དང་མཉམ་མོ། །རང་བྱུང་དུ་ནི་ད་ལྟ་སྐྱེས། །དིང་འདིར་དབང་བསྐུར་ཚེ་ལྡན་པ། །རྡོ་རྗེ་བཅས་སངས་རྒྱས་ཀུན་གྱིས། །ཁམས་གསུམ་གྱི་རྒྱལ་སྲེད་ཆེ་ཡི། །རྒྱལ་པོ་
བདག་པོས་གནས་པ་ཡིན། །དི་རིང་བདུད་ལས་རྒྱལ་བྱས་ནས། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དི་རིང་སངས་རྒྱས་ཉིད་ཐོབ་པར། །ཁྱོད་འགྱུར་བར་ནི་ཐེ་ཚོམ་མེད། །ཞེས་བྱ་བ་ཡི་བཀའ་དྲིན་རྡོ་རྗེ་ཡིད་ཀྱིས་ཏེ། །རང་གི་དམ་ཚིག་མི་ཟད་བདེ་སྐྱེས་བསྟེན་པར་གྱིས། །

ཤིན་ཏུ་སྐྱེས་སླའི་བདེ་བ་སངས་རྒྱས་ཀུན་གཟུགས་བརྙན། །རྟག་པ་ཉིད་ནི་རྟོགས་པར་འགྱུར་བར་ཤོག །ཅེས་བྱའོ། །བླ་མ་ཡི་ནི་ཞབས་གཉིས་ལ། །གུས་པས་མཉེས་གཤིན་པས་བཏུད་དེ། །ཇི་ལྟར་གསུངས་ཤིང་བསྟན་པ་ཀུན། །ཇི་ལྟའི་དག་རྗེས་གནང་ཞེས་གསོལ། །དེ་
ལྟར་དམ་བཅས་བྱས་པ་ཡི། །སློབ་མ་ལ་ཕན་བསམ་པ་ཡིས། །སྔོན་བཞིན་བཤད་པའི་རིམ་པ་ཡིས། །རྡོ་རྗེ་དྲིལ་བུའི་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་
བརྟན། །ཨོཾ་སརྦ་ཏ་ཐཱ་ག་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཱཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བྱ་བའོ། །འདི་སྐད་གསང་སྔགས་བརྗོད་ནས་ནི། །འདི་སྐད་བཞིན་དུ་དྲིལ་བུ་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་
རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་སོ། །དེ་ནས་མེ་ཏོག་དྲི་ལ་སོགས། །སྒེག་མོ་སོགས་པས་མཆོད་པར་བྱ། །འདོད་པའི་ཡོན་ཏན་ལྔ་ཡིས་ཀྱང་། །དེ་བཞིན་གཤེགས་རྣམས་མཆོད་བྱས་ནས། །ཅི་ལྟར་བདེ་བས་སློབ་མ་རྣམས། །ཤེས་རབ་སྒོ་ནས་
མཆོད་པ་ཡང་། །སྤོས་སོགས་ཇི་ལྟར་འདོད་པ་ཡིས། །ཇི་ལྟ་བ་ཡི་མཆོད་པར་བྱ། །ཇི་ལྟར་འབྱོར་བར་གྱུར་པ་ཡིས། །ཞུགས་པའི་སློབ་མ་བཟའ་དང་བཅས། །རྣམ་པ་སྣ་ཚོགས་རོའི་བཟའ་བ། །མྱོས་བྱེད་བཏུང་བ་སྣ་ཚོགས་དང་། །གང་ཞིག་རྒྱུད་གཞན་ལ་གྲགས་པའི། །གླུ་
སྒྲ་ཉེ་བར་སྤྱོད་རྣམས་ཀྱིས། །འདི་དོན་ཆོ་གས་ཕུལ་བ་ཡི། །བླ་མའི་བདེ་བས་ཡང་དག་མཆོད། །དེ་བཞིན་དུ་ནི་ཡང་གསུངས་པ། །ཆང་བཅས་ཆང་མིན་བཏུང་བ་དང་། །ཇི་ལྟར་འདོད་པ་བསྟེན་པར་འགྱུར། །ཇི་ལྟར་འདོད་པའི་ལོངས་སྤྱོད་ཀྱིས། །ཇི་ལྟའི་རིམ་པས་བསྒོམ་པར་བྱ། །
གསང་བ་དེ་ཉིད་གླུ་ཆེན་དང་། །དགའ་དང་རོལ་མོ་གར་རྣམས་དང་། །དགའ་རོལ་རྣམ་པ་སྣ་ཚོགས་ཀྱིས། །གཙོ་བོ་ལ་སོགས་མཆོད་པར་བྱ། །དེ་ནས་དུལ་བའི་སེམས་ཉིད་ནི། །སྔོན་དུ་སྨྲ་བྱ་ཞེས་བྱའོ། །དམ་ཚིག་མ་ལུས་པ་འདི་རྣམས། །ཇི་ལྟར་གསུང་བར་རབ་བསྒྲུབ་བྱ། །དེ་

ནས་ཕྱི་རོལ་མཆོད་སོགས་དང་། །ཡིད་འབྱུང་རྣམས་ཀྱིས་གཙོ་བོ་ལ། །སྔགས་པས་གུས་པས་མཆོད་བྱས་ཏེ། །ཉི་མ་ཤར་བའི་དུས་སུ་ཡང་། །དཔལ་ཧེ་རུ་ཀ་ཡེ་ཤེས་ཆེ། །ཞེས་བྱའི་བསྟོད་པས་ཇི་ལྟར་ཡང་། །ལེགས་པར་བསྟོད་ནས་དེ་ནས་ཕྱིས། །
འདི་སྐད་རྒྱལ་བ་ལ་མཁྱེན་གསོལ། །གང་ཡང་སྐྱེ་བའི་དངོས་གྱུར་དང་། །མ་རྙེད་རྣལ་འབྱོར་དབང་ཕྱིར་དང་། །ཉེ་བར་དགོས་པ་མ་ཚང་བའམ། །དྲན་པ་རབ་ཏུ་རྨོངས་བྱས་པ། །དེ་ཐམས་ཅད་ལ་བཟོད་པར་རིགས། །དེ་ལྟར་མཁྱེན་གསོལ་དེ་ནས་ཕྱིས། །འདི་ཡིས་
གཤེགས་སུ་གསོལ་བྱ་བ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿ །ཡེ་ཤེས་དཀྱིལ་འཁོར་གཙོ་བོ་རྣམས། །དེ་ནས་ཡང་
དག་བསྡུ་བྱ་སྟེ། །དགྱེས་པར་རབ་ཏུ་བཞད་པའི་ཞལ། །སློབ་དཔོན་སློབ་མའི་ཡོན་ཏན་འགྱུར། །བར་བྱས་རང་རང་འོད་རྣམས་ཀྱིས། །སེམས་ཅན་ཀུན་ལ་རེག་པར་བྱ། །ཇི་ལྟར་འདོད་པ་དེ་བཞིན་དུ། །གསལ་བར་བྱས་པ་བསམ་པར་བྱ། །དེ་ནས་ཇི་ལྟར་སྤྲོ་བ་ཡི། །
ལྷ་ཡི་འཁོར་ལོ་གུས་པ་ཡིས། །རང་གི་ལུས་ལ་གཞུག་པར་བྱ། །དེ་ནས་ཕུར་བུ་གདོན་བྱ་སྟེ། །སྔགས་ནི་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཛྲ་དྷ་རཱ་ཛྙཱ་ཧཱུཾ་ཧཱུཾ་ཕཊ། ཅེས་སོ། །དེ་ནས་གསང་བའི་དཀྱིལ་འཁོར་གྱི། །དེ་ཡིས་རྡུལ་ཚོན་ལའང་སྤྲོས་པས། །དེ་ཁོ་ན་ཉིད་ཀྱིས་ཏེ་
རླབས་ཅན་ཕྱིར། །ཡང་དག་མཆོད་ནས་དེ་ནས་ཡང་། །དེ་ཕྱིར་བློ་ལྡན་གྱིས་ལེགས་གཤེགས། །ཨ་ཀཱ་རོ་མུ་ཁཾ་ལ་སོགས་ཅན། །བརྗོད་བཞིན་དུ་ནི་འདི་ཡི་དོན། །མཉམ་པར་གཞག་པ་མངོན་དུ་བྱ། །དེ་ལྟར་སྣང་བ་མེད་བྱས་ནས། །རང་གི་སྙིང་གནས་པའི་གཙོ་བོ། །མཆོད་
ནས་དེ་བཞིན་བསྟོད་བྱས་ཏེ། །དེ་ཡི་སྦྱོར་བ་ཉེ་བར་བསྡུ། །བཀྲ་ཤིས་ཀུན་དུ་སྤྱོད་པས་བརྒྱན། །མགོ་བོར་གདུགས་ནི་བཟུང་ནས་སུ། །དེ་ནས་བླ་མ་རང་ཉིད་ཀྱིས། །རྡོ་རྗེ་དྲིལ་འཛིན་སློབ་མ་ལ། །བསྐོར་བ་བྱ་བ་ཡིན་པ་སྟེ། །སྔགས་པས་འདི་ལྟར་བརྗོད་བཞིན་དུ། །ཀུན་

ནས་དཀྱིལ་འཁོར་ས་གཞི་ལའོ། །མངའ་བདག་སྐུ་མདོག་སྔོན་པོ་རྒྱལ་གྱུར་ཅིག །དམར་པོས་ཇི་ལྟར་མཛེས་བྱས་རྒྱལ་གྱུར་ཅིག །དམ་ཚིག་གིས་བརྒྱན་མཛེས་པ་རྒྱལ་གྱུར་ཅིག །ཟླ་ཕྱེད་དབུ་ལ་བརྒྱན་པ་རྒྱལ་གྱུར་ཅིག །ལྷ་མོའི་འཁོར་ལོས་བརྒྱན་པ་རྒྱལ་གྱུར་ཅིག །དང་
པོ་སངས་རྒྱས་སྐུ་མཆོག་གནས་པ་རྒྱལ་གྱུར་ཅིག །འདོད་པ་ཐར་པ་ནོར་དང་ཆོས་སྦྱིན་རྒྱལ་གྱུར་ཅིག །རྣམ་པར་དགྱེས་རོལ་རང་བཞིན་རྒྱལ་གྱུར་ཅིག །ཕྱག་རྡོར་བདེ་བའི་མགོན་པོ་རྒྱལ་གྱུར་ཅིག །དེ་ནས་སྒོར་གདུགས་དང་བཅས་པས་ཕྱག་བྱའོ། །སློབ་མས་འདི་ནི་བསྟེན་
པར་གྱིས། །དེ་ནས་རྒོལ་བ་ཚར་གཅོད་འགྱུར། །དེ་སྐད་བརྗོད་ནས་སློབ་དཔོན་དེས། །ལག་པས་གདུགས་ནི་བསལ་བྱས་ཏེ། །ལངས་ནས་འདི་སྐད་སློབ་མ་ལ། །འདི་ནི་དེ་ནས་བསྒྲག་པར་བྱ། །དེ་རིང་དཀྱིལ་འཁོར་སློབ་དཔོན་དང་། །སྔགས་དང་རྒྱུད་ནི་འཛིན་པར་
འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བཞེད། །སེམས་ཅན་ལ་རྗེས་བརྩེ་དོན་དུ། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་ཡིས། །འབད་པ་ཡིས་ནི་བྲི་བར་བྱ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སེར་སྣ་དོགས་པ་ཐམས་ཅད་ལ། །
སེམས་ཅན་རྣམས་ལ་ཕན་པ་དང་། །དེ་ལ་བུ་ཁྱོད་ཀྱིས་བྱ་སྟེ། །རང་ཉིད་དཀའ་བ་ཆེན་པོ་ཡང་། །དེ་ནས་ཆོ་གས་སྦྱིན་སྲེག་ནི། །མཁས་པས་ཞི་བའི་དོན་དུ་བྱ། །དེ་ནས་སྦྱིན་སྲེག་ཟིན་པ་ནི། །སློབ་དཔོན་མཆོད་བྱ་ཡང་དག་པར། །མུ་ཏིག་གསེར་དང་རིན་ཆེན་རྣམས། །
གླང་རྟ་ས་གཞི་ཡུལ་ལྗོངས་དང་། །བྲན་པོ་བྲན་མོ་འཁོར་རྣམས་དང་། །ཆུང་མ་ཕུན་སུམ་ཚོགས་ཀུན་དང་། །གོས་ཟུང་དུ་མ་རྣམས་དང་ནི། །དགྱེས་པའམ་ས་ལ་གང་ཅུང་ཟད། །བདག་ཏུ་ལྟ་བ་དང་བྲལ་བས། །དབུལ་བྱ་གཙོ་བོ་ཞི་བར་གྱིས། །བདག་ཉིད་དངོས་པོ་ཐམས་ཅད་
ཀྱི། །ཕྱག་བྱས་ནས་ནི་དབུལ་བར་བྱ། །མེ་ཏོག་སྤོས་སོགས་ཐམས་ཅད་རྣམས། །སྟོན་པའི་མདུན་དུ་དབུལ་བར་བྱ། །བླ་མའི་ཡོན་ནི་བླང་བར་བྱ། །དངུལ་དང་གསེར་དང་རིན་ཆེན་སོགས། །རྟ་དང་གླང་པོ་རྒྱལ་སྲིད་དོ། །སློབ་མས་ཀྱང་ནི་དེ་ནས་ཕྱིས། །དམ་ཚིག་བསྟེན་

པར་གྱུར་རྣམས་ཀྱིས། །དཔལ་ཧེ་རུ་ཀ་ཤེས་རབ་ཆེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བྱའི་རྗེས་སུ་གནང་སེམས་ཀྱིས། །སྐོར་བ་ལན་གསུམ་བྱས་ནས་ནི། །ལུས་ཐམས་ཅད་ནི་ཕབ་བྱས་ནས། །ཇི་ལྟར་སྔོན་བཞིན་ཕྱག་བྱས་ཏེ། །བདག་ཉིད་བླ་མ་
ལ་ཕུལ་ནས། །མཆོད་པ་ཡིས་ནི་མཆོད་པར་བྱ། །ཇི་སྲིད་མཉེས་པར་མ་གྱུར་པར། །དེ་སྲིད་བླ་མ་མཉེས་པར་བྱ། །ཅུང་ཟད་ཤིན་ཏུ་ཡིད་འོང་གང་། །ཤིན་ཏུ་ཁྱད་པར་འཕགས་པ་ཉིད། །དེ་དེ་རྣམས་ལ་བླ་མར་དབུལ། །དེ་ཉིད་མི་ཟད་འདོད་པས་སོ། །གང་གིས་གཏང་བར་
དཀའ་བ་གང་། །དེ་ནི་བཟང་པོ་ཞེས་བྱར་གྲགས། །དེ་ལྟར་གང་ཞིག་དབང་བསྐུར་བ། །དེ་ནི་སློབ་དཔོན་དུ་མངོན་བརྗོད། །དེ་ཡིས་སྔགས་བྱིན་ངེས་པར་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་ཨོཾ་བཛྲ་སཏྭ་སོགས། །རྡོ་རྗེའི་གླུ་ནི་བརྗོད་བཞིན་དུ། །རྡོ་རྗེ་
གར་གྱིས་རབ་སྦྱོར་བས། །རྡུལ་ཚོན་རྒྱ་མཚོར་འགྲོ་བ་ཡི། །ཆུ་བོ་ཉིད་ལ་རབ་བསྐུར་བྱ། །དེ་ནས་ས་དེ་ཡང་དག་པར། །བའི་རང་བཞིན་གྱིས་ཡང་དག་བྱུག །བདག་དང་སློབ་མ་མི་བདག་ལ། །ཕན་པའི་ཕྱིར་ནི་སྦྱིན་སྲེག་བྱ། །སླར་ཡང་གསང་སྔགས་དེ་ཉིད་ཀྱིས། །ཕུར་
པ་དབྱུང་བ་དེ་བཞིན་ནོ། །བདེ་བ་ཡིས་ནི་ཁྲུས་བྱས་ཏེ། །བདག་མེད་སྒོམ་པ་སྤྱད་པར་བྱ། །སློབ་དཔོན་གྱིས་ནི་དེ་ནས་ཕྱིས། །ལེགས་པར་བསྡུས་པའི་ཡོ་བྱད་ནོར། །རང་ཉིད་ཀྱིས་ནི་ལོངས་སྤྱད་དེ། །སློབ་མ་རྣམས་ལ་མི་བགོའོ། །དཀྱིལ་འཁོར་གྱིས་ནི་ཐབས་ཐམས་ཅད། །སློབ་
དཔོན་ཉིད་ལ་སྦྱར་བར་བྱ། །གལ་ཏེ་དམ་ཚིག་ཅན་གྱིས་ནི། །སློབ་མ་ལ་ནི་ཉེ་བར་སྦྱར། །དེ་ལྟར་བདག་གིས་ལེགས་པར་སྦྱར་བ་འདི་རྣམས་ཀྱང་རང་གི་རྟོག་པ་སྣ་ཚོགས་འབྲེལ་མེད་ཅིང་ལུང་དང་མི་ལྡན་པར་བསྡེབས་པ་ནི་མ་ཡིན་ཏེ། དཔལ་རྡོ་རྗེ་ཕག་མོའི་ལེའུ་གཉིས་པ་
ལས། གང་གིས་སློབ་མ་དབང་བསྐུར་བ། །དེ་ཉིད་བཞི་རྣམས་བཅས་པས་སོ། །ཐེག་པ་ཆེན་པོར་ཡོངས་སྨིན་ལ། །ཕྱི་ནས་སྔགས་ནི་རབ་བསྟན་བྱ། །སྔོན་དུ་ཕག་མོའི་དཀྱིལ་འཁོར་ནི། །བྲི་བྱ་དེ་ནས་ཧེ་རུ་ཀའིའོ། །རྡོ་རྗེའི་བུ་མོའམ་དེ་ནས་གཞན། །དེར་ནི་ཤེས་རབ་

གཞུག་པར་བྱ། །རྒྱུད་གཞན་དུ་ནི་དབང་བསྐུར་ལ། །ཚུལ་འདི་བསྟན་པར་མི་བྱའོ། །ཞེས་གསུངས་སོ། །འོན་ཀྱང་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་ཆོ་གར་མ་སྦྱར་ཏེ། འདི་གཞན་པས་ཆེ་བ་ཉིད་ཀྱི་ཕྱིར་དང་། འདི་ཉིད་ཀྱིས་ཐམས་ཅད་ལ་སྦྱར་བར་བྱ་བའི་ཕྱིར་རོ། །ཆེན་
པོ་སྔོན་དུ་བརྗོད་པ་ནི་བསྟན་བཅོས་ལས་ཀྱང་རིག་པ་ཉིད་དོ། །དབང་བསྐུར་བའི་ལེའུ་ཉི་ཤུ་རྩ་བཞི་པ་ལས་ཀྱང་། དབང་བསྐུར་བ་ནི་སྦྱིན་བྱ་བ། །རང་སློབ་མ་ལ་ཕྱི་དང་གསང་། །རྒྱལ་པོ་རྐུན་མོ་སོགས་སྤངས་པའི། །སྐྱེ་བོ་དང་བྲལ་ཕྱོགས་སུ་བྱ། །འདིར་ནི་ཆོ་གའི་སྐྱོན་མང་པོས། །
མནར་མེད་སོགས་སུ་ལྟུང་བར་འགྱུར། །ཞེས་སོ། །དེ་ལྟར་དཀྱིལ་འཁོར་ཆོ་ག་འདི་ནི་མཁའ་འགྲོ་མ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །སློབ་དཔོན་ཆེན་པོ་རྒྱལ་བ་བཟང་པོའི་དཀྱིལ་འཁོར་གྱི་ཆོ་ག་དང་ཚུལ་མཐུན་པར་བདག་གི་བླ་མ་བཞེད་
དོ། །དེ་བས་ན་བདག་གིས་རང་དགར་ཞུགས་པ་མ་ཡིན་ནོ། །སྐྱེ་བོ་རྣམས་ནི་ཚེ་དང་ཤེས་རབ་ལོངས་སྤྱོད་མོས་པ་དང་ནི་བརྩོན་པའང་དམན། །དེ་ཕྱིར་རྒྱ་ཆེན་རྒྱུད་ལ་བལྟ་བའང་མེད་ན་ཉན་དང་ལེགས་པར་སྤྱོད་པ་ཅིར་སྨྲ་ཡོད། །དེ་ནས་རང་གི་ཚུལ་གཞན་མ་འདྲེས་རྒྱུད་ཆེན་
འདི་ཡི་ཆོ་ག་བླ་མས་ཉེར་བསྟན་གང་། །ནུབ་པར་གྱུར་པའི་འཇིགས་པས་རང་གི་དྲན་པ་སོ་མས་བསྡེབས་ན་ལེགས་པར་འགྱུར་སེམས་ནས། །རང་བཟོ་མ་བྱས་རྒྱུད་དང་མཁས་པའི་གཞུང་དང་བླ་མའི་བཀའ་རྣམས་དཔང་པོར་གཞག་བྱས་ནས། །ཇི་ལྟར་ནུས་པས་སྦྱར་བ་འདི་ལ་
འཁྲུལ་པར་གྱུར་ན་བླ་མ་རྣམས་ཀྱིས་བཟོད་པར་མཛོད། འདི་ལས་བྱུང་བའི་དགེ་བ་དྲི་མེད་ཟླ་བའི་འོད་ཟེར་ལྟར་བསིལ་བས། །འགྲོ་བ་ཤེས་རབ་མིག་ལྡོངས་གཏི་མུག་ཐིབས་པོའི་གདུང་བ་སེལ་བར་ཤོག །དཔལ་མཁའ་འགྲོ་རྒྱ་མཚོའི་དབང་བསྐུར་བའི་རྒྱུད་ཀྱི་ཆོ་ག་མཁས་
པ་ཆེན་པོ་ཛ་ཡ་སེ་ནའི་གསུང་རིན་པོ་ཆེ་དབང་གི་རྒྱལ་པོའི་མཛོད་དཔལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ་རྫོགས་སོ།། ༄། །དཔལ་མཁའ་འགྲོ་རྒྱ་མཚོའི་སྦྱིན་སྲེག་གི་ཆོ་ག་བཞུགས། ༄༅༅། །བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཡོད་

མེད་མཐའ་སོགས་རྣམ་པར་སྤངས། །བློ་ཡི་སྤྱོད་ཡུལ་མ་ཡིན་ཀྱང་། །འགྲོ་ལ་བརྩེ་བས་སྣ་ཚོགས་གཟུགས། །མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ། །གང་ཞིག་བློ་ཡི་མུན་སེལ་ཅིང་། །བདེ་བ་མ་ལུས་འབྱུང་བའི་གནས། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །
བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི། །ལྷ་རྣམས་མཉེས་པར་བྱེད་པའི་ཐབས། །རྒྱུད་འདི་ནས་ནི་ཕལ་ཆེ་བའི། །བླ་མའི་མན་ངག་སྦྱིན་སྲེག་བཤད། །སྦྱིན་སྲེག་རྣམ་པ་གཉིས་ཡིན་ཏེ། །ཕྱི་དང་ནང་དུ་འདིར་བཞེད་དོ། །ཕྱི་ཡི་རྣམ་པ་དགུ་
ཡིན་ཏེ། །ནང་གི་གཏུམ་མོའི་རྣལ་འབྱོར་རོ། །དེ་ལ་སྔོན་དུ་བསྙེན་པ་བྱས་པའི་སྒྲུབ་པ་པོས། དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་སའི་ཆོ་ག་ཡོངས་སུ་རྫོགས་པར་བྱས་ཏེ་ཐབ་ཁུང་མངོན་པར་འདུ་བྱ་བའོ། །དེ་ལྟར་ཐོག་མར་སྦྱིན་སྲེག་གི་ཁང་པ་གྲུ་བཞི་པ་རི་མོ་གསུམ་དང་ལྡན་པ་
རང་གི་ཁ་བལྟ་བའི་རྒྱབ་ན་སྒོ་གཅིག་ཡོད་པ་བྱས་ཏེ། དེའི་དབུས་སུ་ཞི་བའི་ཐབ་གཞི་དཀར་པོ་ལ་ཟླུམ་པོ་ཁྲུ་གང་པ་དེའི་ཕྱེད་ཐུར་དུ་བརྐོས་པ། དེའི་དབུས་སུ་སོར་བཅུ་དྲུག་པའི་པདྨའི་སྟེང་དུ་འཁོར་ལོ་སོར་བརྒྱད་པ་དཔངས་སུ་སོར་གཅིག་ཡོད་པ་ལ་རྡོ་རྗེས་མཚན་པའོ། །ཐབ་
ཀྱི་སྟེང་དུ་སོར་བཞི་དོར་བར་དཔངས་དང་རྒྱར་སོར་བཞི་པའི་ཁ་ཁྱེར་ཅུང་ཟད་གྱེད་པ་བྱའོ། །ཁ་ཁྱེར་གྱི་སྟེང་དུ་དབུས་ཀྱི་མཚན་མས་བསྐོར་བར་བྱ་ཞིང་། ཕྱི་རོལ་ནི་ཐམས་ཅད་ལ་གྲུ་བཞིར་བྱས་ཏེ། གྲྭ་བཞིར་ཡང་དེ་ཉིད་ཀྱིས་མཚན་པའོ། །ཁ་ཁྱེར་གྱི་འོག་གི་གྱེད་པ་ལ་པདྨ་
འདབ་མ་བཅུ་དྲུག་བྲི་བར་བྱའོ། །ཐབ་ལ་ནི་ས་དཀར་བ་དང་ཕྱི་རོལ་ཀུན་ནས་ཁྲུ་ཕྱེད་ཙམ་ལྕི་བས་བྱུག་པར་བྱས་ལ་དེ་ལ་གཉིས་ནི་ས་དཀར་པོ་དང་ལྡན་པ་དང་། དྲི་དཀར་པོས་ཉེ་བར་བྱུག་པ་དང་ཐབ་མ་སྐམས་ཀྱི་བར་དུ་ཐུན་གསུམ་དུ་མེ་ཏོག་དཀར་པོའི་སིལ་མ་གཏོར་བར་བྱའོ། །
རྒྱས་པ་ལ་ནི་ས་གཞི་སེར་པོའི་སྟེང་དུ་ཐད་ཀར་ཁྲུ་དོ་པ་ཐུར་དུ་ཁྲུ་གང་བ་ལ་གྲུ་བཞི་པའོ། །དེའི་དབུས་སུ་རིན་པོ་ཆེ་སོར་བརྒྱད་པ་ལ་རྡོ་རྗེས་མཚན་པའོ། །ཁ་ཁྱེར་ཐམས་ཅད་ནི་བཞི་ཆའི་རིམ་པས་དང་། དེ་ལ་དབུས་ཀྱི་མཚན་མས་བསྐོར་བ་དང་པདྨ་འདབ་མ་བཅུ་དྲུག་བྲི་བ་

ཐུན་མོང་དུ་གོ་བར་བྱའོ། །དེའི་ཕྱི་རོལ་ཁྲུ་ཕྱེད་འཁོར་བར་བའི་ལྕི་བས་ཉེ་བར་བྱུགས་ལ་དེ་གཉིས་ས་སེར་པོ་དང་ལྡན་པ་དང་། དྲི་སེར་པོས་བྱུགས་ཏེ་མེ་ཏོག་སེར་པོ་དགྲམ་པར་བྱའོ། །དབང་གི་ཐབ་ནི་ས་གཞི་དམར་བའམ། ཞན་པར་གྲུ་གསུམ་པ་ཁྲུ་ཕྱེད་པའོ། །དབུས་སུ་པདྨ་ལ་
གནས་པའི་པདྨ་ལ་རྡོ་རྗེས་མཚན་པའོ། །ས་དམར་པོ་དང་བདུད་རྩི་དང་བཅས་པའི་དྲིས་ཉེ་བར་བྱུགས་ལ་མེ་ཏོག་དམར་པོ་གཏོར་བར་བྱའོ། །ཕྱི་རོལ་ལྕི་བས་བྱུག་པ་ཡང་ཀུན་ལ་ཤེས་པར་བྱའོ། །མངོན་སྤྱོད་ནི་གས་པ་དང་། བ་ཚ་ཅན་དང་། རྩུབ་པ་དང་། ནམ་མཁའ་ལྟར་
གནག་པའི་ས་གཞི་ལ་ཟུར་དྲུག་པ་སོར་བརྒྱད་པའོ། །དབུས་སུ་པདྨ་ལ་རྡོ་རྗེས་མཚན་པའོ། །ཡང་ན་ཞི་བ་ལ་ཁྲུ་གཉིས་པའོ། །རྒྱས་པ་ལ་ཁྲུ་གསུམ་པའོ། །དབང་ལ་ཁྲུ་བཞི་པའོ། །མངོན་སྤྱོད་ལ་ཁྲུ་ལྔ་པའོ། །དེའི་ཁ་ཁྱེར་ལ་སོགས་དང་དབུས་ཀྱི་པདྨའི་མཚན་མ་ལ་
སོགས་པས་གོང་གི་རིམ་པས་དཔྱད་པར་བྱའོ། །དྲག་པོའི་ཐབ་དེ་ལ་བདུད་རྩི་དང་ལྡན་པའི་ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང་བོང་བུ་དང་། རྔ་མོ་ལ་སོགས་པའི་སྦངས། ཇི་ལྟར་རྙེད་པ་བྱུགས་ལ། དྲི་མི་ཞིམ་པའམ། དྲི་མེད་པའི་སྔོའམ། དམར་བའི་མེ་ཏོག་
གམ་འབྲུའི་ཤུན་པ་ལ་སོགས་པས་གཏོར་བ་འབར་བས་བསྐོར་བ་དྲག་པོ་མིའི་སྣུམ་ལ་སོགས་པའི་མར་མེ་དང་ལྡན་པར་བྱའོ། །ལྷག་མ་ལས་ཐམས་ཅད་པ་མ་གཏོགས་པའི་ས་གཞི་ལ་སོགས་པ་མངོན་སྤྱོད་དང་འདྲའོ། །བསྐྲད་པའི་ཐབ་ནི་ཟུར་བདུན་ལ་ཁྲུ་དྲུག་པ་སྟེ་
དབུས་སུ་མདའ་ལ་རྡོ་རྗེས་མཚན་པའོ། །སྡང་བར་བྱ་བ་ལ་ཁྲུ་བརྒྱད་པ་སྟེ་ཁྲུ་བདུན་པ་ལ་དབུས་སུ་གྲི་གུག་ལ་རྡོ་རྗེས་མཚན་པའོ། །རེངས་པ་ལ་ནི་ཟུར་དགུ་པ་སྟེ་ཁྲུ་བརྒྱད་པ་ལ་དབུས་སུ་གཞུ་ལ་རྡོ་རྗེས་མཚན་པའོ། །གསད་པ་ལ་ནི་ཟུར་ལྔ་པ་སྟེ་ཁྲུ་དགུ་པ་ལ་དབུས་སུ་རལ་
གྲི་ལ་རྡོ་རྗེས་མཚན་པའོ། །ལས་ཐམས་ཅད་པའི་ཐབ་ནི་ལས་དང་རྗེས་སུ་མཐུན་པའི་ས་གཞི་ལ་ཟུར་བཅུ་པ་ཁྲུ་བཅུ་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྡོ་རྗེས་མཚན་པའོ། །དེ་ལ་དཀྱིལ་འཁོར་གྱི་ཁང་པའི་ཤར་ཕྱོགས་སུ་ཞི་བར་བྱེད་པའི་ཐབ། ལྷོ་ཕྱོགས་སུ་རྒྱས་

པའིའོ། །ནུབ་ཕྱོགས་སུ་དབང་དང་། དབང་དུ་དགུག་པའི་ཐབ་བོ། །བྱང་དུ་དྲག་པོའི་ལས་རྣམས་ཀྱི་ཐབ་བོ། །དཔལ་ཁ་སྦྱོར་གྱི་རྒྱུད་ཀྱི་ནི་ཤར་དུ་ཞི་བའོ། །ལྷོར་མངོན་སྤྱོད་དོ། །ནུབ་ཏུ་དབང་དང་དགུག་པའི་ཐབ་བོ། །བྱང་དུ་རྒྱས་པའོ། །མ་འབྱོར་
ན་རྡུལ་ཚོན་གྱིས་བྲིས་པ་ཡང་རུང་སྟེ་འདི་ནི་ཐབ་ཀྱི་རབ་ཏུ་བྱེད་པའོ། །པ་ལཱ་ཤ་ཨུ་དུམྺཱ་ར་ཨ་ཤྭཏྠ། གཾ་བྷཱི་རི་ཨ་མུ་ཀཱ་དམྤ་ཀ་རྣམས། ས་མི་པཱཀྵ་བ་ཌ་ལ་སོགས་ཀྱང་། འདབ་མ་གཉིས་ལ་འོ་མ་འཛགས་ཤིང་རྣམས། རློན་པ་མཉམ་པར་བཅད་པ་སོར་བཅུ་གཉིས་
པ་རྩེ་མོའི་ཆར་སྐྱེས་པ། མཐེའུ་ཆུང་གི་སྦོམ་ཅན་རྣམས་སྦྲང་རྩི་དང་འོ་མ་དང་། མར་གྱིས་མགོ་དང་མཇུག་མ་བཏགས་པ་བདུད་རྩི་དང་དྲིའི་ཆུ་གཏོར་བའི་ཡམ་ཤིང་རྣམས་མིང་མེད་དང་། མཐེ་བོས་བཟུང་སྟེ་རྩེ་མོ་ལོ་མ་ཟུང་དང་བཅས་པ་རྩེ་མོ་ལྷ་ལ་བསྟན་ནས་བསྲེག་པར་
བྱའོ། །དེ་རྣམས་དང་ཀུ་ཤ་དང་། ཨ་མུའི་ལོ་མ་དང་། དཱུར་བ་ཡང་གཉིས་གཉིས་བསྡོམས་པའོ། །རིད་པ་དང་ལྕི་བ་དང་ཕྲ་བ་དང་འཁྱོག་པ་དང་རིང་བ་དང་ཐུང་བ་དང་ལོ་མ་མེད་པ་དང་སྲིན་བུ་ལ་སོགས་པས་ཟོས་པ་དང་དམན་མ་དང་པགས་པ་མེད་པ་དང་། བྲུན་གྱིས་
གོས་པ་དང་། རྩེ་མོའི་ཆ་གཉིས་པ་དང་། སྦོམ་པ་རྣམས་སྤང་བར་བྱའོ། །རྙིངས་པས་ནི་འཆིའོ། །འཁྱོག་པས་སྐལ་བ་ངན་པར་བྱེད་དོ། །ཐུང་བས་རིགས་པ་རྒྱུན་དུ་མི་འཇུག་གོ། །ལོ་མ་མེད་པས་ནད་བྱེད་དོ། །སྦོམ་པས་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་
སོ། །སྐམས་པ་ལ་སོགས་པས་ཀྱང་མི་འདོད་པ་འབྱུང་བར་ཤེས་པར་བྱའོ། །སྦྱིན་སྲེག་གི་ཟས་བརྗོད་པར་བྱ་སྟེ། ཏིལ་མར་ལ་བཏགས་ཀུ་ཤ་སཱ་ལུའི་ཟན། །འོ་མ་ནས་དང་ཏིལ་དང་ཞོ། །པྲི་ཡང་ཀུ་དང་ཙནྡན་དཱུར་བ་དང་། རོ་བཅུད་དང་ནི་དྲི་བཟང་པོ་རྣམས་དང་། མེ་
ཏོག་འབྲས་ཡོས་ཨ་མྲའི་ལོ་མ་ནི། །རྩེ་མོ་གཉིས་ནི་སྦྲང་དང་མར་བཏགས་ལ། བསྲེག་པར་བྱའོ་ཇི་ལྟར་རྙེད་པ་སྟེ། ཞི་བར་བྱེད་པའི་མཐར་ནི་བདུད་རྩིའོ། །ལ་ལ་ནི་ཕྱིའི་བདུད་རྩི་ལྔ་ཞེས་ཟེར་རོ། །ཡམ་ཤིང་ནི་དེ་རྣམས་ཏེ་འདི་ལྟར་དབུས་ཀྱི་ཆར་སྐྱེས་པ་ཚད་ཆག་གང་བ།

ཁྲུ་གང་ཙམ་དང་ལྡན་པ་རྣམས་བདུད་རྩི་དང་དྲི་ཞིམ་པོ་དང་བཅས་པའི་ཆུས་གཏོར་བ་ཞོ་དང་འོ་མ་དང་མར་དང་མངར་གསུམ་དང་བཏགས་པའི་བཟའ་བ་མཆོག་དང་། ཞོ་དང་སྦྲང་རྩི་དང་མར་དང་ལྡན་པའི་ཏིལ་ནག་པོ་དང་ཞོའི་བཟའ་བ་མར་དང་ལྡན་པ་དང་། གོ་སྙོད་དང་། བིལ་
བའི་འབྲས་བུ་དང་། འབྲས་སཱ་ལུ་དང་། པདྨ་དང་། ནཱ་ག་གེ་སར་དང་ཀརྞི་ཀ་རའི་འབྲུ་ནི་རྒྱས་པའི་འོ། །ཞི་བ་ལ་བཤད་པའི་ཡོན་ཏན་དང་སྐྱོན་མེད་པ་རྣམས་སོར་ལྔ་དང་ལྡན་པ་རྣམས་དང་། པྲི་ཡང་ཀུ་དང་ཙམ་པ་པུན་ནཱ་ག །ནཱ་ག་གེ་སར་ཀེ་ས་ར་དང་ནི། །ལ་
ཀུ་ཙ་དང་མྱ་ངན་མེད་ཡམ་ཤིང་། །དེ་བཞིན་དུ་ནི་ནགས་ན་ཆེ་བའི་དངོས། །འབྲས་བུ་དང་ནི་མེ་ཏོག་སྐྱུར་པོ་དང་། །མངར་བ་དང་ནི་གཞན་རྣམས་རང་རང་གི །རྟོག་པར་གསུངས་པ་དང་ནི་གཞན་པ་ནི། །ཤེས་པར་བྱ་བ་དབང་གི་ལས་ཀྱིའོ། །དེ་རྣམས་དང་ནི་འདི་ལྟར་
ལྕགས་ཀྱུ་ཡི། །རྣམ་པའི་ཚེར་མ་ཡང་ནི་སྔོན་བཞིན་ནོ། །དབང་དགུག་གིའོ། །ནིམ་པ་དང་། སེང་ལྡེང་དང་། ཀོ་བི་དཱ་ར་དང་། བྷཱི་ལ་ལོ་ཊ་ཀ་དང་མྱོས་བྱེད་རྣམས་སམ་དེ་ལས་གཞན་པའི་རོ་ཚ་བ་དང་ཚེར་མ་ཅན་དང་། ཁ་བའི་ཤིང་རྣམས་སམ། རོ་བསྲེགས་
པའི་སྡོང་དུམ་དང་གས་པ་སོར་བཞི་པའམ། སོར་བཅུ་པ་རྩ་བའི་ཆར་སྐྱེས་པ། རྩེ་མོ་རྣོན་པོ་གཉིས་དུག་དང་། ཁྲག་ལ་བཏགས་པའི་ཡམ་ཤིང་ངོ་། །ཡུངས་མར་དང་མར་ནག་ཚན་དེ་དང་། ཁྲག་དང་ལན་ཚྭ་དང་སྐེ་ཚེ་དང་ནིམ་པའི་ལོ་མ་དང་། རོ་བསྲེགས་པའི་
ཐལ་བ་དང་། རྐང་རྗེས་ཀྱི་རྡུལ་དང་བོང་བུ་དང་རྔ་མོ་ལ་སོགས་པའི་སྦངས་དང་སྐྲ་དང་། ཁྱིམ་བྱའི་ཚིལ་དང་། བྱ་རོག་ལ་སོགས་པའི་སྒྲོ་དང་། དྲི་ཆེན་དང་དྲི་ཆུ་དང་ཚེར་མ་དང་རུས་པའི་ཕྱེ་མ་དང་། ཤ་ཆེན་པོ་ལ་སོགས་པ་ཇི་ལྟར་རྙེད་པ་གཅིག་གམ། རྫས་ལ་
དུག་དང་ལན་ཚྭ་དང་ཁྲག་དང་བཏགས་པའི་རྫས་འདི་རྣམས་དང་། ཐལ་བ་དང་། སོལ་བ་དང་། རྩུབ་པ་ལ་སོགས་པའང་རུང་བ་ལས་དགྲའི་གཟུགས་བརྙན་དུག་ལ་བཏགས། རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ལ་མཚོན་ཆ་རྣོན་པོས་བཅད་ཅིང་བསྲེག་པ་ནི་

མངོན་སྤྱོད་བསད་པའོ། །བསྐྲད་པ་ལ་སོགས་པ་ནི་གཟུགས་བརྙན་མི་དགོས་སོ། །པ་ལཱ་ཤ་དང་། པཱཀྵ་དང་། ཨུ་དུམྺཱ་ར་དང་། སེང་ལྡེང་དང་། ཨརྐ་དང་། ནྱ་གྲོ་དྷ་དང་། བཻ་ཀཾ་ཀ་དང་། ཨ་མྲ་དང་། ས་མི་དང་། གཾ་བྷཱི་ར་དང་། ཨ་པ་མཱརྒ་དང་། ཨ་
ཤྭདྠ་དང་གསར་བུ་མངོན་པར་བྱུང་བ་མཛུབ་མོ་ཙམ་དྲང་བ་བདུད་རྩི་དང་། དྲི་ཞིམ་པོ་དང་བཅས་པའི་ཆུས་གཏོར་བ་ལས་རྗེས་སུ་མཐུན་པས་རྩེ་མོ་གཉིས་མཐུན་པ་ལ་སོགས་པས་བཏགས་པའི་ཡམ་ཤིང་དང་། ཞི་བ་ལ་སོགས་པར་བཤད་པའི་ནས་དང་འོ་མ་ལ་སོགས་པ་ཡང་
བསྲེག་པར་བྱ་བ་ནི་ལས་ཐམས་ཅད་པའོ། །གང་ཅུང་ཟད་ཞི་བ་དང་རྒྱས་པའི་རྫས་གང་དང་བདག་ཉིད་ཀྱི་སྟོན་མོ་དང་དེ་ཐམས་ཅད་ལ་མར་གྱིས་བཏགས་པ་དང་། གུ་གུལ་དང་སརྫ་ར་ས་ཡང་རུང་སོ་སོའི་སྔགས་ཀྱིས་ཕྱེ་བས་བསྲེག་པར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པའི་ཉེ་བར་
སྤྱོད་པ་ཡང་ལས་དང་རྗེས་སུ་མཐུན་པའི་ས་ཇི་ལྟ་བར་རང་གི་སྔགས་ཀྱིས་བཟླས་པར་བྱའོ། །རྫས་ཀྱི་རབ་ཏུ་བྱེད་པའོ། །མཆོད་སྦྱིན་ཅན་གྱི་བུད་ཤིང་ལ་སྲིན་བུ་མེད་པ་ཐབ་པས་ཚད་ཅུང་ཟད་དམའ་བ་དང་ལྕི་བ་སྐམ་པོ་ཡང་རུང་བ་ནི་ཞི་བའིའོ། །ནགས་ཀྱི་ལྕི་བ་སྐམ་པོ་སྤངས་
པའི་ཇི་ལྟར་བཤད་པའི་བུད་ཤིང་འབྲས་བུ་དང་བཅས་པ་ནི་རྒྱས་པའིའོ། །ནིམ་པ་དང་། སྐྱུར་བའི་ཤིང་དང་བུད་ཤིང་གཞན་མེ་ཏོག་དང་བཅས་པ་ནི་དབང་དུ་བྱས་པའིའོ། །ཚེར་མ་དང་བཅས་པ་ནི་དགུག་པའིའོ། །ཚ་བ་དང་ཚེར་མ་ཅན་དང་ཁ་བ་དང་དྲི་མི་ཞིམ་པ་དང་དྲི་མེད་
པའི་ཤིང་རྣམས་དུར་ཁྲོད་དུ་སྐྱེས་པ་རྣམས་སམ། བོང་བུ་དང་རྔ་མོའི་སྦངས་དང་བུད་ཤིང་སྐམ་པོ་ནི་མངོན་སྤྱོད་ལ་སོགས་པའིའོ། །ལས་དང་རྗེས་སུ་མཐུན་པ་ནི་ལས་ཐམས་ཅད་པའི་བུད་ཤིང་ངོ་། །བུད་ཤིང་གི་རབ་ཏུ་བྱེད་པའོ།། །།གསེར་རམ་ཟངས་ཀྱི་རང་བཞིན་ནམ་མཆོད་སྦྱིན་བྱ་
བའི་ཤིང་གི་རང་བཞིན་ལས་དགང་གཟར་བྱ་སྟེ། དེའི་ཡུ་བ་ནི་སྐྱེས་བུ་ཚད་མའི་སོར་ཉི་ཤུ་རྩ་བཞི་ལ། ཐོག་མར་རྡོ་རྗེ་དང་བཅས་པ་ཆང་བས་བཟུང་བར་འོས་པའོ། །ཡུ་བའི་སྟེང་དུ་རྒྱར་སོར་བཞི་པའི་གྲུ་བཞི་པ་དབུས་སུ་པདྨ་ལ་སོར་གཉིས་པའི་རྡོ་རྗེ་རྩེ་ལྔ་པས་མཚན་པ། དེར་སོར་

གཉིས་ཀྱིས་དམའ་བར་བརྐོས་པ་གྲུ་བཞི་པའི་སྟེང་དུ་རྒྱར་སོར་གཅིག་ལ་རྡོ་རྗེའི་ཕྲེང་བའོ། །གྲུ་བཞི་པའི་སྟེང་དུ་པདྨའི་འདབ་མའི་རྣམ་པས་སོར་བཞི་པ། མཐེའུ་ཆུང་གི་ཚད་བརྐོས་པ་ལ་རྡོ་རྗེ་སོར་བཞི་པས་མཚན་པའོ། །བླུགས་གཟར་ཀྱང་དེ་ཉིད་ཀྱི་རྒྱུ་ལས་ཡུ་བའི་རྣམ་པ་དང་། ཚད་
ནི་སྔར་བཞིན་ནོ། །ཡུ་བའི་སྟེང་དུ་རྒྱར་སོར་གཉིས་པ་པདྨའི་རྣམ་པ། ཁ་ལ་སོར་གཅིག་བརྐོས་པ་དབུས་སུ་རྡོ་རྗེ་རྩེ་མོ་ལྔ་པས་མཚན་པའོ། །གཉིས་ཀ་ལ་ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་པོ་ཆེ་ཇི་ལྟར་མཛེས་པར་བྱའོ། །དགང་གཟར་བླུགས་གཟར་གྱི་རབ་ཏུ་བྱེད་པའོ།། །།
དེ་ནས་ཁྲུས་བྱས་པ་དྲི་ཞིམ་པོས་ལུས་ལ་བྱུགས་པ་བརྩེ་བ་དང་བྱམས་པ་དང་ལྡན་པ་གོས་དཀར་པོ་འཛིན་པ་ལས་དང་རྗེས་སུ་མཐུན་པར་བྱས་ཏེ་འདོད་པའི་ལྷའི་རྣལ་འབྱོར་དང་སྲུང་བའི་ཆོ་ག་དང་བཟླས་པ་དང་སྨྲ་བ་བཅད་པས་ཤིན་དུ་འཇམ་པའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་བསྡད་དེ་
སྲོད་ལ་ཁ་ཤར་དུ་ཕྱོགས་པའི་བློ་དང་ལྡན་པས་བསྒྲུབ་བྱ་ལ་དམིགས་ཏེ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཞི་བའི་ཡིད་ཀྱིས་ཞི་བ་བྱའོ། །འདི་ལྟར་སེར་པོ་དང་གཞན་རྗེས་སུ་བྱུགས་པ། རྒྱན་དང་རྣམ་པར་བཀྲ་བའི་གོས་བགོས་པ། བཟང་པོའི་འདུག་སྟངས་ཀྱིས་གནས་ཏེ།
སྤྲོ་བའི་ཡིད་ཀྱིས་ཉ་ནས་བརྩམས་ཏེ་ཁ་བྱང་དུ་ཕྱོགས་པས་ཐོ་རངས་ནི་རྒྱས་པ་ཡིན་ནོ། །ལྷ་མཉེས་པར་བྱ་བ་དང་། ཆགས་པའི་སེམས་ཀྱིས་ཤིན་ཏུ་དམར་བ་ལ་སོགས་པའི་རྒྱན་དང་ཁ་ནུབ་ཏུ་ཕྱོགས་པས། མཐོ་ཞིང་བདེ་བའི་སྟན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་ཏེ་མཚན་
ཕྱེད་དམ་སྲོད་ལ་དབང་དུ་བྱ་བའོ། །འདི་ལྟར་དབང་དགུག་ལ་ནི་འོན་ཀྱང་ཁ་སྟེང་དུ་ཕྱོགས་པས་ལྷ་མཉེས་པར་བྱ་བ་དང་། ཡང་ན་ནུབ་ཏུ་ཕྱོགས་པའོ། །ཁྲོས་པས་གོས་དང་རྒྱན་སྔོན་པོ་བགོས་པའམ་ཁྲག་གིས་བརླན་པའི་གོས་བགོས་པ་སྲ་བའི་སྟན་ལ་ཁ་གཤིན་རྗེར་བལྟས་
པས་གནས་ཏེ་བསྒྲུབ་བྱའི་གཟུགས་བརྙན་གྱི་བྲང་ལ་གནོན་པའམ་ཙོག་པུ་དང་སྟན་མེད་པར་རྐང་པས་རྐང་པ་མནན་ཅིང་། སོ་ཡིས་སོ་བཙིར་བས་མིག་བགྲུངས་པས་ཁྲོ་གཉེར་གྱི་གདོང་གིས་སྙིང་རྗེས་དཀོན་མཆོག་གསུམ་ལ་གནོད་པ་མེད་པར་བྱ་བའི་དོན་དུ་ནག་པོ་བཅུའི་བཞིའམ་

བརྒྱད་ལ་ཉི་མ་ཕྱེད་དམ་ཕྱེད་ན་ཁྲོ་བོའི་སྐྱིལ་མོ་ཀྲུང་དང་ལྡན་པས་རྣལ་འབྱོར་ཀྱང་ཁྲོ་བོའི་བསྒྲུབ་བྱ་གང་ཡིན་པ་དེའི་སྲུང་བ་སྙིང་གའི་པདྨའི་ནང་དུ་སོན་པ་དེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བཅད་བཅིང་བཀུག་སྟེ་བདག་ཉིད་ཀྱི་ནང་དུ་བསྒོམ་པའམ་རང་གི་ཤེས་
རབ་ཀྱི་ཆུ་སྐྱེས་སུ་རང་གི་རྡོ་རྗེའི་ཕུར་བུས་ཡོངས་སུ་བཏབ་ལ་བསྒྲུབ་བྱ་དང་ལྷ་ཐམས་ཅད་དེ་ཡིས་གསལ་བར་བསྒོམས་ལ། དེ་ལ་སྡིག་པ་མི་འཇུག་པར་བྱ་བར་འདོད་པའི་རྩེ་བས་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ངམ་ཕན་པ་དང་བདེ་བའི་བསམ་པས་རིགས་བཟང་པོར་སྐྱེ་བར་
བྱ་བ་ནི་མངོན་སྤྱོད་དང་བསད་པའོ། །སྡང་བའི་ཡང་ངོ་། །དབང་ལྡན་དུ་ཁ་ཕྱོགས་པས་དེ་བཞིན་དུ་རྡོ་རྗེའི་སྐྱིལ་ཀྲུང་ནི་ངེས་པའིའོ། །བཽ་ཥཊ་ཧེ་ཡི་སྔགས་ཀྱིས་དང་། །ཐབ་ཀྱང་གྲུ་བཞིར་རུང་བ་སྟེ། །སེར་དང་དཀར་བ་རྣམས་བརྒྱན་ལྡན། །རྒྱས་པའི་ཆོ་ག་བཞིན་
ཡོངས་གནས། །དེ་བཞིན་མེ་ཕྱོགས་ཁ་བལྟས་པས། །བསྐྲད་པ་རྔ་མོ་སོགས་བྲུན་བྱུག །དུག་གིས་བྲིས་པའི་ནག་པོ་ནི། །དཀར་པོས་བརྒྱན་པ་སྲེག་པ་ཡིན། །བྱ་རོག་ལ་སོགས་གཤོག་བསྡུས་ལ། །རབ་ཏུ་བསྒྲུབ་བྱའི་མིང་སྤེལ་བའོ། །འདིར་བྱ་རོག་ལ་སོགས་
པའི་གཤོག་པ་ལ་ཆེ་གེ་མོའི་ཨུཙྪ་ཊའི་སྔགས་ཀྱི་མཐའ་ཅན་བྲིས་པ་དང་ལྡན་པའོ། །ཁ་བདེན་བྲལ་དུ་ཕྱོགས་པས་དེ་བཞིན་དུ་སྡང་བར་བྱ་བ་ལ་མར་ནག་ཚན་དེ་དང་དུག་ལ་སོགས་པས་བྲིས་ལ་རྐང་པ་དག་ཕྱིན་ཅི་ལོག་པས་སེར་བ་དང་གནག་པས་རྣམ་པར་བརྒྱན་པའོ། །ལས་
ཐམས་ཅད་པ་ལ་གང་ཕྱོགས་མཚམས་སུ་ཁ་བལྟས་པ་དང་དེ་དྲང་པོ་ནི་མཆོག་སྟེ་ཕྱོགས་དང་མཚམས་སུ་གནས་པའམ། དོན་དམ་པར་གདོད་མ་ནས་ཞི་བའི་རྒྱུད་ཉིད་པས་ཇི་ལྟར་དེ་བཞིན་དུ་གནས་པས་ཡིད་མ་ཞུམ་པའི་ང་རྒྱལ་གྱིས་བློ་མཉམ་པའི་དེ་བཞིན་དུ་ཐམས་ཅད་
དང་བཅས་པ་བྱའོ། །སྒྲུབ་པ་པོའི་རབ་ཏུ་བྱེད་པའོ།། །།གསེར་དང་དངུལ་དང་རྡོ་དང་ཟངས། །ཤིང་དང་ས་དང་མུ་ཏིག་དང་། །དུང་དང་ལོ་མའི་སྐྱོང་བུ་ནི། །མཆོད་ཡོན་བསང་གཏོར་ལ་སོགས་སྣོད། །ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས་

དང་ལྡན་པ་བདུད་རྩི་དང་བཅས་པ་དྲི་སེར་པོའི་ཆུ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པས་གཏོར་བ། བདུག་སྤོས་ཀྱིས་བདུགས་པར་རང་གི་ལྷའི་སྔགས་སམ་ལས་ཐམས་ཅད་པ་ལ་སྭཱ་ཧཱའི་མཐའ་ཅན་བརྒྱ་བཟླས་པ་ནི་ཞི་བའིའོ། །འདི་ལྟར་ཏིལ་དང་ཞོ་སེར་བོའི་མེ་ཏོག་དང་།
དྲི་ལ་སོགས་པ་དང་བཅས་པའི་ཆུ་ལ་ཕྱག་འཚལ་གྱི་མཐའ་ཅན་རྒྱས་པའིའོ། །དམར་པོའི་དྲི་ལ་སོགས་པའི་ཆུ་ལ་ཧོཿའི་ཡི་གེའི་མཐའ་ཅན་ནི་དབང་གིའོ། །དེ་བཞིན་དུ་གདུག་པའི་ནི་ཛཿའི་ཡི་གེའི་མཐའ་ཅན་ནོ། །བཙོག་པ་གསོད་པ་ནི་ཁམ་ཕོར་གྱི་དུམ་བུ་ལ་སོགས་
པའི་སྣོད་ཁྲག་དང་ཀོ་ཏྲ་བ་དང་གཅི་བ་དང་། བའི་གཅིན་དང་གནག་པ་དྲི་མི་ཞིམ་པ་དང་དྲི་མེད་པའི་མེ་ཏོག་ལ་སོགས་པ་དང་བཅས་པའི་ཆུ་ལ་ཕཊ་ཀྱི་ཡི་གེ་མཐའ་ཅན་ནི་བསད་པ་ལ་སོགས་པའི་འོ། །དྲི་དང་མེ་ཏོག་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས་དང་ཆུ་སྟེ་ཇི་ལྟར་རྙེད་
པའི་ལས་དང་རྗེས་སུ་མཐུན་པ་གཞག་པར་བྱའོ། །ཐམས་ཅད་དུ་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་པའོ། །འདི་ནི་མཆོད་ཡོན་གྱི་རབ་ཏུ་བྱེད་པའོ།། །།ཞི་བ་དང་རྒྱས་པ་དང་དབང་གི་ལས་ལ་བདུད་རྩི་འཁྱིལ་པའི་སྔགས་སམ། ཧཱུཾ་གི་ཡི་གེ་བཟླས་པའི་ལས་ཐམས་
ཅད་པའི་ཆུའི་སྣོད་དང་མཆོད་ཡོན་ལ་སོགས་པའི་སྣོད་གསུམ་གཡོན་གྱི་ངོས་སུའོ། །དེའི་མདུན་དུ་བཟེད་པར་བྱེད་པའི་སྣོད་གསུམ་ཀྱང་ཁྲིའུ་ལ་སོགས་པ་ལ་བཞག་ལ་སྔགས་གོང་མ་གཉིས་གང་རུང་ཟློས་བཞིན་པའི་ཆུ་ལག་པ་གཡས་པར་གནས་པར་ཀུ་ཤའི་རྩེ་མོ་བཟུང་
བའི་བུད་ཤིང་ལ་སོགས་པ་ཐམས་ཅད་ལ་གཏོར་ཏེ་རྫས་ནི་གཡས་ངོས་སུ་དགོད་པར་བྱའོ། །བདག་ཉིད་དང་དགང་གཟར་དང་བླུགས་གཟར་ལ་ཡང་གཏོར་བར་བྱའོ། །རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའི་བུམ་པ་ལྷག་པར་གནས་པ་ནི་དཀྱིལ་འཁོར་གྱི་ཆོ་གར་བཤད་པ་
བཞིན་དུའོ། །ཆོ་ག་བསྡུས་པ་ལ་ནི་བུམ་པ་མེད་པའམ་གཅིག་ཙམ་མོ། །བསད་པ་དང་བསྐྲད་པའི་ལས་དང་སྡང་བ་ལ་སོགས་པ་ལ་ལག་པ་གཡོན་པས་བསང་གཏོར་བྱ་བ་དང་། གཡས་ངོས་སུ་ལས་ཐམས་ཅད་པའི་སྣོད་དང་མཆོད་ཡོན་གྱི་སྣོད་དང་། གཡོན་ངོས་སུ་རྫས་དགོད་

དོ། །འདི་ནི་དགོད་པའི་རབ་ཏུ་བྱེད་པའོ།། །།ཞི་བ་ལ་ནི་འོ་མ་ཅན་གྱི་ཤིང་ལས་དང་། འབྲོག་དགོན་པར་སྐྱེས་པའི་མེ་དང་། སྦྱིན་སྲེག་གི་འགྲམ་དུ་འཐེབ་དུ་བཞག་པ་དང་། སྦྱིན་སྲེག་གི་མེ་ཡང་རྒྱས་པ་ལ་ནི་རྒྱལ་པོ་དང་རྒྱལ་རིགས་ཀྱི་ཁྱིམ་དུ་སྐྱེས་
པ་དང་ནགས་ལས་སྐྱེས་པ་དང་། ནོར་བུ་ལས་བླངས་པའམ། དགེ་འདུན་གྱི་འམ། རྒྱུན་ཞག་གི་མེའོ། །སྨད་འཚོང་མ་དང་དམངས་རིགས་ལས་བླངས་པ་ནི་དབང་གིའོ། །གར་མཁན་དང་འགྲོན་པོའི་དང་། གླུ་གར་མཁན་གྱིས་བྱས་པ་ནི་དབང་དགུག་གིའོ། །མིའི་
རུས་པའི་དང་། རོ་བསྲེགས་པའི་དང་། རྡོ་རྗེའི་དང་། བ་ལང་གསོད་པའི་ཁྱིམ་དུ་སྐྱེས་པ་ལ་སོགས་པ་ནི་མངོན་སྤྱོད་ལ་སོགས་པའི་མེར་གཟུང་བར་བྱའོ། །རང་རང་གི་ཇི་ལྟ་བ་ནི་ལས་ཐམས་ཅད་པ་སྟེ་འདི་ནི་མེའི་རབ་ཏུ་བྱེད་པའོ།། །།དེ་ནས་རྡོ་རྗེ་གསོར་བ་དང་དྲིལ་བུའི་
སྒྲ་བྱས་ཏེ་གཏོར་མ་བྱིན་ལ་སྲུང་བ་དང་ལྡན་པས་ཡི་གེ་གསུམ་གྱིས་མེ་སྣོད་དུ་བཞག་ལ། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མར་གྱིས་རབ་ཏུ་འབར་བའི་མེ་སྤར་བར་བྱའོ། །དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བཟུང་བས་གཡས་སུ་བསྐོར་བ་དང་གསད་པ་ལ་སོགས་
པའི་ལས་ལ་གཡོན་དུ་ལན་གསུམ་བསྐོར་ཞིང་བསང་གཏོར་བྱས་ལ་ཐབ་ཏུ་གཙང་ཞིང་སྐམ་པའི་རྩྭའི་ཚོམ་བུ་དང་བཅས་པ་ལ་དུ་བ་མེད་པར་རོ། །གསད་པ་དང་བཅས་པ་ལ་དུ་བ་དང་བཅས་པའོ། །ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བྱ་བ་འདིའམ་ཧཱུཾ་གི་ཡི་གེས་རླུང་ཡབ་ཀྱིས་མེ་སྦར་ཏེ་གཙོ་
བོའི་སྙིང་པོ་བཟླས་པའི་ལྕགས་གཟར་ལ་སོགས་པའི་མར་གྱིས་འབར་བར་བྱས་ཏེ། གསད་པ་ལ་སོགས་པ་ལ་ནི་ཐོག་མར་མར་ནག་ཚན་དེས་བྱའོ། །དེ་ནས་ཀུ་ཤ་རྣམས་ལ་ཨོཾ་བཛྲ་སཏྭ་ཨཱཿཞེས་བྱ་བ་འདི་བཟླས་པའི་ཀུ་ཤ་གཉིས་གཉིས་རྩེ་མོ་ཕྱོགས་གཅིག་པ་དྲི་མ་མེད་
པ་ལྗང་གུ་གཤིབས་པ་འདབ་མ་དུམ་བུ་མ་ཡིན་པ་ཤིན་ཏུ་རིང་བ་མ་ཡིན་པ། ཐོག་མར་སྒྲུབ་པ་པོའི་གཡོན་གྱི་ཁ་ཁྱེར་གྱི་ཕྱི་རོལ་ནས་ཁ་ཤར་དུ་ཕྱོགས་པ་དང་། དེ་ལྟར་གཤིན་རྗེར་ཁ་ཕྱོགས་པ་དང་། ཁ་ནུབ་ཏུ་ཕྱོགས་པ་དང་། བྱང་དུ་རྩེ་མོ་བསྟན་པའོ། །དེ་

ནས་ཐབ་ལ་རྩེ་མོ་མདུན་དུ་བསྟན་པས་གཡོགས་པར་བྱའོ། །ཀུ་ཤ་རྣམས་ནི་བ་ལང་རྣ་བ་ཙམ་སྟེ་ཤིན་ཏུ་རིང་བ་མ་ཡིན་ནོ། །རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ཐབ་ལ་རིམ་པ་བཞིན། བྱང་དང་ནུབ་དང་ལྷོར་རྩེ་མོ་བསྟན་པའི་ཀུ་ཤ་གཉིས་གཡོན་གྱི་ཁ་ཁྱེར་གྱི་ཕྱིར་ཐོག་མར་དེ་བཞིན་
དུ་རྩེ་མོའོ། །དེ་ནས་ལྷའི་བདག་ཉིད་ཅན་གྱིས་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་གྱི་ཧཱུཾ་ལས་ཐབ་རྫོགས་པར་བྱས་ལ་མེ་རབ་ཏུ་འབར་བར་རིག་པ་འདི་ཉིད་དེའི་དབུས་བདག་མེད་པར་དམིགས་ལ་རཾ་ལས་བྱུང་བའི་མེ་གྲུ་གསུམ་གྱི་དཀྱིལ་འཁོར་ལ་པདྨ་དང་ཉི་མ་ལ་གནས་པའི་
རཾ་གྱི་ཡི་གེ་ལས་བྱུང་བའམ་སྐད་ཅིག་གིས་རྫོགས་པ་སྟེ། ལས་དང་རྗེས་སུ་མཐུན་པ་ཅན་གྱི་དྲང་སྲོང་ཕྱག་བཞི་པ། གཡས་པས་དབྱུག་པ་དང་མེའི་ཐབ་འཛིན་པ་གཡོན་པས་སྤྱི་བླུགས་དང་བགྲང་ཕྲེང་འཛིན་པ་སྨ་ར་དང་རལ་པའི་ཚོགས་ཅན་གསུས་པ་འཕྱང་བ། ལུས་ལ་གོན་
པ་ལས་དང་རྗེས་སུ་མཐུན་པའི་རྒྱན་དང་གོས་དང་འོད་ཀྱི་ཕྲེང་བ་དང་རྣམ་པར་ཤེས་པ་དང་། རིགས་ཀྱིས་རྒྱས་གདབ་པ་དང་ལྡན་པའི་སྙིང་གར་རཾ་གྱིས་བྱིན་གྱིས་བརླབས་པ་དང་བཅས་པའི་མེ་རྣམ་པར་བསྒོམས་ལ་དམ་ཚིག་སེམས་དཔའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས། ནམ་
མཁའི་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང་འདྲ་བའི་མེ་ལྷ་དྲང་སྲོང་གིས་ཡོངས་སུ་བསྐོར་བ་མེའི་ཕྱོགས་སུ་བྱོན་པར་བལྟས་ཏེ། གཡས་པ་མི་འཇིགས་པའི་མཐེ་བོང་བསྐྱོད་པས་དང་། སྔགས་འདིས་སྤྱན་དྲང་ངོ་། །ཨོཾ་ཨེ་ཧྱེ་ཧི་ཨགྣ་ཡེ་རཾ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཛྭ་ལ་ཛྭ་ལ་
ཧོཿམ་ཧཱ་རྀ་ཥི་སརྦ་དེ་བ་མུ་ཁཱ་པཱུ་རཱིཾ་ཨསྨིཾ་སནྣི་ཧི་ཏོ་བྷཱ་ཝ་ཧཱུཾ། ཞེས་བྱ་བས་སྤྱན་དྲངས་ཏེ། དེ་དང་ལྷན་ཅིག་ཏུ་འོངས་པའི་བགེགས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ཁྭ་གདོང་མ་ལ་སོགས་པས་བསལ་ཏེ། འདི་ལྟར་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བའི་སྔགས་བརྗོད་པས་རིམ་པ་ཇི་ལྟ་བར་དགུག་པ་དང་
གཞུག་པ་དང་། བཅིང་བ་དང་། མཉེས་པར་བྱའོ། །དེ་ནས་ཨོཾ་ཨཱཿཔཱདྱཾ་ཧཱུཾ་ཏྲཱ་ས་ན་ཡེ་གྲྀཧྞ་ཧཱུཾ། ཞེས་བྱ་བས་ཞབས་བསིལ་དབུལ་ལོ། །ཨོཾ་བཾ་ཨཉྩ་མ་ནཾ་རྀ་ཥ་ཡེ་པྲ་ཡཙྪ་ཧཱུཾ། ཞེས་བྱ་བས་ཞལ་བསིལ་དབུལ་བར་བྱའོ། །ཨོཾ་ཧཱུཾ་ཌཱ་ཀ་ཌཱ་ཀི་ནཱི་ས་མ་ཡཱ་རྒྷཾ་ད་དཱ་མི་ཧཱུཾ་ཧཱུཾ་རཾ་རཾ་སྭཱ་ཧཱ། ཞེས་བྱ་བས་

མཆོད་ཡོན་དབུལ་བར་བྱའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པ་རྣམས་དང་པི་ཝང་མ་ལ་སོགས་པའི་གསང་བའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། ཇི་ལྟར་བདག་གི་བླ་མ་རྣམས་ཀྱི་སྦྱོར་བའི་ཁྱད་པར་ནི། །ཀུ་ཤའི་དཀོར་བཞག་
དང་སྣོད་ཀྱིས། །གསུམ་པའི་ཐོག་མར་བསང་གཏོར་ཏེ། །ཐམས་ཅད་བྱེད་པ་བཟླས་པའི་ཆུས། །དེ་བཞིན་དུ་ནི་ཞལ་བསིལ་བླུགས། །ཁུ་ཚུར་ཁ་སྦུབས་བྱས་པ་ཡི། །མཛུབ་མོས་མེ་ཏོག་ཡོངས་བཟུང་སྟེ། །མཐེའུ་ཆུང་དང་ནི་མིང་མེད་དང་། །གུང་མཛུབ་རིམ་གྱིས་ཕྱེ་
བས་དོར། །གཉིས་པའི་དུང་གི་ཨརྒྷ་ནི། །བཞེས་བཟེད་སྣོད་ནི་གཉིས་པར་རོ། །རྡོ་རྗེ་ཐལ་མོ་རབ་ཕྱེ་བས། །གསུམ་པ་རུ་ནི་ཞབས་བསིལ་སྦྱིན། །མཐེ་བོ་མཛུབ་མོ་བཙིར་བ་ཡིས། །མེ་ཏོག་བཟུང་བའི་ཁུ་ཚུར་གྱིས། །སངས་རྒྱས་རྣམས་ལ་མངོན་སུམ་དུ། །ལན་གསུམ་
བསྐོར་བ་འཇུག་རིམ་གྱིས། །དབྱེ་བ་མཛུབ་མོ་གུང་མོ་དང་། །མིང་མེད་དང་ནི་མཐེའུ་ཆུང་ངོ་། །ཞེས་བྱ་བ་ནི་བརྒྱུད་པའི་གདམས་པའོ།། །།དེའི་རྗེས་སུ་ལག་པ་གཡོན་པས་བྱང་ཆུབ་མཆོག་གི་ཁུ་ཚུར་བརྐྱང་བས་མར་གྱིས་གང་བའི་དགང་གཟར་བཟུང་ལ་ལག་པ་གཡས་
པ་ཁ་འོག་ཏུ་བསྟན་པས་བླུགས་གཟར་མར་གྱིས་གང་བ་བརྐྱང་སྟེ་དགབ་པའོ། །སྡང་བའི་ལས་ལ་ནི་དུག་དང་བཅས་པའི་མར་ནག་ཚན་དེས་གང་སྔོན་ལ་ཕྱིན་ཅི་ལོག་ཏུ་བཟུང་སྟེ་གཟར་བུ་གཉིས་ཀྱི་ཁ་ཡི་གེ་གསུམ་གྱི་ནང་དུ་ཆུད་པའི་ཧཱུཾ་གི་ཡི་གེ་ལས་དང་རྗེས་སུ་མཐུན་པའི་
ཁ་དོག་ཅན་འོད་ཟེར་འབར་བའོ། །མེ་ལྷའི་ཞལ་ལ་རཾ་བཀོད་ལ། དགང་གཟར་གྱི་ཁར་བླུགས་གཟར་གྱི་ཁ་བྱས་པའི་ལག་པ་དག་ནི་པུས་མོའི་ནང་དུའོ། །སྡང་བ་ལ་ནི་ཕྱི་རོལ་དུ་བྱའོ། །ཨོཾ་དེ་བ་རྀ་ཥི་པ་ར་མ་སཽ་ག་ཏ་ཀཱ་རུ་ཎ་ཡ་ཛཿཧཱུཾ་བཾ་ཧོཿཧ་ཧ་ད་ཧ་ད་ཧ་པ་ཙ་པ་ཙ་ཧ་ན་ཧ་ན།
ཧཱུཾ་ཧཱུཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བ་དགང་བླུགས་གསུམ་མཾ་བདུན་དབུལ་བར་བྱའོ། །རྒྱས་པ་ལ་ཨོཾ་དང་། དབང་ལ་ཧོཿདང་། དགུག་པ་ལ་ཛཿདང་། སྡང་བ་ལ་ཧཱུཾ་ཕཊ་ཅེས་བྱ་བའི་མཐའ་ཅན་གྱི་སྔགས་ཀློག་པའི་ཁ་ཡང་ཅུང་ཟད་ཕྱེ་བ་དང་། ཁྲོ་བ་དང་ཤིན་དུ་ཁ་གདངས་

པས་དགང་གཟར་གྱིས་གཡས་ནས་བསྐོར་བར་བྱ་སྟེ། ཁྲོ་བ་ལ་གཡོན་དུ་བསྐོར་ནས་དབུལ་བའོ། །དེ་ནས་བགེགས་མེད་པའམ་བགེགས་དང་བཅས་པའི་མེའི་མཚན་མའི་མཚན་ཉིད་ཤེས་པར་བྱ་སྟེ། དཔལ་བེའུ་རྔ་ཡབ་གདུགས་རྒྱལ་མཚན། །ཆུ་སྐྱེས་བུམ་པའི་རྣམ་པ་དང་། །
རྩེ་གསུམ་རལ་གྲི་ཉ་དང་ནི། །ཨིནྡྲ་གོ་བ་སྭ་སྟི་འདྲ། །རྡོ་རྗེ་དུང་སོགས་རབ་ཏུ་བསྔགས། །མར་བསྲེག་པ་ཡི་བླུགས་གཟར་དབྱིབས། །འོད་དང་དེ་ལྡན་མི་དགེ་སྟེ། །དཀར་དང་དབང་པོའི་གཞུ་མཉམ་དང་། །གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ། །བྱི་རུའི་ཁ་དོག་དང་འདྲ་དང་། །
ཀུ་སུཾ་བྷ་རྡུལ་བཻ་ཌཱུར་ཡང་། །དྲི་མེད་འབར་བའི་ཉི་མ་མཉམ། །དུད་མེད་དྲི་ཞིམ་གླིང་བུ་དང་། །མྲྀ་ཏང་གའི་སྒྲ་བླ་ན་མེད། །ཞི་ལ་ཁ་དོག་དཀར་ལྟ་བུ། །རྒྱས་པ་ལ་ནི་སེར་པོར་མཉམ། །རྩེ་མོ་དམར་པོ་དབང་ལ་དགེ། །སྔོ་དང་གནག་པ་མངོན་སྤྱོད་ལའོ། །ཞི་སོགས་
ལ་ནི་གསེར་ལྟ་བུ། །རྩེ་མོ་གཅིག་པ་དགེ་དྲན་བྱ། །རྩེ་མོ་གཉིས་པ་འབྲིང་པོ་སྟེ། །རྩེ་གསུམ་སྤྲིན་འདྲ་དམན་པའོ། །དུད་པ་མི་དགེ་འཇུག་པ་གཞན། །རྩེ་མོ་ཆད་པ་མི་དགེའོ། །རྩུབ་ནག་པ་ལ་ཤ་འདྲ་དང་། །རྩེ་མོ་བ་ལང་མགོ་མཉམ་དང་། །ཚ་ཚ་འཕྲོ་དང་བོང་
བུའི་སྐང་། །རུལ་བ་དང་ནི་རོ་ཡི་དྲི། །ཁྲོ་བའི་ལས་ལ་དགེ་བ་ཡིན། །མཚན་མ་མི་དགེ་བ་རྣམས་ལ་བགེགས་མཐར་བྱེད་ཀྱིས་འདི་ལྟར་བསང་གཏོར་དང་སྲུང་བ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་མར་གྱི་སྦྱིན་སྲེག་བདུན་ཀྱང་བྱའོ། །དེ་ནས་མེའི་སྔགས་ཀྱིས་སླར་ཡང་
བསང་གཏོར་དང་གང་བའི་སྲེག་བླུགས་གསུམ་མམ་གཅིག་དང་ཇི་ལྟར་ཚོགས་པ་ཡང་མེའི་སྔགས་ཀྱིས་བསྲེགས་ཏེ་བླུགས་གཟར་ལ་སོགས་པ་རྣམས་ཀྱིས་མར་ལ་སོགས་པ་རྣམས་ཀྱིས་སྲེག་བླུགས་གསུམ་མམ་བདུན་ནམ་གཅིག་གམ་ཇི་ལྟར་ཚོགས་པར་བསྲེག་པར་བྱའོ། །
དེ་གསུངས་པ། བླུགས་གཟར་གྱིས་ནི་མར་བསྲེག་ཅིང་། །འབྲུ་རྣམས་དེ་ཡིས་དེ་བཞིན་དབུལ། །ཞེས་སོ། །ཐོག་མར་ཡམ་ཤིང་སོགས་པ་སྦྱང་བར་བྱ་སྟེ། དེ་ལ་ཨོཾ་ཨཱཿསྭཱ་ཧཱ། ཡམ་ཤིང་སྦྱོང་བའི་སྔགས་སོ། །ཨོཾ་ཤྲཱིཾ་སྭཱ་ཧཱ། མར་སྦྱོང་བའི་སྔགས་སོ། །ཨོཾ་སྭ་སྭཱ་ཧཱ། རྫས་

བཀྲུ་བའི་སྔགས་སོ། །ཨོཾ་ཛྲིཾ་སྭཱ་ཧཱ། འབྲུ་སྦྱོང་བའི་སྔགས་སོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་ལྷག་མ་རྣམས་སྦྱོང་བའི་སྔགས་སོ། །རིམ་པ་འདིས་ནི་ཡམ་ཤིང་བསྲེག །ཡམ་ཤིང་མེ་ལ་མར་དང་ཏིལ། །དཱུར་བ་འབྲས་དང་ཞོ་ཡི་ཟན། །ཀུ་ཤ་སོགས་དང་
བསྲེག་པར་བྱ། །འཆད་པར་འགྱུར་བ་རང་རང་གི་སྔགས་ཀྱིས་ཡམ་ཤིང་དང་དཱུར་བ་དང་ཀུ་ཤ་ཡང་མིང་མེད་དང་མཐེ་བོས་སོ། །ཐམས་ཅད་དུ་ཞུ་བའི་རྫས་ནི་ཞལ་དུ། ཡམ་ཤིང་དང་མིའི་རུས་པ་ལ་སོགས་པ་ཡང་འོད་ཀྱི་དཀྱིལ་འཁོར་ལའོ། །ཞོའི་བཟའ་བ་དང་ཟས་སྣ་
ཚོགས་དང་། ཞལ་བསིལ་དང་ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་དབུ་ལའོ། །བདུག་སྤོས་ནི་འབར་བ་ལའོ། །ཞབས་བསིལ་ནི་ཞབས་དག་ལའོ། །མདུན་དུ་མར་མེ་དང་མཆོད་ཡོན་ཀྱང་ངོ་། །མཆོད་ཡོན་གྱི་ཆུ་ནི་ཕྱི་རོལ་གྱི་སྣོད་དུ་བླུགས་སོ། །
རྫས་རྣམས་དབུལ་བའི་དུས་སུ་ལྷའི་སྔགས་དང་རྫས་ཀྱི་སྔགས་དང་ལས་ཀྱི་སྔགས་དང་གསུམ་སྤེལ་བར་བྱའོ། །དེའི་རྗེས་སུ་ཞབས་བསིལ་ལ་སོགས་པ་དང་བསང་གཏོར་ཡང་བྱས་ཏེ་ལས་དང་རྗེས་སུ་མཐུན་པའི་མེ་འབར་བའི་རྣམ་པར་བྱ་བའམ་དེ་ཉིད་ཀྱི་ཐུགས་ཀར་པཾ་ཡོངས་སུ་
གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་པའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལྗང་སྔོན་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་གིས་བྱིན་གྱིས་བརླབས་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་ཏེ། འགྲོ་
བ་ཐམས་ཅད་དག་པར་བྱས་ཏེ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་སེམས་ཅན་རེ་རེ་ཡང་བྱས་ནས། དེ་རྣམས་གདོད་མ་ནས་གྲུབ་པ་བེམས་པོ་མ་ཡིན་པའི་སེམས་ཅན་ལས་འདས་པ་ཐམས་ཅད་བཀུག་སྟེ། དེ་ཉིད་དུ་ཞུགས་པ་ཡོངས་སུ་གྱུར་པ་ལས་དཔལ་མཁའ་འགྲོ་རྒྱ་
མཚོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་བྱས་ལ། ཨོཾ་ཨཱཿཀཱ་ཡ་བཱཀ་ཙིཏྟ་བཛྲ་ཧཱུཾ་ཕཊ་ཧོཿ། ཞེས་བརྗོད་པར་བྱའོ། །དེ་ནས་གོ་ཆ་བྱ་བ་དང་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་། སློབ་དཔོན་གྱི་སྙིང་ག་ནས་སྤྲོས་

པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་དེ་རྣམས་ཀྱི་སྔགས་རྣམས་བརྗོད་པས་བསྟོད་པ་དང་གཞན་ཡང་མཆོད་པ་རྣམས་ཀྱིས་མཆོད་པ་དང་། གཙོ་བོ་དང་དཀྱིལ་འཁོར་པ་བསྒོ་བའི་གླུ་བླང་བའི་མཐར་ཐུག་པར་མངོན་པར་རྟོགས་པ་ནས་འབྱུང་བ་བཞིན་བྱའོ། །འོན་ཀྱང་དབང་
བསྐུར་བའི་དུས་སུ་གླུ་དང་རོལ་མོ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་དངོས་སུ་རྣམ་པར་རྒྱལ་བའི་བུམ་པས་མེ་ལོང་ལས་དབང་བསྐུར་བར་བྱའོ། །དེ་ནས་སྐུ་མདོག་ནི་མངོན་པར་རྟོགས་པ་ལས་འགྱུར་བ་མེད་དེ་ཕྲིན་ལས་ནི་ལས་ཀྱི་དབྱེ་བ་སོ་སོར་བྱ་བ་ཡང་། དེ་
རྣམས་སྤྲོས་པའི་འོད་ཟེར་ལས་སྤྲུལ་པའི་མཁའ་འགྲོ་མ་ལ་སོགས་པ་ནོར་བུ་ཟླ་འོད་ཀྱི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ལས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་བསྒྲུབ་པར་བྱ་བའི་རིམས་ལ་སོགས་པ་བསལ་བར་བསམ་པར་བྱའོ། །རྒྱས་པ་ལ་ནི་རངས་ཤིང་དགྱེས་པའི་
ཐུགས་ཀྱིས་སྔོན་བཞིན་གྱི་བུམ་པའི་མགྲིན་པ་ནས་བདུད་རྩིའམ་རིན་པོ་ཆེའི་ཆར་གྱིས་བསྒྲུབ་བྱའི་ལུས་སམ་ཁྱིམ་ཡོངས་སུ་དགང་བར་བྱས་ཏེ་བརྗེད་པ་ལ་སོགས་པའམ་ཕོངས་པ་འཇོམས་པར་བྱེད་དུ་གཞུག་གོ། །དབང་ལ་ནི་ཆགས་པའི་ཐུགས་དང་ལྡན་པས་སྔོན་བཞིན་དུ་ཨུཏྤ་ལའི་
དོག་པའི་མདེའུ་ཅན་གྱི་མདས་སྙིང་གར་ཕུག་ནས་དབང་དུ་བྱེད་པ་གཞུག་གོ། །དབང་དགུག་ལ་ཞགས་པ་དང་ལྕགས་ཀྱུ་དག་གིས་བཅིངས་པ་དང་ཕུག་པས་དགུག་ཏུ་གཞུག་གོ། །མངོན་སྤྱོད་ལ་ཁྲོས་པ་དང་ལྡན་པས་བསྒྲུབ་བྱའི་སྟེང་དུ་རྡོ་དང་མེའི་ཆར་བབ་ནས་བསྒྲུབ་བྱ་ཐལ་
བར་བྱེད་དུ་གཞུག་གོ། །སྡང་བ་ལ་སོགས་པ་ལའང་དེ་རྣམས་དང་རྗེས་སུ་མཐུན་པས་མཛད་པར་བསམ་པར་བྱ་སྟེ། དེ་ནས་ཧཱུཾ་གི་ཡི་གེ་ལས་བདུད་རྩི་འཁྱིལ་པས་ཉེ་བར་མཁོ་བ་ཐམས་ཅད་སྔོན་བཞིན་བསང་གཏོར་བྱས་ལ་དེ་ནས་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པས་
མཆོད་པར་བྱ་སྟེ། ཨོཾ་ཨཱཿཔུཥྤེ་པྲ་ཏཱིཙྪ་ཧཱུཾ། ཞེས་བྱ་བ་ལ་སོགས་པས་ཞི་བ་ལ་མེ་ཏོག་དཀར་པོ་དྲི་ཞིམ་པས་མཆོད་པར་བྱའོ། །རྒྱས་པ་ལ་སེར་པོས་སོ། །དབང་དང་དགུག་པ་ལ་དམར་པོས་སོ། །ཁྲོ་བ་ལ་དྲི་མི་ཞིམ་པ་དང་དྲི་མེད་པའི་བིལ་བ་དང་ཛ་བ་ལ་སོགས་པའི་མེ་ཏོག་སྟེ། སརྫ་

པ་ལ་སོགས་པའི་སྤོས་ཀྱིས་དང་མི་དང་ཉའི་སྣུམ་ལ་སོགས་པས་སོ། །དེ་ནས་ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐ་རཾ་པཱ་དྱཾ་པྲ་ཏཱིཙྪ་ཧཱུཾ་ཞེས་བྱ་བས་ཞལ་བསིལ་དང་། ཨོཾ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ཧཱུཾ་ཞེས་བྱ་བས་ཞབས་བསིལ་དང་། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཞེས་བྱ་
བས་མཆོད་ཡོན་དབུལ་ལོ། །སྔོན་དུ་ཧཱུཾ་གིས་བསང་གཏོར་ཀྱང་ངོ་། །དེ་ནས་ཕྱི་དང་གསང་བ་བྱས་ལ་ལྷ་ཐམས་ཅད་ཀྱི་ལྗགས་ལས་དང་རྗེས་སུ་མཐུན་པའི་རྡོ་རྗེའི་རྣམ་པ་ལ་ཧཱུཾ་བཀོད་དེ། ཨོཾ་ཧི་ཧི་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོའི་རོ་གཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱུ་ཞེས་བྱ་བ་ལ་སོགས་པས་དགང་བླུགས་ཅི་ཙམ་
འབྱོར་ཚད་ཕུལ་ཏེ་ཡང་བསང་གཏོར་ལ་སོགས་པ་བྱས་ལ་ལྷ་སོ་སོའི་མིང་སྔགས་དང་རྫས་དང་སྤེལ་ཚིག་དང་བཅས་པ་ཅི་ཙམ་འབྱོར་པ་དབུལ་ལོ། །ཡང་ན་སྔགས་ལ་སྤེལ་བ་དང་བཅས་པའོ། །ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱ་རཱ་ཛཱ་ཡ་དྷི་མ་ཧེ་ཏ་ནུ་བཱི་ར་པྲ་ཙོ་ར་ཡ་ཡ་ཆེ་གེ་མོའི་རོ་
གཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་བསྲེག་པར་བྱའོ། །དེ་ནས་ལྷ་སོ་སོ་ལ་དགང་བླུགས་བདུན་ནམ་གསུམ་མམ་གཅིག་བསྲེགས་ལ་དེ་ནས་བདུད་རྩི་དང་བཅས་པའི་དགང་བླུགས་ཇི་ལྟར་རྙེད་པ་བསྲེག་པར་བྱའོ། །དེ་ལ་མེ་ལ་སོགས་པའི་ལྷའི་
སྲེག་བླུགས་ཀྱི་སྔགས་ནི་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞི་བའི་དོན་དུ་ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་འཕེལ་བ་ལ་དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། རྒྱས་པའི་དོན་དུ་མ་ཆག་ཅིང་དུམ་བུ་མ་རེད་པའི་འབྲས་རྣམས་ཀྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཕུན་
སུམ་ཚོགས་པའི་དོན་དུ་ཞོའི་བཟའ་བ་དང་བཟང་པོའིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། བསྲུང་བའི་དོན་དུ་ཏིལ་མར་ལ་བཏགས་པའི་ཀུ་ཤ་རྣམས་ཀྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བ་སྤུ་མེད་པའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཥའིའོ། །ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱ། གྲོའིའོ། །
ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྦཱ་རའིའོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏྠའིའོ། །ཨོཾ་བཛྲ་མ་ཏཱ་ཡ་སྭཱ་ཧཱ། བླཀྵའིའོ། །ཨོཾ་ཀུ་བ་ར་བ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཨོཾ་བཛྲ་རཀྵཱ་ཡ་སྭཱ་ཧཱ། ཨརྐའི་ཡལ་འདབ་ཀྱིའོ། །ཨོཾ་བཛྲ་བྲཧྨ་ཎ་

སྭཱ་ཧཱ། པ་ལཱ་ཤའིའོ། །ཨོཾ་བཛྲ་ག་ཏྲཱི་ཡ་སྭཱ་ཧཱ། སེང་ལྡིང་གིའོ། །ཨོཾ་བཛྲ་བྲུ་བཱ་ཡ་སྭཱ་ཧཱ། བེ་ཀཾ་ཀ་ཏའི་འོ། །ཨོཾ་བཛྲ་ཤི་པཱ་ཡ་སྭཱ་ཧཱ། ས་མའིའོ། །ཨོཾ་སརྦ་ཏོ་བྷ་ཏྲཱ་ཡ་སྭཱ་ཧཱ། གཾ་བྷཱི་རའིའོ། །ཨོཾ་བཛྲ་ཤི་ཁ་རཱ་ཡ་སྭཱ་ཧཱ། ཨ་པཱ་མརྒ་ཡིའོ། །འབྲས་སོ་བ་ལ་སོགས་པ་
དབྱངས་སྐྱོང་གི་སྔགས་ཀྱིས་སམ་རྫས་ལྷག་མ་རྣམས་ཀྱང་དེས་བསྲེག་པར་བྱའོ། །བསྲེག་པར་བྱ་བའི་རྫས་ཐམས་ཅད་དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་ཡིས་གཏོར་བས་བདུད་རྩིའི་དངོས་པོར་ཉེ་བར་དམིགས་ལ་སྲེག་བླུགས་བྱའོ་ཞེས་གསུངས་པ་ནི། གདམས་ངག་གི་རིམ་པ་
ཤེས་པ་ཡིས་སོ། །དེ་ནས་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཞེས་བྱ་བའི་སྲེག་བླུགས་བདུན་ནས་ཉི་ཤུ་རྩ་གཅིག་གིས་ཤིན་ཏུ་འབར་བར་བྱའོ། །དེ་ནས་ཉེ་བའི་སྙིང་པོས་གང་བའི་སྲེག་བླུགས་ཕུལ་ལ་གཙོ་བོའི་སྙིང་པོ་བཟླས་པས་མཆོད་ཡོན་
དབུལ་བར་བྱའོ། །དེ་ནས་འཐོར་འཐུང་དང་ཞལ་བསིལ་དང་གོས་སར་པ་དང་ཕྱེ་མ་སྤངས་པའི་ཏཱམྦུ་ལ་སྟེ་ཁྲོ་བའི་ལས་ལ་ནི་ཕྱེ་མ་དང་བཅས་པ་བྱིན་ལ་སྔོན་བཞིན་དུ་ཡོངས་སུ་མཆོད་པ་དང་། བསྟོད་པ་ཕྱག་དང་ཨརྒྷ་བྱིན་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་བ་སྙིང་
གར་སྦྱར་ཏེ་དམན་པ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་དོན་དུ་བཟོད་པར་གསོལ་བ་འདི་ཀླག་གོ། །བདག་བློ་རྨོངས་པས་ཅུང་ཟད་བྲི། །གང་བྱས་ཉེས་བྱས་ལ་ནི་སླར། །གང་ཞིག་ལུས་ཅན་སྐྱབས་རྣམས་ཀྱི། །མགོན་པོས་དེ་ཉིད་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་
དང་། །མ་རྙེད་པ་དང་ཡོངས་མ་ཤེས། །བྱ་བ་འདི་ལྟར་བྱས་པ་འདིར། །དེ་དག་ཐམས་ཅད་བཟོད་པར་རིགས། །ཞེས་བྱ་བས་བཟོད་པར་གསོལ་ལ་མངོན་པར་དགའ་བའི་དངོས་གྲུབ་ཀྱང་མངོན་པར་བླངས་ཏེ་དམན་པ་དང་ཤིན་ཏུ་ལྷག་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་ཐར་
པའི་བསམ་པས་ཨོཾ་བཛྲ་ས་ཏྭ་ཨཱཿཞེས་བྱ་བ་མང་དུ་བཀླགས་ལ་ཡི་གེ་བརྒྱ་པ་ཡང་བཀླག་པར་བྱའོ། །དེའི་རྗེས་སུ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་

གསོལ། །ཞེས་བྱ་བས་ཡོངས་སུ་བསྐྱོད་པར་བྱ་སྟེ། རང་གི་སྙིང་པོ་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་མུཿའི་ཡི་གེའི་མཐའ་ཅན་བཀླགས་པས་རང་གི་བདག་པོའི་དཀྱིལ་འཁོར་བློ་ཡིས་རང་ལ་གཞུག་པར་བྱའོ། །དེ་ནས་མེ་ལྷ་ཡང་ཡོངས་སུ་མཆོད་པ་
དང་། མཆོད་ཡོན་ལ་སོགས་པ་དང་དགང་བླུགས་དང་རྫས་ལྷག་མ་ཐམས་ཅད་ཀྱིས་ལེགས་པར་བསྲེགས་ཏེ་བསང་གཏོར་དང་། ཞལ་བསིལ་ལ་སོགས་པ་དང་། ཕྱེ་མ་སྤངས་པའི་ཏཱམྦུ་ལ་དང་ཁྲོ་བའི་ལས་ལ་ནི་ཕྱེ་མ་དང་བཅས་པ་དང་གོས་སར་པ་ཕུལ་ལ་རྡོ་རྗེ་དང་དྲིལ་བུའི་
སྒྲ་བྱས་པས་བསྟོད་པ་བྱའོ། །ཆོ་ག་འདི་དོན་གྱིས་ནི་རང་གི་མངོན་པར་འདོད་པའི་དངོས་གྲུབ་འཇུག་པར་བྱའོ། །རབ་གནས་ལ་སོགས་པ་ལ་གཞན་གྱི་དོན་དུ་བྱེད་པ་སྟེ་ཁྱད་པར་ནི་འདི་དག་ཡིན་ཏེ། ཡོན་ཕུལ་བའི་སློབ་མ་སྦྱིན་སྲེག་གི་ཁང་པའི་ནང་དུ་བོས་ལ་དེའི་གཡས་པའི་མཐེ་
བོང་གཡོན་པའི་མཐེའུ་ཆུང་གིས་ཡང་དག་པར་བཟུང་ལ་གཡས་སུ་བསྐོར་བ་ལན་གསུམ་བྱས་ཏེ་བླུགས་གཟར་གྱིས་མགོ་བོ་ལ་ལན་གསུམ་བསྐོར་ནས་ཞུགས་ཏེ་སྲེག་བླུགས་བདུན་བསྲེགས་ལ་གང་བའི་སྲེག་བླུགས་སྦྱིན་དུ་གཞུག་པར་བྱའོ། །འཁྱིལ་པ་བཟླས་པའི་སྲུང་སྐུད་དེའི་
ལག་པ་ལ་བཅིངས་ལ་བསང་གཏོར་བྱའོ། །འབྱོར་ན་རྒྱལ་པོ་ལ་སོགས་པ་དགེ་བར་འདོད་པས་གང་བའི་སྲེག་བླུགས་བྱའོ། །དེའི་རྗེས་སུ་མེའི་ཐབ་ཀྱི་ནང་གི་མཐའ་མར་གསེར་དང་དངུལ་ལ་སོགས་པའི་སྣོད་དུ་འབྲས་སཱ་ལུ་དང་། འོ་མ་དང་། མར་དང་། ཁ་ར་དང་། སྦྲང་རྩི་
རྣམས་བླུགས་པ་མེ་ཏོག་གི་ཕྲེང་བ་བཏགས་པ་ཚོས་པའི་ཙཱ་རུ་མེ་ལ་དབུལ་བར་བྱའོ། །དེའི་རྗེས་སུ་ཞབས་བསིལ་ཕུལ་ལ་བསང་གཏོར་དང་ཡོངས་སུ་མཆོད་པ་དང་ཨརྒྷ་ཕུལ་ཏེ། བཟོད་པར་གསོལ་ལ་མངོན་པར་དགའ་བའི་དངོས་གྲུབ་མངོན་པར་བླང་ངོ་། །ཨོཾ་ཨགྣ་ཡེ་སརྦ་
སནྟོ་ཥ་ཎཾ་ཀུ་རུ་མེ་ཡ་ཐཱ་ཀཱ་མེ་སིདྡྷི་དཱ་གཙྪ་ཏུ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེ་ནས་ཙཱ་རུ་དེ་རང་ཡང་བཟའ་ཞིང་སློབ་མ་རྣམས་ལའང་འདི་བགོ་བར་བྱའོ། །དེ་ལྟ་ན་འང་འདི་བརྗོད་པར་བྱའོ། །དེ་བཞིན་གཤེགས་པས་གསོལ་བ་ཡིས། །ལྷག་མ་སྡིག་པ་རྣམས་

འཇོམས་པའོ། །ཞེས་བརྗོད་ལ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་དང་ལྡན་པ་འདུས་པ་ལ་ཚོགས་ཀྱི་སྟོན་མོ་བྱའོ། །དེ་ཡང་གཞུང་འདི་ཉིད་ནས་གསུངས་པ། གཞོན་ནུ་མ་མཛེས་གར་བྱེད་དང་། །སྣ་ཚོགས་སིལ་སྙན་རྣམ་བཀྲར་བྱས། །སྣ་ཚོགས་རྒྱན་དང་ལྡན་རྣམས་ཀྱིས། །སྐྱེ་བོ་
ཆེན་པོ་བརྩོན་བཞིན་དང་། །མེ་ཏོག་སྤོས་སོགས་ཀྱིས་སྤྲོ་བར། །འདུས་པའི་དབུས་སུ་བྱ་བའོ། །ཏཱམྦུ་ལ་ཀུན་ཐམས་ཅད་ལ། །དགྱེས་བྱེད་སྦྱིན་པར་བྱ་བ་ཡིན། །ཞེས་སོ། །དེ་ནས་བླ་མ་ལ་ཡོན་དབུལ་བར་བྱ་སྟེ། སློབ་དཔོན་མཆོད་བྱ་ཡང་དག་པར། །རྡོ་རྗེ་འཆང་དུ་བྱས་
ནས་ནི། །མུ་ཏིག་གསེར་དང་རིན་ཆེན་རྣམས། །གླང་རྟ་ས་གཞི་ཡུལ་ལྗོངས་དང་། །བྲན་ཕོ་བྲན་མོ་འཁོར་རྣམས་དང་། །ཆུང་མ་ཕུན་སུམ་ཚོགས་ཀུན་དང་། །གོས་ཟུང་དུ་མ་རྣམས་དང་ནི། །དགྱེས་པའམ་ས་ལ་གང་ཅུང་ཟད། །བདག་ཏུ་ལྟ་བ་དང་བྲལ་བས། །
དབུལ་བྱ་གཙོ་བོ་ཞི་བར་གྱིས། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །མེ་ཏོག་སྤོས་སོགས་ཐམས་ཅད་རྣམས། །སྟོན་པའི་མདུན་དུ་དབུལ་བར་བྱ། །ཐམས་ཅད་ཉེ་བར་བྱ་བའི་ཕྱིར། །རྡོ་རྗེ་བླ་མ་ལ་དབུལ་བྱ། །དེ་ནས་མེ་བསད་ཞི་
བ་ལ། །འོ་མ་ཡིས་ཏེ་རྒྱས་བསྒྲུབ་ལ། །དྲི་གསེར་རྣམས་ཀྱིས་དབང་དང་ཁྲོ། །འོ་མ་ཁྲག་ཏུ་དཀར་མིན་པའི། །ཞེས་སོ། །སྦྱིན་སྲེག་གི་ཐལ་བ་དང་སོལ་བ་ནི་ལས་ཐམས་ཅད་པའི་བུམ་པར་བླུགས་ལ་ཆུ་ཀླུང་ལ་བསྐུར་བར་བྱའོ། །ལྷ་ཚིམ་པར་བྱེད་པའི་རབ་ཏུ་བྱེད་པའོ།། །།
ད་ནི་ནང་གི་སྦྱིན་སྲེག་བཤད་པར་བྱ་སྟེ། ནང་ལ་མཆོག་ཏུ་གཞོལ་བའི་སྒྲུབ་པ་པོས་འཇམ་ཞིང་ཡངས་པའི་སྟན་ལ་འདུག་སྟེ་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྔོན་དུ་སོང་བས། །སྐད་ཅིག་གིས་ཞལ་གཅིག་ཕྱག་གཉིས་པའི་ཕག་མོ་དང་བཅས་པ་བདེ་མཆོག་ཏུ་དམིགས་ལ། རྐང་
པའི་མཐིལ་དུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རོ། །དེ་ནས། ཟླུམ་པོ་ལྟེ་བར་སྐྱེས་པའི་ཐབ། །སྙིང་ག་རུ་ནི་གྲུ་བཞི་པ། །ནོར་བུའི་བུ་གར་ཟུར་དྲུག་པ། །མགྲིན་པ་རུ་ནི་བདུན་པ་སྟེ། །ཟུར་བརྒྱད་པ་ནི་མགོ་བོའོ། །ཟུར་དགུ་པ་

ནི་སྨིན་དབུས་སུ། །གཙུག་ཏོར་དུ་ནི་ཟུར་ལྔ་པའོ། །དེ་ལྟར་ཐམས་ཅད་ཀྱང་རྩ་ཐབ་ཀྱི་དབྱིབས་ཅན་དུ་བསྒོམས་ཏེ། ཐམས་ཅད་ཀྱི་དབུས་སུ་ཧཱུཾ་བཾ་སྔོ་བ་དང་དམར་བའི་མདོག་ཅན་ཁ་སྦྱོར་བསམས་ཏེ་གཙུག་ཏོར་ནས་རྡོ་རྗེ་ནོར་བུའི་བར་དུ་རྩ་དབུ་མས་སྦྲེལ་བ་
གཡས་གཡོན་གྱི་རྩ་དང་བཅས་པ་ལེགས་པར་གསལ་བར་བྱས་ཏེ། དེ་ནས་སྟེང་འོག་གི་རླུང་དགག་པའི་སྦྱོར་བས་རྐང་མཐིལ་གྱི་རླུང་གིས་མེ་སྦར་ཏེ། ལུས་ཀྱི་རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་བཞུ་ནས་རྩ་གཡས་པ་དང་གཡོན་པར་དྲངས་ལ་དེ་གཉིས་ནས་དབུ་མའི་རྩེ་མོའི་
ཧཾ་ལ་བསྟིམས་ཏེ། དེ་ནས་དབུ་མ་ནས་བབས་པས་འབར་བཞིན་པའི་ཐབ་རྣམས་སུ། བྱང་ཆུབ་ཀྱི་སེམས་ཀྱི་དགང་བླུགས་ཕུལ་བས་ཐམས་ཅད་གང་བར་གྱུར་ཏེ་ལུས་ཀྱི་རྩ་ཐམས་ཅད་དུ་ཡང་འཕྲོས་པར་བསམ་ཞིང་། ཡང་བསྡུ་བའི་སྦྱོར་བ་གོམས་པ་རྒྱུན་མི་འཆད་པར་བྱས་ནས་
དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། འདི་ནི་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་མན་ངག་དང་བཅས་པ་བླ་མས་གསུངས་པ་ལས་བདག་གིས་དཔེ་མཁྱུད་མ་བྱས་པ་སྟེ། འདི་ནི་ནང་གི་སྦྱིན་སྲེག་གི་རབ་ཏུ་བྱེད་པའོ།། །།དེ་ལྟར་བརྗོད་པའི་སྦྱིན་སྲེག་ཐབས། །བསོད་ནམས་
ཚོགས་ཀྱི་རྒྱུ་དོན་དང་། །ཡེ་ཤེས་ཚོགས་རྫོགས་བྱ་བའི་ཕྱིར། །བཅོམ་ལྡན་འདས་ཀྱིས་རྒྱུད་དུ་གསུངས། །དེ་ལ་མི་གསལ་གང་ཅུང་ཟད། །བླ་མའི་གསུང་གི་རྗེས་འབྲངས་ནས། །གཞན་ལ་ཕན་གྱུར་སྲིད་སྙམ་ནས། །བདག་གིས་གསལ་བར་བྱས་པ་ཡིན། །ཐོས་བྲལ་
རྟོག་པ་དམན་པ་ཡི། །སྐྱེ་བླུན་རྨོངས་པ་ང་རྒྱལ་ཅན། །འབྲེལ་མེད་ལུང་དང་མི་ལྡན་པ། །ངན་རྟོགས་སྣ་ཚོགས་སྦྱོར་མཐོང་ནས། །རབ་འབྱམས་ཐོས་པ་མ་ཡིན་ཀྱང་། །རང་གི་གཞུང་ལུགས་དུ་མ་ལ། །སྐྱེ་བར་རྒྱུན་དུ་གོམས་བྱས་དང་། །ལེགས་སྦྱར་སྐད་ལའང་རྟོག་
སྐྱེས་དང་། །བླ་མའི་ལུང་ཡང་ལེགས་མནོས་པས། །རྩོམ་མི་འོས་པ་བདག་མིན་སྙམ། །བདག་གིས་ལེགས་སྦྱར་བསོད་ནམས་འདིས། །འགྲོ་ཀུན་ཉོན་མོངས་བུད་ཤིང་རྣམས། །གཉིས་མེད་ཡེ་ཤེས་རབ་འབར་བས། །བག་ཆགས་བཅས་པ་སྲེག་གྱུར་ཅིག །དཔལ་མཁའ་འགྲོ་

རྒྱ་མཚོའི་རྒྱུད་ཀྱི་སྦྱིན་སྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ་མཁས་པ་ཛ་ཡ་སེ་ནའི་གསུང་། དཔལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ་རྫོགས་སོ།། །།དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི། །རྒྱུད་རྒྱལ་ཡིད་བཞིན་ནོར་བུའི་གཏེར། །ཡིད་བཞིན་ནོར་བུའི་རིས་རྣམ་གཉིས། །བླ་མའི་གསུང་གི་གྲུར་
ཞུགས་ནས། །བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དང་། །རྫོགས་པའི་རིམ་པ་སྣ་ཚོགས་སོ། །དེ་ལ་རྫོགས་པའི་རིམ་པའི་ཕྱོགས། །གྲུབ་པའི་སྐྱེ་བུ་མཚོ་སྐྱེས་ཀྱིས། །རྒྱ་ཆེར་རྒྱུད་འགྲེལ་ཉིད་དུ་བགྲལ། །བསྐྱེད་པའི་རིམ་པའི་མི་གསལ་བ། །མངོན་རྟོགས་དཀྱིལ་འཁོར་ཆོ་
ག་དང་། །སྦྱིན་སྲེག་རབ་གནས་ཚོགས་འཁོར་དང་། །གཏོར་མ་མཎྜལ་ཆོ་ག་རྣམས། །བློ་ཡི་སྙིམ་པ་མ་ཉམས་པས། །ཡིད་བཞིན་ནོར་བུ་རྣམ་པ་བདུན། །ལེགས་པར་བླངས་ནས་འདིར་གཏོར་བའོ། །དེ་ལྟར་བྱས་པའི་དགེ་བ་ཡིས། །འདི་ལྟའི་ནོར་བྲལ་འགྲོ་བ་རྣམས། །
ཚུལ་བཞིན་བླ་མ་གུས་བསྟེན་པས། །རིན་ཆེན་འདི་རྣམས་སྤྱོད་གྱུར་ཅིག། ༄༅༅། །རྒྱ་གར་སྐད་དུ། སྭ་ཨ་དྷིཥྛཱ་ན་ཀྲ་མ་ཨུ་པ་དེ་ཤ་ཀ་སཱ་དྷ་ན། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་མན་ངག་གི་སྒྲུབ་ཐབས་བདག་གི་ལྷ་ལ་ཕྱག་འཚལ་ལོ། །དངོས་
མིན་དངོས་མེད་མ་ཡིན་མཁའ་ལྟར་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕུན་ཚོགས་ཕན་པ་འབྱུང་བའི་གནས། །གཉིས་མེད་བདེ་ཆེན་བཅོམ་ལྡན་ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཐུབ་པའི་དབང་པོ་
ཐུགས་རྗེ་རྒྱས་ཤིང་བར་ཆད་མེད་པར་གཞན་དོན་རྫོགས་མཛད་རྒྱལ། །དང་པོར་རེ་ཞིག་སྒྲུབ་པ་པོས་ལྷག་པའི་བསམ་པ་རྣམ་པར་དག་པས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧོ། །ཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས། གཟུང་བས་དེར་འཛིན་མེད་པའི་
སེམས་ཀྱང་མེད་དེ་ཞེས་ཆོས་ཐམས་ཅད་ཐོག་མ་མེད་པ་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་ཡུད་ཙམ་གྱིས་མངོན་པར་བྱའོ། །དེའི་རྗེས་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ཀྱི་ངང་ལས། སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་ཀའི་ཆུ་སྐྱེས་དང་ཉི་མ་བཞུགས་

པའི་ཧཱུཾ་གིས་དེ་ཉིད་ཁ་དོག་སྔོན་པོ། །རྡོ་རྗེ་སེམས་དཔའི་རང་བཞིན་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ཅན་དང་ལྡན་པ་རྟེན་དང་བརྟེན་པའི་ཚུལ་དུ་རྣམ་པ་ཐམས་ཅད་རྫོགས་པར་བལྟ་བར་བྱ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་ཟུར་བཞི་བའི་སྟེང་
དུ། སྣ་ཚོགས་པདྨའི་ལྟེ་བ་དང་ཟེ་འབྲུར་ལྡན་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བཅོམ་ལྡན་འདས་རྗེ་བཙུན་དཔལ་ཧེ་རུ་ཀ་སྐུ་མདོག་ཟར་མའི་མེ་ཏོག་སར་པ་ལྟ་བུ་ཞལ་གཅིག་པ། སྤྱན་གསུམ་པ། ཤེས་རབ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་
བསྣམས་པ། གཡས་བརྐྱང་བ་འཇིགས་བྱེད་ཆེན་པོ་དང་དུས་མཚན་མནན་པ། མཆེ་བ་གཙིགས་ཤིང་ཞལ་རྣམ་པར་འགྱུར་བ། རལ་པའི་ཅོད་པན་དང་། སྤྱི་གཙུག་ནོར་བུས་བརྒྱན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དབུ་ལ་འཛིན་པ་མི་བསྐྱོད་པའི་དབུ་རྒྱན། སུམ་
ཁུགས་སུ་འཁྱོག་ཅིང་དགྱེས་པའི་ཆ་བྱད་ཅན་གྱི་དར་དཔྱང་དང་ཅོད་པན་གྱིས་མཛེས་པར་བྱས་པ། ཐོད་པའི་ཕྲེང་བ་ཅན་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ན་བཟའ་འཛིན་པའི་མཆོག །མི་མགོ་རློན་པའི་དོ་ཤལ་གྱིས་སྐུ་ལ་བརྒྱན་
པ། དྲི་མ་མེད་པའི་འོད་ཀྱི་ཕྲེང་བ་ཅན་ཕྱག་རྒྱ་དྲུག་དང་ལྡན་པའོ། །དེའི་མདུན་དུ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། སྐུ་མདོག་དམར་མོ་གཞོན་ཞིང་མཛེས་མ་ལང་ཚོ་དང་ལྡན་པ། ཞལ་གཅིག་མ། སྤྱན་གསུམ་མ། ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྡིགས་
མཛུབ་ཀྱིས་གདུག་པ་ཅན་ཐམས་ཅད་ལ་བསྡིགས་པ། ཕྱག་གཡོན་པ་ཡབ་ལ་འཁྱུད་པས་བདུད་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་པ། དབུ་སྐྲ་ནག་པོའི་ཚོགས་གྲོལ་བ། ནམ་མཁའི་ན་བཟའ་བསྣམས་པ་
ཕྱག་རྒྱ་ལྔ་དང་ལྡན་མ། མི་མགོ་སྐམ་པོའི་ཕྲེང་བ་ཅན། གཡས་ཀྱིས་བྱིན་པ་ལ་འཁྱུད་ལ། གཡོན་བརྐྱང་མ་བདེ་བ་ཆེན་པོའི་བདག་ཉིད་ཅན། དེ་ལྟ་བུ་དང་ལྡན་པ་སྙོམས་པར་ཞུགས་པའི་དགའ་བས་བརྒྱན་པའི་བཅོམ་ལྡན་འདས་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་

ཆེན་པོ་དང་ལྡན་པའི་བདག་ཉིད་བསྒོམ་པར་བྱའོ། །དེ་དག་ནི་བཅོམ་ལྡན་འདས་ཤེས་རབ་དང་བཅས་པའི་སྐུ་རྣམ་པར་དག་པའོ། །དེ་ལས་སྐྱོ་བར་གྱུར་ན། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནི་དབང་པོ་ཐ་མའི་དམིགས་པ་བྱའོ། །ད་ནི་དབང་པོ་
འབྲིང་གི་ཏིང་ངེ་འཛིན་འོད་གསལ་དུ་འཇུག་པ་དང་ལྡན་པ་བརྗོད་པར་བྱ་སྟེ། དེ་ཡང་རང་གི་ཐུགས་ཀ་ན་གནས་པའི་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་དེའི་སྣང་བས་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་ཁམས་མཐའ་དག་འོད་ཀྱི་རང་བཞིན་དུ་བྱས་པ་ལ་
རྗེས་སུ་གཞིག་པའི་རིམ་པས་མེ་ལོང་ལ་དབུགས་བཞིན་དུ། རིམ་པ་ཇི་ལྟ་བ་བཞིན་ནཱ་དའི་བར་བསྡུས་ཤིང་ཐིམ་ནས། དེ་ཡང་རིམ་གྱིས་ཕྲ་བར་གྱུར་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན། ཆོས་སྐུ་འོད་གསལ་བའི་ངོ་བོ་། །དབྱེར་མེད་པར་བཞུགས་པ་ལ་བལྟ་བར་བྱའོ། །
སླར་ཡང་གདུལ་བྱའི་བསོད་ནམས་དང་། རང་གི་སྨོན་ལམ་གྱི་ཤུགས་ཀྱིས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་བཞེངས་ཏེ། དེ་ལས་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་ནས། སེམས་ཅན་གྱི་ཁམས་མཐའ་དག་གི་དོན་བྱེད་པར་བྱའོ། །རིལ་པོར་འཛིན་པ་ནི་རྣམ་གྲངས་
གཞན་ནོ། །གཞན་ཡང་། དབང་པོ་རབ་མཆོག་ཏུ་གྱུར་པས། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །སྟོང་པའི་ངོ་བོ་བདེ་བ་ཆེ། །ཇི་ལྟར་སྣང་བཞིན་བདེན་སྤངས་པ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །གཟུང་དང་འཛིན་པ་མེད་འགྱུར་ཞིང་། །དམིགས་པ་
ཐམས་ཅད་རྣམ་སྤངས་ཏེ། །སྟོང་དང་མི་སྟོང་ལས་འདས་པ། །དེ་ནི་བདུད་དང་ཉོན་མོངས་ཚོགས། །འཇིགས་མཛད་བདེ་བར་གཤེགས་པའི་འཁོར། །འབར་བའི་ཕྲེང་བ་འཁྲིགས་ཤིང་དྲག །ཧེ་རུ་ཀར་གྲགས་ཆེན་པོར་བཞེངས། །བླ་མའི་དྲིན་ཐོབ་སྒོམ་ཕྱིར་དགའ། །ཤུགས་ཀྱིས་ཡེ་
ཤེས་རབ་སྣང་བས། །ཕྱོགས་བཅུར་གསལ་བར་བྱེད་པར་ཤོག །རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་གི་སྒྲུབ་ཐབས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀུ་མཱ་ར་ཤྲཱིས་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་སཾ་སྐྲྀ་ཏའི་སྐད་དུ་མཛད་པ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་རཏྣ་ཙིནྡྷ་མ་ཎི་ནཱ་མ། བོད་སྐད་དུ། དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །མཁའ་མཉམ་སྤྲིན་ཕུང་འཇའ་ཚོན་འབྲུག་སྒྲ་སྒྲོགས། །མཚུངས་དང་།
རྒྱུན་དྲབ་ཆར་རྒྱུན་གློག་འགྱུ་བ། །རྒྱ་མཚོ་ལས་ནི་ཡིད་བཞིན་ནོར་བུ་འོ་མའི་མཚོ། །འཁོར་ལོས་བསྲུབ་དང་བསྲུབས་པའི་སྦྱོར་བས་གནས་འདིར་རྒྱས། །རྡོ་རྗེ་སྐུ་ལ་ངེས་གནས་པའི། །དཀྱིལ་འཁོར་འཁོར་ལོ་མཆོག་གྱུར་པ། །ཐམས་ཅད་བདག་ཉིད་རྟག་ཏུ་བརྒྱན། །རང་
བྱུང་འདི་ནི་ཧེ་རུ་ཀའོ། །དང་པོར་རེ་ཞིག་སྐྱེ་བོས་བླ་མ་བརྒྱུད་པའི་རིམ་པ་ལས་དཀྱིལ་འཁོར་དུ་དབང་དང་དམ་ཚིག་ཐོབ་པའི་རྣལ་འབྱོར་པས་སེམས་ཅན་མངོན་དུ་བྱས་ཏེ། བྱང་ཆུབ་ཀྱི་སེམས་ཆད་དུ་མེད་པ་བསྒོམ་པར་བྱའོ། །ཧཱུཾ་ཡིག་ནག་པོ་ལས་འོད་ཟེར་གྱི་ཚོགས་དཔག་
ཏུ་མེད་པ་འཕྲོས་པས་རྡོ་རྗེའི་ཚོགས་སུ་གྱུར་པ་དང་། དེ་དག་ལས་འོད་འཕྲོས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པར་གྱུར་ནས། ལུགས་དང་ལུགས་ལས་བཟློག་པའི་སྔགས་འདི་བརྗོད་དེ། ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ལས། རྡོ་རྗེ་དང་མེ་
འོད་འབར་བའི་ཚོགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་པར་བལྟའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་བླ་མ་དང་དཀྱིལ་འཁོར་འཁོར་ལོའི་ཚོགས་ནམ་མཁར་བལྟས་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ་བཟོད་པར་གསོལ་ཏེ། འདི་ལ་མི་སྣང་
བར་གྱུར་ནས་ཕྱི་ནང་བདག་དང་བཅས་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་བལྟའོ། །དེའི་ངང་ལས་རྟེན་དང་བརྟེན་པ་མཉམ་པར་རང་བཞིན་གྱིས་གྲུབ་པ། དཀྱིལ་འཁོར་གྱི་འཁོར་ལོ་དུར་ཁྲོད་དང་བཅས་པར་བྱུང་བ་སྟེ། མཁའ་མཉམ་སྟོང་པ་ལས་བྱུང་ཞིང་། །ནམ་མཁའི་
མཁའ་ལ་ལོངས་སྤྱོད་ཅིང་། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་མཆོག །བྷ་གའི་དབུས་སུ་བསྒོམ་པར་བྱ། །སྣ་ཚོགས་པདྨ་མི་ཤིགས་པ། །གེ་སར་གསང་བའི་སྤྱོད་ཡུལ་ལས། །ཨཱ་ལི་ཀཱ་ལི་སྦྱོར་དབུས་ཧཱུཾ། །འོད་ཟེར་འཕྲོས་པ་ཡོངས་གྱུར་པས། །ཤྲཱི་ཧེ་རུ་ཀ་ཁྲག་འཐུང་

དཔལ། །སྐད་ཅིག་གིས་ནི་སྐུ་རྫོགས་པ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །དུས་མཚན་དང་ནི་འཇིགས་བྱེད་དག །གཡས་བརྐྱང་ཞབས་ཀྱིས་གནོན་མཛད་པ། །བཻ་ཌཱུར་ནམ་མཁའི་རང་བཞིན་ཅན། །རྡོ་རྗེ་འཛིན་པ་ཆེན་པོའི་མཆོག །སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་
དྲུག །ཟླ་ཕྱེད་མགོ་ཕྲེང་དག་གིས་བརྒྱན། །སྒེག་སོགས་ཉམས་ཀྱི་རོ་ལྡན་པ། །སྟག་ལྤགས་དར་གྱི་ཅོད་པན་