Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 23

Văn bản gốc(Tây Tạng)

Trang 9 / 17 (50.000 ký tự/trang)
ོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧཱུཾ་
ཧཱུཾ་ཕཊ། གསུང་གི་འཁོར་ལོའི་དཔའ་བོའི་རྩ་བའི་སྔགས་སོ།། །།ཨོཾ་ཧཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧིཾ་ཧིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙི་ལི་ཙི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧཱུཾ་ཧཱུཾ་ཕཊ། སྐུའི་

འཁོར་ལོའི་དཔའ་བོའི་རྩ་བའི་སྔགས་སོ། །ཀ་ར་ལ་སོགས་དཔའ་མོ་ཡི། །དབང་ཕྱུག་གིར་གྲགས་གཞན་དག་ཟེར། །བདག་གི་བླ་མའི་ལུགས་ཉིད་ཀྱིས། །དཔའ་བོ་རྣམས་ཀྱི་སྔགས་སུ་བཤད།། །།ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་
མཱ་ཏེ་བིདྱེ་ཤྭ་རི་སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་བཛྲཱ་ས་ནེ་ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ་ཝ་ཤྱཾ་ཀ་རི་ནེ་ཏྲ་བྷཱ་མ་ཎི། བི་ཥ་ཤོ་ཥ་རོ་ཥ་ཀྲོ་དྷ་ཀ་རཱ་ལི་ཏྲི་ཏེ་ཏྲཱི་ཀཱ་མ་ནཱི་པྲ་བྷེ་པ་ཎཱི་ཨ་པ་རཱ་ཛ་ཡ་བི་ཛ་ཡ་ཛམྦྷ་ནི་སྟྭམྦྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི། ཀཱ་མེ་ཤྭ་རི་ཁ་གེ། ཏདྱ་ཐཱ། པྲོ་ཏཾ་གེ་པྲོ་ཏཾ་གེ །ཧ་ན་ཧ་ན་
པྲཱ་ཎཱཾ། ཀིཾ་ཀི་ནི་ཁིཾ་ཁི་ནི་དྷུ་ན་དྷུ་ན། བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷཱ་རི་ཎི་མ་ཧཱ་པི་ཤི་ཏ་མཱཾ་སཱ་ས་ནི། མ་ནུ་ཥཱ་ནྟྲ་པྲཱ་པྲི་ཏེ་སནྣི་དྷྱཾ། ན་ར་ཤི་རོ་མཱ་ལཱ་གྲནྠི་ཏ་དྷ་རི་ཎི་སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན་པྲཱ་ཎཱཾ་སརྦ་པཱ་པ་སྟཱ་ནཱཾ། སརྦ་པ་ཤུ་ནཾ་མ་ཧཱ་མཱཾ་སཙྪེ་ད་ནི་ཀྲོ་དྷ་མཱུ་རྟི། དཾཥྚྲཱ་ཀ་རཱ་ལི་
ནི་མ་ཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ །དེ་བ་སྱཱ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ་ས་ཧ་སྲ་བཱ་ཧཱ་བེ། ཤ་ཏ་ས་ཧ་སྲཱ་ན་ནེ་ཛྭ་ལི་ཏ། ཏེ་ཛ་སྱ་ཛྭ་ལ་མུ་ཁི་པིངྒ་ལ་ལོ་ཙ་ན། བཛྲ་ཤ་རཱི་རེ་བཛྲཱ་ས་ནི། མི་ལི་ཏ་ཙི་ལི་ཏ། ཧེ་ཧེ་ཧཱུཾ་ཧཱུཾ་ཁ་ཁ་དྷུ་དྷུ་རུ་རུ་དྷུ་རུ་དྷུ་རུ་མུ་རུ་མུ་རུ། ཨ་དྭེ་ཏེ་མ་ཧཱ་ཡོ་གི་པ་ཋི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ། གྲཾ་གྲཾ།
ཧེ་ཧེ། ཧ་ཧ། བྷཱི་མེ། ཧ་ས་ཧ་ས། བཱི་རེ། ཧ་ཧ་ཧོ་ཧོ་ཧཱུཾ་ཧཱུཾ་ཏྲཻ་ལོ་ཀྱ་བི་ནཱ་ས་ནི། ཤ་ཏ་ས་ཧ་སྲ་ཀོ་ཊཱི་ཏ་ཐཱ་ག་ཏ་པ་རི་བཱ་རེ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁཿག་ཛ་རཱུ་པེ་གཿ། ཏྲཻ་ལོཀྱ་ད་རེ་ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བཱི་ར་དྭེ་ཏེ་ཧཱུཾ་ཧཱུཾ་ཧཱ་ཧཱ་མ་ཧཱ་པ་ཤུ་མོ་ཧ་ནི་ཡོ་གེ་ཤྭ་རི་ཏྭཱཾ་ཌཱ་ཀི་ནི། ལོ་ཀི་ནི་ལོ་ཀི་ཀཱ་ནཱཾ་
བནྡྷ་ནི་སདྱཾ་བིདྱེ་ཧཱུཾ་ཕཊ། བྷཱུ་ཏ་ཏྲཱ་ས་ནི་མ་ཧཱ་བཱི་རེ་པ་ར་མ་སིདྡྷྱེ་བི་དྱེ་ཤྭ་རི་ཕཊ་ཧཱུཾ་ཧཱུཾ་ཕཊ་ཧཱུཾ་ཕཊ་སྭཱ་ཧཱ།། །།རྣལ་འབྱོར་པས་བཟླས་སྔགས་འདི་རྣམས། །འདོད་པའི་དོན་ཀུན་ལེགས་པར་སྟེར། །རྣལ་འབྱོར་མ་དང་དཔའ་བོར་ལྡན། །གཞན་བདེ་མཆོག་ལས་བྱུང་བའོ། །ཨིནྟྲ་བྷཱུ་ཏིའི་
རིམ་ཉིད་དང་། །སཉྩ་རེ་དང་སྨད་འཚོང་གཞུང་། །དཔའ་བོ་དང་ནི་ལྷ་རྣམས་ནི། །ཕྱག་གཉིས་ཞལ་གཅིག་ཉིད་དུ་བསྟན། །ཛྲ་ལནྡྷ་ར་དཔལ་ཞབས་དང་། །ཀཙྪ་པ་དའི་ལུགས་ཀྱིས་ཀྱང་། །དཔའ་བོ་རྣམས་དང་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་རབ་ཏུ་གྲགས། །མཁའ་

འགྲོ་མ་སོགས་དཔའ་བོར་བཅས། །སྒོ་སྐྱོང་རྣམས་དང་ཡང་དག་ལྡན། །ཞལ་གཅིག་ཕྱག་བཞི་རབ་ཏུ་གྲགས། །ཁྲོ་བོའི་གཟུགས་ཅན་ཧཱུཾ་དང་བཅས། །རབ་གཏུམ་མ་སོགས་ལྷ་མོ་རྣམས། །ཁ་དོག་སྣ་ཚོགས་བྱེ་བྲག་དང་། །ཕྱག་གཉིས་པ་དང་ཞལ་གཅིག་པ། །ཙརྱ་པ་ཡི་གཞུང་
ཡིན་ནོ། །ཡང་ན་སེམས་ཀྱི་རྣམ་དག་པས། །གཅིག་ཏུ་ཁ་དོག་སྔོན་པོར་གནས། །དཔའ་བོ་ལྷ་མོ་རྣམས་དང་ལྡན། །གཞུང་འདི་ལེགས་ཞེས་ཁ་ཅིག་གསུངས། །སྐུ་གསུམ་དག་པའི་དབྱེ་བ་ཡིས། །ཁ་དོག་གསུམ་དུ་རྣམ་པར་གནས། །གང་ཕྱིར་འཁོར་ལོ་གསུམ་གསུངས་
པ། །དེ་ཕྱིར་ཁ་དོག་གསུམ་དུ་དབྱེ། །ལུགས་འདི་རྣམས་ནི་གང་འདོད་པ། །རྣལ་འབྱོར་རིགས་པས་དེ་བསྟེན་བྱ། །ཕྱག་གཉིས་ཐོག་མ་ནས་བརྩམས་ནས། །ཇི་སྲིད་འབུམ་གྱི་ཕྱག་དང་ཞལ། །ཕྱག་ཞལ་མཐའ་ཡས་དངོས་གྲུབ་ཕྱིར། །བསམ་མི་ཁྱབ་སྦྱོར་གྱིས་བསམ་བྱ། །དེ་ལྟར་
བློ་བཟང་གིས་ཤེས་བྱ། །སྤྱོད་དང་བྲལ་བས་སྦྱར་བ་མིན། །འདི་ཀུན་མཆོག་ཏུ་དགའ་བ་སྟེ། །གང་ཞིག་བསྒོམ་བྱ་དེ་འབྲས་བཟང་། །སྔོན་དུ་གུས་པའི་སེམས་ཀྱིས་ནི། །བླ་མས་གསུངས་པ་བླང་བར་བྱ། །འབར་བའི་ཕྱག་རྒྱ་བདེ་མཆོག་ལས། །སློབ་དཔོན་ཁ་ཅིག་གིས་གསུངས་
པ། །ཧེ་རུ་ཀ་འབྱུང་རྒྱུད་ལས་གསུངས། །བདེ་མཆོག་ལ་ནི་གནས་པ་མིན། །བདག་གིས་མ་བྲིས་པ་དེས་ན། །དཔའ་བོ་རྡོ་རྗེ་བཟོད་པ་མཛོད། །མན་ངག་གིས་ནི་ཕག་མོ་ནི། །འབར་བའི་ཕྱག་རྒྱ་ཞེས་སུ་གྲགས། །བདེ་མཆོག་གཏོར་མའི་ལས་དང་ནི། །དཀྱིལ་འཁོར་དགུག་
པའི་དོན་གྱིས་སོ། །ཧེ་རུ་ཀ་འབྱུང་རྒྱུད་དུ་ནི། །ཧེ་རུ་ཀ་ཡི་ཕྱག་ན་གནས། །དཔའ་བོའི་བདག་པོའི་སྔགས་གསུངས་གོས་ཀྱི་དོན་གྱིས་སྟག་གི་པགས་པ་རྣམས། །བདག་གི་བླ་མ་ཡིས་བསྟན་ལྷན་ཅིག་སྐྱེས་པ་གོས་མེད་རྡོ་རྗེ་མཁའ་འགྲོའི་གཟུགས། །རྟག་ཏུ་དྲག་པོའི་དུང་མདོག་དཀར་
ཞིང་དམར་བའི་སྐུ་ནི་རིགས་དྲུག་བསྡུས་པའི་དོན་གྱིས་སོ། །ཁ་དོག་ཐོག་མ་འདྲ་བའི་གཟུགས་ཏེ་ཐོག་མའི་ཉི་མ་ལྟ་བུའི་ཞལ་ཏེ་ལྷ་མོ་སྐྲ་གྲོལ་བའོ། །ལུགས་གཉིས་གྱུར་པ་དཔྱད་ནས་སེམས་ལ་གང་འདོད་དེ་དག་བྱ། །གཡས་ན་རྩ་གཞན་ཁྲག་སྟེ་མྱུར་དུ་འབབ་པ་མེ་ཏོག་ལྡན་པའོ། །

གཡོན་ན་ཁུ་བ་སྟེར་བ་རྒྱ་མཚོ་ལྟ་བུ་དེ་ནི་དཔའ་བོའི་རང་བཞིན་ནོ། །རྐང་དང་རུས་པ་རྩ་དང་ཆུ་དང་ལྔ་པ་ཁུ་བར་ལྡན་པ་འདི་ནི་ཕ་རུ་གྱུར། །མ་ནི་པགས་པ་ཤ་དང་ཁྲག་དང་སྙིང་དང་མེ་དང་ལྷན་ཅིག་པ་སྟེ་གང་འདི་གཉིས་པོ་དངོས་གྲུབ་པོ། །མགོན་པོ་དཔལ་ལྡན་ཧེ་རུ་ཀ་
འདི་བསྐྱེད་པས་བསྐྱེད་པ་གང་ཞིག་ཕ་དང་བྱེ་བྲག་མེད། །འདིར་ནི་དཔལ་ལྡན་བདེ་མཆོག་ཅེས་བྱ་ཡོན་ཏན་ཀུན་གྱི་གཞི་སྟེ་དངོས་པོ་ཀུན་གྱི་རང་བཞིན་ནོ། །དེ་ལྟར་ཤེས་ནས་དེ་ཡི་གཟུགས་ནི་ས་གསུམ་བདེ་བ་སྟེར་བའི་དེ་ཉིད་རྣལ་འབྱོར་པ་ཡིས་བསྒོམ། །འབྱུང་གནས་སྒྲ་ཡི་གཟུགས་ལས་
ནི། །རྣམ་པར་བྱུང་སོགས་གང་ཤེས་པ། །དེ་ཡི་དོན་ནི་བདག་གིས་བསྟན། །རབ་ཏུ་འཇུག་པའི་མཚན་ཉིད་ནི། །རབ་འཇུག་དཀྱིལ་འཁོར་སོགས་རྣམས་ཀྱི། །ཕྱི་རོལ་རྣམ་པའི་མཚན་ཉིད་གཅིག །དངོས་པོ་ཀུན་གྱི་རང་བཞིན་ཏེ། །སངས་རྒྱས་ཀུན་གྱིས་དེ་དག་གསུངས། །
གང་ཞིག་ལྡོག་པར་རྟག་གསུང་བ། །འཁོར་ལོ་བདེ་མཆོག་ལ་ལེགས་གནས། །དེ་ནི་ལྷན་ཅིག་སྐྱེས་འདྲི་དངོས། །རྟག་ཏུ་སྙིང་ལ་གནས་པའོ། །ཕྱི་ནང་བདག་ཉིད་མཉམ་པའི་དཀྱིལ་འཁོར་འཁོར་ལོ་སེམས་ལ་རྣམ་དགོད་བསྟན། །དཔལ་ལྡན་ཧེ་རུ་ཀ་རོལ་ལུས་ལ་གནས་པར་ད་ལྟ་
བསྟན། །རྣམ་དག་ཧེ་རུ་ཀ་ཡི་ཡན་ལག་ལྷན་ཅིག་སྐྱེས་གནས་མཉམ་པར་གཞག །ཕྱིས་ནི་རྣལ་འབྱོར་པ་ཡི་རིམ་གྱིས་ལུས་སྐྱེས་རྣམ་པར་བསྒོམ། །ལྷན་ཅིག་སྐྱེས་མཉམ་མ་ལུས་ཕུར་བུ་པགས་པ་བཅིངས་པར་རབ་ཏུ་སྦྱར། །བརྟན་ཞིང་མཁྲེགས་པས་བཅིངས་པའི་རུས་པའི་ཕྲེང་བ་
དྲ་བའོ། །སྣ་ཚོགས་ཀྱིས་མཛེས་སྣ་ཚོགས་ཕྱག་རྒྱས་བརྒྱན་པའི་སྐུ། །གོ་ཆ་མཁྲེགས་པས་དག་པ་དེ་ནི་གོ་ཆ་ཆེན་པོར་ལྡན། །གང་ཞིག་དམིགས་དང་བྲལ་བའི་རྩ་ནི་སེམས་ཅན་ཀུན་ཕན་འདོད། །ལྷ་དང་ལྷ་མིན་མི་དང་བཅས་པ་འདི་ཀུན་དེ་ཡིས་ཁྱབ། །བྷེ་རམ་པ་ཡི་རླུང་ནི་རྐང་པའི་
མཐིལ་དུ་ཤིན་ཏུ་ལེགས་པར་གནས། །ལྟེ་བར་སོང་བའི་འབར་བའི་དཀྱིལ་འཁོར་དམར་པོའི་གཟི་བརྗིད་ཅན། །ལྟོ་བར་དཀར་བའི་ཆུ་ཡི་གཞི་ནི་ཡིད་འོང་གཟུགས་ཏེ་སྙིང་གར་དབང་པོས་རྣམ་མཛེས་སེར་པོའོ། །མགྲིན་པའི་སྟེང་ན་རི་བོའི་མཆོག་ནི་བརྒྱད་པ་དང་ལྡན་རི་རབ་སྟེ། །བདུན་

བསྐོར་ཟླ་བ་ཉི་མ་དབུས་ན་འཆར་ཞིང་ནུབ་པའོ། །པདྨའི་འདབ་མ་སུམ་ཅུ་རྩ་དྲུག་ལྡན་པར་གྱུར་པའི་རྡོ་རྗེའི་དབུས། །གྲུབ་པའི་ཨཱ་ལི་ཀཱ་ལི་ལས་བྱུང་ཧཱུཾ་སྒྲོགས་མཛེས་པའི་མགོ །དེར་གནས་གསེར་གྱི་གདན་ནི་སྣ་ཚོགས་དབུས། །མིང་ནི་དང་པོ་ཞེས་བྱ་ལས་ནི་ལྷན་ཅིག་སྐྱེས་པ་དྲི་མེད་
ཟླ་བའི་འོད། །ཡན་ལག་ཀུན་གྱི་མཚམས་སུ་འགྲོ་བར་འགྱུར་བའི་རིམ་པ་ཡིས། །བསྐྱེད་པའི་པདྨའི་སྣ་ཡིས་དབུས་ཕྱོགས་སུ། །ལེགས་པར་བསྐུལ་བས་མགོ་བོ་ཐོག་མ་མེད་པར་གྱུར་པའི་སངས་རྒྱས་སྐྱེས། །སུམ་ཅུ་རྩ་དྲུག་རོ་དང་ལྡན་པ་མཛེས་པ་ལེགས་པར་གྱུར་པའི་རྩ་རྣམས་ཀྱིས། །
མི་མཐུན་ཕྱོགས་ནི་བཞད་པར་གྱུར་ནས་ཤིན་ཏུ་རྣམ་པར་དག་པའི་ཁམས། །མཁའ་འགྲོ་མ་ཡི་དྲ་བ་ཞེས་པའི་སྒྲ་ཡི་དོན་ནི་དེ་ལྟ་བུའོ། །རྒྱ་མཚོའི་ཆུ་ནི་ཤིན་ཏུ་རྣམ་པ་སྣ་ཚོགས་འགྲམ་ན་རི་ཡི་དབང་པོར་ལྡན། །ཟབ་ཅིང་མཛེས་པའི་སྙིང་པོ་ཐོག་མར་གྲུབ་པའི་དུར་ཁྲོད་དོ། །རྒྱལ་
མཚན་སྣ་ཚོགས་འཕན་དང་དྲིལ་བུའི་དོ་ཤལ་མཛེས། །གསུམ་དུ་བྱུང་བའི་འཁོར་ལོའི་དཀྱིལ་འཁོར་དེ་ནི་ལུས་ཡིན་ནོ། །མཆོག་ཏུ་མཛེས་ཤིང་ལེགས་པའི་སྐུད་པ་དང་ནི་རྔ་ཡབ་ཀྱིས་མཚན་པ། །དྲི་མ་མེད་པའི་མཚོན་ནི་རོལ་པས་རྣམ་པར་དག །བུམ་པ་ལ་སོགས་གནས་པ་དེ་
ཡི་དངོས་དང་ལྡན་པས་ཁེངས། །ལྷན་ཅིག་སྐྱེས་གནས་སེམས་ལས་སྐྱེས་པས་བྲིས་པ་ཐལ་བའོ། །པདྨ་ལ་གནས་ཁྲོ་སྤངས་ཤིང་། །གཙང་ཞིང་བརྩོན་པ་མཉམ་གཞག་པའི། །རྣལ་འབྱོར་ཡེ་ཤེས་མཉམ་ལྡན་པའི། །སེམས་ནི་ཧེ་རུ་ཀ་རུ་གསུངས། །རྒྱུད་ལྔ་དག་གི་འབྲས་དག་ནི། །
རྡོ་རྗེ་ཞེས་སུ་མངོན་པར་བརྗོད། །དེར་གནས་ས་བོན་རྫོགས་པ་ནི། །དེ་དཔལ་ཧེ་རུ་ཀ་རུ་བརྗོད། །ཤྲཱི་ཡི་སྒྲ་ནི་གཉིས་མེད་དོན། །ཧེ་ནི་རྒྱུ་དང་བྲལ་བ་ཉིད། །རུ་ནི་གཟུགས་དང་བྲལ་བའི་དོན། །ཀ་ནི་གང་དུའང་མི་གནས་པའོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །དཀར་པོ་དམར་པོའི་རང་བཞིན་
ནོ། །ཤྲི་ཡིག་ཏུ་ནི་ལེགས་གནས་པ། །ཤིན་ཏུ་ཐམས་ཅད་བསྐྱེད་པའི་རྒྱུ། །ཤྲཱི་ཡི་བརྡ་ཡིས་བརྗོད་པ་ནི། །བྷ་གའི་དོན་དུ་མངོན་པར་བརྗོད། །སེམས་ནི་ཧེ་རུ་ཀ་ཉིད་དེ། །དཔལ་ལྡན་ཧེ་རུ་ཀ་ཞེས་གསུངས། །བཱ་ནི་དག་ལམ་འདས་པའི་སྒྲ། །རཱ་ནི་རྡུལ་དང་བྲལ་བ་ཉིད། །

ཧཱི་ནི་རྒྱུ་རྣམས་མི་དམིགས་པ། །ཕག་མོའི་སྒྲ་རུ་རབ་ཏུ་གྲགས། །རལ་པའི་རྩ་བ་ཞེས་གྲགས་པ། །བདེ་བ་སྐྱེད་པར་བྱེད་པའོ། །སྣ་ཚོགས་སེམས་ཅན་དོན་མཛད་ཕྱིར། །སྣ་ཚོགས་རྡོ་རྗེ་རྣམ་པར་གནས། །བྱང་ཆུབ་སེམས་ནི་ཟླ་བར་གསུངས། །དཔལ་ནི་བདེ་
ཆེན་འཁོར་ལོས་སྒྱུར། །དེར་གནས་རྟག་ཏུ་འཛག་པ་ནི། །རྡོ་རྗེ་པདྨའི་མཐར་གནས་པའོ། །དུས་ཀུན་ཡོངས་སུ་རྫོགས་པ་རྒྱ་མཚོའི་ལམ་དུ་འབབ་པ་ལྟ་བུ་ཡི། །ལྟེ་བའི་འགྲམ་དུ་གནས་གྱུར་ཉི་མ་བཅུ་དྲུག་བསྟེན་པ་བསྐྱེད་པའོ། །སྟོང་པ་ལྟ་བུའི་རྣལ་འབྱོར་གྱིས། །ལྷ་དང་ལྷ་མིན་
མིར་བཅས་རྣམས། །གཅིག་གི་རང་བཞིན་ལེགས་དག་པ། །སྡིགས་མཛུབ་ལེགས་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་ལས་བྱུང་གྱུར་ཅིང་། །ཡན་ལག་ཀུན་ལ་རྣམ་པར་གནས། །དེ་ཕྱིར་རྟག་ཏུ་དག་པ་ཉིད། །ཕྱི་དང་ནང་དུ་གནས་པར་བསྟན། །ཡན་ལག་བཅུ་གཉིས་ལས་བྱུང་ཕྱིར། །
ཕྱག་ནི་བཅུ་གཉིས་རྣམས་དང་ལྡན། །ཞལ་བཞི་རྣམས་སུ་ལེགས་བསྟན་པ། །རྣམ་ཐར་བཞི་པོ་དག་པ་ཉིད། །ལྷ་མོའི་གཟུགས་ཅན་མཁའ་འགྲོ་མ། །དུམ་སྐྱེས་མ་དང་ལཱ་མ་སྟེ། །གྲུབ་པའི་རྣལ་འབྱོར་མ་བཞི་པོ། །གཡོ་དང་མི་གཡོ་བ་རྣམས་སྐྱོང་། །གཉིས་མེད་རྣམ་པའི་རྣལ་
འབྱོར་གྱིས། །དབང་པོ་ལ་སོགས་གང་འཐུང་བ། །དེ་ནི་གསོལ་བ་ཞེས་སུ་བསྟན། །ཕྱག་རྣམས་ཀྱི་ནི་མཚན་ཉིད་ནི། །སྐུ་གསུང་དག་ཕྱིར་མདུང་ཐུང་སྟེ། །གླང་པོ་གཏི་མུག་རྣམ་པར་སྤངས། །དགྲ་སྟ་ཞེ་སྡང་གཅོད་པ་སྟེ། །ལུས་དང་ངག་སེམས་ལས་བྱུང་བའོ། །སེམས་ཅན་
དོན་གྱིས་གྲི་གུག་རྣོ། །འཕྱར་བ་བརྩོན་འགྲུས་ཡང་དག་ལྡན། །རྟག་ཏུ་དགའ་བའི་རང་བཞིན་གྱིས། །ཌ་མ་རུ་ཡི་སྒྲ་རུ་བརྟག །རྡོ་རྗེ་སྟོང་ཉིད་མི་ཚིག་པའི། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །བྱང་ཆུབ་སེམས་ཀྱི་རང་བཞིན་ཕྱིར། །ཁ་ཊྭཱཾ་ཡན་ལག་ལ་བསྣམས་གནས། །བདེ་བ་བསྐྱང་
ཕྱིར་ཐོད་པ་དང་། །ཞགས་པ་ཡུལ་གྱི་ཡོན་ཏན་ཏེ། །མགོ་བོ་ཚངས་པའི་རང་བཞིན་ནོ། །དྲིལ་བུ་ཤེས་རབ་རང་བཞིན་ནོ། །ཡི་གེ་ལྔ་བཅུ་རྣམས་ཀྱིས་ནི། །མགོ་བོ་མཛེས་པའི་རང་བཞིན་ཉིད། །ཡན་ལག་བརྒྱན་པའི་མགོ་ཡི་ཕྲེང་། །དངོས་གྲུབ་ཀུན་གཞི་བདག་ཉིད་ཅན། །མཆེ་བ་བཞི་

དང་མཉམ་ལྡན་པ། །བདུད་བཞི་རྣམ་པར་འཇོམས་པ་པོ། །ཟབ་པར་འཕྲོ་བ་དང་ལྡན་པའི། །རྟག་ཏུ་སོ་ཡི་ཕྲེང་བ་གཉིས། །ཕ་རོལ་ཕྱིན་དྲུག་རྣམ་དག་པའི། །ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །ཕྱོགས་ཀྱི་གོས་ཀྱི་རང་བཞིན་གྱི། །གཟུགས་སུ་བྱུང་བའི་གོས་དང་བྲལ། །ཨཱ་ནི་ཀུན་ནས་
འགྲོ་བ་ཀུན། །ལི་ལ་སྟོང་པར་སྦྱོར་བར་ཉིད། །དེ་ནས་གཡས་བརྐྱང་ཞབས་སུ་གྲགས། །ཧེ་རུ་ཀ་ཡི་བྱེ་བྲག་གོ། །ཡན་ལག་གཡོན་པ་བསྐུམ་པ་ཞེས་པ་ཡི། །ཚིག་ཏུ་གསུངས་པའི་ལེགས་པར་ཐོབ་པའི་མཚན་ཉིད་ནི། །གཡས་བརྐྱང་བ་ཡིས་ཀུན་ནས་འཁོར་ལོའི་ཚོགས་ནི་དཔལ་
ཧེ་རུ་ཀ་འབྱུང་བའོ། །སློབ་དཔོན་གཞན་གྱི་ལུགས་ཀྱིས་ཞབས་གཡས་བསྐུམ་པར་འདོད། །བློ་བཟང་གང་ཞིག་ཀྱང་ནི་གཞན་དུ་གར་གྱི་རྐང་པ་ཟེར་ཏེ་བདག་ནི་གཡོན་པར་འདོད། །གཡོན་པས་གཡོན་པའི་སྐྱེ་བོའི་རྒྱན་བྱས་དོན་ཀུན་སྟེར་བར་ནུས། །རྒྱལ་བྱེད་གཡོན་པས་འཚེ་བ་ཀུན་
སྤངས་ལེགས་པའི་རྣལ་འབྱོར་པ། །དེ་ཕྱིར་ཆོ་གའི་ཐམས་ཅད་དགེ་བའི་གཡོན་པས་གཟུང་། །གང་ཕྱིར་བདེ་མཆོག་འདྲེན་པས་ཐམས་ཅད་གཡོན་པ་ལས་བྱུང་བརྩམ། །སེམས་དང་སེམས་མེད་འགོག་པ་དགེ་བའི་ལམ་དུ་གང་ཞིག་བརྟགས་པའི་པདྨ་ལ། །རྡོ་རྗེའི་མཐའ་ལས་བྱུང་
བ་མཉམ་ཞིང་རོ་གཅིག་པ་དང་མཐའ་ཡས་པའོ། །ཕག་མོ་མཆོག་ཏུ་སྦྱོར་བ་ལས་བྱུང་སྐྱེས་པ་གང་ཕྱིར་གཙོ་བོར་གནས། །དེ་ཕྱིར་གཡོན་པའི་གཞི་ཡིས་བརྒྱན་པ་མཆོག་གི་ལྷ་མོའི་བདེ་མཆོག་གོ། །ཟླ་བ་ཉི་མ་རྣམ་དག་སྲིད་པར་སྐྱེས་པའི་རང་བཞིན་རོ་དང་བཅས། །པདྨ་མཆོག་ཏུ་
བྱུང་བ་རི་བོ་ལས་བྱུང་ཤིན་ཏུ་མཉམ་པར་ལྡན་བྱུང་ཁུ་བའོ། །དེ་ནི་ནམ་མཁར་འགྲོ་མ་ཞེས། །སངས་རྒྱས་ཁམས་སུ་རྣམ་པར་བརྟག །ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་མངོན་པར་བརྗོད། །དེས་བསྐྱེད་པ་ཡི་གཟུགས་གང་ཡིན། །གཟུགས་ཅན་མ་ཞེས་མངོན་
པར་བརྗོད། །གཟུགས་སུ་སྐྱེ་བའི་རིམ་པ་ཉིད། །རྟོགས་པར་གྱུར་པ་དུམ་སྐྱེས་མ། །གང་ཞིག་མཛེས་པར་ལེགས་བརྗོད་པ། །མི་དང་བུད་མེད་སོགས་པར་བྱུང་། །མཚན་ཉིད་ཐམས་ཅད་ཀུན་རྫོགས་པ། །དེས་ན་ལཱ་མར་རབ་ཏུ་གྲགས། །བདུད་ཀུན་ལ་སོགས་རྣམ་པར་བྲལ། །དེ་ནས་

གཞལ་ཡས་ཁང་དུ་གྲགས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །པདྨ་སངས་རྒྱས་བཞི་དེའོ། །རྟག་ཏུ་འདོད་ཆགས་དང་བྲལ་ཞིང་། །གང་དུ་མཚན་ཉིད་བཞི་སྦྱོར་བ། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །དེ་ནི་དཔའ་བོ་ཞེས་སུ་གསུངས། །སྟོང་ཉིད་སྙིང་རྗེའི་
བདག་ཉིད་ཅན། །དེར་ནི་དབང་ཕྱུག་ལེགས་པར་ཐོབ། །ལྷན་ཅིག་སྐྱེས་པ་དགའ་བའི་དངོས། །དེ་ནི་དཔའ་བོའི་དབང་ཕྱུག་གྱུར། །གཞོམ་མེད་དཔག་ཏུ་མེད་པ་དགའ་བ་བདེ་མཆོག་འཁོར་ལོ་དེ་ནི་སྡེ་ཚན་མཐའ། །རྟག་ཏུ་ཐུར་དུ་ཕྱོགས་པ་འདི་ནི་ཡན་ལག་ཀུན་ལ་ཡིད་དུ་འོང་བ་
འཛག །འདོད་ཆགས་ལ་སོགས་རྩྭ་དང་འདྲ་བ་འབིགས་པའི་ཡེ་ཤེས་ཀྱིས་ཟོས་སོ། །རྣམ་པར་མི་རྟོག་རང་བཞིན་གྱིས། །དེ་ནི་ཀུན་རྫོབ་མྱོང་བའོ། །ནམ་མཁའི་པདྨར་ནམ་མཁའི་དབུས་སུ་མཁའ་སྤྱོད་འཁོར་ལོ་རོལ་པའི་རང་བཞིན་ནོ། །དེར་གནས་ཤིན་ཏུ་རྣམ་པར་བརྟགས་པ་
མཁའ་སྤྱོད་འཁོར་ལོར་ལེགས་པར་གྲགས། །བྷུ་ཞེས་པ་ནི་སའི་དབུས་གནས་སྐྱེས་པ། །ལྟེ་བའི་པདྨ་དེར་གནས་ཤིན་ཏུ་རྣམ་པར་བརྟགས་པ་ས་སྤྱོད་འཁོར་ལོའོ། །ས་འོག་ཅེས་པར་གང་བསྟན་པདྨར་བྱང་ཆུབ་ལྟུང་བའོ། །ཕྱི་རོལ་ངེས་པའི་ཡིད་ནི་ས་འོག་གནས་པའི་མཚན་
མའོ། །ཆོས་དང་ལོངས་སྤྱོད་སྤྲུལ་རྣམས་ཀྱིས། །ཧེ་རུ་ཀ་གཟུགས་ལེགས་པར་གནས། །ཨཱ་ལི་ཀཱ་ལི་ཡང་དག་ལྡན། །ལྷན་ཅིག་སྐྱེས་པའི་དགའ་བས་མཛེས། །ཨ་ཡིག་སྤྲུལ་པའི་འཁོར་ལོ་རུ། །པདྨོའི་ནང་དུ་ལེགས་པར་གནས། །ལྷན་ཅིག་སྐྱེས་པས་རོལ་པ་ཡིས། །
འཇིག་རྟེན་གསུམ་གྱི་རྒྱན་དུ་གྲགས། །ཨོཾ་ཏྲཱཾ་ཧྲཱིཿཁཾ་འདབ་མར་ལཱཾ་མཱཾ་པཱཾ་ཏཱཾ་མཚམས་ཀྱི་ཆ་རུའོ། །དབུས་སུ་ཧེ་རུ་ཀ་ཡི་ས་བོན་མཆོག་གི་སེམས་ནི་པདྨར་ཤིན་ཏུ་ལེགས་པར་གནས། །ཆོས་སེམས་པདྨ་ཆེན་པོ་ལ། །སྟོང་པའི་རྡོ་རྗེ་རྣམ་པར་གནས། །དེར་གནས་རྟག་ཏུ་འཛག་པ་ནི། །འདོད་
པའི་དོན་ཀུན་འགྲུབ་པའོ། །དེ་ཡི་སྟེང་དུ་ལོངས་སྤྱོད་ལ་ནི་ཕྱག་འཚལ་འོག་ཏུ་ལྟ་བ་རྟག་ཏུ་བལྟ། །ཨཱ་ཨཱི་ལྷན་ཅིག་ཨོ་ཨཽ་མཆོག་གི་རྣལ་འབྱོར་མ་དང་དཔའ་བོར་ལྡན། །དེར་གནས་མགྲིན་པའི་ཕྱོགས་སུ་ནི། །གང་དུ་མཁའ་འགྲོ་མ་རྣམས་རོལ། །དེར་ནི་རྟག་པའི་དུས་མཆོད་པ། །

མཆོག་ཏུ་དགའ་བར་ལེགས་པར་ཤེས། །ཧཾ་ནི་བདེ་ཆེན་འཁོར་ལོ་རུ། །ཟླ་བ་ལྟ་བུ་ལེགས་པ་འཛག །བགྲོད་དང་བགྲོད་པ་མ་ཡིན་པ། །དེར་ནི་མིག་གིས་མཐོང་བ་མིན། །ཏྭ་རི་ཏི་ན་གྱེན་དུ་གྲགས། །བཱ་ཥྤ་ཕྱོགས་སུ་རྣམ་པར་གནས། །བི་བི་ནྒྷོ་ནི་དབུས་སུ་གནས། །བི་ཤྭ་ཤྠ་
ནི་ཐུར་དུ་གྲགས། །རྒྱུ་མཐུན་པ་དང་རྣམ་པར་སྨིན། །སྐྱེས་བུ་དེ་བཞིན་དྲི་མ་བྲལ། །འབྲས་བུ་བཞི་པོ་འདི་རྣམས་དང་། །དགའ་བ་རྣམས་སུ་རབ་ཏུ་གྲགས། །ཆུང་ངུ་འབྲིང་པོ་ཆེན་པོ་དང་། །ཆེན་པོ་ཡི་ཡང་ཆེན་པོ་སྟེ། །སེམས་ཀྱི་དབྱེ་བས་བཞི་རྣམས་སུ། །མི་ལ་སོགས་
པ་རྣམས་སུ་རོལ། །པདྨར་སྤྲུལ་པའི་འཁོར་ལོ་ཐམས་ཅད་སེམས་ཀྱི་སྐད་ཅིག་ངེས་པར་འབྱུང་། །སེམས་ཀྱི་ཆོས་ཀྱི་རང་བཞིན་འདྲེན་ཅིང་རྟག་ཏུ་སྡུག་བསྔལ་སེལ་བ་རྣམ་པར་སྨིན། །མགྲིན་པར་གནས་པའི་ཧེ་རུ་ཀ་མགོན་མང་པོ་རྟོག་པ་ཐམས་ཅད་དཔྱོད་པའི་རང་བཞིན་ནོ། །ཤེས་
དང་མི་ཤེས་སྤྱི་བོར་གནས་པ་ང་རྒྱལ་དང་བྲལ་དེ་ནི་རྣམ་པའི་མཚན་ཉིད་རང་བཞིན་ནོ། །སྐད་ཅིག་བཞི་པོ་གང་འདི་སྐད་ཅིག་གཅིག་གིས་བསྐྱེད། །འཁོར་ལོར་སྐད་ཅིག་དེ་ནི་གཙོ་བོ་ཡིན་ཏེ་གཞན་ནི་མཐའ་ཡས་དངོས་པོར་འགྱུར། །མེ་ཏོག་ཕྲེང་དང་ཙནྡན་བུད་མེད་སོགས། །ཇི་སྲིད་
བལྟས་པས་བདེ་བར་གྱུར། །དེ་སྲིད་དགའ་བར་ལེགས་པར་གྲགས། །སེམས་ཅན་ཀུན་ལ་ལེགས་པར་གནས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །གང་ཞིག་སེམས་ནི་རྣམ་པར་གནས། །དེ་ཡི་སེམས་ཀྱི་མཚན་ཉིད་གང་། །དགའ་བ་ཆེན་པོ་ཞེས་སུ་བརྗོད། །ལེགས་པར་སྦྱོར་ལས་བྲལ་
བའི་སེམས། །བདེ་བའི་མཐའ་རུ་ལེགས་པར་གནས། །དེ་བྲལ་ཞེས་པའི་མིང་དུ་གསུངས། །རྣམ་པར་སེལ་བ་བསྐྱེད་པར་གྲགས། །དགའ་དང་མཆོག་ཏུ་དགའ་བ་དང་། །དགའ་དང་བྲལ་བ་གསུམ་པ་སྟེ། །ལྷན་ཅིག་སྐྱེས་པའི་རང་བཞིན་འདི། །བརྟན་གཡོ་ཀུན་གྱི་རང་བཞིན་ནོ། །
གང་དེ་ལྷན་ཅིག་སྐྱེས་དེ་ཀུན། །བསམ་གྱིས་མི་ཁྱབ་ཅེས་གསུངས་སོ། །ཚིག་མེད་ཀུན་སོང་ཞི་བ་སྟེ། །ཡེ་ཤེས་ཧེ་རུ་ཀ་རུ་བརྗོད། །གཞན་གདན་ཞེས་པ་ཤེས་རབ་བསྟན། །བདག་གི་གདན་ནི་ཐབས་ཡིན་ཏེ། །འདི་དག་གཉིས་མེད་རང་བཞིན་ནི། །སྦྱོར་བའི་གདན་དུ་རྣམ་པར་

གནས། །དེ་ཉིད་བདག་ནི་དེས་བསྐྱེད་པའོ། །དེ་སྤངས་པ་ཡི་དངོས་པོ་ནི། །ལྷན་ཅིག་སྐྱེས་ཞེས་ཡང་དག་གསུངས། །ཚིག་ལམ་སྤྱོད་ཡུལ་ལས་འདས་པའོ། །བདག་གི་དེ་ཉིད་རྟག་ཏུ་བསྔགས། །དཀྱིལ་འཁོར་དེ་ཉིད་ཡང་དག་ལྡན། །ཆོས་དང་ལོངས་སྤྱོད་སྤྲུལ་
པ་ནི། །ལུས་དང་རྣམ་པར་གནས་པའོ། །དམིགས་པའི་དངོས་པོ་སངས་རྒྱས་ཏེ། །མི་དམིགས་པ་ནི་རྡོ་རྗེ་འཛིན། །གནས་གཉིས་མཉམ་པར་དམིགས་ནས་ནི། །ཤེས་རབ་གཉིས་ནི་བསྟན་པའོ། །བརྟན་སོགས་བཅུ་ནི་ས་རྣམས་དང་། །ཕ་རོལ་ཕྱིན་པ་བཅུ་མཆོག་གོ། །ཉི་ཤུ་
རྩ་བཞི་དབྱེ་བ་ཡིས། །ལུས་ཀུན་ལ་ནི་རྣམ་པར་གནས། །རིམ་པ་ཇི་ལྟ་བ་བཞིན་དུ་འདི་དག་སྟེ། མགོ་དང་། སྤྱི་གཙུག་དང་། རྣ་བ་གཡས་པ་དང་། རྒྱབ་ཀྱི་ཚིགས་པ་དང་། རྣ་བ་གཡོན་པ་དང་། སྨིན་མའི་དབུས་དང་། མིག་དང་། དཔུང་པའི་རྩ་བ་དང་། ནུ་མ་གཉིས་དང་།
ལྟེ་བ་དང་། སྣའི་རྩེ་མོ་དང་། ཁ་དང་། མགྲིན་པའི་ཕྱོགས་དང་། སྙིང་ག་དང་། ཆུ་སོ་དང་། མཚན་དང་། བཤང་བའི་ལམ་དང་། བརླ་གཉིས་དང་། བྱིན་པ་དང་། སོར་མོ་དང་། རྐང་པའི་བོལ་དང་། མཐེ་བོ་དང་། པུས་མོ་རྣམས་སུ་བདག་པོ་ལ་སོགས་པ་སྐྱེ་བ་དང་
གནས་པ་དང་། རབ་ཏུ་ཐིམ་པ་ཞེས་སོ། །པུལླི་རུ་ནི་བདག་པོ་སྟེ། །ཛཱ་ལནྡྷ་རར་སྤྱོད་པས་གནས། །ཨོ་ཌྱན་དུ་ནི་ཐིམ་པས་གནས། །སྟན་ལ་སོགས་པའི་གནས་རྣམས་སུ། །ཡན་ལག་ཀུན་དུ་ཐིམ་གྱུར་པ། །བདེ་མཆོག་གི་ནི་མཚན་ཉིད་དོ། །སྤྲུལ་པ་རུ་ནི་སྐྱེས་པ་སྟེ། །ལོངས་
སྤྱོད་པ་རུ་གནས་པའོ། །ཆོས་ཀྱི་སྐུ་ཡི་རང་བཞིན་གྱིས། །ཐིམ་པར་གྱུར་པར་སོམ་ཉི་མེད། །དེ་ལྟར་སྐུ་རྣམས་ཆ་ཤས་ཀྱིས། །བདག་པོ་ལོངས་སྤྱོད་ཐིམ་པའོ། །གནས་སུ་ཇི་ལྟར་དེ་བཞིན་དུ། །སྐྱེ་བ་དང་ནི་གནས་པ་ཉིད། །ཐིམ་པར་གྱུར་པའི་རིམ་པ་ཡིས། །རྟག་ཏུ་དགའ་བ་སྐྱེ་
བར་འགྱུར། །གནས་བྱེད་པ་ཡི་སྒོ་ནས་ནི། །རྡོ་རྗེ་མཁའ་འགྲོ་བསྐུལ་བའོ། །དཔལ་ལྡན་ཛཱ་ལནྡྷ་རར་ནི། །སྐད་ཅིག་དེ་ལ་བདེ་བར་འགྱུར། །བདེ་བར་བསྐྱེད་པའི་བསྡུས་པ་ནི། །བརྟན་གཡོ་ཀུན་གྱི་བདག་ཉིད་དོ། །དེ་ལྟར་ཧེ་རུ་ཀ་ཕག་མོ། །དང་པོའི་སངས་རྒྱས་དཔའ་བོར་ལྡན། །

དེ་ཡི་ཕྱག་སོགས་སངས་རྒྱས་ཏེ། །ཁམས་ཀྱི་མིང་ནི་འབྱུང་བའོ། །ལྷན་ཅིག་སྐྱེས་པ་རྣམ་གཉིས་ཏེ། །བུད་མེད་སྐྱེས་པ་ལ་སོགས་བརྟག །ཐམས་ཅད་ཡུལ་དུ་རབ་ཏུ་བསྟན། །ནམ་མཁའ་བདུད་རྩིའི་ངོ་བོའོ། །དེ་ལ་སྤྱོད་པ་གང་ཡིན་ཏེ། །ཐམས་ཅད་ནམ་མཁའ་སྤྱོད་པར་ཤེས། །
ཐམས་ཅད་མཁའ་འགྲོ་དྲ་བ་ཡི། །སྙིང་པོ་བདེ་མཆོག་མཆོག་ཡིན་ཏེ། །འདིར་ནི་ཕྲེང་མེད་བཟླས་པ་མེད། །ལྷན་ཅིག་སྐྱེས་པར་ཀུན་དུ་གནས། །དེ་བས་ཤིན་ཏུ་རྟོག་བྲལ་བས། །གུས་པ་བསྐྱེད་ཅིང་འབད་པ་ཡིས། །འཇིགས་དང་མཛེམ་པ་རྟག་སྤངས་ནས། །རྣལ་འབྱོར་རོལ་
པས་གནས་པར་བྱ། །འདིར་ནི་མྱ་ངན་འདས་དང་སྦྱིན་སྲེག་རྣལ་འབྱོར་བསམ་བྱ་དཀྱིལ་འཁོར་ལ་སོགས་པ། །བུམ་པ་རྡུལ་ཚོན་ཐིག་སྐུད་ཆོ་ག་ལུས་ལ་ལྷན་ཅིག་སྐྱེས་ནས་རིག་པར་བྱ། །གཙུབ་ཤིང་གཙུབས་པའི་སྦྱོར་བ་ཡིས། །ཡེ་ཤེས་མེ་ནི་ཤིན་ཏུ་འབར། །རླུང་གིས་བསྐྱོད་པར་
གྱུར་པ་ལས། །ལྟེ་བའི་པདྨ་རྣམ་པར་གནས། །དུ་བ་རྟག་ཏུ་ལྷ་མོ་སྟེ། །ལེགས་འབར་ལྷན་ཅིག་སྐྱེས་པའི་གཟུགས། །ཡེ་ཤེས་འཁོར་ལོའི་སངས་རྒྱས་དང་། །ལོངས་སྤྱོད་འཁོར་ལོར་གྱུར་བསྲེགས་ནས། །ཐབས་ནི་རབ་ཏུ་མཆོད་བྱས་ནས། །སྨིན་མཚམས་མཛོད་པུར་སོང་གྱུར་
ནས། །ཨོ་ཌྱན་ཞེས་ནི་བྱ་བ་ཡི། །གནས་ཀྱི་སྒོ་ནས་འཕྲོས་ནས་ནི། །ཛཱ་ལནྡྷ་རར་རབ་ཏུ་ཞུགས། །དེ་བཞིན་གཤེགས་པ་ཐམས་ཅད་བསྲེག །ཡིད་ཀྱི་ཤུགས་ལྡན་ལྷ་མོ་ནི། །མིག་གིས་མཐོང་བ་མ་ཡིན་ནོ། །སངས་རྒྱས་སྙིང་ག་ན་བཞུགས་ཁྱབ། །བདུད་རྩིའི་ཚོགས་ནི་བླང་བྱས་
ཏེ། །འོ་མ་ཡི་ནི་རྒྱུན་ལྟ་བུར། །གསེར་གྱི་སྒོ་རུ་རབ་ཏུ་ཞུགས། །རྐན་གྱི་དབུས་ནས་འཛག་པ་ནི། །ལོངས་སྤྱོད་འཁོར་ལོར་ལེགས་པར་གནས། །ཟོ་ཆུའི་འཁྲུལ་འཁོར་བཞིན་དུ་ནི། །སྔོན་དུ་སེམས་ནི་རྣམ་པར་གནས། །ཐ་མ་མེད་པར་ལེགས་པར་བསྲེག །ལེགས་པར་སངས་
རྒྱས་མཉེས་པ་སྟེ། །ཡང་ནི་འདོད་དང་ལྡན་གྱུར་ནས། །ལྟེ་བའི་འཁོར་ལོར་ལེགས་པར་གནས། །འདིར་བཞུགས་ཡང་ནི་འགྲོ་བ་དང་། །འོང་བར་གྱུར་པ་དེ་བཞིན་ནོ། །ཀུན་སྤྱོད་མཁའ་འགྲོ་མ་རྣམས་ཀྱི། །འཁོར་ལོ་བདེ་མཆོག་ལས་གསུངས་སོ། །ལྡོག་པ་ཡི་ནི་མཚན་ཉིད་དོ། །

འདི་དག་ཐམས་ཅད་བདག་གིས་བཤད། །གང་གཞན་བདེ་བའི་དངོས་གྲུབ་ནི། །བླ་མ་ལ་གུས་དེ་ཤེས་བྱ། །སྣ་ཚོགས་སྔགས་བཟླས་རྣལ་འབྱོར་མཁས་པས་ཀུན་གྱི་བདག་ཉིད་ཀྱིས་ལེགས་མཆོད། །འཁོར་ལོ་ལ་གནས་བླ་མ་རྡོ་རྗེ་དཔའ་བོའི་ཚོགས་དང་ལེགས་པའི་རྣལ་
འབྱོར་མ་ཡི་ཞབས། །ང་རྒྱལ་བཅས་པས་རྒྱུད་རྣམས་ཀུན་གྱི་སྙིང་པོའི་གནས་ནི་ལེགས་པར་བརྟགས། །ཕྱི་ནས་བློ་དང་ལྡན་པས་སེམས་ཅན་དོན་འདོད་རྩོམ་པས་དཀྱིལ་འཁོར་བརྩམ། །སངས་རྒྱས་ཀུན་གྱི་ལྷ་རྣམས་ནི། །བྲི་བ་སྨད་འཚོང་གཞུང་ཡིན་ནོ། །ཧེ་རུ་ཀ་འབྱུང་སོགས་ལས་ཀྱང་། །
ཛཱ་ལནྡྷ་ར་སོགས་པ་གསུངས། །འདུས་པ་ལ་སོགས་རྒྱུད་རྣམས་ཀྱི། །མིང་དེ་ཅི་ཡི་ཕྱིར་ན་འགལ། །སྔགས་པས་འཁོར་ལོ་སྡོམ་དཀྱིལ་འཁོར། །བདེ་མཆོག་དོན་དུ་བྲི་བར་བྱ། །སློབ་དཔོན་གྱི་ནི་མཚན་ཉིད་བསྟན། །རྒྱུད་ལས་ཇི་ལྟར་བསྟན་པར་འདོད། །གཡོན་པའི་ལག་ན་ཁ་ཊྭཱཾ་ག །
གཞན་ན་ཅང་ཏེའུ་ཧཱུཾ་སྒྲོགས་པ། །ཡང་དག་ཡེ་ཤེས་རྒྱུད་ཤེས་ཤིང་། །ཧེ་རུ་ཀ་དཔལ་གསང་སྔགས་ཤེས། །ཁྲོ་མེད་གཙང་ལ་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་སོན། །སྤྱི་བོ་ལས་སྐྱེས་ཐོད་པས་བརྒྱན། །ཡན་ལག་ཐལ་བས་རྗེས་སུ་བྱུག །བླ་མ་ཆེན་པོས་སློབ་མ་ལ། །
མཆོད་པ་ལ་སོགས་དེ་དག་དྲི། །དགའ་བས་དེ་ནི་སྨྲ་བར་བྱ། །བདག་གིས་ཐམས་ཅད་ཚོགས་པར་གྱུར། །བཟའ་དང་བཏུང་བ་ལ་སོགས་པ། །རས་དང་ལྷ་བཤོས་ཐམས་ཅད་ལྡན། །དཔའ་བོ་ལྷ་མོ་མཆོད་པའི་དོན། །བདག་གིས་ཆོ་ག་བྱེད་པར་ནུས། །དཔའ་བོ་ཆེན་པོས་དེ་ནས་འདིར། །
ཤེས་རབ་ཡན་ལག་གཉིས་མེད་འདུས། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །འཁོར་ལོ་ཀུན་ལ་རྣམ་པར་གནས། །མདུན་དུ་གནས་པའི་སློབ་མ་ནི། །བསོད་ནམས་ལྡན་ཞིང་བློ་དང་ལྡན། །ཐོག་མར་སྲུང་བ་བྱས་ནས་ནི། །དེ་ནས་ས་ནི་རྣམ་པར་བརྟག །རྒྱུད་ལས་བསྟན་པའི་དཀྱིལ་འཁོར་
གནས། །ཁྲོ་བོའི་སྦྱོར་བས་མནན་ནས་ཀྱང་། །གནོད་མཛེས་གསང་སྔགས་བཟླས་ནས་ནི། །འབད་པས་བགེགས་ནི་བསྐྲད་པར་བྱ། །སློབ་མ་མཁས་པ་ལེགས་པར་གཟུང་། །བདེ་བའི་མཆོག་ནི་མཉེས་ནུས་པ། །བདེ་མཆོག་ལས་གསུངས་བྱ་བ་ལྡན། །སྔོན་དུ་ཕག་མོ་ལ་གུས་པ། །བསོད་

ནམས་འདོད་ཅིང་གཙང་ལ་མཁས། །དཀྱིལ་འཁོར་འདྲི་བའི་ཕ་རོལ་སོན། །དགའ་ཞིང་སྡུག་པ་ཡང་ཡིན་ཏེ། །དེ་དང་ལྷན་ཅིག་ལེགས་པར་བརྩམ། །གཏོར་མ་སྦྱིན་སོགས་བྱིན་ནས་ནི། །ཧེ་རུ་ཀ་དང་གཉིས་མེད་གནས། །བླ་མ་དཔའ་བོ་ལེགས་མཆོད་ནས། །ས་བཞི་དག་པ་ལེགས་
པར་བརྩམ། །རི་ཕུག་ནགས་ཀྱིས་མཁྲེགས་པ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དུའམ། །སྔོན་དུ་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །དེར་ནི་ལྕི་བ་མ་ལྷུང་བས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །དུར་ཁྲོད་ཐལ་བར་ལྡན་པ་དང་། །བདུད་རྩི་ལྔ་དང་མཉམ་ལྡན་
པས། །ས་དེ་ཉེ་བར་བྱུག་པར་བྱ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །བར་མ་མཆོག་དང་དབུགས་དབྱུང་དང་། །དྲི་ཡི་ཆུ་དང་ལྷན་ཅིག་པས། །འབད་པས་མཉམ་པར་བརྡུང་བར་བྱ། །ས་ནི་མཉམ་ཞིང་གཙང་བར་བྱ། །དབུས་དང་ཐོག་མ་གང་བསྟན་པའི། །ལྷག་མའི་བཤད་པ་
ཡང་དག་ལྡན། །བླ་མ་དམ་པ་ལས་ཤེས་བྱ། །དེས་ཤེས་གང་དེ་བཞིན་དུ་མིན། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྟག་ཏུ་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང་། །རིག་པ་འཛིན་པའི་གནས་སུ་འགྱུར། །བྱང་དུ་མཐོ་བས་འཆི་བའམ། །ཡང་ན་ནོར་ནི་ཟད་
པར་འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་འགྱུར། །དབུས་སུ་དམའ་བའི་ས་གཞི་གང་། །སྒྲུབ་པ་པོ་ནི་འཇིགས་པར་འགྱུར། །དེ་ལྟར་མཚན་ཉིད་བཅས་པ་ཡི། །དཔའ་བོའི་དབང་པོ་སོགས་པས་བརྟག །སའི་མཚན་ཉིད་དོ། །མགུལ་རྒྱན་དང་ནི་
གདུ་བུ་ཉིད། །རྣ་རྒྱན་སྤྱི་བོའི་ནོར་བུ་དང་། །མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །མཁའ་འགྲོ་མ་ཚོགས་ཕྱོགས་བཞི་རུ། །རྡོ་རྗེ་རྣལ་འབྱོར་མ་བཞག་ནས། །རྡོ་རྗེ་དྲིལ་བུ་ཕྱག་ན་འཛིན། །རང་གི་གཙོ་ལ་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་
ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་བདག་པོ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་སྤངས་པ་སྟེ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་

གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མེད་པ། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །
དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །གང་ཞིག་ལག་ན་ཐོད་པ་དང་། །ཆང་ལ་དགའ་བས་མྱོས་པ་རྣམས། །སྤྱོད་པ་གཟུགས་ཅན་རྣལ་འབྱོར་མ། །ལྷ་མོ་ཆེན་མོ་མཉེས་པ་སྟེ། །ཁམས་ཀྱི་རང་བཞིན་ཐམས་ཅད་དམ། །དེ་བཞིན་སྲོག་དང་རྩ་རང་བཞིན། །རང་ལྷག་ལྷ་ལ་རབ་
ཕྱོགས་པས། །གྲུབ་པའི་ཕྱག་རྒྱ་རབ་ཏུ་བསྒྱུར། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བསམས་ནས་བགེགས་ནི་རབ་ཏུ་གཞོམ། །བགེགས་ཀྱི་ཚོགས་ནི་གཞན་རྣམས་དང་། །གདུག་པའི་ཚོགས་ནི་བསྐྲད་པར་བྱ། །རྐང་པའི་འོག་ཏུ་དགོད་བྱ་བ། །རྡོ་རྗེ་འབར་བ་ཧཱུཾ་ལས་བྱུང་། །ཨཾ་ཡིག་
མིག་གཉིས་ཤེས་ནས་ནི། །ཟླ་བ་ཉི་མར་རྣམ་པར་བསམ། །རྡོ་རྗེ་དྲིལ་བུ་བླངས་ནས་ནི། །གཡས་ན་རྡོ་རྗེ་ཡང་དག་ལྡན། །བློ་དང་ལྡན་པས་ཕྱོགས་ཀུན་བལྟ། །ཁྲོས་པས་སེམས་ཅན་དོན་ལ་བརྩོན། །དེ་རུ་གནས་པའི་གདུག་པ་དང་། །བདུད་དང་བགེགས་དང་ལོག་འདྲེན་དང་། །དེ་
རྣམས་བསྐྲད་པའི་དོན་གྱི་ཕྱིར། །ཚིག་འདི་དག་ནི་བརྗོད་པར་བྱ། །གང་ཞིག་ས་ཡི་བདག་པོ་རྣམས། །ཀླུ་དང་གནོད་སྦྱིན་དྲི་ཟ་སོགས། །འབྱུང་པོ་འབྱུང་མོ་མཁའ་འགྲོ་མ། །སེམས་ཅན་དོན་དུ་བྱ་བར་བརྩོན། །མྱུར་དུ་འགྲོ་བ་ཉིད་དུ་གྱིས། །ཧེ་རུ་ཀ་ཡི་བཀའ་ཐོས་ནས། །མྱུར་བ་ཉིད་
དུ་བོར་ནས་ནི། །ཁྱེད་རྣམས་འགྲོ་བ་ཉིད་དུ་གྱིས། །གལ་ཏེ་འགྲོ་བར་མི་འགྱུར་ན། །རྡོ་རྗེ་འབར་བ་ཁ་ཊྭཱཾ་གིས། །དེ་ཡི་མགོ་ནི་བརྒྱར་དགས་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། དབང་ལྡན་
ཕྱོགས་ནས་བརྩམས་ནས་ནི། །གཡོན་དུ་བསྐོར་བ་ལ་བརྩོན་པས། །དཔའ་བོ་ཆེན་པོ་ཁྲོས་པས་བསྐོར། །བསྐལ་པའི་མེ་ལྟར་ལངས་ནས་ནི། །དེ་ལས་བྱུང་བའི་འོད་སོགས་ཀྱིས། །བདུད་ལ་སོགས་པ་ཐམས་ཅད་བསྲེགས། །འདི་ལྟར་སེམས་པའི་རྣལ་འབྱོར་དག །ཧཱུཾ་སྒྲ་བསྒྲགས་

པར་གར་བྱས་ཏེ། །མྱ་ངན་ཁྲོ་དང་འཇིགས་པ་མེད། །དེ་བཞིན་དྲག་དང་བརྩེ་བ་གཉིས། །རྗེས་སུ་ཆགས་ལྡན་རོ་འདི་དག །དང་པོ་ཞལ་ལ་ལེགས་པར་གནས། །མི་སྡུག་པ་དང་ངོ་མཚར་གང་། །འཇིགས་དང་གཡོ་དང་དེ་བཞིན་དུ། །རྗེས་སུ་ཆགས་གནས་རོ་འདི་ཡིས། །གཡོན་པའི་
ཞལ་དུ་གྱུར་པར་གསུངས། །བཞད་དང་དགའ་བ་དབང་ཕྱུག་དང་། །བཞད་པ་དང་ནི་སྒེག་པ་ཉིད། །རྗེས་སུ་ཆགས་ནས་རོ་ཉིད་དང་། །དེ་ནི་ནུབ་ཀྱི་ཞལ་ཡིན་ནོ། །སྨོད་པ་དང་ནི་ངོ་མཚར་ཉིད། །བརྐམ་པར་གྱུར་པ་གང་ཡིན་པ། །དཔའ་བོ་འཇིགས་བྱེད་གནས་འདི་དག །གཡས་ཀྱི་ཞལ་
ལ་དེ་དག་གནས། །པདྨ་རྡོ་རྗེ་དབུས་སུ་ནི། །གང་ཞིག་སེམས་ནི་ལེགས་གནས་ཤིང་། །ཞི་བ་དེ་ནི་ལེགས་དག་པ། །ལྷན་ཅིག་སྐྱེས་པ་དགའ་བའི་གར། །གར་ནི་ཆོས་ཀྱི་དེ་ཉིད་དུ། །ཤེས་པའི་གར་དུ་ཐེ་ཚོམ་མེད། །འཇིག་རྟེན་ལ་ཕན་རྒྱུ་ཡི་ཕྱིར། །འཇིག་རྟེན་ཆོས་ཅན་གར་བྱའོ། །
གླང་པོ་ཆེ་ཡི་པགས་པ་དང་། །མདུང་དང་ཞགས་པ་གྲི་གུག་དང་། །ཌ་མ་རུ་དང་ཁ་ཊྭཱཾ་དང་། །ཐོད་པ་དང་ནི་ཞགས་པ་དང་། །མགོ་བོ་རྡོ་རྗེ་དྲིལ་བུ་དང་། །མགོ་བོ་ལྔ་བཅུའི་ཕྲེང་བ་དང་། །དེ་རྣམས་ཐོགས་པའི་སྣང་བའོ། །མགུལ་རྒྱན་ཐོགས་ཤིང་གཡོན་པ་དང་། །གཡས་ན་གདུ་བུ་དེ་
བཞིན་དུ། །རྣ་རྒྱན་རྣ་བ་ལ་བཀོད་ཅིང་། །གཡོན་གྱི་སྤྱི་བོ་ནོར་བུ་དང་། །གཡས་པ་ཡིས་ནི་ཐལ་བ་དང་། །མཆོད་ཕྱིར་ཐོགས་དང་ཡང་དག་ལྡན། །བདེ་བྱེད་ལྟ་བུ་བྱ་བ་དང་། །རི་མོ་ལྟ་བུ་བྱ་བའོ། །པདྨོ་ལྟ་བུའི་ལག་བྱས་ཏེ། །པདྨ་ལྟ་བུར་གྱུར་པའོ། །ཇི་སྲིད་རི་མོ་ལྟ་བུ་ཡི། །གར་ནི་
རྣལ་འབྱོར་མ་ལྷན་ཅིག །ཟླ་བ་གཉིས་པོ་མི་འགྱུར་བ། །ཌ་མ་རུ་ནི་སྐྱེད་བྱེད་པའོ། །མཚན་ཉིད་བདག་གིས་བསྟན་པའོ། །ཡོངས་སུ་ལྡན་པས་བལྟ་བའོ། །བདེ་མཆོག་དོན་ནི་ལེགས་མཐོང་ནས། །རྣལ་འབྱོར་མ་ཡི་མཚན་ཉིད་དང་། །གཞན་ཡང་གར་དང་དངོས་གྲུབ་དང་། །དཀྱིལ་
འཁོར་དོན་དང་ཆོ་ག་བཤད། །དེ་ལྟར་བསྟན་པ་ནི་སམྦ་རའི་སྒྲ་ཞེས་བྱ་བའོ། །ཅུང་ཟད་ངོ་ཚའི་མིག་ཟུར་གྱིས། །ཧེ་རུ་ཀ་ཞལ་འོ་བྱེད་ཅིང་། །ལེགས་པའི་ཕག་མོ་གར་བྱའོ། །ཀུནྡ་ཟླ་བ་དྲི་མེད་སོ། །དམར་འོད་ལྟ་བུ་ཧཱུཾ་སྒྲོགས་པ། །ཁྲོས་པས་བགེགས་ཀུན་རླག་པར་བྱེད། །ལྷན་

ཅིག་སྐྱེས་དགའ་རོལ་པ་ཡིས། །སེམས་ཅན་དོན་ནི་བྱེད་ལ་བརྩོན། །དེ་དང་ལྷན་ཅིག་དཔའ་བོ་ཆེ། །འཁོར་ལོའི་ས་ཡི་དབུས་སུ་གནས། །ཟ་བའི་ཕྱག་རྒྱ་ལ་སོགས་པས། །བགེགས་རྣམས་ཀུན་ནི་བསྐྲད་པར་བྱ། །ཇི་སྲིད་གར་གྱི་བསྟན་བཅོས་ལས། །སྙིང་རྗེའི་ཕྱག་
རྒྱ་ལ་སོགས་པ། །ཧེ་རུ་ཀ་དཔལ་ཕྱག་རྒྱ་སྟེ། །དེ་ནི་དངོས་གྲུབ་ཀུན་སྟེར་བའོ། །ཞལ་བཞི་ལ་སོགས་སྔགས་ཀྱིས་ནི། །ཕུར་བུ་ར་བ་དྲ་བ་དང་། །ཇི་བཞིན་སྔོན་གྱི་རྗེས་འབྲངས་ནས། །ཆོ་ག་ཐམས་ཅད་བྱ་བའོ། །དེ་ལྟར་གོ་བགོས་བདག་ཉིད་ནི། །འོག་ཏུ་མཚོན་ཆ་ངེས་པར་གཞག །
འཁོར་ལོ་ལྷན་ཅིག་བདག་ཉིད་ནི། །སྟེང་དུ་མདའ་ནི་བྲི་བའོ། །བདག་ཉིད་མཁའ་སྤྱོད་དྲ་བ་ནི། །དེ་ལྟར་གོ་བགོས་གོ་དང་ལྡན། །སུམ་ཅུ་གསུམ་པས་ཀྱང་མི་ཕིག །མཐའ་ཡི་དབྱངས་ཡིག་ལས་བྱུང་བ། །སྣ་ཚོགས་རྡོ་རྗེ་གཟི་བརྗིད་བཟང་། །དེས་ན་རྟག་ཏུ་མི་ཕིག་པ། །འབར་བའི་
གཟུགས་སུ་རྣམ་པར་བསམ། །འདིས་ནི་ཧཱུཾ་འབྱུང་ཁྲོ་བོ་ཡིས། །ནམ་མཁའི་དཀྱིལ་འཁོར་དགང་བར་བྱ། །ཡི་གེ་བདུན་པ་བཟླས་པ་ཡིས། །རྡོ་རྗེའི་ལྟ་བ་ཀུན་དུ་བལྟ། །ས་གཞི་དག་པར་བལྟས་ནས་ནི། །བགེགས་རྣམས་ཀུན་ནི་རྣམ་པར་སྤངས། །བདུད་རྩི་ལྔ་སོགས་ལེགས་པར་བྱུག །
བློ་བཟང་གིས་ནི་མེ་ཏོག་གཏོར། །མཁའ་འགྲོ་མ་རྣམས་ཡང་དག་ལྡན། །རྡོ་རྗེ་ས་དབུས་ལེགས་པར་གནས། །དཔའ་བོ་རྡོ་རྗེ་དྲིལ་བུ་འཛིན། །མངའ་བདག་ཧེ་རུ་ཀ་བསྒོམ་བྱ། །འབྱུང་གནས་སྒྲ་གཟུགས་ལ་སོགས་པའི། །རྣལ་འབྱོར་རིགས་པས་རྣལ་འབྱོར་དམིགས། །དཔལ་
ལྡན་བདེ་མཆོག་འཁོར་ལོ་ཆེ། །དངོས་གྲུབ་ས་ལ་བརྩམ་པར་བྱ། །ཡ་སྡེ་བརྒྱད་པའི་ས་བོན་ནི། །སྟོང་བས་སྟེང་དུ་བརྒྱན་པར་བྱ། །དེ་ནི་ལན་གསུམ་བརྗོད་བྱས་ཏེ། །ས་ལ་རེག་པས་ས་རེག་གནས། །བཀུག་ནས་མདུན་དུ་བལྟ་བར་བྱ། །མཛེས་མ་ཞེས་བྱའི་མ་མོ་ནི། །ལེགས་པའི་
གཟུགས་ཅན་ལེགས་གཟུགས་དེས། །ཧེ་རུ་ཀ་ལ་དགའ་བས་གསོལ། །མགོན་པོ་བདག་གིས་ཅི་ཞིག་བགྱི། །རྡོ་རྗེ་ཅན་བདག་བཀའ་སྩོལ་ཅིག །ཁྱེད་ཀྱི་དཀྱིལ་འཁོར་དོན་གྱིས་ན། །བདག་གིས་བུམ་པ་གཟུང་བར་བྱ། །མ་ལ་སོགས་དང་ཡང་དག་ལྡན། །བློ་དང་ལྡན་པས་

ཐོད་པ་གཞག །ཆོ་གས་མཆོད་པ་བྱས་ནས་ནི། །ཨརྒྷ་བྱིན་ནས་ལྷག་པར་གནས། །ཏྭཾ་དེ་བཱི་སཀྵི་བྷཱུ་ཏཱ་ཡི་སརྦ་བུདྡྷཱ་ནཱཾ་ཏཱ་ཡི་ནཾ། ཙརྱཱ་ན་ཡ་བི་ཤེ་ཥེ་ཥྱ་བྷཱུ་མི་པཱ་ར་མི་ཏ་སུ་ཙ། མཱ་ར་སཻ་ནྱཾ་ཡ་ཐཱ་བྷ་ག་ཤཱཀྱ་སིདྷེ་ན་ཏཱ་ཡི་ནཱ། ཏ་ཐཱ་མཱ་ར་བ་ལཾ་ཛི་ཏྭ་མཎྜ་ལཾ་སཾ་ལི་ཁ་མ་ཧཾ། ལན་གསུམ་བརྗོད་པ་ཙམ་
གྱིས་ནི། །མཛེས་མ་དགའ་ནས་སྨྲས་པ་ནི། །ཀྱེ་མགོན་པོ་ཁྱོད་ཀྱི་བསོད་ནམས་ནི། །དྲི་མེད་བསགས་པ་བདག་གིས་ཤེས། །ད་ལྟར་ཁྱོད་ནི་དེ་ཕྱིར་རོལ། །ཐམས་ཅད་ཁྱོད་ཀྱིས་དབང་དུ་གནས། །གང་ཞིག་བྱ་བ་དེ་བཀའ་སྩོལ། །བདག་ནི་དེ་དག་བྱེད་པས་སྤྲོ། །ཞེས་པའི་ཚིག་ནི་སྨྲས་
གྱུར་ནས། །ས་དེར་ཐིམ་པར་གྱུར་པར་བསམ། །ལས་ཀྱི་དཀྱིལ་འཁོར་སྒྲུབ་པའི་ཐབས། །སྔགས་པས་དེ་ནས་བྱས་པའོ། །ས་གཞི་ལྷག་པར་གནས་པའི་ཆོ་གའོ། །བདུད་རྩི་ལྔ་ཡི་ཆུ་ཉིད་ཀྱིས། །ས་ནི་ལེགས་པར་བྱུགས་པར་མཛེས། །དཔའ་བོ་དཔའ་མོའི་དབང་ཕྱུག་གནས། །
བློ་བཟང་གིས་ནི་མཎྜལ་བྱ། །སྣ་ཚོགས་མེ་ཏོག་དགྲམ་པ་དང་། །སྤོས་ཀྱི་དྲི་ཡིས་ལེགས་བསྒོས་ཏེ། །མཆོག་ཏུ་དགའ་བའི་སྦྱོར་ལས་བྱུང་། །ལེགས་པའི་འཁོར་ལོ་དེར་སྤྱན་དྲང་། །འབྱུང་གནས་སྒྲ་ཚུལ་ལ་སོགས་པའི། །རྣལ་འབྱོར་སྔོན་དུ་དམིགས་ནས་ནི། །འཁོར་ལོའི་
གཟུགས་བདག་སྦྱོར་བ་ཡིས། །གནས་དང་གནས་སུ་རྣམ་པར་བསམ། །དཔལ་ལྡན་ཧེ་རུ་ཀ་སོགས་ལྡན། །རྣམ་པ་ཀུན་གྱི་མཚན་ཉིད་གཅིག །དངོས་གྲུབ་ཀུན་གྱི་གཞིར་སྦྱོར་བ། །བདེ་མཆོག་དངོས་གྲུབ་ཐམས་ཅད་སྟེར། །ལམ་ལ་གནས་ཤིང་འབྲས་བུར་གནས། །དཔའ་བོ་དཔའ་
མོ་དབང་ཕྱུག་མཛེས། །ཡུལ་ལ་སོགས་པ་གནས་སྟན་དུ། །གསང་བ་སྤྱན་དྲང་བསྒོམ་བྱ་སྟེ། །ཡེ་ཤེས་འཁོར་ལོ་མཉམ་སྦྱོར་བ། །དམ་ཚིག་དཀྱིལ་འཁོར་བསམ་པར་བྱ། །ངོ་བོ་གཅིག་པའི་ལེགས་དག་པ། །ལྷན་ཅིག་སྐྱེས་དགའ་ཤིན་ཏུ་མཛེས། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གི་སྒྲ་
བསྒྲགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་སྦྱོར་ཏེ། །དཔྲལ་བའི་དབུས་ཕྱོགས་ལེགས་བཞག་ནས། །ཕྱག་རྒྱ་མཆོག་གིས་མ་ཚོགས་

བསྐུལ། །མཁའ་སྤྱོད་ལ་སོགས་མཉམ་ལྡན་པའི། །ཡེ་ཤེས་འཁོར་ལོ་ཤིན་ཏུ་མཛེས། །གཡོན་དུ་བསྐོར་བའི་བྱེ་བྲག་གིས། །བསྐོར་བ་ཉིད་ཀྱིས་དགུག་པར་བྱ། །བདུད་རྩི་ལྔ་དང་ལྡན་པ་ཡི། །པདྨ་བླངས་པར་གྱུར་ནས་ནི། །སྔགས་པས་དེ་ནས་ཨརྒྷ་བྱིན། །
ཞབས་བསིལ་ཉིད་ཀྱི་བྱེ་བྲག་གོ། །དྲི་ལ་སོགས་པས་ཡོངས་བཀང་བའི། །པདྨ་བཞི་པོས་ལེགས་པར་མཆོད། །བདུག་སྤོས་ཐ་དད་ཉིད་ཀྱིས་ནི། །དཀྱིལ་འཁོར་མཆོག་ནི་བདུག་པར་བྱ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་པའི་ཆོ་གའོ། །གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་
ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། །རྒྱུ་སོགས་སྟོང་པ་སྔོན་འགྲོ་དང་། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་གསུངས་པའི་སྦྱོར་ལྡན་པའོ། །བདུད་རྩིས་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་དང་། །གོ་ཆ་ཆེན་པོས་ལེགས་པར་བསྲུང་། །
སྔགས་རྣམས་ཀུན་གྱིས་མཆོད་པ་སྟེ། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །དུས་ཀུན་དུ་ནི་ལེགས་པར་བརྩམ། །བདེ་བའི་སྟན་ལས་འབད་པ་ཡིས། །ཤེས་རབ་ཡན་ལག་སྟན་གྱི་སྟེང་། །མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །རྣ་རྒྱན་ཚངས་པའི་སྐུད་པ་དང་། །མགྲིན་པར་བརྒྱན་བྱས་མགོ་བོའི་
ཕྲེང་། །སྐ་རགས་སིལ་སིལ་སྒྲ་སྒྲོགས་པ། །རལ་པ་ཅོད་པན་དར་དང་ནི། །བཅོས་པའི་སྐྲ་ཡིས་རྒྱན་དུ་བྱས། །རྡོ་རྗེ་པདྨ་ཁ་ཊྭཱཾ་བཅས། །ཌ་མ་རུ་སྒྲ་སྒྲོགས་པ་དང་། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །གོ་ཆ་གསུམ་གྱིས་བརྒྱན་བྱས་ཤིང་། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །རྣལ་
འབྱོར་དབང་ཕྱུག་ངེས་པར་བྱས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བུམ་པ་ལྷག་པར་གནས་པར་བྱ། །མགྲིན་པ་རིང་ལ་ལྟོ་བ་ཆེ། །མཆུ་འཕྱང་རྩ་བ་རྣམ་པར་སྤངས། །ཁ་དོག་གནག་སོགས་སྤངས་པ་ཡི། །བུམ་པ་བཅུ་ནི་བྱ་བའོ། །དེ་རྣམས་ནང་ནས་མཆོག་གཅིག་ནི། །ཕག་མོ་
རུ་ནི་རབ་ཏུ་བརྟག །དགྲ་སྟ་ཞགས་པ་དེ་བཞིན་མདུང་། །ཁ་ཊྭཱཾ་ག་ཡང་ལེགས་པར་བྲི། །དེ་ལྟར་ཁྲོ་བོའི་རྡོ་རྗེ་དང་། །པདྨའི་ལོ་མ་སོགས་པས་བརྒྱན། །བདུད་རྩི་ལྔ་ཡི་ཆུ་ཉིད་ཀྱིས། །བཀང་ཞིང་དྲི་ཡིས་ལེགས་པར་བྱུག །འབྲུ་དང་རིན་ཆེན་སྨན་རྣམས་ནི། །སོ་སོར་ལྔ་དང་ལྡན་པའོ། །

ལྷ་མོའི་སྔགས་ཀྱིས་བསྔགས་པ་ཡི། །མེ་ཏོག་ཕྲེང་བས་རྣམ་པར་བརྒྱན། །རས་བཟང་པོ་ཡིས་མགུལ་པ་དཀྲི། །རྣལ་འབྱོར་མ་ཚོགས་གཙོ་བོ་ཡིས། །རྡོ་རྗེ་ཕག་མོའི་བུམ་པ་ཆེ། །སྔགས་པས་སེམས་ཅན་དོན་གྱི་རྒྱུར། །ལྷོ་ཡི་སྒོ་ཡི་གཡོན་དུ་ནི། །འཁོར་ལོའི་རི་མོ་དང་ཉེ་བར། །རྣམ་
པར་རྒྱལ་བའི་བུམ་པ་གཞག །མཁའ་འགྲོ་མ་ཚོགས་བུམ་པ་བཞི། །དེ་ཡི་མཚན་མས་མཛེས་པར་བྱ། །ཇི་ལྟའི་གནས་སུ་བཞག་ནས་ནི། །དྲི་དྲུག་སོགས་པས་ལེགས་པར་དགང་། །བདུད་རྩི་ལྔ་ཡིས་ལེགས་བཀང་བའི། །ཐོད་པའི་མཚན་མ་ལེགས་པར་བརྟག །བུམ་པ་བཞི་པོ་
གཞན་རྣམས་ནི། །འབད་པས་མཚམས་སུ་གཞག་པར་བྱ། །ལས་ཀུན་བྱེད་པའི་བུམ་པ་ནི། །ཧེ་རུ་ཀ་ཡི་མཚན་མས་མཚན། །བི་མུ་མཱ་ར་བིད་ལེགས་བཀང་། །བགེགས་ཀུན་རྣམ་པར་སེལ་བར་བྱེད། །མཆོད་ནས་གུས་པས་གསོལ་བཏབ་སྟེ། །ལྷོ་ཡི་སྒོ་རུ་ལེགས་པར་གཞག །
རྟག་ཏུ་རྡོ་རྗེས་གདུག་པ་ཀུན། །མྱུར་བ་ཉིད་དུ་སེལ་བར་བྱེད། །ཕྱི་རོལ་བུམ་པའི་མཚན་མ་གང་། །ཐམས་ཅད་ཇི་ལྟར་གསུངས་བཞིན་བསྟན། །ལུས་ཀྱི་དཀྱིལ་འཁོར་བུམ་པ་ཡི། །མཚན་ཉིད་ལུས་ལས་བྱུང་བའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །ལྷོ་རུ་མངོན་ཕྱོགས་
སྔགས་པ་ནི། །ལྷ་མོ་བཞི་དང་ཡང་དག་ལྡན། །ཧེ་རུ་ཀ་མ་དང་སྦྱོར་ལ། །ལེགས་ཆགས་འཛུམ་བཅས་དགའ་ཞིང་སྤྲོ། །བར་མ་མཆོག་དང་དབུས་དབྱུང་དང་། །མེ་ཏོག་སྤོས་ལ་སོགས་པ་ཡིས། །གཡོན་པའི་སྤྱོད་པ་རྟག་སྤྱོད་པས། །བདེ་མཆོག་དཔའ་བོ་མཆོད་པར་བྱ། །གཡོན་
པས་བླངས་པའི་སྤོས་དང་ནི། །མི་ཡི་ཤ་དང་ལྡན་པ་ཡིས། །བདུགས་པར་གྱུར་ནས་སྔགས་པ་ཡིས། །སངས་རྒྱས་རྣམས་དང་དཔལ་ལྡན་ཧེ་རུ་ཀ་སོགས་ནམ་མཁའི་དཀྱིལ་གྱུར་མཁའ་སྤྱོད་ས་སྤྱོད་དང་། །ས་འོག་གནས་བཞུགས་ལྷན་ཅིག་སྐྱེས་པའི་བདེ་དང་ལྡན་པ་སྟན་དང་ཚནྡོ་ཧ་ལྷ་མོ། །
དཀྱིལ་འཁོར་གནས་པ་དེ་ཀུན་དུས་མཐའི་མེ་ལྟར་སྤྱོད་ལ་དངོས་གྲུབ་རྒྱུར་ནི་གསོལ་བ་བཏབ། །ཧེ་རུ་ཀ་དཔལ་ཕག་མོར་བཅས། །རིག་པའི་ལྷ་མོ་རྫུ་འཕྲུལ་ཆེ། །ཕྱོགས་ཀུན་བཞུགས་པ་དཔའ་བོ་དང་། །བྱང་ཆུབ་སེམས་དཔའ་བདག་ཕྱག་འཚལ། །རྫུ་འཕྲུལ་ཆེན་པོ་ཀུན་བརྙེས་ཤིང་། །དེ་

རྣམས་བཞུགས་པར་གྱུར་པ་རྣམས། །ཆེ་གེ་མོ་བདག་རྡོ་རྗེ་ཆེ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བརྩེ་བས་བསྐྱེད་པར་གྱུར་ནས་ནི། །ཉེ་བ་ཉིད་དུ་མཛད་དུ་གསོལ། །དྲི་ཞིམ་མེ་ཏོག་ལེགས་
པར་བསྲེགས། །བདུད་རྩི་ལྔ་ཡི་ཐོད་པ་ནི། །བླངས་ནས་སྤོས་བདུག་འཁོར་ལོ་དང་། །སྐྱེ་བོ་དམ་པ་ཀུན་འདུས་པའོ། །ལྷ་ལྷག་པར་གནས་པའི་ཆོ་གའོ། །དཔའ་བོ་ལྷ་མོ་དཀྱིལ་འཁོར་བཟང་། །མཆོད་ཅིང་གསོལ་བཏབ་དེ་ནས་ནི། །ཕྱི་རོལ་སོང་ནས་སློབ་མ་བཟང་། །སྟོབས་ཆེན་མེ་
ཏོག་ལག་ན་ཐོགས། །བརྩོན་འགྲུས་ཆེ་ལྡན་ཤེས་རབ་ཆེ། །རིགས་དང་ལྡན་ཞིང་ང་རྒྱལ་མེད། །བདེ་མཆོག་མཉེས་བྱེད་མཁས་པ་དང་། །ཕག་མོ་ལ་གུས་སྙིང་དུ་སྡུག །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །ཐལ་བ་ཡིས་ནི་བྱུགས་པ་དང་། །རྣལ་འབྱོར་རྒྱུད་ཀྱི་ཆོ་ག་ཤེས། །རྣལ་འབྱོར་
མ་རྒྱུད་ལ་དད་པའོ། །གང་གང་གུས་དང་ལྡན་པ་ཡི། །སྔགས་དང་རྒྱུད་ལ་ལེགས་པར་བསླབས། །གཟུགས་བཟང་ཤིན་ཏུ་མཛེས་བརྩོན་དང་། །ཆང་ལ་དགའ་བས་མྱོས་པ་ལ། །སློབ་མའི་དབང་བསྐུར་དོན་གྱིས་ནི། །ཀུན་ནས་དེ་ལ་གསོལ་བ་གདབ། །དཔའ་བོ་དཔའ་མོའི་དབང་
ཤེས་ན། །འབྱུང་གནས་ལ་སོགས་རྣམ་པར་བསམ། །མཉེས་བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །སྐྱེས་པའམ་བུད་མེད་འདི་དོན་དུ། །དཔལ་ལྡན་བདེ་མཆོག་ལས་རབ་བསྟན། །བདེ་མཆོག་ལྟ་བུར་རྫོགས་ནས་ནི། །གསོལ་བ་འདེབས་པར་རྣམ་པར་
བསམ། །དཔའ་བོ་ཁྱོད་བདག་རྡོ་རྗེ་ཆེ། །ཕག་མོ་ལྷན་ཅིག་ཡང་དག་ལྡན། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །དཔའ་བོ་དཔའ་མོའི་དབང་ཕྱུག་རྣམས། །ཕག་མོ་
དང་ནི་ཧེ་རུ་ཀའི། །གསང་བའི་སྟན་སོགས་ལེགས་པར་དག །གནས་པའི་ལུགས་ནི་བསྟན་དུ་གསོལ། །སློབ་མའི་གཙོ་བོ་མདུན་བྱས་ཏེ། །མེ་ཏོག་ཕྲེང་འཛིན་དག་སེམས་ལ། །གཡོན་པས་ཀུན་ནས་བལྟ་བྱས་ཏེ། །རབ་ཏུ་རྒྱས་པའི་བཞིན་གྱིས་སྨྲ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་

སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་དཔའ་བོ་ནི། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་
པོ་འདི་མཁྱེན་ནས། །ཤེས་རབ་ཡན་ལག་གཉིས་མེད་ཆུབ། །དཔའ་བོས་ཐམས་ཅད་མཁྱེན་པ་ཐོབ། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཧེ་རུ་ཀ་དཔལ་སོགས་མཆོག་གིས། །བདུད་སྡེ་འཇིགས་པ་ཆེན་པོ་ཡི། །སྟོབས་ཆེན་པོ་ནི་གང་གིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །
བུ་ཡིས་བློ་གྲོས་འདི་གྱིས་ཤིག །བྱང་ཆུབ་བསྒྲུབ་པའི་དོན་གྱི་རྒྱུད། །ཆོ་ག་ཐམས་ཅད་ཁྱོད་ལ་སྦྱིན། །དེ་ནས་སློབ་མ་སེར་སྣ་བྲལ། །དཔའ་བོ་ཆེན་པོ་རྣམ་དག་པའི། །བླ་མ་ལ་གསོལ་དགའ་བ་དེས། །སྡོམ་པ་མཆོག་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །འཁོར་
ལོ་གསུམ་གྱི་རྣམ་གཟུགས་ཅན། །མཁའ་འགྲོ་མ་རྣམས་བྱེ་བྲག་གིས། །དཔའ་བོ་དཔའ་མོའི་དབང་ཕྱུག་གང་། །རྒྱལ་བའི་སྲས་འདི་ཐམས་ཅད་ལ། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དངོས་པོ་ཀུན་གྱི་དེ་ཉིད་ཀྱིས། །བླ་མ་ལ་ནི་སྐྱབས་སུ་མཆི། །འདིར་ནི་དངོས་གྲུབ་ཀུན་མཛད་ཅིང་། །
སྙིང་རྗེའི་རོ་ཡིས་ཁེངས་གྱུར་པ། །དཔལ་ལྡན་ཧེ་རུ་ཀ་སོགས་དང་། །ལྷ་མོ་ཀུན་གྱིས་བདག་བསྲུང་མཛོད། །ཆེ་གེ་མོ་བདག་དཔའ་བོ་ཆེ། །སེམས་ཅན་ཀུན་ལ་ཕན་པར་དགའ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དངོས་གྲུབ་སྦྱིན་བདག་བདག་གྱུར་ཅིག །བློ་ལྡན་སྟོན་པའི་ཁྲག་གིས་ནི། །དེ་
དག་རྣམས་ལ་ཐིག་ལེ་བྱ། །སྙིང་རྗེ་སེམས་ཅན་དོན་ལ་བརྩོན། །དེ་དག་ཐམས་ཅད་བསྲུང་བར་འགྱུར། །ཞལ་གྱིས་སྤྱན་རས་གཟིགས་བླངས་ཏེ། །མགོ་ཡི་སྟེང་དུ་བླུགས་པར་བྱ། །སློབ་མ་འདི་དག་ཐམས་ཅད་ནི། །བསྲུང་བར་གྱུར་པར་ཐེ་ཚོམ་མེད། །ལྷག་པར་གནས་པའི་སློབ་མ་ནི། །
འབད་པས་བཏང་སྟེ་མཉམ་པར་གཞག །དཔའ་བོ་དཔའ་མོའི་དབང་དགྱེས་ལ། །མཆོད་པ་ཀུན་གྱིས་མཆོད་བྱས་ནས། །བུད་མེད་བཞི་དང་ཡང་དག་ལྡན། །ཕག་མོའི་ནུ་མ་འཚིར་བ་དང་། །བཟའ་དང་བཅའ་བ་ལ་སོགས་པས། །ཀུན་གྱིས་འཁོར་ལོ་བདེ་མཆོག་མཆོད། །སློབ་མ་ལྷག་

པར་གནས་པའི་ཆོ་གའོ།། །།ནང་པར་དཔའ་བོ་ཆེན་པོ་ནི། །ལྷ་མོ་བཞི་དང་མཉམ་ལྡན་པས། །ཕག་མོར་སྦྱོར་བར་ལེགས་གནས་པའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཁྲོ་མེད་གཙང་མ་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་སོང་། །ཐོད་པས་སྤྱི་བོ་རབ་བརྒྱན་
ཅིང་། །ཡན་ལག་ཐལ་བས་བྱུགས་པ་དང་། །སྐུ་ལ་ཕྱག་རྒྱ་དྲུག་ལ་སོགས། །རུས་པའི་ཕྲེང་བས་བརྒྱན་པ་དང་། །ཁ་ཊྭཱཾ་ག་ནི་ལག་ན་ཐོགས། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །ཧེ་རུ་ཀ་ཡི་བདག་ཉིད་བྱས། །འཁོར་ལོ་སྙིང་གར་བསམ་བྱས་ཏེ། །དེ་ལྟར་བདག་ཉིད་གོ་བགོས་ཤིང་། །
སྔགས་དང་ཕྱག་རྒྱས་བརྒྱན་བྱས་ནས། །དངོས་གྲུབ་ཆེན་པོ་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །དེ་ནས་རོ་ཡི་སྐུད་པ་ནི། །ཁྲག་ཆེན་པོ་ཡིས་བརླན་བྱས་ཏེ། །ཧེ་རུ་ཀ་དཔལ་གོ་འཕང་མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་པའོ། །ཁྲུ་གང་པའམ་ཁྲུ་
གཉིས་པ། །ཡང་ན་བཞི་པ་དག་ཀྱང་རུང་། །བཅུ་གཉིས་པའམ་བཅུ་དྲུག་ལས། །ལྷག་པ་ཡོངས་སུ་མི་བརྟག་གོ། །དེ་ལས་གཞན་དུ་བརྟགས་ན་ནི། །སློབ་དཔོན་ཡེ་ཤེས་དམན་གྱུར་པ། །གང་དུ་སྡིག་ཅན་མི་འགྲོ་བའི། །འཇིགས་པའི་དམྱལ་བར་དེ་འགྲོ་འགྱུར། །མཁའ་འགྲོ་མ་
སོགས་རང་གཟུགས་སུ། །སྐད་ཅིག་ཙམ་གྱིས་ལེགས་པར་བྱུང་། །ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །ཡེ་ཤེས་ལྔ་དང་ལྡན་པའི་ཐིག །དེ་བཞིན་དུ་ཡང་གང་གསུངས་པ། །སངས་རྒྱས་ལྔ་ཡི་ཡེ་ཤེས་ཆེ། །ཐིག་གི་དབུས་སུ་གྱུར་པར་དགོད། །འདི་དག་སངས་རྒྱས་ཐམས་ཅད་ཀྱི། །གསང་
ཆེན་དམ་པ་རྨད་དུ་བྱུང་། །མིག་ཏུ་ཛཿལས་ཉི་ཟླ་བསམ། །ཧེ་རུ་ཀ་དཔལ་བདག་ཉིད་གནས། །འབར་བའི་བལྟ་བ་ལེགས་བཀུག་ནས། །རང་རང་ཐིག་ལ་གཞུག་པར་བྱ། །ཧེ་རུ་ཀ་སོགས་འཁོར་ལོ་བཟང་། །ཤེས་རབ་ཐབས་དང་མཉམ་ལྡན་པས། །ཕྱི་རོལ་སྟན་གནས་བཀུག་ནས་
ནི། །ཐིག་གི་དབུས་སུ་རྣམ་པར་བསམ། །རྩ་སོགས་པ་ཡི་གསང་སྔགས་དང་། །སྙིང་པོ་ཉེ་བའི་སྙིང་པོ་ཡིས། །མེ་ཏོག་ལྡན་པའི་ཁྲག་གིས་བྱུག །རྣལ་འབྱོར་རིག་པས་ཐོད་པར་གཞག །ཐིག་སྐུད་ལེགས་པར་མངོན་པར་བསྔགས། །མཁའ་འགྲོ་མ་ཡི་སྔགས་ཀྱིས་བསྲུང་། །བདུད་རྩི་

ལྔ་དང་ཡང་དག་ལྡན། །ཁ་དོག་ལྔ་པ་ཆོ་ག་ལྡན། །ཐིག་སྐུད་དེ་ནི་གཅིག་ཏུ་བསྒྲིལ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབ། །དཔལ་ལྷ་དངོས་གྲུབ་ཀུན་བྱེད་ཅིང་། །ཆོས་ཀྱི་གནས་ཏེ་དྲི་མ་མེད། །བླ་མ་ཕྲེང་ལྡན་གྱིས་བླངས་ནས། །གཡོན་པས་སློབ་མ་ལ་བྱིན་བྱ། །གཉིས་མེད་རྣམ་པའི་
སྦྱོར་བ་ཡིས། །འཁོར་ལོའི་གཙོ་བོ་བསྒྲིལ་བར་བྱ། །ལེགས་བསྒྲིལ་སློབ་མ་ལ་བཏང་ནས། །ཛ་ཛ་ཞེས་པས་མདུན་དུ་གནས། །དེ་ནས་སློབ་མས་ཀྱང་བརྗོད་པ། །རང་གིས་ཀྱང་ནི་ཛ་ཛ་བརྗོད། །བླ་མ་སློབ་མས་བླངས་ནས་ནི། །ཕག་མོའི་སྦྱོར་བས་ལེགས་པར་གནས། །དང་པོའི་
ལས་ཅན་སྔགས་པ་ཡིས། །དཔའ་བོའི་དཀྱིལ་འཁོར་ཐིག་གདབ་པོ། །ཡེ་ཤེས་ཅུང་ཟད་ཐོབ་པ་ཡིས། །ཁྱེའུ་བཟང་དང་བུ་མོ་ལ། །དཔའ་བོ་རྣལ་འབྱོར་མ་ཕབ་ནས། །ཐིག་གདབ་ཕྱིར་ན་གསོལ་བ་བཏབ། །དེ་ཡིས་འཁོར་ལོ་བདེ་མཆོག་བཟང་། །སྟན་སོགས་པ་ཡི་ལྷ་མོ་ཀུན། །ལྷན་
ཅིག་སྐྱེས་དང་ཡང་དག་ལྡན། །མཛེས་པར་གསལ་བར་མཐོང་བར་འགྱུར། །དེ་བཞིན་དུ་ཡང་གསུངས་པ། རྡོ་རྗེའི་ཐིག་ནི་གདབ་པ་དང་། །ཚོན་རྩི་དག་ནི་དགྱེ་བ་དང་། །སྔགས་ཀྱི་སེམས་པས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །དེ་བས་དམ་ཚིག་ཆོ་ག་ཤེས། །སྔགས་
ཀྱི་ལྷ་རྣམས་བཅུག་ནས་ནི། །བྱིན་རླབས་གོ་གོར་བསམས་བྱས་ནས། །དཀྱིལ་འཁོར་རྣམས་ནི་རབ་ཏུ་བརྟགས། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །མཱ་མ་ཀཱི་ནི་དབབ་པར་བྱ། །དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་མཆོག་སྟེ་རྨད་དུ་བྱུང་། །རང་ཉིད་མཁས་པར་གྱུར་པ་ཡིས། །དེ་
ལྟར་བྱས་ན་ཉེ་བར་འགྱུར། །བྱོན་པར་གྱུར་ནས་གསང་བའི་མཆོག །མཉེས་པར་ལྡན་པས་འདི་དག་བྲི། །དེ་བཞིན་དུ་ཡང་གསུངས་པ། ཇི་བཞིན་འཁོར་ལོའི་ཇི་བཞིན་གནས། །ཇི་བཞིན་བཀོད་པ་འགྲོ་ཇི་བཞིན། །འཁོར་རྣམས་བསྡུ་བར་གྱུར་ནས་ནི། །དེ་ལྟར་འཁོར་ལོ་མཆོག་
རྣམས་སྤྲོ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་ལྷ། །འཁོར་ལོ་མངོན་སུམ་མཐོང་གྱུར་བ། །ཕྱི་ནས་བྲིས་པར་གྱུར་པ་ཡང་། །ཇི་བཞིན་བསོད་ནམས་བརྟག་པའོ། །དེ་བཞིན་དུ་ཡང་གསུངས་པ། རྡོ་རྗེ་སྒྲ་ཆེན་དེ་དང་དེས། །ཐིག་གིས་ཐིག་གདབ་ལེགས་པར་གནས། །མཐའ་ཡས་ཞིང་ན་

ཐུབ་དབང་ཟླ་བ་རྣམས། །འདིར་ནི་སེམས་ཅན་དོན་གྱི་དུས་ལ་བབ། །ཐོག་མར་སྔགས་པ་ཡི་དགས་བལྟ། །འཁོར་ལོ་ས་ཡི་བྱང་དུ་གནས། །ནམ་མཁའི་ས་ལ་གདབ་བྱ་སྟེ། །བློ་ལྡན་ཐིག་ནི་གཡོན་པས་བསྐོར། །ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། །ཕྱོགས་བཅུ་འཇིག་
རྟེན་ཁམས་བཞུགས་པ། །སེམས་ཅན་དོན་ཕྱིར་དེ་བཞིན་གཤེགས། །དཔའ་བོ་དཔའ་མོའི་དབང་ཕྱུག་མའི། །ལྷ་མོའི་ཐིག་གི་སྒྲ་ཡིས་བསྐུལ། །ཤར་དུ་གནས་ནས་ནུབ་བལྟས་ཏེ། །ཚངས་ཐིག་གཉིས་པ་ཡང་གདབ་པོ། །མེ་རུ་གནས་ནས་ནུབ་ཏུ་ཞལ། །ལྷོ་ཡི་ཕྱོགས་སུ་ཐིག་
གདབ་པོ། །ནུབ་ཕྱོགས་གནས་ནས་ཤར་དུ་བལྟ། །བྱང་གི་ཕྱོགས་ཀྱི་ཐིག་གདབ་པོ། །བསྐོར་ནས་སློབ་དཔོན་རླུང་གནས་ཏེ། །ལྷོ་རུ་མངོན་པར་ཕྱོགས་གྱུར་ནས། །ནུབ་ཀྱི་ཆ་རུ་ལེགས་པར་གདབ། །བྱང་དུ་མངོན་ཕྱོགས་སྔགས་པ་ནི། །མེ་ཡི་གནས་སུ་རྣམ་གནས་ཏེ། །ཤར་གྱི་ཆ་ཡི་
ཐིག་བརྩམ་མོ། །དབང་ལྡན་མེར་གནས་རྣལ་འབྱོར་པ། །མཚམས་ཀྱི་ཐིག་ནི་གདབ་པར་བྱ། །ཕྱོགས་ལ་སོགས་པའི་དབྱེ་ཤེས་ནས། །ཐིག་གདབ་པ་ནི་ལེགས་པར་བརྩམ། །ཚངས་ཐིག་དང་པོ་དབུས་སུ་ནི། །ཐིག་བཞི་རྣམས་ནི་གདབ་པར་བྱ། །ཐུགས་དང་གསུང་དང་སྐུ་འཁོར་ལོ། །
རྡོ་རྗེ་ཕྲེང་བ་ལ་སོགས་བྱ། །ཁ་སྦྱོར་དབུས་སུ་རི་མོ་ལྔ། །བློ་དང་ལྡན་པས་ཟླུམ་པོར་བྱ། །རི་མོ་བཞི་པོ་གཞན་རྣམས་ནི། །རྡོ་རྗེ་ཕྲེང་བ་ལ་སོགས་བྱ། །དམའ་བས་ནད་དེ་ཆད་པས་ཟད། །ཡོ་བས་དངོས་གྲུབ་མེད་པར་འགྱུར། །གཡས་སུ་བསྡུ་བའི་སྦྱོར་བ་ཡིས། །སློབ་མ་རྣམས་ནི་
བརླག་པར་འགྱུར། །འཁོར་ལོ་ཉིས་འགྱུར་རིང་བ་སྟེ། །སྒོ་ཡི་ཉི་ཤུའི་ཆར་གྱུར་པ། །ཧེ་རུ་ཀར་བདག་འདུག་ནས་ནི། །ཐིག་སྐུད་ཀྱིས་ནི་ཐིག་གདབ་པོ། །ཟུར་བཞི་པ་དང་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ས་འོག་གནས་པའི་ལྷ་མོ་རྣམས། །འཁོར་ལོའི་ཕྲེང་བ་
སོགས་པས་བསྐོར། །ཐིག་བཞི་དང་ནི་ཡང་དག་ལྡན། །འཕན་དང་མེ་ཏོག་ཕྲེང་བས་བསྐོར། །མཚམས་ཀྱི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པར། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་པོ། །དེ་ཡི་དབུས་སུ་པདྨ་ནི། །འདབ་མ་བརྒྱད་

པ་ལྟེ་བར་བཅས། །ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར། །འཕྲོ་བའི་རྡོ་རྗེའི་ཚོགས་སྤྲུལ་པའོ། །འཁོར་ལོ་རྩིབས་བརྒྱད་ལེགས་པར་བྲི། །དངོས་གྲུབ་ཀུན་དང་ཡོན་ཏན་གཞི། །ཕྱི་རོལ་དུ་ནི་ནག་པོས་བསྐོར། །མིང་ནི་མཁའ་སྤྱོད་ཅེས་བྱའོ། །རྩིབས་བརྒྱད་ལ་སོགས་འཁོར་ལོ་སྟེ། །པདྨའི་ཀ་བའི་
ཕྲེང་གིས་བསྐོར། །ས་འོག་གནས་པའི་ལྷ་མོ་ནི། །འཁོར་ལོའི་ཕྲེང་བས་དང་པོར་བསྐོར། །རྩིབས་ཀྱི་མཚམས་སུ་རྡོ་རྗེ་ནི། །མཉམ་གཞག་རྣལ་འབྱོར་པ་ཡིས་བྲི། །འཁོར་ལོ་ཕྲེང་བའི་མཐར་ཐུག་པར། །འབར་བའི་རི་མོ་དེ་བཞིན་ནོ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །འཁོར་ལོའི་
དབུས་སུ་ལེགས་གནས་ནས། །ཧི་སྒྲོགས་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ནི་དབྱེ་བར་བྱ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁ་ཁྱེར་དག་ནི་ཡངས་པའོ། །སྒོ་ཁྱུད་དང་ནི་སྒོ་ཡི་ཚད། །ལྷ་ཡི་སྣམ་བུའང་དེ་བཞིན་ནོ། །ཁ་ཁྱེར་ཀུན་ནས་སྒོ་ཡི་ཕྱེད། །འགྲམ་དང་ལོགས་དང་དེ་བཞིན་
ནོ། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །འཕན་དང་མེ་ཏོག་ཕྲེང་བས་སྤྲས། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །རྩ་བའི་ཐིག་གི་ས་ཡི་རྒྱབ། །རྡོ་རྗེ་ལ་སོགས་ཀ་བ་ཡི། །ས་ནི་ཚོན་གྱི་ས་དང་མཉམ། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །འཕན་དང་དྲིལ་བུ་དང་ལྡན་པ། །དྲིལ་བུ་རླུང་གིས་བསྐྱོད་པ་ཡི། །འཕན་
ནི་ཕྱི་རོལ་མཚམས་སུའོ། །དང་པོར་ནམ་མཁའི་ཐིག་ཡིན་ནོ། །དེ་ཡི་འོག་ཏུ་ཡེ་ཤེས་ཐིག །ཕྱོགས་ཀུན་མཉམ་པར་བགྲོད་ནས་ནི། །རྣལ་འབྱོར་པ་ཡི་ཆོ་གས་གདབ། །ལུགས་བྱུང་ལུགས་བཟློག་པ་འདིས་ནི། །ཕྱི་རོལ་དཀྱིལ་འཁོར་ཐིག་ཡིན་ནོ། །དེ་བཞིན་ནང་གི་བདག་ཉིད་ལུས། །
ཚོགས་པ་ལས་བྱུང་མགོན་པོ་ཡིས། །ལུས་ཀྱི་དཀྱིལ་འཁོར་ཐིག་གདབ་པོ། །ལྷན་ཅིག་སྐྱེས་ཤིང་རང་བཞིན་དག །དཔའ་བོ་དཔའ་མོའི་དབང་ཕྱུག་ལྡན། །ཕྱི་དང་ནང་གི་ཐིག་གདབ་པའི་ཆོ་གའོ།། །།དུར་ཁྲོད་རུས་པ་ལེགས་པར་བླང་། །ཐལ་བ་ལོ་མ་ལ་སོ་ཕག་དང་། །བ་བླ་
དག་དང་ལྡན་པ་ཡིས། །ལེགས་བྲིས་ཧེ་རུ་ཀ་འཁོར་ལོ། །ཐོད་པར་རྡུལ་ཚོན་བཞག་ནས་ནི། །བློ་བཟང་ཐིག་གདབ་ཆོ་གས་སོ། །འབར་བའི་ལྟ་བས་བཀུག་ནས་ནི། །ཡེ་ཤེས་འཁོར་ལོའི་སྙིང་པོ་གཞུག །སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི། །གསང་སྔགས་ཉིད་ཀྱིས་མངོན་

བསྔགས་ཏེ། །དཔལ་ལྡན་ཧེ་རུ་ཀ་རྒྱལ་བདག །འཁོར་ལོའི་དབུས་སུ་ལེགས་པར་གཞུག །དུར་ཁྲོད་ལས་བྱུང་ཐམས་ཅད་ནི། །དབང་ཕྱུག་མཆོག་གི་ཕྱག་རྒྱའོ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །རྡུལ་ཚོན་བྲི་བ་བརྩམ་པར་བྱ། །ལག་པ་གཡོན་པས་མེ་ཕྱོགས་ནས། །
བློ་དང་ལྡན་པས་གཡོན་དུ་བསྐོར། །དཀར་པོ་སེར་པོ་དེ་བཞིན་དུ། །དམར་མོ་ལྗང་གུ་དེ་བཞིན་ཉིད། །ལྷ་མོ་བཞི་དང་མཉམ་ལྡན་ཞིང་། །དཔའ་བོ་བཞིས་ནི་བསྐོར་བའོ། །དག་ཅིང་བར་དུ་ནས་ཀྱི་ཚད། །རི་མོ་ལྔ་པོ་བྲི་བར་བྱ། །ཇི་ལྟ་བ་བཞིན་དུ་གསུངས་པ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །
མཉམ་པར་དགྱེས་པས་བྲི་བར་བྱ། །སྦོམ་པས་ནད་ནི་འབྱུང་བར་འགྱུར། །ཕྲ་བ་ཡིས་ནི་ནོར་ཟད་ཅིང་། །ཡོན་པོ་ཡིས་ནི་རྣམ་པར་སྡང་། །ཆད་པས་སློབ་དཔོན་སློབ་མ་འཆི། །གཡས་སུ་བསྐོར་ནས་བྲིས་པ་ཡིས། །རྡུལ་ཚོན་རྣམས་ནི་མཐུ་མེད་འགྱུར། །ལྷོ་ཡི་ས་ནི་ནག་པོ་སྟེ། །ཤར་ལྗང་དེ་
བཞིན་བྱང་དུ་དམར། །ནུབ་ཕྱོགས་ས་ནི་སེར་པོ་བྲི། །གསང་སྔགས་རིམ་པས་ཡིད་འོང་བར། །དབུས་སུ་པདྨའི་འདབ་མ་ནི། །ཕྱོགས་ཀྱི་མདོག་ཏུ་བརྟག་པར་བྱ། །རྣལ་འབྱོར་མ་ཡི་འཁོར་ལོ་འབྱུང་། །ཧེ་རུ་ཀ་ཡི་དཀྱིལ་འཁོར་བྱ། །སྔོན་པོ་དམར་པོ་དཀར་པོ་ཆེ། །ཐུགས་གསུང་སྐུ་ཡི་
འཁོར་ལོའོ། །གཞན་མ་ཐམས་ཅད་ཅི་མཛེས་པར། །ཕྱི་རོལ་རྟ་བབས་བྲི་བར་བྱ། །ལྷ་མོ་ཆེན་མོ་དང་ལྡན་པའི། །དཔའ་བོ་ལྟེ་བར་དགོད་པར་བྱ། །མཁའ་འགྲོ་མ་སོགས་ཡང་དག་ལྡན། །ཧེ་རུ་ཀ་རྡོར་འདབ་མ་ལའོ། །དེ་བཞིན་ཁྭ་སོགས་ལྷ་མོ་རྣམས། །ཧེ་རུ་ཀ་སོགས་ཡང་དག་ལྡན། །
སྒོ་དང་མཚམས་ཀྱི་ཆ་རྣམས་སུ། །སྔགས་པས་མཉམ་པར་བཞག་པས་བྲི། །ཕྱི་རོལ་ཡི་དགས་གནས་དེ་བཞིན། །སྲིན་མོ་ལ་སོགས་ཡང་དག་ལྡན། །འོད་ཟེར་འཕྲོ་ཞིང་ཁ་གྱེས་པའི། །རྡོ་རྗེ་རྟ་བབས་སྟེང་དུའོ། །རྡུལ་ཚོན་བཀྱེ་བས་རྣམ་མཛེས་པའི། །ཕྱི་རོལ་གྱི་ནི་དཀྱིལ་འཁོར་
བསྟན། །བླ་མ་མཉེས་བྱས་བློ་ལྡན་པས། །ནང་གི་བདག་ཉིད་རྣམ་ཤེས་བྱ། །བསམ་གྱིས་མི་ཁྱབ་སྦྱོར་བ་ཡིས། །རྡུལ་ཚོན་བྲི་བ་སྐྱོན་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་རོལ་པ་ཡིས། །དགའ་བའི་སེམས་ཀྱིས་བདག་ཉིད་བྲི། །དཀྱིལ་འཁོར་ལ་སོགས་རྩོམ་པ་ཡི། །རླུང་ལ་སོགས་

པ་བྱུང་བ་ན། །ཧེ་རུ་ཀ་དཔལ་བདག་སྦྱོར་བས། །གདུག་པ་ཐམས་ཅད་བསལ་བར་བྱ། །ཕྱི་དང་ནང་གི་ཚོན་དགྱེ་བའི་ཆོ་གའོ།། །།བུ་ཡི་ཐོག་མའི་ཡེ་ཤེས་རྣམས། །རྩིབས་སུ་ཁ་དོག་བཟང་པོ་གང་། །བསམ་གཏན་དེ་ཡི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་མཉམ་པར་དགུག །ལྷ་
མོའི་ཚོགས་ནི་དུ་མ་དང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དེ་ཉིད་ཡང་དག་རིན་ཆེན་བརྒྱན། །གཞན་པའི་དཔའ་བོ་སྟོབས་ཆེན་རྣམས། །རྟག་ཏུ་རྒྱུད་ལས་བྱུང་ཆོ་གས། །འཁོར་ལོ་བདེ་མཆོག་བློ་ལྡན་པས། །ཡང་ན་སརྦ་བུདྡྷ་སོགས། །རྒྱུད་ལས་མཆོད་པའི་ཆོ་གས་མཉེས། །
དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །གཅིག་ཏུ་མེ་ཏོག་ཕྱག་རྒྱ་ནི། །འདོད་པའི་ཡོན་ཏན་ལྔ་རང་བཞིན། །རྒྱ་སྐྱེགས་བ་བླ་རམས་མཆོག་དང་། །ཚོན་སྣ་ལྔ་ལ་རྗེས་སུ་བཅོས། །དཀར་པོ་ལྔ་ཡི་རང་བཞིན་རྒྱས། །མཉམ་པར་མཆོད་པས་འགྲུབ་པར་འགྱུར། །
ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་རང་བཞིན། །རྣམ་པ་སྣ་ཚོགས་དྲི་དང་ལྡན། །སྔོན་བཞིན་མཉམ་པར་འགྲུབ་པར་འགྱུར། །ཙནྡན་གཉིས་དང་རི་དགས་སྐྱེས་དང་ག་པུར་བཅས། །ཤ་ལ་ཀ་དང་ན་གའི་སྤོས་ནི་བུ་རམ་ལྡན། །ལས་ཀུན་རབ་སྒྲུབ་སྤོས་ལ་སོགས། །
གུ་གུལ་ས་རྫ་ར་དང་ག་བུར་དང་། །རི་དགས་ལས་སྐྱེས་སྤོས་རྣམས་ནི། །རྫས་འདི་རྣམས་ནི་བཅོས་པ་ཡི། །མར་ཁུས་སྦར་བའི་སྣང་བ་བྱ། །ཙནྡན་གུར་ཀུམ་པྲི་ཀྭ་དང་། །ག་པུར་རི་དགས་ལས་སྐྱེས་སྤོས། །བཅོས་ཤིང་གདུག་པར་གྲུབ་པའི་རས། །ཕྱག་རྒྱ་བཟང་པོའི་རས་ཡིན་ནོ། །
ཀཀྐོ་ལ་དང་ཨེ་ལེ་དང་། །མུསྟ་ཀཾ་དང་ག་པུར་དང་། །རི་དགས་ལས་བྱུང་བ་ཡི་དྲི། །འདི་རྣམས་ཞིབ་མོར་བཏགས་ནས་ནི། །སེང་ལྡེང་རི་ལུར་དགོད་པར་བྱ། །ཏྭ་ག་འདབ་མ་ལོ་དྷ་དང་། །མ་རི་ཙ་དང་ག་པུར་རྣམས། །རབ་ཏུ་བསྟེན་པར་བྱ་བའོ། །ས་ཧཱ་ཀཱ་རིའི་མར་ཁུ་ལྡན། །ཁ་ལ་བསྒོས་
པས་ཞེས་སུ་དྲན། །དེ་འོག་གཏོར་མའི་མཆོད་པ་སྦྱིན། །རྣམ་པར་བསྒྱིངས་མ་བཅོས་པའི་ཆང་། །ཆང་དང་བདུད་རྩི་དེ་བཞིན་ནོ། །དཔའ་བོ་གཅིག་དང་རྒུན་འབྲུ་དང་། །གླད་པ་དང་ནི་བི་ཊ་དང་། །ཤྩེ་ཊི་རྣམས་ནི་དེ་བཞིན་ནོ། །ལན་ཚྭ་ལ་སོགས་རོ་རྣམས་ཀུན། །ཤ་ཀ་ར་སོགས་བདུད་

རྩི་འདྲ། །ཐམས་ཅད་བདག་ཉིད་རོས་དངོས་གྲུབ། །མ་ལུས་ལུས་པ་མེད་པ་སྒྲུབ། །སྣ་ཚོགས་སྟོན་མོས་དངོས་གྲུབ་ནི། །ཆང་དང་ཤ་དང་ཡང་དག་ལྡན། །འདོད་པ་ཉེ་བར་ལོངས་སྤྱོད་དང་། །སྐལ་བཟང་ཆེ་མཆོག་རབ་ཏུ་འགྲུབ། །པ་ཀྭའི་འབྲས་བུ་པ་ནས། །རྒུན་འབྲུ་དང་ནི་
ན་ལེ་ཀ །ཨ་ལུ་ཀ་ལ་སོགས་པ་ཡི། །འབྲས་བུའི་ཕྱག་རྒྱ་འདི་གཏན་དུ། །དངོས་གྲུབ་ཀུན་གྱི་འབྲས་བུར་སྤྲོ། །ཤ་ཀ་ར་དང་སྦྱར་རྩིར་བྱུག །ཨ་མྲའི་རུས་པ་རྣམས་ལ་བྱུག །ས་ཧ་ཀ་རིའི་མར་ཁུ་སོགས། །མཉམ་པའི་དྲི་རུ་རབ་ཏུ་གྱུར། །ཇི་ལྟར་རིགས་པར་ཤུན་པ་སོགས། །བ་
བླ་རྒྱ་སྐྱེགས་ཀྱིས་བཙོས་ཏེ། །མཆོད་པའི་དུས་སུ་དབུལ་བར་བྱ། །ལུས་སྐྱེས་པ་དང་ཡང་དག་ལྡན། །ཕྱི་རོལ་མཆོད་པ་བདག་གིས་བསྟན། །ལེགས་པར་མཆོད་པར་མཉེས་བྱས་ཏེ། །ཕྱི་རོལ་སོང་སྟེ་གཏོར་མ་སྦྱིན། །གཅེར་བུ་སྐྲ་གྲོལ་གྱུར་པ་དང་། །ཁ་ཊྭཱཾ་ག་ཐོགས་ལེགས་གནས་ཏེ། །ཆང་
དང་ཤ་དང་ཡང་དག་ལྡན། །མཁའ་འགྲོ་མ་སོགས་ལ་འབུལ་ལོ། །འབྱུང་གནས་ལ་སོགས་རྣལ་འབྱོར་ཆེ། །བློ་དང་ལྡན་པས་སྤངས་བྱས་ཤིང་། །ལྷོ་རུ་མངོན་པར་ཕྱོགས་བྱས་ཏེ། །གནས་ནི་མཐོན་པོར་རྣམ་པར་གནས། །གཡོན་པས་གཡས་པའི་རྐང་པ་མནན། །གྱེན་དུ་ལྟ་བས་
བལྟས་ནས་ནི། །འབར་བའི་ཕྱག་རྒྱ་ཡང་དག་ལྡན། །ཕེཾ་བརྗོད་པ་ཡི་བདག་ཉིད་ཅན། །ཨོཾ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿ །ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། །གཅིག་དང་ལྔ་དང་དེ་བདུན་དུ། །སྔོན་དུ་གསང་སྔགས་བརྗོད་པར་བྱ། །དམ་ཚིག་རྫས་དང་ཡང་དག་ལྡན། །ཐོད་པའི་ནང་དུ་རྣམ་པར་
བསམ། །རྡོ་རྗེ་ཐལ་མོ་གྱེན་ཁ་དབྱེ། །ཕྲེང་བའི་ཕྱག་རྒྱར་རབ་ཏུ་གྲགས། །དཔའ་བོ་དཔའ་མོའི་དབང་ཕྱུག་ཀུན། །ལམ་ལ་གནས་རྣམས་མཉེས་པའོ། །ཕྱོགས་སྐྱོང་ཡི་དགས་འབྱུང་པོ་ལ། །མཉམ་པར་བཞག་ནས་གཏོར་མ་སྦྱིན། །ཁ་ཁ་ལ་སོགས་སྔགས་འདི་ཡིས། །འདོད་པ་
ཐམས་ཅད་བསྒྲུབ་པའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་སཱ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙི་ཨུནྨཱ་ད་ཨ་པ་སྨཱར་བཛྲ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞ་ནྟུ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐེ་བཾ་ཡ་ཐེ་ཥྚཾ་བྷུ་ཛ་ཐ་པི་བ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡ་སཏྶུ་ཁ་བི་ཤུདྡྷཱ་ཡེ་ས་ཧ་ཡི་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཏོར་མ་

བྱིན་ནས་དེའི་འོག་ཏུ། །སྔགས་པས་སྤྱད་དང་བཟའ་བ་བརྩམ། །དཔའ་བོ་དཔའ་མོའི་དབང་ཕྱུག་ལྡན། །སྙིང་རྗེའི་སྟོབས་ཀྱི་སྦྱོར་བ་ཅན། །རྡོ་རྗེས་མཚན་ཅིང་ཁྲོ་བོའི་གཟུགས་ཅན་རོ་ཡི་ཁ་ནི་གདངས་པ་སྤྱི་བོར་ཟླ་བ་ཕྱེད་པས་བཅིངས། །ཡིད་འོང་དྲིལ་བུའི་སྒྲ་ཡིས་མཛེས་ཤིང་སྣ་ཚོགས་མང་
པོས་འཕྱང་བའི་རྒྱལ་མཚན་ཚོགས། །བརྒྱན་པའི་དྲག་པོའི་སྒྲ་དང་སྣ་ཚོགས་མང་པོའི་མེ་ཏོག་གིས་མཚན་ཕྲེང་བ་བཅིངས། །ཁ་ཊྭཱཾ་ག་ནི་འབར་བ་མཆོག་ཏུ་དགའ་བ་བསྐྱེད་པ་རྡོ་རྗེ་རྣལ་འབྱོར་པས་གཟུང་ངོ་། །དཔལ་ལྡན་རྡོ་རྗེ་ལྷ་མོ་དེ་རྗེས་བླ་མ་མཆོག་དང་ཧེ་རུ་ཀ་འཁོར་མགོན་པོ་ལ་ཕྱག་འཚལ། །
སློབ་མ་བཟང་པོ་ཡོན་ཏན་མཆོག་ལྡན་དང་ནི་མཆོད་པ་ཀུན་གྱི་བྱེ་བྲག་བླངས་ནས་ནི། །གཡས་ན་འཁྲོལ་བའི་ལེགས་པའི་ཌ་མ་རུ་ནི་དྲི་མེད་ཧཱུཾ་སྒྲོགས་དགའ་བའི་མཆོག །སློབ་དཔོན་རོལ་པ་མཛད་པས་ངེས་པར་དཀྱིལ་འཁོར་ཁང་པའི་དབུས་སུ་འཇུག །ལྷོ་ཡི་སྒོ་རུ་སོང་ནས་ནི། །ལྷག་
མ་རྣམས་སུ་ཡོངས་སུ་བསྐོར། །ལྷ་མོ་རྒྱུད་གསུངས་རིམ་པའོ། །རྣལ་འབྱོར་རྒྱུད་རིགས་ཤར་སོགས་ནས། །ལྷོ་ཡི་སྒོ་རུ་འགྲོ་བ་ནི། །གང་བསྟན་བདེ་བར་གསུངས་པ་ཡི། །དཀྱིལ་འཁོར་བྲི་བར་བརྟག་པ་ནི། །ཀུན་རྫོབ་དོན་དུ་རྟོགས་པར་བྱ། །ཕྱོགས་ནི་མཐའ་ཡས་ཆ་ཤས་ཀྱིས། །ལྷོ་ལ་
སོགས་པ་བརྟགས་ན་ནི། །ལྷོ་ཡི་ཞལ་ནི་གང་ཡིན་ཉིད། །རྣལ་འབྱོར་པས་ནི་ཀུན་རྫོབ་ཉིད། །དང་པོར་དཔའ་བོ་དྲུག་དང་ལྷ་མོའི་བཀོད་པ་སྲུང་བའི་འཁོར་ལོ་བྱ། །སྔགས་ཀྱིས་མངོན་བསྔགས་ཆོག་ལྡན་པས་དཀྱིལ་འཁོར་བསྒྲུབ་པ་དེ་ནས་བྱ། །བདེ་བའི་སྟན་ལ་འབད་པ་ཡིས། །ཤེས་
རབ་ཡན་ལག་སྟན་གྱི་སྟེང་། །དཀྱིལ་འཁོར་ས་ཡི་དབུས་སུ་ནི། །སྔོན་དུ་བསྟན་པའི་མཚན་ཉིད་ལྡན། །མཛེས་པའི་གསེར་དང་རིན་ཆེན་ཀུན། །དཀྱིལ་འཁོར་ལ་ནི་གཏོར་བར་བྱ། །ཤ་ཆེན་པོ་དང་ཡང་དག་ལྡན། །གནས་བརྒྱད་དུ་ནི་ལེགས་པར་བདུག །མར་ཁུ་ཆེན་པོ་དང་ལྡན་
པའི། །མར་མེ་བརྒྱད་ནི་དབུལ་བར་བྱ། །མེ་ཏོག་སྣ་ཚོགས་རྣམ་པར་དགྲམ། །སྣ་ཚོགས་དྲི་ཡིས་ལེགས་པར་བསྒོ། །སྒོ་བཞི་རུ་ནི་དཔའ་བོ་དང་། །རྣལ་འབྱོར་མ་དང་གཉིས་མེད་གནས། །ལུས་ལ་ཕྱག་རྒྱ་ལྔ་ལ་སོགས། །མགོ་བོ་ལྔ་ཡིས་མཚན་པ་དང་། །གང་ཡང་གཅེར་

བུའི་གོས་དང་ནི། །ཆང་ལ་དགའ་བས་མྱོས་པའོ། །ཐམས་ཅད་རལ་པའི་ཅོད་པན་བཅས། །སྤྱད་དང་བཟའ་བ་མཆོག་ཏུ་བརྩོན། །མཚམས་ཀྱི་ཆ་ནི་གཞན་རྣམས་སུ། །དཔའ་བོ་དཔའ་མོའི་དབང་ཕྱུག་ལྡན། །རྡོ་རྗེ་དྲིལ་བུ་མཉམ་འཁྱུད་ཅིང་། །ནུ་མ་འཚིར་བ་ལ་
བརྩོན་པའོ། །ཚོགས་ཀྱི་གཙོ་བོའི་བདག་པོ་ནི། །དཔལ་ལྡན་འཁོར་ལོས་སྒྱུར་ལེགས་གནས། །ལྷ་མོ་བཞི་དང་ཡང་དག་ལྡན། །ཕག་མོའི་ཞལ་ལའོ་བྱེད་པའོ། །ལ་ལ་གླུ་ཡིས་གླུ་ལེན་ཅིང་། །ལ་ལ་གར་བྱེད་རྣལ་འབྱོར་པ། །ལ་ལ་བཞད་པ་རབ་ཏུ་བྱེད། །བཟའ་དང་སྤྱོད་པ་ལ་ཆགས་
པའོ། །ལ་ལ་རྫ་ཡི་རྔ་བརྡུང་དང་། །བཀྲ་ཤིས་གླུ་ནི་སྣ་ཚོགས་ཀྱིས། །འཁོར་ལོ་བདེ་མཆོག་བདེ་བ་ཡི། །དཔའ་བོ་ཆེན་པོ་ལ་མཆོད་དོ། །ཐམས་ཅད་དཔའ་བོ་དྲུག་དང་ལྡན། །རྣལ་འབྱོར་མས་ནི་རྒྱན་དུ་བྱས། །གོ་ཆ་ལ་སོགས་ཡང་དག་ལྡན། །རྡོ་རྗེ་དཀྱིལ་འཁོར་ལེགས་པར་གནས། །
དེ་ལྟར་གོ་བགོས་བདག་ཉིད་ནི། །སུམ་ཅུ་གསུམ་པས་ཀྱང་མི་ཤིགས། །ཧེ་རུ་ཀ་ལ་སྤྲོ་བྱས་ནས། །བཟའ་དང་སྟོན་མོ་ལེགས་པར་བརྩམ། །ཕྱི་དང་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ལྷ་དང་དཔའ་བོ་དང་དབང་ཕྱུག་མ་ལ་མཆོད་པའི་ཆོ་གའོ། །དམ་ཚིག་འཁོར་ལོ་དྲུག་པ་ནི། །ཡེ་
ཤེས་འཁོར་ལོ་ཡང་དག་ལྡན། །སེམས་ཀྱིས་ཁ་སྦྱོར་བྱས་པ་སྟེ། །གྱེན་དུ་ལྟ་བས་བལྟས་ནས་ནི། །སྔོན་དུ་སྤྱན་དྲངས་ཕྱག་རྒྱར་བཅས། །སྔགས་དང་ཕེཾ་སྒྲོགས་སྦྱར་བ་ཡིས། །མཐའ་ཡས་ཕྱོགས་ན་བཞུགས་པ་ཡི། །ལྷ་རྣམས་མཉེས་ནས་དངོས་གྲུབ་སྟེར། །དཔའ་བོ་དཔའ་མོའི་དབང་
ཕྱུག་ལྡན། །སྔོན་གྱི་མཚན་མ་སོགས་པས་བརྒྱན། །འཇིག་རྟེན་མགོན་པོ་སྙིང་བརྩེ་ཅན། །རྫོགས་པའི་སངས་རྒྱས་གཤེགས་པར་འགྱུར། །གཉིས་སུ་མེད་པའི་དངོས་གྲུབ་ཐོབ། །དཀྱིལ་འཁོར་ཧེ་རུ་ཀ་ཡི་ཞིང་། །བྱིན་རླབས་གོ་འཕང་ཡིད་འོང་བར། །བྱེད་པ་སོམ་ཉི་མེད་པའོ། །
ཕྱི་དང་ནང་གི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བའི་ཆོ་གའོ།། །།ཕྱི་དང་ནང་གི་སེམས་ཀྱིས་ནི། །རྣལ་འབྱོར་མ་ཡི་འཁོར་ལོ་མཆོད། །རང་འབྱུང་གི་ནི་མེ་ཏོག་ཉིད། །བུ་སོགས་གནས་ན་ལེགས་པར་བཞུགས། །དེ་ཡིས་གདོང་ནི་བསྐུས་ནས་ནི། །གང་ཡང་གཞན་པའི་འཁོར་ལོར་

གནས། །གཉིས་མེད་གཉིས་སུ་མེད་སྔགས་ཀྱིས། །མངོན་པར་བསྔགས་ནས་བྱིན་གྱིས་བརླབ། །མཁའ་འགྲོ་མ་ཡི་གསང་སྔགས་ཀྱིས། །སྒོ་དང་སྒོ་རུ་བྱིན་གྱིས་བརླབ། །བརྒྱད་བརྒྱ་མཆོག་ཏུ་བཟླས་པ་ནི། །མཉམ་གཞག་སྔགས་པ་ཉིད་ཀྱིས་བྱ། །ཨཱ་ལི་ཀཱ་ལི་བཟླས་ནས་ནི། །ཕྱི་ནས་
དཀྱིལ་འཁོར་བྱིན་གྱིས་བརླབ། །འཇིགས་པའི་སྒྲ་ནི་མང་པོ་དང་། །འཇིགས་པའི་ལྷ་མོའི་ལུས་བཟང་བ། །ཁྱིམ་ལྔ་ཡི་ནི་ལྷ་མོ་མཆོག །བྱོན་པར་གྱུར་ནས་མདུན་དུ་བཞུགས། །སྒྲུབ་པ་པོ་ལ་དངོས་གྲུབ་ནི། །རྒྱ་ཆེན་སྟེར་བར་ཐེ་ཚོམ་མེད། །དེ་བཞིན་དུ་ཡང་གསུངས་པ། རྟག་ཏུ་དེ་
ནི་མཆི་མ་འབྱུང་། །བདག་ཉིད་ལས་བྱུང་ཟས་དེ་བཞིན། །རྡོ་རྗེ་ལ་ནི་འགོམ་མི་བྱེད། །དེ་བཞིན་གཅེར་བུར་གྱུར་བས་མཆོད། །གཡོན་པའི་དབང་ཕྱུག་ཐམས་ཅད་ཀྱིས། །འདི་དེ་ཕྱག་རྒྱའི་ཚོགས་ཀྱི་རིམ། །བཟའ་དང་སྤྱད་པས་ཡང་དག་འགྲུབ། །མགྲིན་པ་ལེགས་བཟུང་
སྒྲུབ་པ་པོ། །རང་གནས་སོང་ནས་དེ་མཉེས་ཤིང་། །རྣལ་འབྱོར་མ་རྣམས་གྲུབ་འདོད་པའོ། །རྫུ་འཕྲུལ་ཆེ་རྟོགས་སྔགས་པ་ནི། །ཧེ་རུ་ཀ་ནི་མཆོག་ཏུ་སྐྱེ། །ཡང་ན་མཁའ་སྤྱོད་འཁོར་ལོ་དང་། །ས་སྤྱོད་ལ་སོགས་ཡང་དག་ལྡན། །བརྩེ་ཞིང་ཧེ་རུ་ཀར་གྱུར་ནས། །འདོད་པའི་དོན་
ཀུན་སྒྲུབ་པའོ། །དཔལ་ལྡན་སངས་རྒྱས་ཞིང་བསྐོར་ནས། །སངས་རྒྱས་ཀུན་གྱིས་མཆོད་པར་འགྱུར། །ཡང་ན་བསོད་ནམས་ཞན་པའི་ཕྱིར། །དཀྱིལ་འཁོར་གནས་པ་མ་གྲུབ་ན། །སེམས་ཅན་དོན་ལ་གཅིག་ཏུ་བརྩོན། །བཟའ་དང་སྤྱད་པ་བརྩམ་པའོ། །བཞད་དང་སྒེག་པ་ལ་
སོགས་ལྡན། །གླུ་དང་གར་གྱིས་དགའ་བའོ། །སྣ་ཚོགས་སྟེན་མོས་དཔའ་བོ་དང་། །རྣལ་འབྱོར་མ་རྣམས་མཆོད་པར་འགྱུར། །གར་གྱི་བསྟན་བཅོས་ཐམས་ཅད་ནི། །བྱེད་པའི་ཕྱག་རྒྱ་ལ་སོགས་པ། །དེ་ནི་ཧེ་རུ་ཀ་དཔལ་རྒྱ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ནང་གི་བདག་ཉིད་
སྦྱིན་སྲེག་གིས། །དཔའ་བོ་ལྷ་མོ་ལེགས་པར་མཆོད། །དཔལ་ལྡན་བདེ་མཆོག་ཡང་དག་ལངས། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །ཞི་བའི་བཏུང་བར་གྱུར་པའི་སེམས། །རྟག་པ་མཆོག་གི་གོ་འཕང་ངོ་། །ཞི་བའི་བཏུང་བ་གཞན་མ་ནི། །ཆང་དང་ཤ་སོགས་ཡང་དག་ལྡན། །ཨོཾ་སརྦ་

བུདྡྷ་ཌཱ་ཀི་ནཱི་སརྦ་བྷཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུཾ་སྭཱ་ཧཱ། མངོན་པར་བསྔགས་ནས་བྱིན་གྱིས་བརླབ། །ཡང་ན་ལྷན་ཅིག་སྐྱེས་པའི་གཟུགས། །བཟའ་བ་ཀུན་སོགས་རྣལ་འབྱོར་པས། །ཤེས་ནས་ཁ་ཟས་བཟའ་བ་བློ་ལྡན་རྣལ་འབྱོར་པ་མོས་པས། །ལྷན་ཅིག་སྐྱེས་པའི་
ལྟོ་བ་ཐབ་ཁུང་ལྟེ་བའི་པདྨ་འདབ་བརྒྱད་ནི། །ལྟེ་བར་དགའ་བར་འབྱུང་བ་ཤིན་ཏུ་འཇིགས་པའི་ཧེ་རུ་ཀ་ཡི་ཞལ། །ངེས་པར་འདབ་མས་དཀྲིས་པ་ཆེན་པོ་ལྷ་མོའི་པདྨ་ཐོད་པར་ནི། །དེ་ཡི་རྗེས་སུ་འཁོར་ལོ་གསུམ་དང་སྒོ་སྐྱོང་རྣམས་དང་ལྡན། །སྣ་ཚོགས་མང་བའི་རོ་སྟེར་བགྱེས་པ་དཔལ་
གྱི་བདུད་རྩི་སོགས། །སྣ་ཚོགས་མཆོག་གི་སྲེག་རྫས་ཀྱིས་ནི་ཕུང་པོའི་བུད་ཤིང་རབ་འབར་བ། །སྐད་ཅིག་གྱུར་པ་ཀུན་མཁྱེན་མེ་ཡི་རང་བཞིན་ལ། །སྔགས་པ་བཟང་པོས་རྟག་ཏུ་འདི་དག་དེར་ནི་སྦྱིན་སྲེག་བྱ། །དེ་བཞིན་དུ་ཡང་གསུངས་པ། རྡོ་རྗེ་ནང་གི་བདག་ཉིད་ཉོན། །ཇི་ལྟར་སྦྱིན་
སྲེག་རབ་འགྲུབ་པ། །འབར་བ་ཆེན་པོ་གཟི་བརྗིད་ཆེ། །རྣམ་པར་མི་རྟོག་པ་རུ་བསྲེག །བཟའ་བ་བཏུང་བ་གང་ཅུང་ཟད། །དེ་དག་ཐམས་ཅད་མཁས་པས་བསྲེག །ཇི་ལྟར་བསྟན་པའི་ཡམ་ཤིང་ནི། །གཟུགས་ཕུང་ལ་སོགས་རང་བཞིན་དག །རྣམ་པར་མི་རྟོག་པ་ཡིས་བསྲེག །གང་
ཞིག་སེམས་ནི་རང་བཞིན་ཀུན། །ཁུ་བ་ཁྲག་དང་དེ་བཞིན་ཤ །བཤང་དང་གཅི་བ་ལྔ་པ་སྟེ། །རྣམ་པར་མི་རྟོག་པ་ཡིས་བཟའ། །རང་བཞིན་མེད་པའི་བློ་ལྡན་པས། །དེ་བཞིན་ང་རྒྱལ་གཏི་མུག་ཆེ། །ཞེ་སྡང་འདོད་ཆགས་དེ་བཞིན་དུ། །ཕྲག་དོག་སེར་སྣ་ཕྲ་མ་སྟེ། །དམ་ཚིག་
བསྟེན་པ་དྲི་མ་མེད། །དེ་ཉིད་བཟང་པོར་མཉམ་སྦྱོར་བས། །ལུས་ཀྱི་དཀྱིལ་འཁོར་ལྷན་ཅིག་སྐྱེས། །གཏོར་མ་ལ་སོགས་གང་ཅུང་ཟད། །ལུས་ཀྱི་དཀྱིལ་འཁོར་འཁོར་ལོར་སྦྱིན་སྲེག་བྱ། །མཚན་མོ་སྐྲ་གྲོལ་གྱུར་པ་དང་། །གཅེར་བུས་ཕྱི་རོལ་གཏོར་མ་སྦྱིན། །སྔོན་དུ་བསྟན་པའི་
ཆོ་ག་ཡིས། །ལམ་ལ་གནས་ཤིང་གཟི་བརྗིད་ཆེ། །རྣལ་འབྱོར་མ་དང་དཔའ་བོར་ལྡན། །གཏོར་མ་བྱིན་པས་མཉེས་པར་འགྱུར། །སེམས་ཅན་བསམ་པ་དང་མཐུན་པར། །ཕྱི་རོལ་གྱི་ནི་སྦྱིན་སྲེག་བཤད། །རྣལ་འབྱོར་རྒྱུད་དཔལ་ལས་བསྟན་པ། །ལུས་ཀྱི་འཁོར་ལོར་སྦྱིན་སྲེག་

བྱ། །གང་ཕྱིར་ལུས་ཀྱི་སངས་རྒྱས་ནི། །དམ་ཚིག་དེས་ན་དེ་བསྲེག་བྱ། །རྟེན་དང་བརྟེན་པ་པདྨའོ། །དབུས་སུ་སྦྱིན་སྲེག་བྱ་བའོ། །ཤ་དང་བདུད་རྩི་བཟའ་བ་སྟེ། །ཆང་ནི་བཏུང་བར་ཡང་དག་ལྡན། །དེ་བཞིན་དུ་ཡང་གསུངས་པ། ཕུང་པོའི་བུད་ཤིང་སྒྲིབ་པས་བརླན་ཞིང་གཡོགས་པ་ཡང་། །
ཡེ་ཤེས་