Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 23
Văn bản gốc(Tây Tạng)
Trang 14 / 17 (50.000 ký tự/trang)
ས་ཅན་ཡེ་ཤེས་མངོན་རྟོགས་བསྐྱེད་མཛད་བལྟ། །དེ་ནས་ཡེ་ཤེས་ འབར་བ་དམ་ཚིག་ཆུད་ཅིང་ལུས་ལ་དྲུག་པོ་བཀོད་བྱས་ནས། །དེ་ལ་སེམས་ལས་བྱུང་བའི་ཆོ་ག་དག་དང་ཕྱི་ནང་ཤིན་ཏུ་གསང་རྣམས་དང་། །བསྟོད་པ་སྣ་ཚོགས་དག་དང་གླུ་དབྱངས་མཆོག་རྣམས་ཀྱིས་ནི་རབ་ཏུ་མཆོད་བྱ་ཞིང་། །ཐལ་མོ་སྦྱར་ནས་གུས་དང་བཅས་པའི་སེམས་ཀྱིས་དེ་ལ་མགོ་བོས་ ཕྱག་བྱའོ། །དེ་ལ་སྤྲུལ་འཁོར་ལ་གནས་རྒྱལ་བའི་ཕོ་བྲང་ལེ་བརྒན་རྩི་ལྟར་དམར་བ་ལ། །སྟེང་ཟུར་འོག་ཏུ་རིག་བྱེད་སྒོ་དང་དྲག་པོ་ཉི་མ་ལྟ་བུ་དག་དང་ནི། །འོག་ཟུར་སྟེང་དུ་བསིལ་ཟེར་ཅན་དང་མཁའ་ལྡན་ཡི་གེ་ཐ་མའི་གོང་མ་དང་། །དབུས་སུ་འོད་ཟེར་དམར་པོ་མཐའ་ཡས་རྣམས་ཀྱིས་ཕྱོགས་མཐར་ སྣང་བྱེད་ས་བོན་བསྒོམ། །དེ་ནས་རྒྱལ་བའི་བཞུགས་གནས་རབ་མཛེས་འཁོར་ལོ་ལྟ་བུར་འཁོར་བར་བསྒོམས་ནས་ནི། །སྔགས་ཀྱང་བཟླས་ཏེ་སྟོབས་བཟངས་ལས་བྱས་བདུག་པ་སྔགས་ལྡན་བློ་དང་ལྡན་པས་བསྲེགས། །མ་ལུས་རྒྱལ་བའི་སྐུ་ལྡན་ལྷ་མོ་འབོད་པའི་དེ་མ་ཐག་ཏུ་ཨཱ་བེེ་ཤ་ཡ་དང་། ། དེ་ནས་སྐུལ་བྱེད་དེ་རྗེས་རང་གི་ས་བོན་དེ་འོག་མེ་ཡི་བཙུན་མོ་ཡིན། །སྐུ་དང་ཆ་ཀུན་ཐ་མའི་རྗེས་ལ་མཆོག་གི་ས་བོན་དེ་ནས་གླང་པོ་སྟེ། །དེ་རྗེས་དྲན་ཡིག་བརྟེན་པའི་ཀྵ་ལྟག་ནམ་མཁའ་ཟུར་ལྡན་རྗེས་ལའང་དེ་ཉིད་ཡིན། །ཨོཾ་ཧྲཱིཾ་ཧཾ་དང་དེ་ཡི་རྗེས་ལའང་བདེ་བའི་ཡི་གེ་གསུམ་དང་ནི། །ཧི་ཧི་ཕེཾ་གསུམ་དེ་ དག་རིམ་བཞིན་བཟླས་དང་བསྲེག་དང་མཚན་མོའི་གཏོར་མའི་ཡིན། །ནག་པོའི་ཕྱོགས་ཀྱི་བཅུ་པ་ནས་བརྩམས་ཉི་མ་སོ་སོར་ཆོ་ག་ཡི། །བཟླས་པ་གཏོར་མ་མཆོད་པར་ལྡན་པའི་བསམ་གཏན་དམ་པ་བསྒྲུབས་བྱས་ན། །ཤིན་ཏུ་རྒྱ་ཆེན་མི་མཉམ་མཉམ་པའི་རང་བཞིན་དངོས་གྲུབ་བླང་བ་ཡིས། །ཐོད་ པ་འདི་ལ་ལེགས་པ་ལ་སྟོན་བློ་ཆེན་རྣམས་ཀྱིས་འཁྲུལ་མི་བྱ། །ཡེ་ཤེས་དབབ་པའི་ཆོ་ག་ལས་བསྒོམ་པའི་ཆོ་གའོ།། །།སློབ་མ་གུས་ལྡན་ཞབས་པད་ལ་བཏུང་རྣམས་ཀྱིས་གསོལ་བ་བཏབ་གྱུར་བླ་མ་ཡིས། །ནག་པོའི་ཚེས་མཆོག་ཇི་སྐད་བརྗོད་པ་དེ་དག་ལེགས་པ་ཁོ་ནར་ཡང་དག་གཟུང་། །དེ་ འོག་འཁོར་ལོར་ཆོ་ག་བཟང་པོས་ཇི་སྐད་བརྗོད་པའི་ལྷ་མོ་མཆོག་བསྒོམས་ནས། །དེ་ཡི་རྩིབས་ལྡན་འོག་མར་སྔར་བཞིན་འཁོར་ལོ་མཛེས་པ་འཁོར་བར་བསྒོམས་ནས་ནི། །དེ་འོག་ལག་ནས་རྡོར་འཛིན་ཕུལ་ཏེ་ཇི་སྲིད་མགོ་ལ་མགོན་ལྡན་མེ་ཏོག་ཅན། །དེ་དག་མ་ལུས་ཤིན་ཏུ་ བབས་གྱུར་བར་དུ་ཡང་དག་བདུག་ཅིང་གསང་སྔགས་བརྗོད། །ཕེབས་པར་གྱུར་ཚེ་གྲང་དང་ཚད་པ་ཆེན་པོ་ལ་གནས་ལྟ་བུར་སྤུ་ལྡང་ཞིང་། །མིག་ནས་མཆི་མ་འཛག་ཅིང་འདར་ལ་འགྱེལ་ཞིང་ཡེ་ཤེས་དག་ནི་སྐྱེ་བར་འགྱུར། །དེ་དག་རྣམ་གནས་གྱུར་པ་རྣམས་ལ་རྣལ་འབྱོར་ཆེན་པོ་མཆོད་པའི་ཆོ་ག་དང་། ། བསྒོམ་བྱ་བཟླས་བྱ་བདུག་པར་ལྡན་པའི་གསང་སྔགས་དོན་ཀུན་སྒྲུབ་བྱེད་རྣམས་ཀྱང་བརྗོད། །གང་དག་དང་དང་བྲལ་བའི་སེམས་ལྡན་བླུན་ཞིང་སྡིག་པའི་ལས་ལ་བརྩོན་གྱུར་པ། །གུས་པས་བཀུར་སྟི་བྱེད་པའི་ངོར་ནི་མི་དེ་རྣམས་ལ་འདི་ནི་བརྗོད་མི་བྱ། །ཡེ་ཤེས་དབབ་པའི་ཆོ་ག་ལས་སློབ་མ་རྗེས་སུ་ འཛིན་པའི་ཆོ་གའོ།། །།ཡང་དག་གྲུབ་དང་སློབ་མ་བཟང་འཛིན་བྱེད་པས་ཕྱི་རོལ་མཆོད་པ་བྱེད་གྱུར་པས། །མདུན་དུ་ཁུ་བ་དམར་པོས་མེ་ཏོག་དམར་པོ་དང་ལྡན་མཎྜལ་བྱས་ནས་ནི། །རྡོ་རྗེས་མཚན་པའི་འཁར་སྣོད་ལ་བརྟེན་སྣོད་ཆེན་མཉམ་པ་དེ་ལ་ལག་གཡོན་གྱིས། །འཁོར་ལོ་ཟུར་གསུམ་ མཛེས་པ་སྣ་ཚོགས་རྡོ་རྗེ་དང་བཅས་མངོན་པར་བྲིས་ནས་ནི། །དེ་ལ་སྔར་བཤད་ཡི་གེ་བཞི་པོ་བགེགས་བདག་དབང་པོའི་མགོ་རྒྱན་ཕྱེ་བ་ཡིས། །ནུབ་ཏུ་ཁ་བལྟས་གསང་སྔགས་རིག་པས་ལག་པ་གཡོན་གྱིས་སྔ་མ་བཞིན་དུ་བྲི། །དེ་ནས་ཆོ་གའི་རིམ་པས་ཡེ་ཤེས་བཀུག་ནས་མྱུར་དུ་དམ་ཚིག་ལ་གཞུག་བྱ། ། དེ་ལ་དྲི་དང་སྤོས་མཆོག་མེ་ཏོག་དྲི་ཞིམ་མར་མེ་ལྷ་བཤོས་རྣམས་དང་ནི། །འདོད་པ་ལྔ་དང་མཆོག་གྱུར་བདུད་རྩི་སྟོབས་དང་ཐུག་པ་གཞིབ་པ་བཟང་པོ་དང་། །བཅས་དང་བཟའ་བ་བདེ་གཤེགས་དྲུག་པ་དང་ནི་ཁར་བའི་སིལ་ཁྲོལ་བཅས་གླུ་དང་། །པི་ཝང་གླིང་བུའི་རྔ་རིམ་རྫ་རྔ་པ་ཊ་ཧ་རྣམས་དང་ནི་དུང་དག་ དང་། །ཟངས་དུང་རྣམས་ཀྱི་སྒྲ་སྙན་གར་བཅས་དགེ་ལེགས་ཀྱིས་ནི་མཆོད་ཅིང་བསྟོད་པ་སྟེ། །མཆོད་པའི་ཚུལ་མཆོག་ལེགས་པ་སྣ་ཚོགས་རྣམས་ཀྱིས་རྣམ་པ་ཀུན་དུ་མཆོད་བྱ་ཞིང་། །གུས་པས་ཐལ་སྦྱར་ཞེས་བཅས་པས་དཔེ་མེད་ཕྱག་ནི་རབ་ཏུ་བཙལ་བར་བྱ། །སྔགས་རྣམ་སོ་སོར་ཆོ་ག་བཟང་པོས་ བཟླས་པ་ཡིས་ནི་འབུམ་དུ་ལོངས་བྱས་ཏེ། །རྡོ་རྗེ་ལ་སོགས་དབྱེ་བས་འདིས་ནི་བཟླས་ན་གསུམ་དུ་ངེས་པར་འགྱུར་བ་ཡིན། །གང་ཚེ་ལྟ་བར་འདོད་པ་སྐྱེས་ན་དེ་ཚེ་ཡི་གེ་དང་བཅས་པའི། །འཁོར་ལོ་མཛེས་པ་དེ་དག་བཞུགས་པའི་བླ་མ་ལ་ཡང་རབ་བཏུད་ནས། །མུཿཡིག་བཅས་སྔགས་ཆོ་ག་ལྡན་པར་འདུག་ པ་རབ་ཏུ་བརྗོད་ནས་ནི། །སྐྱེས་བུ་དོན་མཆོག་ལ་བརྩོན་བློ་ཡིས་བསམ་གཏན་ལས་ནི་ཡང་དག་ལྡང་། །ཡེ་ཤེས་དབབ་པའི་ཆོ་ག་ལས་ནི་ཕྱི་རོལ་མཆོད་པའི་ཆོ་གའོ། །གང་ཞིག་བཤད་ཟིན་ཆོ་ག་མཆོག་གིས་ཉིན་རེ་བཞིན་དུ་འཁོར་ལོ་མཆོད་བྱེད་ཅིང་། །ཆོ་ག་ཇི་བཞིན་ཐང་ཀའི་མདུན་དུ་ལྷ་མོའི་ སྔགས་ཀྱི་བཟླས་པ་ཡང་བྱེད་པ། །དེས་ནི་འགྲོ་དོན་སྣ་ཚོགས་སྐྱེད་པའི་ཡང་དག་གྲུབ་པ་ངེས་པར་ཐོབ་འགྱུར་ཞིང་། །འཇིག་རྟེན་དག་ན་མདངས་འབར་ལྷ་མོ་ལྟ་བུར་ཤིན་ཏུ་མཆོད་པ་ཉིད་དུ་འགྱུར། །རྗེས་ཆགས་སྙིང་ལྡན་གོས་དམར་ཅན་གྱི་བསྒྲུབ་བྱ་གང་ཡིན་མདུན་དུ་བལྟས་བྱས་ནས། །རྡོ་རྗེ་ ཞགས་པས་མགུལ་ནས་ལེགས་པར་བཅིངས་ཤིང་བྲང་ནས་ལྕགས་ཀྱུས་ཕུག་ནས་ནི། །ཐལ་སྦྱར་གཅེར་བུར་དྲངས་ནས་རང་གི་རྐང་གཉིས་ལ་ནི་འགྱེལ་བར་གར་བྱེད་པ། །ཌོ་མ་བིས་ར་ཌའི་སྐྱེ་བོ་ལྟ་བུར་དེས་ནི་ཤིན་ཏུ་བྱེད་པར་འགྱུར། །གང་གི་མགོ་ལ་རྡོ་རྗེའི་རྩེ་མོས་བསྣུན་ཅིང་ཐོད་གནས་ཁྲག་གིས་ མིག་བཀང་བ། །དེ་ནི་རྡོ་རྗེའི་ལུས་ཅན་ཡིན་དུ་ཟིན་ཀྱང་མྱུར་བར་གཤིན་རྗེའི་གནས་སུ་འགྲོ། །ས་བོན་འོད་ཟེར་བདུད་རྩིའི་རང་བཞིན་ཚོགས་ཀྱིས་ཤི་བ་གང་གི་རྨ་བཀྲུས་ཤིང་། །ཁ་ཊྭཱཾ་ལ་གནས་སྒྲ་དང་བཅས་པའི་དྲིལ་བུས་དེས་ནི་ཡང་དག་འཚོ་བར་འགྱུར། །ཡེ་ཤེས་དབབ་པའི་ཆོ་ག་ལས་ཕན་ཡོན་ སྦྱོར་བ་དང་བཅས་པའི་ཆོ་གའོ།། །།ཡེ་ཤེས་དབབ་པའི་ཆོ་ག་ཚུལ་བཞིན་བརྗོད་པས་བསོད་ནམས་ཟླ་བ་ཉ་བ་ཡི། །འོད་ལྟར་དཀར་ཞིང་ཉེས་པ་མ་ལུས་སེལ་བ་བདག་གིས་བསྒྲུབས་གྱུར་གང་ཡིན་པ། །དེས་ནི་འགྲོ་རྣམས་ཉོན་མོངས་མ་ལུས་དང་བྲལ་ཡོན་ཏན་རྣམས་ཀྱི་གཏེར་གྱུར་པ། །བཅོམ་ ལྡན་འདས་མ་རྡོ་རྗེ་ཕག་མོའི་ཡེ་ཤེས་སྣང་བས་རབ་ཏུ་འབར་བར་འགྱུར། །ཡེ་ཤེས་དབབ་པ་ཞེས་བྱ་བ་རྣལ་འབྱོར་གྱི་ཆོ་གའི་མཆོག་དཔལ་སྟོང་ཉིད་ཏིང་འཛིན་གྱིས་མཛད་པ་རྫོགས་སོ།། །།བལ་པོའི་ཨཱ་ཙཱརྱ་བྷ་རེནྡྲ་རུ་ཙི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཚིནྡ་མུཎྜ་བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་འཁོར་ལོ་གཙོ། །འཇིག་རྟེན་གསུམ་བརྒྱན་སེམས་ཅན་རྣམས། །ཀུན་གྱིས་ཕན་འབྱུང་དཔལ་རྡོ་རྗེ། ། རྣལ་འབྱོར་མ་ཁྱོད་ལ་ཕྱག་འཚལ། །སྔགས་པས་ཐོ་རངས་ལངས་ཏེ། རྣལ་འབྱོར་མ་དང་མཐུན་པའི་སའི་ཆར་སྟན་བདེ་བ་ལ་འདུག་སྟེ། ཇི་སྐད་བརྗོད་པའི་ཕྱོགས་སུ་བལྟས་ནས། དང་པོར་རེ་ཞིག་སྔགས་པས། གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་དོན་ཏུ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ དོ། །དེ་ནས་དམ་ཚིག་ཅན་རང་གི་ལྟེ་བའི་དབུས་སུ་པདྨ་དཀར་པོ་རྣམ་པར་རྒྱས་པ་བསྒོམས་ཏེ། དེའི་སྟེང་དུ་འོད་ཟེར་ལྷག་པ་དང་བཅས་པའི་ཉི་མའི་དཀྱིལ་འཁོར་བལྟའོ། །དེའི་སྟེང་དུ་ཨ་རྐའི་མེ་ཏོག་འདྲ་བའི་ཡི་གེ་ཧྲཱི་ལས་ཡང་དག་པར་བྱུང་བའི་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ ཆོས་འབྱུང་རྣམ་པར་བསྒོམས་ནས། དེར་ཡི་གེ་ཧྲཱིཿཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་སེར་མོ་དཔལ་དམར་བ་ཉིད་ཀྱིས་ཕྱག་གི་གྲི་གུག་གིས་ཉིད་ཀྱིས་དབུ་བཅད་ནས་ཕྱག་གཡོན་པས་སྟེང་དུ་འཛིན་ཅིང་། གྲི་གུག་དང་བཅས་པའི་ཕྱག་འོག་ཏུ་བརྐྱང་བ་ལ། ཞབས་ གཡས་བརྐྱང་བས་བཞུགས་པ། ཐོད་པས་དབུ་བརྒྱན་པ། དབུ་སྐྲ་དང་ན་བཟའ་གྲོལ་བ། ཕྱག་རྒྱ་ལྔས་བཏབ་པའི་སྐུ་ཅན་གྱི་སངས་རྒྱས་མཁའ་འགྲོ་མ་དབུས་སུ་བསྒོམ་པར་བྱའོ། །དེ་ནས་དབུ་བཅད་པའི་མགྲིན་པའི་སྦུབས་ནས་གྱེན་དུ་འབབ་པའི་ཁྲག་གི་རྒྱུན་རང་གི་ཞལ་དུ་འཇུག་ཅིང་། དེ་ བཞིན་དུ་ངོས་གཉིས་ན་གནས་པའི་རྣལ་འབྱོར་མ་གཉིས་པོའི་ཞལ་དུ་ཡང་འཇུག་པར་བསྒོམ་པར་བྱའོ། །དེ་ནས་གཡོན་ངོས་ན་བཞུགས་པའི་ལྷ་མོ་རྡོ་རྗེ་རབ་བསྔགས་མ་མདོག་ལྗང་གུ་དང་། གཡས་ཀྱི་ཆར་བཞུགས་པའི་མ་ལྷ་མོ་རྡོ་རྗེ་རྣམ་པར་སྣང་མཛད་མ་མདོག་སེར་མོ་སྟེ། གཡོན་དུ་ནི་གཡོན་ དང་གཡས་པས་གྲི་གུག་དང་ཐོད་པ། གཡས་སུ་ནི་གཡས་དང་གཡོན་པས་གྲི་གུག་དང་ཐོད་པ་འཛིན་པ། གཡས་སུ་ནི་ཞབས་གཡས་བརྐྱང་། གཡོན་དུ་ནི་ཞབས་གཡོན་པ་བརྐྱང་བ། དབུ་སྐྲ་དང་ན་བཟའ་གྲོལ་བ་བསྒོམ་པར་བྱའོ། །ངོས་གཉིས་ན་བཞུགས་པ་དབུས་དང་བཅས་པའི་རྣལ་ འབྱོར་མ་རྣམས་འགྱིང་ཞིང་འཇིགས་སུ་རུང་བ་བསྒོམ་པར་བྱ་སྟེ། འདི་ནི་བསྒོམ་པར་བྱ་བའི་གནས་ཡིན་ནོ། །དེ་ནས་མཆོད་པ་བརྗོད་པར་བྱ་སྟེ། མདུན་དུ་ཙནྡན་དམར་པོ་ཡི། །ཆུ་ཡིས་མཎྜལ་བྱས་ནས་ནི། །དེར་ནི་ཉི་མའི་དཀྱིལ་འཁོར་ལ། །གནས་པའི་ཆོས་འབྱུང་བྲི་བར་བྱ། །དེ་ནས་དེར་ནི་ཧྲཱིཿ ཡིག་ལས། །སྐྱེས་གྱུར་སྔར་བཤད་མཚན་ཉིད་ཅན། །རྡོ་རྗེ་རྗེ་བཙུན་ལྷ་མོ་ནི། རིམ་གྱིས་ཆོ་ག་བཞིན་དུ་མཆོད། །དེ་ལ་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་དུ་མེ་ཏོག་དབུལ་བར་བྱའོ། །དེ་ནས་དེར་ཡོན་ཆབ་དང་མེ་ཏོག་དང་སྤོས་དང་དྲི་ དང་མར་མེ་དང་ཀུན་དུ་བཟང་པོས་མཆོད་པར་བྱའོ། །དེ་ནས་དེ་བཞིན་དུ་གཡོན་ངོས་སུ་ཨོཾ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་གཡས་ངོས་སུ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་གཞན་ཡང་། ཨུ་དྷི་ལ་པུ་ལླི་ར་མ་ལ་གི་རི་ཀ་མ་ ལ་ཁྱམ་ཤྲཱི་ཧ་ཏ། ཞེས་པའི་སྔགས་ཀྱི་བསྟོད་པས་མཆོད་པ་བྱའོ། །གཞན་ཡང་དྷརྨྨ་སཾ་བྷོ་ག་ནི་ར་མ་ཎ་མ་ཧཱ་སུ་ཁ་ཀཱ་ཡ། ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་སྔོན་དུ་ བསྙེན་པ་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན། བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །འབུམ་ཕྲག་གཉིས་བཟླས་པས་བུད་མེད་རྣམས་གཡོ་བར་བྱེད་དོ། །འབུམ་ཕྲག་གསུམ་བཟླས་ན་གྲོང་ཁྱེར་གཡོ་བར་བྱེད་དོ། །འབུམ་ཕྲག་བཞི་བཟླས་ན་རྒྱལ་པོ་གཡོ་བར་བྱེད་དོ། །འབུམ་ཕྲག་ལྔ་ བཟླས་ན་ཇི་ལྟར་འདོད་པའི་དོན་སྒྲུབ་པར་བྱེད་དོ། །ཆུ་འགྲམ་མམ། དུར་ཁྲོད་དམ། ཤིང་གཅིག་གི་དྲུང་ངམ། ལྷ་གནས་སམ། མ་མོའི་ཁྱིམ་མམ། གྲོང་མཚམས་སུ་དེ་བཞིན་དུ་བསྒྲུབ་པར་བྱའོ། །ནམ་མཁའི་གོས་ཀྱི་རང་བཞིན་ཅན། །སྐྲ་བཤིག་པ་ཡི་རྣལ་འབྱོར་པས། །ཇི་སྲིད་རྣམ་ རྟོག་ཀུན་སྤངས་ཀྱི། །རབ་ཏུ་ཐུབ་པ་གནས་པར་བྱ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ། པུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་བ་ལིཾ། གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་གཏོར་མ་སྦྱིན་ནོ། །ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པའི་སྒྲུབ་ ཐབས་རྫོགས་སོ།། །།བལ་པོའི་པཎྜི་ཏ་ཨཱ་ཙཱརྱ་བྷ་རེནྡྲ་རུ་ཙི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཚིནྡ་མུཎྜ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དབུ་བཅད་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ ཕྱག་འཚལ་ལོ། །བདེ་སྦྱིན་བཅོམ་ལྡན་འདས་ཕག་མོ། །གཡས་བརྐྱང་ཞབས་ཀྱིས་ཡང་དག་མནན། །ཁམས་གསུམ་རང་བཞིན་གསུམ་སྤྱན་གསུམ། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཇི་ལྟར་བླ་མའི་མན་ངག་ལྟར། །ཁམས་གསུམ་པ་ཡི་རང་བཞིན་ཕྱིར། །ཉི་མ་གཞོན་ནུའི་འོད་འཕྲོ་བ། ། དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །མཚན་མ་གཅིག་པའམ་དུར་ཁྲོད་དམ། །ཁང་སྟོང་དུ་ནི་དུས་རྟག་ཏུ། །རིག་མ་སྲིད་གསུམ་མཐར་མཛད་མ། །དེ་ནི་རྣལ་འབྱོར་པས་བསྒྲུབ་བྱ། །འབོལ་སྟན་འཇམ་ལ་གནས་པའམ། །འཇམ་པའི་སྟན་གཞན་དག་ལ་ཡང་། །ཡང་དག་བརྟེན་ཏེ་གནས་ ནས་ནི། །དངོས་གྲུབ་དམ་པ་བསྒྲུབ་པར་བྱ། །དེ་རྗེས་ཡིག་གསུམ་སྔགས་ཀྱིས་ནི། །མངོན་པར་བསྔགས་པའི་དམ་ཚིག་ཆུས། །མཆོད་རྫས་དག་ལའང་བསང་གཏོང་བྱ། །སྔགས་དེ་ཉིད་ཀྱིས་ཁྲུས་བྱས་ཏེ། །དེ་ཡི་རྗེས་ལ་གོ་བགོའོ། །ཡན་ལག་ཉིང་ལག་ཐམས་ཅད་ལ། །གཡོན་གྱི་ལག་པ་ ནས་བརྩམས་ནས། །ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ་ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་པའི་སྔགས་ཀྱི་ཡི་གེ་རྣམས། །ལག་པ་གཡོན་པའི་རྩེ་མོ་ཡིས། །དང་པོ་ལྟེ་བ་ནས་བརྩམས་ནས། །བརྗོད་བྱ་དེ་ནས་དག་གསུམ་མོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨྨཱ་བཛྲ་ ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་རྗེས་བློ་ལྡན་གྱིས་ང་རྒྱལ། །བསྐྱེད་བྱ་ཁམས་གསུམ་དག་པའི་ཕྱིར། །ཕྱོགས་མཚམས་མཉམ་པར་ལྡན་པ་ལ། །དུར་ཁྲོད་བརྒྱད་པོ་དེ་བཞིན་དུ། །མྱུར་བའི་རྣམ་པའི་རྣལ་འབྱོར་གྱིས། །དེ་རྗེས་གསུམ་པོ་མཉམ་པར་གཞག །གནས་ གསུམ་ལ་ནི་བསྒོམ་བྱའོ། །འོད་ཟེར་རྣམ་པར་སྤྲོས་པ་ལས། །སྲིད་གསུམ་ལ་གནས་སེམས་ཅན་རྣམས། །གསལ་བར་བྱས་ཏེ་དེ་ནས་ཡང་། །ཉེ་བར་བསྡུ་བའི་སྒོམ་པ་ལས། །སྣ་ཚོགས་ཀུན་དུ་སྟོང་པར་བྱའོ། །དག་པ་ཡིས་ནི་ཤེལ་ལྟ་བུར། གཉིས་མེད་ཡེ་ཤེས་རང་བཞིན་ནོ། །དེ་རྗེས་སྟོང་སོགས་ རང་བཞིན་གྱིས། །རྒྱལ་བའི་སྔགས་ཀྱི་བྱིན་གྱིས་བརླབ། །དེ་ནས་ནམ་མཁའ་བསྒོམ་བྱ་བ། །ཧྲཱིཿདམར་པོ་ལས་འདམ་སྐྱེས་སོ། །ཡང་ནི་དེ་སྟེང་བསྒོམ་བྱ་བ། །ཟླ་བ་ཉི་མ་མེ་དེར་བལྟ། །དེ་དཀྱིལ་ཡང་ནི་བསྒོམ་བྱ་བ། །བཾ་ཡིག་སྣ་ཚོགས་མདོག་ལྟ་བུ། །དེ་ནས་བཾ་སྐྱེས་བལྟ་བྱ་བ། །གྲི་གུག་བཾ་ གྱིས་བརྒྱན་པའོ། །གྲི་གུག་ཡོངས་གྱུར་བསྒོམ་བྱ་བ། །སྤྲོས་ལས་བདག་ཉིད་རྣལ་འབྱོར་ནི། །རྡོ་རྗེ་ཡི་ནི་རྣལ་འབྱོར་མ། །གཟུགས་གསུམ་ཁ་དོག་གསུམ་ལྡན་མ། །ལྗང་གུ་དམར་སེར་སེར་མོ་སྟེ། །གྲི་གུག་ཐོད་པ་འཛིན་པའོ། །དབུ་སྐྲ་གྲོལ་ཞིང་གཅེར་བུ་ལ། །དམར་ཞིང་ཟླུམ་པའི་ སྤྱན་གསུམ་པ། །ལང་ཚོ་གཞོན་ནུ་ཡང་དག་ལྡན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་མཛེས་མ་སྟེ། །མི་བཟད་དྲག་ཏུ་བཞད་ཅིང་དཔའ། །བདེ་བའི་ཞབས་གཡས་བརྐྱང་མི་བཟད། །མགོ་བོའི་ཕྲེང་བ་རབ་ཏུ་དབྱངས། །རྡོ་རྗེ་གྲི་གུག་གིས་བདག་དབུ། །བཅད་ནས་སྐུ་ སྟེང་དཔྱངས་པའོ། །གཡས་པ་རྡོ་རྗེ་གྲི་གུག་དང་། །གཡོན་པས་སྐྲ་ཕྱེད་ཀྱིས་གཡོགས་པ། །དབུ་ཡི་སྟེང་དུ་ཐོད་པ་དང་། །དབུ་སྐྲ་ཕྱེད་བཟུང་འོག་བལྟས་ཞལ། །ཁ་ཊྭཱཾ་ག་འཛིན་སེར་མོ་དང་། །གུར་ཀུམ་དམར་པོ་མཉམ་པར་ལྡན། །དུས་མཚན་མ་ནི་མཉམ་པར་མནན། །རྣལ་འབྱོར་པ་ཡིས་ རྟག་བསྒོམ་བྱ། །ལམ་གསུམ་ནས་ནི་ཁྲག་འཛག་ཅིང་། །ཟླ་བ་ཉི་མ་ནམ་མཁའ་ལྟར། །གཡོན་དང་གཡས་དང་དེ་བཞིན་དབུས། །རྩ་གསུམ་ནས་ནི་བྱུང་ནས་ནི། །རྟག་ཏུ་འབྱུང་བར་བསྒོམ་པར་བྱ། །ཨ་བ་དྷཱུ་ཏཱི་གྱེན་དུ་འགྲོ། །གཡོན་དང་གཡས་ཀྱི་རྩ་གཉིས་ཀྱང་། །དེ་ལྟར་མྱུར་དུ་བསྒོམ་ པར་བྱ། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །རྩ་གསུམ་གྱི་ནི་ངོ་བོར་གནས། །ཤེས་རབ་ངོ་བོ་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་སུ་གནས། །དབུས་གནས་ཨ་བ་དྷཱུ་ཏཱི་ནི། །བདེ་ཆེན་རྣམ་པའི་རང་བཞིན་ནོ། །དེ་དག་ཐུན་མཚམས་གསུམ་དུ་བསྒོམ། །སྣ་ཚོགས་གཟུགས་ནི་རིན་ཆེན་བཞིན། །ཇི་ ལྟར་སྔ་ཕྱི་རིམ་བཞིན་དུ། །དེ་ནས་སྔགས་བཏུ་བཤད་པར་བྱ། །སྔགས་པས་གཙང་མའི་ས་ཕྱོགས་སུ། །གནས་ཏེ་དེ་ནས་སྔགས་བརྗོད་ནས། །རིག་བྱེད་མངོན་གསུམ་དང་པོར་གཞག །འདོད་པའི་སུམ་ཅུ་གཅིག་པ་བླང་། །ཉི་ཤུ་གསུམ་པ་དེ་བཞིན་དུ། །ཉི་ཤུ་བདུན་པ་མགོ་སྟེངས་སུའོ། ། ཡང་ནི་ཉི་ཤུ་གསུམ་པ་གཟུང་། །དབྱངས་ཡིག་ལྔ་པ་འོག་ཏུ་སྦྱར། །ཐ་རྒྱབ་ཡི་གེ་ཡང་དག་བླང་། །དེ་རྒྱབ་འོག་ཏུ་སྦྱར་བར་བྱ། །དེ་རྗེས་བཅུ་གསུམ་པ་སྦྱིན་བྱ། །དབྱངས་ཡིག་གཉིས་པ་ཡང་དག་སྦྱར། །དང་པོའི་ཡི་གེ་བླང་བྱས་པ། །དབྱངས་ཡིག་གསུམ་པ་སྦྱར་བར་བྱ། །དེ་ ནས་ཉི་ཤུ་པ་བྱིན་ལ། །དབྱངས་ཡིག་བཞི་པས་བརྒྱན་པར་བྱ། །དེ་ནས་ཉི་ཤུ་དྲུག་པ་བཟུང་། །བཅུ་གཅིག་པ་དང་ལྡན་པར་བྱ། །ཡང་ནི་ཉི་ཤུ་གསུམ་པ་སྦྱིན། །བརྒྱད་པ་ཡང་ནི་བླང་བྱས་ནས། །འོག་ཏུ་ཉི་ཤུ་བདུན་པ་སྦྱར། །སུམ་ཅུར་གཅིག་གིས་མ་ཚང་བ། །བཅོ་ལྔ་པ་ནི་བརྩེགས་པར་བྱའོ། ། ཉི་ཤུ་བདུན་པ་མགོ་བོར་གཞག །ཡང་ན་དྷ་རྒྱབ་སྦྱིན་བྱས་ལ། །བཞི་པ་ཡིས་ནི་བརྒྱན་པར་བྱ། །ར་ཡིག་འོག་མ་གཟུང་བྱས་ལ། །བཅུ་གཅིག་པ་ཡིས་བརྒྱན་པར་བྱ། །ཡང་ན་ཉི་ཤུ་གསུམ་པ་གཟུང་། །ཙ་ནས་བགྲངས་པའི་གསུམ་པ་ལ། །འོག་ཏུ་ཉི་ཤུ་བདུན་པ་སྦྱར། །ཕ་རྒྱབ་ཡི་གེ་བླང་ བྱས་ལ། །དབྱངས་ཡིག་བཅུ་གཉིས་པ་ཡིས་བརྒྱན། །པ་ནས་བགྲངས་པའི་བདུན་པ་ལ། །བཅུ་གསུམ་པ་ཡིས་བརྒྱན་པར་བྱ། །དྲུག་པ་བཅུ་ཕྲག་གཉིས་པ་སྦྱིན། །སྒྱུ་མའི་ས་བོན་གྱིས་བརྒྱན་བྱ། །དེ་རྗེས་རླུང་གི་ས་བོན་སྦྱིན། །བཅུ་གཅིག་པ་དང་ལྡན་པར་བྱ། །སུམ་ཅུ་པ་ནི་ལན་གསུམ་ བགྲང་། །དབྱངས་ཡིག་དྲུག་པ་མཉམ་ལྡན་བྱ། །ནཱ་ད་ཐིག་ལེར་ཡང་དག་ལྡན། །ཕཊ་ནི་ལན་གསུམ་སྦྱར་བར་བྱ། །སྭཱ་ཧཱ་དེ་ནས་སྦྱིན་པར་བྱ། །ཡང་དག་རྫོགས་པའི་དངོས་གྲུབ་སྔགས། །མཁས་པས་གསང་བའི་གནས་སུ་ནི། །ནི་རང་སུམ་ཕྲེང་ལ་བསྒོམ་པ། །སྤྲོ་དང་བསྡུ་བའི་ རྣལ་འབྱོར་གྱིས། །སྔགས་མཆོག་ཡང་དག་བཟླས་པར་བྱ། །སྔགས་རྣམས་གསལ་བའི་རྣལ་འབྱོར་ནི། །ལས་ཇི་བཞིན་དུ་སྦྱར་བར་བྱ། །ཁྱོད་མིན་སྐྱེས་པས་སྦྲུམ་པ་བཞིན། །འབད་པ་ཡིས་ནི་གསང་བར་བྱ། །སྦྱིན་མིན་གང་སུ་གང་ལ་ལར། །ཤིན་ཏུ་གསང་སྟེ་དེ་བཞིན་དུ། །ལེགས་ པར་བརྟགས་ཏེ་སྦྱིན་པར་བྱ། །གུས་མེད་གཡོ་དང་ལྡན་ཞིང་གཏུམ། །སློབ་དཔོན་བླ་མ་གཞན་སྨོད་ལ། །གཏོང་དང་མི་ལྡན་རྟོག་པ་ཆེ། །བརྟགས་ཏེ་སྦྱིན་པར་མི་བྱའོ། །བླ་མ་ལ་གུས་རྟོག་པ་མེད། །རྟག་ཏུ་ཆོས་ལ་དགའ་ཞིང་གཙང་། །དད་པས་ཡང་དག་གང་གྱུར་ཅིང་། །བཟོད་ལྡན་བློ་ དང་ལྡན་པ་ལ། །སྒྲུབ་པའི་རྣལ་འབྱོར་ཆོས་གསུངས་པ། །སྔགས་བཏུ་བ་ནི་སྦྱིན་པར་བྱ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ཏེ། །དེ་ནས་མཆོད་པའི་ཆོ་ག་བཤད། །ཕྲེང་བ་གསུམ་གྱིས་བསྐོར་བ་ཡིས། །སུམ་འགྱུར་གྱིས་ནི་མཚན་པ་སྟེ། །ཨེ་ཡི་ལྟེ་བའི་དཀྱིལ་འཁོར་དུ། །ལེགས་པར་ རྫོགས་ཤིང་གྲུབ་སྔགས་དགོད། །རྣལ་འབྱོར་པ་ཡིས་རྟག་བསམས་པ། །ཁྱད་པར་དུ་ནི་མཆོད་པའི་དུས། །དཀར་ནག་དུས་ཀྱི་ཚེས་བཅུ་དང་། །བརྒྱད་དམ་ཡང་ན་བཅུ་བཞི་ལ། །མཆོད་པ་ལྔ་དང་ལྡན་པ་ཡིས། །ལག་གཡོན་གྱིས་ནི་མཆོད་པར་བྱ། །བཟའ་དང་སྟོན་མོ་དེ་བཞིན་ བཏུང་། །ཕྱི་ནང་གསང་བ་དེ་བཞིན་དུ། །ཙནྡན་དམར་པོས་ལེགས་པར་བྱུག །གུར་ཀུམ་ག་པུར་ཨ་ག་རུས། །བསྒོས་པ་ཡིས་ནི་དམ་ཚིག་ཆུས། །ལེགས་པར་གསེར་སོགས་སྣོད་དག་ཏུ། །སིནྡྷུ་ར་བཟང་ཕྱེ་མ་ནི། །རས་ཀྱི་ནང་དུ་བཙགས་ཏེ་དགྲམ། །གསེར་ལས་བྱས་པའི་སྨྱུ་གུ་ཡིས། ། མཁས་པ་ཡིས་ནི་ཆོས་འབྱུང་གི། །དཀྱིལ་དུ་སྔགས་ཀྱི་རྒྱལ་པོ་ནི། །ཕྲེང་བ་གསུམ་ནི་ལེགས་པར་བྲི། །ཕྱི་རུ་མི་བཟང་འཁོར་བ་ཡིས། །ཁ་དོག་སྣ་ཚོགས་ཆེར་འབར་བའོ། །ཤིན་ཏུ་གསང་བས་དུས་གསུམ་དུ། །སྐྲ་བཤིག་གཅེར་བུར་བྱས་ནས་ནི། །སྔགས་པས་ནུབ་ཕྱོགས་ཁ་བལྟས་ཏེ། ། རྩོལ་བས་བསམ་གཏན་ལ་བརྟེན་ནས། །གྲོལ་དང་གྲུབ་པའི་དོན་གྱི་ཕྱིར། །འབད་པ་ཡིས་ནི་མཆོད་པར་བྱ། །དྲི་དང་སྤོས་ནི་དྲི་ཞིམ་སོགས། །དེ་བཞིན་ལྷ་བཤོས་རབ་དབྱེས་མཆོད། །ཨཱ་ལི་ཕལ་གུ་ཕག་དྲ་ནེ། །ཁ་ཆེ་ཙནྡན་དམར་པོ་དང་། །དྲི་ཞིམ་པ་ཡི་ཙནྡན་དང་། །དེ་བཞིན་ཨ་ཤོ་ཀའི་ མེ་ཏོག །ཀུ་མུ་ཏ་ཀ་ན་བི་ར། །དེ་བཞིན་མེ་ཏོག་སྣ་ཚོགས་པ། །ཁ་དོག་མཛེས་ཤིང་དྲི་ཞིམ་དབུལ། །མེ་ཏོག་དན་དུ་ལ་འབྲས་བུ། །སྐུད་པ་མེ་ཏོག་རབ་དབྱེ་བས། །མཆོད་པར་བྱ་བའི་གནས་རིམ་བཞིན། །དྲི་ཞིམ་སྤོས་དང་མེ་ཏོག་ཀྱང་། །དེའི་ཚེ་ཇི་ལྟའི་རིམ་བཞིན་མཆོད། །བཏུད་དེ་བསྟོད་ པ་བྱ་བ་དང་། །ཕྱག་འཚལ་ནས་ནི་བཟོད་པར་གསོལ། །དེར་ནི་དེ་བཞིན་རྣལ་འབྱོར་པས། །དེ་བཞིན་གཞོན་ནུ་མ་མཉེས་བྱས། །རྣལ་འབྱོར་གྲུབ་པའི་དོན་གྱི་ཕྱིར། །གཏོར་མའི་སྔགས་ནི་རབ་བརྗོད་བྱ། །ཨོཾ་ཨ་ར་ལཱི་ཧོཿ། །ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། །ཞེས་པ་ལན་གསུམ་ མཾ། བཞིའམ་ལྔའི་བར་དུ་བརྗོད་པར་བྱའོ། །རིམ་དང་རིམ་པ་མིན་པ་ཡིས། །ཐོད་པ་རུ་ནི་སྦྱིན་པར་བྱ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ། །ཕྱེ་ལ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུད་མན་ད་ཨ་པ་སྨ་ར་ཌཱ་ཀི་ནྱ་ད་ཡ། ཨི་མཾ་ བ་ལིཾ་གྲྀཧྞ་མ་མ་ས་མ་ཡ་རཀྵཾ་དུ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་པི་པ་ཐ་ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀརྟ་ཡ་ས་ཏྶུ་ཁཾ་བི་བྲྀདྡྷ་ཡེ་ས་ཧ་ཡི་ཀ་བྷ་བནྡུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །ཐུན་མཚམས་གསུམ་དུ་རབ་ཏུ་དབུལ། །བློ་དམན་གྱུར་ཀྱང་སྒྲུབ་པའི་ཐབས། །སྡོམ་པ་རྒྱ་ མཚོ་ལས་བཏུས་ནས། །དོན་སྒྲུབ་ཐབས་ནི་འདི་ཁོ་ན། །བརྦི་པ་ཡིས་འདི་བྱས་ཏེ། །སྒྲ་ཡིག་ལེགས་པར་མ་རྫོགས་ཀྱང་། །མཁའ་འགྲོ་མ་རྣམས་བཟོད་པར་རིགས། །འདི་ནི་རྣལ་འབྱོར་མའི་མན་ངག་གསང་བ་ལས་ཤིན་ཏུ་ཆེས་གསང་བའི་ཤིན་ཏུ་སྦ་བར་བྱའོ། །དབུ་བཅད་མའི་སྒྲུབ་ཐབས་ སློབ་དཔོན་ཆེན་པོ་བརྦི་པས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་བྷ་རེནྡྲ་རུ་ཙི་དང་། བོད་ཀྱི་ལོ་ཙཱ་བ་རྨ་ཆོས་འབར་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་ཧོ་མ་བི་དྷི། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་ འབྱོར་མའི་སྦྱིན་སྲེག་གི་ཆོ་ག །དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལས་ཀྱི་ཚོགས་དང་། དངོས་གྲུབ་བསྒྲུབ་པའི་དོན་དུ་སྦྱིན་སྲེག་གི་བྱ་བ་བྱེད་པར་འདོད་པའི་སྔགས་པས། གྲུ་གསུམ་པའི་ རྣམ་པ་ཅན་གྱི་ཐབ་ཁུང་གི་རྒྱ་ཁྱོན་གྱི་ཕྱེད་ཐུར་དུ་བརྐོས་པ་ཕྱི་སྐོར་དང་བཅས་པ་དམར་བ་ལ་སོགས་པའི་མདོག་དང་ལྡན་པ་ལེགས་པར་འཆོས་པ་བྱས་ལ། ནུབ་ལ་སོགས་པར་བལྟས་པའི་ཚུལ་གྱིས་འདུག་ལ། མཆོད་པའི་ཡོ་བྱད་ལྔས་མཆོད་དེ་ཐབ་ཁུང་དུ་བསྲེག་ཅིང་བཀོད་ནས་ཡི་གེ་རཾ་གྱི་ས་བོན་ ལས་སྐྱེས་པའི་མོ་ལྷ་མདོག་དམར་པོ་རིལ་བ་སྤྱི་བླུགས་དང་། མི་འཇིགས་པ་སྦྱིན་པ་དང་། དབྱིག་པ་དང་། བགྲང་ཕྲེང་ལག་ན་འཛིན་པ་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱས་ནས་ནི། ཡང་དག་པར་མཆོད་དེ། དེའི་ལྕེའི་རྩེ་མོར་རཾ་བཀོད་ནས་ བདུད་རྩི་ལྔ་ལ་སོགས་པའི་རྫས་དང་། འཇིག་རྟེན་པའི་རྫས་རྣམས་ཨོཾ་ཨགྣེ་དེ་བ་ཏཱ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་སྦྱིན་སྲེག་བྱས་ནས་སྔགས་དེ་ཉིད་ཀྱིས་དགང་བླུགས་དབུལ་བར་བྱའོ། །དེ་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྔགས་ཀྱིས་མེ་ལྷའི་དཀྱིལ་འཁོར་དུ། དཀྱིལ་འཁོར་གྱི་འཁོར་ ལོ་ལྷག་པར་མོས་པར་བྱས་ནས་མཆོད་པ་ལ་སོགས་པ་བྱས་ཏེ། བདུད་རྩི་ལྔ་ལ་སོགས་པའི་རྫས་རྣམས་ཀྱིས་ལྷ་མོའམ་ལྷ་རྣམས་ལ་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཞི་ལ་བསྲེག་རྫས་མར་སོགས་ཏེ། རྒྱས་པ་ལ་ནི་མངར་ཉིད་དོ། །དབང་ལ་མར་དང་ལན་ཚྭ་ཉིད། །དྲག་པོ་ཚ་དང་ཁ་སོགས་ཀྱིས། ། ཞི་ལ་གཟུགས་ནི་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོ་བསྒོམ། །དབང་ལ་དམར་པོ་ཞེས་བྱར་བརྗོད། །དྲག་པོ་ནག་པོར་རབ་ཏུ་གྲགས། །དངོས་གྲུབ་སྒྲུབ་པའི་དུས་སུ་ནི། །ཁ་དོག་དམར་པོར་རྣམ་པར་བསྒོམ། །དེ་ལྟར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་བཅུག་ནས། གཏོར་ མ་བཏང་སྟེ་ཚོགས་ཀྱི་འཁོར་ལོའི་ཚུལ་དུ་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས། རང་མངོན་པར་འདོད་པའི་དངོས་གྲུབ་ཞུ་བར་བྱའོ། །བསྟན་པར་བྱ་མིན་སྦྱིན་སྲེག་འདི། །རབ་ཏུ་འབད་པས་སྦ་བར་བྱ། །དེ་ནས་དངོས་གྲུབ་སྐྱེ་འགྱུར་གྱི། །གཞན་དུ་གྲུབ་ལ་བརྟེན་མི་འགྱུར། །ཡང་དག་ དད་པས་རྗེས་སྦྱར་བ། །ཡིད་བཞིན་ནོར་བུ་ལྟ་བུའི་སྔགས། །ཕྱག་རྒྱ་ཆེན་པོའི་འདོད་པ་ཡི། །དད་ལྡན་རྣམས་ལ་བསྟན་པར་བྱ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པ་ལས། གསང་བའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་བསོད་སྙོམས་པའི་སློབ་མ་རྒྱལ་བས་བྱིན་གྱི་ཚ་བོ་སངས་རྒྱས་བྱིན་ གྱིས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་བྷ་རེནྡྲ་རུ་ཙི་དང་། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། ༄༅༅། །རྒྱ་གར་སྐད་དུ། ཀུ་ལི་ག་ན་མ་ཏཏྟྭ་ནཱི་ར་ན་མ། བོད་སྐད་དུ། རིགས་ལྡན་མའི་དེ་ཁོ་ན་ཉིད་ ངེས་པ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །རིགས་ལྡན་མ་སུམ་ཅུ་རྩ་བདུན་པོ་རྣམས་བཤད་དེ། རིགས་ལྡན་མ་སུམ་ཅུ་རྩ་བདུན་མ་ནི་འདི་ལྟ་སྟེ། རྩ་བའི་རྒྱུད་དུ་གསུངས་པའི་རིགས་ལྡན་མ་རྡོ་རྗེ་ཕག་མོ་ནི། རིག་བྱེད་མ་ཌོམྦི་མའོ། །མཁའ་འགྲོ་མ་ནི་དམངས་ རིགས་མའོ། །ལཱ་མ་ནི་རྒྱལ་རིགས་མའོ། །དུམ་སྐྱེས་མ་ནི་རྗེའུ་རིགས་མའོ། །གཟུགས་ཅན་མ་ནི་བྲམ་ཟེ་མའོ། །ཁྭ་གདོང་མ་ནི་ཀླ་ཀློ་མའོ། །འུག་པའི་གདོང་ཅན་མ་ནི་ཕྱག་དར་མའོ། །ཁྱི་གདོང་མ་ནི་གདོལ་པ་ཅན་མའོ། །ཕག་གདོང་མ་ནི་ཉེ་བའི་གླིང་མའོ། །གཤིན་ རྗེའི་མཆེ་བ་ཅན་མ་ནི་རི་ཁྲོད་མའོ། །གཤིན་རྗེའི་ཕོ་ཉ་མོ་ནི་ཉ་གསོད་མའོ། །གཤིན་རྗེའི་མཆེ་བ་གཙིགས་མ་ནི་ལྦོས་བྱེད་མའོ། །གཤིན་རྗེ་བསླབ་བྱེད་མ་ནི་འབར་བ་རི་མའོ། །རབ་ཏུ་གཏུམ་མོ་ནི་འདྲི་མཁན་མ་དང་ཐགས་མཁན་མའོ། །གཏུམ་པའི་མིག་ཅན་མ་ནི་ཆང་འཚོང་མའོ། །འོད་ལྡན་མ་ ནི་ཕྲེང་འཚོང་མའོ། །སྣ་ཆེན་མ་ནི་སྟག་གཟིག་མའོ། །དཔའ་བོའི་བློ་མ་ནི་མི་སྨིན་མའོ། །མིའུ་ཐུང་མ་ནི་སྨྱུག་གར་མའོ། །སྲིན་པོའི་དབང་ཕྱུག་མ་ནི་འཁར་བ་མཁན་མའོ། །ཤིང་གྲིབ་མ་ནི་ནོར་བུ་མཁན་མའོ། །ས་སྲུང་མ་ནི་ལྕགས་མཁན་མའོ། །འཇིགས་བྱེད་ཆེན་པོ་མ་ནི་རྒྱ་སྐྱེགས་ མཁན་མའོ། །རླུང་གི་ཤུགས་ཅན་མ་ནི་སྲིན་མཁན་མའོ། །ཆང་འཐུང་མ་ནི་ཏིལ་མཁན་མའོ། །ལྷ་མོ་སྔོ་བསངས་མ་ནི་འདྲེག་མཁན་མའོ། །ཤིན་ཏུ་བཟང་མོ་ནི་པགས་པ་མཁན་མའོ། །རྟ་རྣ་མ་ནི་ཤིང་འཚོང་མའོ། །བྱ་གདོང་མ་ནི་སྨྱིག་མ་འཚོང་མའོ། །འཁོར་ལོའི་ཤུགས་ཅན་མ་ནི་ ཤན་པ་མའོ། །དུམ་སྐྱེས་མ་ནི་ཁུར་མཁན་མའོ། །ཆང་དགའ་མ་ནི་སྲུབ་མཁན་མའོ། །འཁོར་ལོའི་གོ་ཆ་མ་ནི་གར་མཁན་མའོ། །ཤིན་ཏུ་དཔའ་མོ་ནི་ཚོས་མཁན་མའོ། །སྟོབས་ཆེན་མ་ནི་ཉ་ཤ་འཚོང་མའོ། །འཁོར་ལོས་སྒྱུར་མ་ནི་རྫ་མཁན་མའོ། །བརྩོན་ཆེན་མ་ནི་རྩིས་མཁན་ མའོ། །དེ་རྣམས་ནི་གོ་རིམས་ཇི་ལྟ་བར་ཕྱི་རོལ་དུ་ལོངས་སྤྱོད་ཅིང་དུས་ཚོད་ལ་བབ་པའི་ཉིན་པར་ལོངས་སྤྱོད་པ་སྟེ། ལས་ཀྱི་ཚོགས་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་དོན་དུ། སྔོན་ལ་རིགས་ཀྱི་ཕོ་ཉ་མོ་དེ་རྣམས་ལ་མཆོད་པའི་ཆོ་ག་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ད་ནི་རང་གི་གཟུགས་ཡོངས་སུ་བསྒྱུར་བ་རྣམས་ཀྱིས་དམ་ཚིག་གི་ཕོ་ཉ་མོ་རྣམས་བཤད་དེ། འདིར་རིགས་ལྡན་མ་རྡོ་རྗེ་ཕག་མོ་ནི་ཀུན་གྱི་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་མའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཁྱི་མོའོ། །ལཱ་མ་ནི་རྟ་མོའོ། །དུམ་སྐྱེས་མ་ནི་གླང་པོ་མའོ། །གཟུགས་ཅན་མ་ནི་བའོ། ། རབ་ཏུ་གཏུམ་མ་ནི་ལུག་མའོ། །གཏུམ་པའི་མིག་ཅན་མ་ནི་ར་མོའོ། །འོད་ལྡན་མ་ནི་རི་དགས་མའོ། །སྣ་ཆེན་མ་ནི་བོང་མོའོ། །དཔའ་བོའི་བློ་མ་ནི་ཕག་མོའོ། །མིའུ་ཐུང་མ་ནི་རྔ་མོའོ། །སྲིན་པོའི་དབང་ཕྱུག་མ་ནི་ནགས་ཀྱི་ཝ་མོའོ། །ཤིང་གྲིབ་མ་ནི་ནགས་མཐའི་སེང་གེ་མའོ། ། ས་སྲུང་མ་ནི་བསེ་རུ་གཅིག་མའོ། །འཇིགས་བྱེད་ཆེན་མོ་ནི་སྟག་མོའོ། །རླུང་གི་ཤུགས་ཅན་མ་ནི་རི་ཁྲོད་མའོ། །ཆང་འཐུང་མ་ནི་ནེའུ་ལེ་མའོ། །ལྷ་མོ་སྔོ་བསངས་མ་ནི་འབྲི་མོའོ། །ཤིན་ཏུ་སྔོ་བསངས་མ་ནི་སྤྱང་མོའོ། །རྟ་རྣ་མ་ནི་སྲམ་མོའོ། །བྱ་གདོང་མ་ནི་བྱི་ལ་མའོ། །འཁོར་ལོའི་ ཤུགས་ཅན་ཆེན་མོ་ནི་ཆུ་སྲིན་ཀུམྦྷི་ར་མའོ། །དུམ་སྐྱེས་མ་ནི་འགྲོན་བུ་མའོ། །ཆང་དགའ་མ་ནི་ཆུ་སྲིན་བྱིས་པ་གསོད་མའོ། །འཁོར་ལོའི་གོ་ཆ་མ་ནི་ཉ་མོའོ། །ཤིན་ཏུ་དཔའ་མོ་ནི་ཆུ་སྲིན་མ་ཀ་ར་མོའོ། །སྟོབས་ཆེན་མ་ནི་རུས་སྦལ་ཆུང་ཤོས་མའོ། །འཁོར་ལོས་སྒྱུར་མ་ནི་རུས་སྦལ་མོའོ། །བརྩོན་ ཆེན་མ་ནི་དུང་མོའོ། །ཁྭ་གདོང་མ་ནི་རྨིགས་པ་མའོ། །འུག་གདོང་མ་ནི་བྱི་བ་མའོ། །ཁྱི་གདོང་མ་ནི་མ་ཧེ་མའོ། །ཕག་གདོང་མ་ནི་སྤྲེའུ་མའོ། །གཤིན་རྗེའི་མཆེ་བ་ཅན་མ་ནི་བ་མེན་མའོ། །གཤིན་རྗེ་ཕོ་ཉ་མོ་ནི་སྲོག་ཆགས་ཤི་ལ་ཀི་མའོ། །གཤིན་རྗེ་མཆེ་བ་གཙིགས་མ་ནི་མཛེས་ཏ་ཀྲི་མོའོ། ། གཤིན་རྗེ་རླག་བྱེད་མ་ནི་རྩངས་པ་མོའོ། །འདི་དག་ནི་སྐམ་ལ་གནས་པ་དང་། གཤེར་ལ་གནས་པ་དང་། ནགས་ན་གནས་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་ལྷ་མོ་རྣམས་ཀྱི་དམ་ཚིག་སྟེ། གང་གི་ཚེ་རྣལ་འབྱོར་པ་རྣམས་རང་རང་གི་རང་བཞིན་གཟུགས་དེ་རྣམས་སུ་ཤེས་ན་རྣལ་འབྱོར་མ་ སུམ་ཅུ་རྩ་དྲུག་གི་དངོས་གྲུབ་ཏུ་འགྱུར་རོ། །ད་ནི་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་བཤད་པ་སྟེ། འདིར་ཡང་རིགས་ལྡན་མ་རྡོ་རྗེ་ཕག་མོ་ཉིད་ཐམས་ཅད་ཀྱི་གཟུགས་སུ་བསྒྱུར་མའོ། །དེ་ལ་རྡོ་རྗེ་མཁའ་འགྲོ་མ་ནི་ཁུག་རྟ་མའོ། །ལཱ་མ་ནི་ནེ་ཙོ་མའོ། །དུམ་སྐྱེས་མ་ ནི་བྱ་ཤ་རི་ཀ་མོའོ། །གཟུགས་ཅན་མ་ནི་བྱ་ཀོ་ཀི་ལ་མའོ། །རབ་ཏུ་གཏུམ་མོ་ནི་བྱ་ལ་བི་མའོ། །གཏུམ་པའི་མིག་ཅན་མ་ནི་ཕུག་རོན་མའོ། །འོད་ལྡན་མ་ནི་ཁྭ་མོའོ། །སྣ་ཆེན་མ་ནི་མཆིལ་པ་མོའོ། །དཔའ་བོའི་བློ་ཅན་མ་ནི་ངུར་པ་མའོ། །མི་མཐུན་མ་ནི་ངང་པ་མའོ། །སྲིན་པོའི་དབང་ ཕྱུག་མ་ནི་ཆུ་སྲེག་མའོ། །ཤིང་གྲིབ་མ་ནི་བྱ་ཀོ་དྷི་མའོ། །ས་སྲུང་མོ་ནི་ཀྲུང་གྲུང་མོའོ། །འཇིགས་བྱེད་ཆེན་པོ་ནི་བྱ་རྒོད་མའོ། །རླུང་གི་ཤུགས་འཆང་མ་ནི་བྱ་ཌཱ་ཀི་མོའོ། །ཆང་མཐུང་མ་ནི་འོལ་བ་མོའོ། །ལྷ་མོ་སྔོ་བསངས་ནི་བྱ་བུནྡྷ་ཙི་ལི་ཀ་མོའོ། །ཤིན་ཏུ་བཟང་མོ་ནི་ཁྱིམ་ བྱ་མོའོ། །རྟ་རྣ་མོ་ནི་བྱ་ཀ་ཀ་མཆུ་རིངས་མོའོ། །བྱ་གདོང་མ་ནི་ཧ་རི་རྡ་ཀ་རི་མོའོ། །འཁོར་ལོའི་ཤུགས་ཅན་མ་ནི་ངང་སྐྱ་མོའོ། །དུམ་སྐྱེས་མ་ནི་བྱ་ཀོ་ཀི་ལི་ཀུ་ཀུ་ཧི་མའོ། །ཆང་དགའ་མ་ནི་བྱ་རི་རྩ་ཀི་མའོ། །འཁོར་ལོའི་གོ་ཆ་མ་ནི་ཁྲ་མའོ། །བཅོམ་ལྡན་འདས་ཤིན་ཏུ་དཔའ་མོ་ནི་སྲེག་པ་མོའོ། ། སྟོབས་ཆེན་མ་ནི་བྱས་ད་ས་མོའོ། །འཁོར་ལོས་སྒྱུར་མ་ནི་ཆུ་བྱ་མོའོ། །བརྩོན་ཆེན་མོ་ནི་ཆུ་སྐྱར་མོའོ། །ཁྭ་གདོང་མ་ནི་བྱ་ལ་ཚ་ན་ཚི་མོའོ། །འུག་གདོང་མ་ནི་བྱ་བང་མོའོ། །ཁྱི་གདོང་མ་ནི་བྱ་འུག་ནག་མོའོ། །ཕག་གདོང་མ་ནི་འུག་པ་མོའོ། །གཤིན་རྗེ་མཆེ་བ་ཅན་ནི་བྱ་ཀ་ལི་ར་མོའོ། །གཤིན་ རྗེ་ཕོ་ཉ་མོ་ནི་བྱ་ཏི་ཏི་བི་མོའོ། །གཤིན་རྗེ་མཆེ་བ་གཙིགས་མ་ནི་བྱ་མགོ་གཉིས་མའོ། །གཤིན་རྗེ་འཇོམས་མ་ནི་བྱ་ཨ་མ་བ་ར་ཀི་མོའོ། །འདི་དག་ནི་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་བ་རྣམས་ཏེ། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་རྣམས་སོ། །སྐམ་ལ་གནས་པ་དང་། ཆུ་ལ་གནས་པ་དང་། ནམ་མཁའ་ལ་གནས་པ་རྣམས་གཅིག་ལ་གཅིག་བསྣུན་ཏེ་ཤི་བ་དེ་དག་གི་ཤ་ཁ་ན་མ་ཐོ་བ་མེད་པ་ཇི་ལྟར་རྙེད་པ་དང་། བདུད་རྩི་ལྔ་མཉམ་པར་བྱས་ལ། འོག་ནས་བཤད་པའི་རིམ་པས་དུར་ཁྲོད་ཀྱིས་གཞིར་རི་ལུར་བྱས་ཏེ། གསུང་གི་རྡོ་རྗེ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ སྦྲགས་ཏེ་བསྒྲུབ་པར་བྱའོ། །དེ་ནས་ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་རྣམས་རྟོགས་པས་རབ་ཏུ་སྤར་ཏེ་བདུད་རྩིར་བྱས་ཏེ་སྦྱངས་པས་རྡོ་རྗེ་མཆོད་པའི་དུས་སུ་ནི་རྣལ་འབྱོར་མ་རྣམས་ལ་སྔགས་པས་དབུལ་བར་བྱའོ། །བསྒོམ་པའི་དུས་སུ་ནི་ཡང་དག་པར་སྤྱོད་པའོ། །ཡང་དག་པར་སྤྱོད་པའི་དུས་སུ་ སྙོམས་པར་འཇུག་པར་བྱའོ། །སྙོམས་པར་འཇུག་པའི་དུས་སུ་ནི་རི་ལུ་དེ་བདག་ཉིད་ཀྱི་ཁར་བཞག་ཅིང་ཤེས་རབ་ཀྱི་ཁར་ཡང་གཞུག་གོ། །དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཁར་ཡང་གཞུག་པར་བྱའོ། །འདི་དག་ནི་དམ་ཚིག་གི་མཆོད་པའི་ངེས་པའི་ཚིག་གོ། །ད་ནི་མཆོད་པའི་ཆོ་ག་ བཤད་དེ། འདིར་ཕྱི་དང་ནང་གི་རིགས་བྲལ་མ་རྡོ་རྗེ་ཕག་མོ་ནི་མི་འགྱུར་བ་ཆེན་པོ་བདེ་བའི་འབྲས་བུ་ཡིན་པས་ན། འབྲིང་དང་མཆོག་གི་དབུགས་ཀྱིས་དུས་ཀུན་དུ་མཆོད་པར་བྱ་སྟེ། སྔགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུའོ། །འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ནི་རྡོ་རྗེ་མཁའ་འགྲོ་མ་ལ་ སོགས་པ་རྣམས་གོ་རིམས་ཇི་ལྟ་བའི་ཁྱད་པར་གྱིས་མཆོད་པར་བྱའོ། །ཕྱི་རོལ་དུ་ཆུ་སྲིན་མ་ཀ་རར་ཡང་དག་པར་འཕོས་པ་ནི་ཞལ་ཤར་ཕྱོགས་མ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་བསང་པའི་ལས་བྱ་བའི་དོན་དུ་མཆོད་པར་བྱའོ། །འོག་ཏུ་ཡང་དག་པར་འཕོས་པ་ལ་གཡས་པའི་ཞལ་ཏེ་ལཱ་མ་ལ་ དབང་གི་ལས་བསྒྲུབ་པའི་དོན་དུའོ། །ཉ་ཁྱི་བར་ཡང་དག་པར་འཕོས་པ་ན་ནུབ་ཀྱི་ཞལ་ཏེ། དུམ་སྐྱེས་མ་ལ་རེངས་པའི་དོན་དུའོ། །སྲང་དུ་ཡང་དག་པར་འཕོས་པ་ལ་གཡོན་གྱི་ཞལ་ཏེ་གཟུགས་ཅན་མ་ལ་ཞི་བར་བྱེད་པའི་དོན་དུ་སྟེ། ཟླ་བ་དེའི་རྒྱུ་སྐར་ས་རི་ཡང་དག་པར་འཕོས་པ་ནི་སྔགས་ པས་མཆོད་པར་བྱའོ། །གཞན་རྣམས་ནི་ཟླ་བ་དག་གི་ཐ་མར་རོ། །ལོའི་དུས་ཀྱི་ཆར་ཟད་པ་རྣམས་བཞི་པོ་ནོར་དང་། ནོར་གྱི་ལན་དང་། འཕེལ་བ་དང་འཇོམས་པ་ཞེས་བྱ་བར་ཕྱེ་བ་དེ་རྣམས་ཀྱི་ཡང་དག་པར་འཕོས་པའི་ཉིན་པར་རིམ་བཞིན་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས་མཁའ་འགྲོ་ མ་བཞི་པོ་རྣམས་སུ་ལོངས་སྤྱོད་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཐུགས་གསུང་སྐུ་ཞལ་དབྱེ་བས། ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་ལྷ་མོ་རྣམས་ཁོང་དུ་ཆུད་པར་བྱའོ། །བསད་པ་ལ་སོགས་པའི་ལས་རྣམས་སྒྲུབ་པར་བྱེད་པ་ལ་སོགས་པའི་ཁམས་ཀྱི་དབྱེ་བས་ངེས་པ་ཡང་ ཡིན་ནོ། །དེ་ལྟར་ཐམས་ཅད་དུ་ཞལ་གྱི་དབྱེ་བས་བཤད་པའི་ལས་ཀྱི་ཚོགས་རྣམས་བསྒྲུབ་པ་ལས་ལྷ་མོ་དེ་རྣམས་མཆོད་པའོ། །ད་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་མཆོད་པ་བཤད་དེ། འདིར་ཆུ་སྲིན་མ་ཀ་རར་འཕོ་བའི་ཉིན་པར་ཁྭ་གདོང་མ་སྟེ་བསྐྲད་པའི་དོན་དུའོ། །བུམ་པར་འཕོས་པའི་ཕྱེད་ ཀྱི་ཉིན་པར་འུག་པའི་གདོང་ཅན་མ་སྟེ། དགུག་པའི་དོན་དུའོ། །ལུག་ཏུ་འཕོས་པའི་ཉིན་པར་ཁྱི་གདོང་མ་སྟེ་ཕུར་པའི་དོན་དུའོ། །གླང་དུ་འཕོས་པའི་ཕྱེད་ཀྱི་ཉིན་པར་ཕག་གདོང་མ་སྟེ་རྒྱས་པའི་དོན་དུའོ། །ཉ་ཁྱི་བར་ཡང་དག་པར་འཕོས་པའི་ཉིན་པར་གཤིན་རྗེ་མཆེ་བ་ཅན་ཏེ་དུག་མེད་པར་ བྱ་བའི་དོན་དུའོ། །སེང་གེ་འཕོས་པའི་ཕྱེད་ཀྱི་ཉིན་པར་གཤིན་རྗེ་ཕོ་ཉ་མོ་སྟེ་རྨོངས་པར་བྱ་བའི་དོན་དུའོ། །སྲང་དུ་ཡང་དག་པར་འཕོས་པའི་ཉིན་པར་གཤིན་རྗེ་མཆེ་གཙིགས་མ་སྟེ་རེངས་པར་བྱ་བའི་དོན་དུའོ། །སྡིག་པར་འཕོས་པའི་ཕྱེད་ཀྱི་ཉིན་པར་གཤིན་རྗེ་འཇོམས་མ་སྟེ་ དབྱེ་བར་བྱ་བའི་དོན་དུའོ། །ལོ་གཅིག་ལ་ཟླ་བ་ཕྱེད་དང་། རེངས་པ་ལ་རྣལ་འབྱོར་པས་མཆོད་པའི་དོན་དུའོ། །ཐུན་མཚམས་བརྒྱད་ཀྱི་ཐ་མ་ལ་སོགས་པར་ཕྱེ་བའི་ཉིན་པར་ཇི་སྐད་བཤད་པའི་རིམ་པས་རྣལ་འབྱོར་པ་བརྒྱད་པོ་རྣམས་ལོངས་སྤྱོད་པ་སྟེ། ཇི་སྲིད་ཟླ་བ་ཕྱེད་ཕྱེད་དང་ཟླ་བ་རྫོགས་ པར་རྣལ་འབྱོར་མ་འདི་དག་ཏུ་ངེས་སོ། །ད་ནི་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་ལྷ་མོ་རྣམས་ལ་མཆོད་པར་བཤད་དོ། །འདིར་དགུན་ཟླ་ར་བར་འཕོས་པ་ལ། རབ་ཏུ་གཏུམ་མོ་དང་ཐོད་པའི་དུམ་བུ་ལ་བསད་པར་བྱ་བའི་དོན་དུའོ། །ཉའི་ངོར་འཕོས་པ་ལ་གཏུམ་པའི་ མིག་ཅན་མ་དང་། ཀེང་རུས་ཆེན་པོ་ལ་དབང་གི་དོན་དུའོ། །དགུན་ཟླ་འབྲིང་པོར་འཕོས་པའི་ངོ་ལ་ནི་འོད་ལྡན་མ་དང་། ཀེང་རུས་ལ་རེངས་པར་བྱ་བའི་དོན་དུའོ། །ཉའི་ངོར་འཕོས་པ་ལ་ནི་སྣ་ཆེན་མོ་དང་མཆེ་བ་རྣམ་པར་གཙིགས་མལ་རྒྱས་པར་བྱ་བའི་དོན་དུའོ། །དགུན་ཟླ་ཐ་ཆུངས་ ལ་ནི་དཔའ་བོའི་བློ་ཅན་མ་དང་། ཆང་དགའ་ལ་ཞི་བའི་དོན་དུའོ། །ཉའི་ངོར་འཕོས་པ་ལ་ནི་མིའུ་ཐུང་མ་དང་། འོད་དཔག་མེད་ལ་རྨོངས་པའི་དོན་དུའོ། །དཔྱིད་ཟླ་ར་བར་འཕོས་པའི་ངོ་ལ་ནི་སྲིན་པོའི་དབང་ཕྱུག་མ་དང་། རྡོ་རྗེ་འོད་ལ་དགུག་པའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་ཤིང་ གྲིབ་མ་དང་རྡོ་རྗེའི་སྐུ་ལ་དབྱེ་བའི་དོན་དུའོ། །འདི་དག་ནི་དགུན་ཟླ་ར་བ་ལ་སོགས་པའི་ཟླ་བ་བཞི་པོའི་ངོ་བརྒྱད་ཀྱི་ཉིན་པར་རྣམས་ལ་ཇི་ལྟར་གསུངས་པའི་རིམ་པས་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །ད་ནི་གསུང་གི་འཁོར་ལོའི་མཆོད་པ་བཤད་དེ། འདིར་ དཔྱིད་ཟླ་འབྲིང་པོ་འཕོས་པའི་ངོ་ལ་ནི་ས་སྲུང་མ་དང་རྡོ་རྗེ་མྱུ་གུ་ལ་བསྐྲད་པའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་དཔའ་མོ་ཆེན་མོ་དང་། རྡོ་རྗེ་རལ་ཅན་ལ་མཛའ་བར་བྱ་བའི་དོན་དུའོ། །དཔྱིད་ཟླ་ཐ་ཆུངས་སུ་འཕོས་པའི་ངོ་ལ་ནི་རླུང་གི་ཤུགས་ཅན་མ་དང་། དཔའ་བོ་ཆེན་པོ་ལ་སྡེ་དཔུང་རེངས་པར་ བྱ་བའི་དོན་དུའོ། །ཉ་རུ་འཕོས་པའི་ངོ་ལ་ནི་ཆང་འཐུང་མ་དང་། རྡོ་རྗེ་ཧཱུཾ་མཛད་ལ་སྤྲིན་ལས་ཆར་དབབ་པའི་དོན་དུའོ། །དབྱར་ཟླ་ར་བར་འཕོས་པའི་ངོ་ལ་ནི། ལྷ་མོ་སྔོ་བསངས་མ་དང་ཤིན་ཏུ་བཟང་མོ་ལ་རིམས་བསལ་བའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་ཤིན་ཏུ་བཟང་མོ་དང་། རྡོ་རྗེ་བཟང་མོ་ལ་ བཅིང་བ་དབྱེ་བའི་དོན་དུའོ། །དབྱར་ཟླ་འབྲིང་པོ་འཕོས་པའི་ངོ་ལ་ནི་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོ་ལ་དབབ་པར་བྱ་བའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་བྱ་གདོང་མ་དང་མིག་མི་བཟང་ལ་སྤྲིན་བྲལ་བའི་དོན་དུའོ། །འདི་དག་ནི་དཔྱིད་ཟླ་འབྲིང་པོ་ལ་སོགས་པ་བཞི་པོ་ངོ་བརྒྱད་ཀྱི་ཉིན་པར་རྣམས་ ལ། ཇི་ལྟར་བཤད་པའི་རིམ་པར་གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །ད་ནི་སྐུའི་འཁོར་ལོའི་མཆོད་པ་བཤད་དེ། འདིར་དབྱར་ཟླ་ཐ་མར་འཕོས་པའི་ངོ་ལ་ནི་འཁོར་ལོའི་ཤུགས་ཅན་མ་དང་། སྟོབས་པོ་ཆེ་ལ་རལ་གྲི་ཆེན་པོ་བསྒྲུབ་པའི་དོན་དུའོ། །ཉར་ འཕོས་པའི་ངོ་ལ་ནི་དུམ་སྐྱེས་མ་དང་། རིན་ཆེན་རྡོ་རྗེ་ལ་སྔགས་ཀྱི་དངོས་གྲུབ་ཀྱི་དོན་དུའོ། །སྟོན་ཟླ་ར་བར་འཕོས་པའི་ངོ་ལ་ནི། ཆང་དགའ་མ་དང་རྟ་མགྲིན་ལ་ཀླུའི་རྒྱལ་པོ་རེངས་པར་བྱ་བའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་འཁོར་ལོའི་གོ་ཆ་མ་དང་། ནམ་མཁའི་སྙིང་པོ་ལ་བཅུད་ཀྱིས་ལེན་ཆེན་ པོ་བསྒྲུབ་པའི་དོན་དུའོ། །སྟོན་ཟླ་འབྲིང་པོ་འཕོས་པའི་ངོ་ལ་ནི། ཤིན་ཏུ་དཔའ་མོ་དང་། ཧེ་རུ་ཀ་ལ་འབྲས་བུ་བདུད་རྩིར་བསྒྲུབ་པའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་སྟོབས་ཆེན་མ་དང་། པདྨ་གར་གྱི་དབང་ཕྱུག་མ་ལ་གཏེར་བསྒྲུབ་པའི་དོན་དུའོ། །སྟོན་ཟླ་ཐ་ཆུངས་ལ་འཕོས་པའི་ངོ་ལ་ནི། འཁོར་ལོས་སྒྱུར་མ་དང་རྣམ་པར་སྣང་མཛད་ལ་རིན་པོ་ཆེ་བསྒྲུབ་པའི་དོན་དུའོ། །ཉར་འཕོས་པའི་ངོ་ལ་ནི་བརྩོན་ཆེན་མ་དང་རྡོ་རྗེ་སེམས་དཔའ་ལ་འཇིག་རྟེན་གསུམ་གྱི་གནས་སུ་བགྲོད་པར་བྱ་བའི་དོན་དུའོ། །འདི་དག་དབྱར་ཟླ་ཐ་ཆུངས་ལ་སོགས་པའི་ཟླ་བ་བཞི་པོའི་ངོ་བརྒྱད་པོའི་ཉིན་པར་རྣམས་ལ་ ཇི་ལྟར་བཤད་པའི་རིམ་པས་སྐུའི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །ཡང་ན་སྡིག་པར་འཕོས་པའི་ཉིན་པར་ལ། སྡིག་པར་འཕོས་པའི་ཉིན་པར་ཕྱེད་དག་དང་། གཞུར་འཕོས་པ་ལ་གཞུའི་ཕྱེད་དག་དང་། ཆུ་སྲིན་མ་ཀ་རར་འཕོས་པ་ལ། ཆུ་སྲིན་མ་ཀ་རའི་ ཕྱེད་དག་དང་། བུམ་པར་འཕོས་པ་ལ་བུམ་པའི་ཉིན་པར་ཕྱེད་དུ་བྱས་སྟེ། ཉིན་པར་བརྒྱད་པོ་དེ་རྣམས་ལ། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །དེ་བཞིན་དུ་ཉར་འཕོས་པ་ལ་ཉའི་ཉི་མ་ཕྱེད་དག་དང་། ལུག་ཏུ་འཕོས་པ་ལ་ལུག་གི་ཉི་མ་ ཕྱེད་དག་དང་། གླང་དུ་འཕོས་པ་ལ་གླང་གི་ཉི་མ་ཕྱེད་དག་དང་། སྦྱོར་བར་འཕོས་པ་ལ་སྦྱོར་བའི་ཉི་མ་ཕྱེད་དག་དང་། ཉི་མ་བརྒྱད་པོ་འདི་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས། གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །དེ་བཞིན་དུ་ཉ་ཁྱི་བར་འཕོས་ པའི་ཉིན་པར་ལ་ཉ་ཁྱི་བའི་ཕྱེད་དག་དང་། སེང་གེར་འཕོས་པའི་ཉིན་པར་ལ་སེང་གེའི་ཕྱེད་དག་དང་། བུ་མོར་འཕོས་པའི་ཉིན་པར་རྣམས་ལ་བུ་མོའི་ཕྱེད་དག་དང་། སྲང་དུ་འཕོས་པའི་ཉིན་པར་ལ་སྲང་གི་ཕྱེད་དག་སྟེ། ཉི་མ་བརྒྱད་པོ་དེ་རྣམས་ལ་ཇི་ལྟར་བཤད་པའི་རིམ་པས་སྐུའི་འཁོར་ ལོའི་དཔའ་བོ་དང་དཔའ་མོ་རྣམས་ལ་ལོངས་སྤྱོད་པའོ། །དེ་ལྟ་བུའི་མཐུ་རྣམས་ཀྱིས་ལོ་གསུམ་དུ་ཕྱེ་བས་ལོ་དགུར་དང་པོར་ཡི་གེ་ཨོཾ་མཆོད་པར་གཟུང་སྟེ། དེ་ནས་ལོ་དང་པོར་ནི་ལྷ་མོ་བཞི་མིང་དང་སྤེལ་བའི་ཞལ་བཞི་པའི་སྔགས་ཟླ་བ་གསུམ་གསུམ་དུ་ཕྱེ་བས་བཟླ་བར་བྱའོ། །ལོ་གཉིས་པ་ལ་ནི་ རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱི་མིང་དང་སྤེལ་བའི་རྐང་པ་བརྒྱད་པོའི་སྔགས་ཟླ་བ་ཕྱེད་དང་གཉིས་གཉིས་སུ་ཕྱེ་བས་བཟླའོ། །ལོ་གསུམ་པ་ལ་ནི་ལྷ་མོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་མིང་དང་སྤེལ་བའི་རང་རང་གི་སྔགས་ཀྱི་ཕྲེང་བ་རྣམས་བཟླས་ཏེ། སྔོན་དུ་བཤད་པའི་བསྒྲུབ་པའི་དོན་དུའོ། །དེ་ ལྟར་ལོ་གསུམ་དང་ལོ་དྲུག་དང་ལོ་དགུ་རུ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་པོ་རྣམས་བསྒྲུབས་ཏེ། དེ་ནས་འཇིག་རྟེན་པའི་ལས་ཀྱི་ཚོགས་རྣམས་ཀྱི་དངོས་གྲུབ་བསྒྲུབས་ན། སྔགས་པ་གྲུབ་པར་བྱེད་དོ་ཞེས། དེ་བཞིན་གཤེགས་པས་ངེས་པར་གསུངས་སོ། །དེ་བཞིན་དུ་ནང་ལ་ཡང་ཟུང་བཞི་ དང་ཐུན་མཚམས་བརྒྱད་དེ་ཆུ་ཚོད་ཕྱེད་དང་གསུམ་གྱི་བདག་ཉིད་ཕྱོགས་རེ་རེར་སྦྱར་ན་ཉི་ཤུ་རྩ་བཞིའོ། །དུས་ཚོད་དེ་རྣམས་སུ་སོ་སོའི་ཉིན་པར་རྣམས་ལ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་མཆོད་པ་བྱས་ཏེ། སྔར་བཤད་པའི་དངོས་གྲུབ་རྣམས་བསྒྲུབ་པོ། །དུས་ཀྱི་ཁྱད་པར་ གྱིས་ཕོ་ཉ་མོ་རྣམས་ལ་མཆོད་པའི་ཆོ་ག་ངེས་པའོ། །ད་ནི་ཐེག་པ་ཆེན་པོའི་རྒྱུད་ལས་གསུངས་པའི་འབྲས་བུའི་ཁྱད་པར་བཤད་པ་དང་། འདིར་དུས་ཀྱི་ཁྱད་པར་བཅོམ་ལྡན་འདས་ཀྱིས་རྒྱུད་གཞན་དང་གཞན་ལས་གསུངས་པ་དེ་འདིར་སྡུད་པ་ཙམ་གྱིས་བཤད་དེ། འདིར་རྒྱུད་ལས་གསུངས་པའི་དགོངས་ པ་རྣམས་ཁོང་དུ་ཆུད་པར་བྱ་བ་ནི་རྒྱུད་དེ་དང་དེས་ཁོང་དུ་ཆུད་པར་བྱའོ་ཞེས། དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟ་བུ་འདི་ནི་དུས་ཀྱི་ཁྱད་པར་རོ། །ད་ནི་དང་པོ་ཁོ་ན་ཆུ་སྲིན་མ་ཀ་ར་ལ་སོགས་པར་གང་སྦྱར་བ་དེ་དག་བཞིན་ནི་རོ་ཧི་ཏ་ལ་སོགས་པ་བཅུ་གཉིས་དང་ཆུ་ཚོད་རྣམས་དང་། དགུན་ཟླ་ཐ་ ཆུངས་ལ་སོགས་པ་ཟླ་བ་བཅུ་གཉིས་པོ་གང་ཡིན་པ་རྣམས་དང་། འདིར་མ་རིག་པ་ལ་སོགས་པ་བཅུ་གཉིས་པོ་རྣམས་ནི་དེ་བཞིན་དུ་ཕྱི་དང་ནང་གི་ལ་སོ་སོ་དང་ཉི་མ་སོ་སོ་ལ་འབྱོར་བ་བཅུ་གཉིས་ཏེ། ཆུ་ཚོད་ལྔ་ལྔའི་བདག་ཉིད་ནི་འབྱོར་པ་རེ་རེའོ། །ཆུ་ཚོད་དྲུག་ཅུ་ཐམ་པ་ལ་ཆུ་ཚོད་ནི་དབུགས་དྲུག་ཅུ་ ཕྲག་དྲུག་ཅུའི་ཚད་ཀྱི་ཆུས་ཆུ་ཚོད་ཀྱི་སྣོད་གང་བའི་བདག་ཉིད་དོ། །འདི་ལྟར་ཉིན་མཚན་གཅིག་གིས་ནི་དབུགས་ཀྱི་འབྱུང་རྔུབ་རྣམས་བརྒྱ་ཕྲག་དྲུག་དང་། སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་ནི་ཕྱི་རོལ་ཉི་མའི་ཆུ་ཚོད་དང་དབུགས་རྣམས་ཏེ་དེ་ལྟར་ཉིན་མོ་དང་མཚན་མོས་ཆུ་ཚོད་དྲུག་ཅུ་རྩ་བཞིར། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཀྱཻའི་རྡོ་རྗེའི་གསུངས་པ་འདིར་ནི། ཆུ་ཚོད་ཀྱིས་ཚད་དབུགས་དྲུག་ཕྲག་ལྔ་བཅུ་རྩ་དྲུག་ལ་བཞི་བཞི་ལ་དགོངས་སོ། །དེ་ལ་ཆུ་ཚོད་དྲུག་ཅུ་རྩ་བཞི་ནི། །སྤྲུལ་པའི་འཁོར་ལོའི་བདག་ཉིད་དོ། །ཅུང་ཟད་སུམ་ཅུ་རྩ་གཉིས་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཡང་དག་པར་ འཕོ་བ་བཅུ་དྲུག་ནི་ཅུང་ཟད་གཉིས་གཉིས་ཀྱི་བདག་ཉིད་དེ། ལོངས་སྤྱོད་རྫོགས་པའི་འཁོར་ལོའི་བདག་ཉིད་དོ། །ཐུན་མཚམས་བརྒྱད་ནི་ཆོས་ཀྱི་འཁོར་ལོའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོར་རིམ་པར་མ་སྨྲས་པ་རིམ་པར་སྦྱར་བ་ནི་འདིར་བླ་མའི་མན་ངག་ལས་ ཤེས་པར་བྱའོ། །དེ་ལྟ་བུར་ཉིན་མཚན་གྱི་དུས་ཀྱི་ཁྱད་པར་རྣམས་བསྡུས་པའི་རྒྱུད་དེ་དང་དེ་ལས་རིག་པར་བྱའོ། །རྩ་བའི་རྒྱུད་རྒྱ་མཚོ་ཆེན་པོའི་མཚན་གྱི་མཆོག་ཅེས་བྱ་བ་ནི་རྒྱུད་ཁྲི་ལ་སོགས་པ་རྣམས་སུ་ཡང་གསུངས་པ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་ཉི་མའི་ལོ་སོ་སོའི་ཉིན་པར་ཡང་དེ་བཞིན་དེ། ཉིན་ མཚན་དེ་ནི་དུས་ཀྱི་ཁྱད་པར་བརྒྱ་ཕྲག་དྲུག་དང་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་ནི། ཕྱི་རོལ་གྱི་ཉིན་མཚན་ཉིད་ཆུ་ཚོད་ཀྱི་ཚད་དོ། །དེ་དག་གི་ནང་གི་ནི་ཉིན་མཚན་སོ་སོའི་དབུགས་ཏེ། ལུས་ཅན་རྣམས་ཀྱིའོ། །དེ་ལྟ་བུའི་ཆུ་ཚོད་དྲུག་ཅུ་པ་ཉིད་བརྒྱ་ཕྲག་གསུམ་དང་དྲུག་ཅུ་ ནི་ཕྱི་རོལ་གྱི་ལོའི་ཉིན་མཚན་གྱི་ཚད་དོ། །ནང་གི་ན་དྲུག་ཅུ་དྲུག་ཅུ་པ་སུམ་བརྒྱ་དྲུག་ཅུའི་དབུགས་ཀྱི་བདག་ཉིད་དོ། །དེ་དག་འདི་ལྟར་ཟླ་བའི་ངོ་བོ་ཉི་ཤུ་རྩ་གཉིས་ལ་ཆུ་ཚོད་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་དོ། །ནང་གི་ཡང་དེ་ལྟར་དབུགས་ཀྱི་ཆུ་ཚོད་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་དོ། །དེ་དག་འདི་ལྟ་ སྟེ་ཕྱི་རོལ་གྱི་བརྒྱ་ཕྲག་བཅོ་བརྒྱད་པོ་རྣམས་ནི་ཟླ་བ་བཅུ་གཉིས་སོ། །ཕྱི་རོལ་གྱི་སུམ་བརྒྱ་དྲུག་ཅུ་པོ་ནི། ཆུ་ཚོད་དྲུག་ཅུ་པོ་ཕྲག་སུམ་བརྒྱ་དྲུག་ཅུ་སྟེ་ལོའིའོ། །ནང་གི་ནི་དབུགས་ཀྱི་ཆུ་ཚོད་དྲུག་ཅུ་པ་ཕྲག་སུམ་བརྒྱ་དྲུག་ཅུ་པའི་བདག་ཉིད་དོ། །ཕྱི་རོལ་གྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག་བསྡོམས་པའི་ བདག་ཉིད་ནི་ཟུང་བཞིའི་བདག་ཉིད་ཀྱིའོ། །ནང་གི་ནི་དབུགས་ཀྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག་ཏུ་བསྡོམས་པ་སྟེ། དབུགས་ཀྱི་བདག་ཉིད་ཀྱི་ཆུ་ཚོད་བཞི་དང་ལྔ་དང་དྲུག་པའོ། །ཕྱི་རོལ་གྱི་ཆུ་ཚོད་བདུན་ཕྲག་གཉིས་དང་དྲུག་གི་བདག་ཉིད་ནི་ཐུན་གསུམ་མོ། །ནང་གི་ཡང་བདུན་ཕྲག་གཉིས་དང་ དྲུག་ཏུ་བསྡོམས་པ་སྟེ། དབུགས་ཀྱི་ཆུ་ཚོད་བདུན་ཕྲག་གཉིས་དང་དྲུག་པའོ། །ཕྱི་རོལ་གྱི་སྟོང་ཕྲག་བཅུ་དང་དེ་ལས་གཞན་པའི་བརྒྱད་བརྒྱ་ནི་ཆུ་ཚོད་ཀྱི་བདག་ཉིད་དེ། བགྲོད་པ་གཉིས་པོ་སོ་སོ་རེ་རེའོ། །ནང་གི་ཡང་སྟོང་ཕྲག་བཅུ་པོ་དེ་ལས་གཞན་པ་བརྒྱད་བརྒྱ་སྟེ། དབུགས་ཀྱི་ཆུ་ཚོད་ཀྱི་ བདག་ཉིད་དོ། །དེ་ལྟར་ཉིན་མོ་དང་མཚན་མོས་བརྒྱ་ཕྲག་དྲུག་དང་སྟོང་ཕྲག་ཉི་ཤུ་རྩ་གཅིག་ནི་ཕྱི་རོལ་གྱི་ཉིན་མཚན་སོ་སོའི་ཆུ་ཚོད་རྣམས་སོ། །ནང་གི་ཡང་ལུས་ཅན་རྣམས་ཀྱི་སོ་སོའི་ཉིན་མཚན་གྱིས་དབུགས་རྣམས་ཏེ། འདིར་ནི་མི་རྣམས་ཀྱི་ལུས་པོ་དབུགས་འབྱུང་བ་དང་། རྔུབ་པའི་བསྐྱེད་ བྱ་རིགས་དང་། དབྱིབས་སྣ་ཚོགས་པ་ཅན་རྣམས་ཀྱི་ཉིན་མཚན་གྱིའོ། །དེ་ལྟ་བུ་ནི་འདིར་དུས་ཀྱི་ཁྱད་པར་དུ་མངོན་པར་རྟོགས་པར་བྱའོ། །འདི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དགས་རྣམས་ཀྱི་ཉིན་མཚན་གཅིག་གོ། །ལྷ་མ་ཡིན་རྣམས་ཀྱི་ལོ་གཅིག་ནི་ནོར་སྦྱིན་རྣམས་ཀྱི་ལོ་དྲུག་ཅུ་ཐམ་པར་ འདུ་ཤེས་ཏེ། སེམས་ཅན་རྣམས་ཀྱི་དབུགས་ཀྱི་འཁོར་ལོ་བསྡུས་པའོ། །ལོ་དང་ཉིན་མཚན་དེ་ལྟ་བུའི་བདག་ཉིད་གསུངས་ཤིང་བཤད་དེ། སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་བྱེད་པའོ། །དེ་ལྟ་བུའི་དུས་ཀྱི་ཁྱད་པར་ཐམས་ཅད་ཀྱི་ཉིན་པར་སོ་སོ་བར་ཁོང་དུ་ཆུད་པར་བྱ་བ་རྒྱུད་དེ་དང་དེ་ལས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །འདི་ལྟར་རྩ་བའི་རྒྱུད་དུ་ཐོབ་པར་མ་གྱུར་ན་ཡང་། འཁོར་ལོ་སྡོམ་པར་གདན་བཞི་པའི་ལྷ་མོ་རྣམས་ཀྱིས་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། རྒྱུད་འདིར་གསུངས་པ་ནི་གནས་ལ་སོགས་པར་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པ་ནི། ལོངས་སྤྱོད་པ་དང་། ཐིམ་པ་དང་འཇུག་ པ་རྣམས་སུ་མཁས་པ་རྣམས་ཀྱིས་རྟོགས་པར་བྱ་སྟེ། ཕྱི་དང་ནང་གི་དུས་སུ་ཁྱད་པར་གྱི་མཆོད་པའི་ཆོ་ག་ངེས་པ་ནའོ། །དེ་ནས་འོག་གི་གཞི་དང་། མེ་དང་། རླུང་དང་། ཆུའི་དབུས་སུ་རི་རབ་པོ། །ཕྱོགས་བརྒྱད་ན་མིའི་ཐོད་པ་ཆེན་པོ་དེར་ཤིན་ཏུ་དྲག་པའི་དུད་པ་ཅན་ནི་དུར་ཁྲོད་ཆེན་པོ་བརྒྱད་དེ། གསལ་ཤིང་གི་རྩེ་མོར་བསྐྱོན་པ་ནི་ཁའི་སྒོ་སྟེ་ཁྭ་གདོང་མའོ། །ལྷོར་ནི་རོ་ཚོགས་མ་སྟེ། སྣ་བུག་གཡས་པར་ནི་འུག་པའི་གདོང་མའོ། །ནུབ་ཕྱོགས་སུ་ནི་དྲི་ང་བ་ཅན་ཏེ། བཤང་བའི་སྒོར་ནི་ཁྱི་གདོང་མའོ། །བྱང་ཕྱོགས་སུ་ནི་འཇིགས་པ་ཅན་ཏེ། རྣ་བུག་གཡོན་པའི་སྒོར་ནི་ཕག་གདོང་མའོ། ། འདི་དག་ནི་གཡས་སྐོར་དུ་བསྐོར་བར་བྱའོ། །དེ་ནས་དབང་ལྡན་དུ་ནི་བྱིས་པ་སྦས་པ་སྟེ། རྣ་བ་གཡོན་གྱི་སྒོར་ནི་གཤིན་རྗེ་མཆེ་བ་ཅན་མའོ། །རླུང་དུ་ནི་སྦྲུལ་གྱིས་ཟིན་པ་སྟེ། རྣ་བ་གཡས་པའི་སྒོར་ནི་གཤིན་རྗེ་ཕོ་ཉ་མོའོ། །བདེན་བྲལ་དུ་ནི་དྲག་ཏུ་འཐབ་པ་སྟེ། མིག་གཡས་པར་ གཤིན་རྗེ་མཆེ་བ་གཙིགས་མའོ། །མེ་མཚམས་སུ་ནི་མེ་ལྕེ་གྱེན་དུ་འབར་བ་སྟེ། མིག་གཡོན་པའི་སྒོར་གཤིན་རྗེ་འཇོམས་མའོ། །རྣལ་འབྱོར་མ་འདི་དག་གཡོན་སྐོར་དུ་བསྐོར་རོ། །དེ་ལྟ་བུར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་རྣལ་འབྱོར་མ་རིམ་པ་དང་རིམ་པ་མ་ཡིན་པར་གཡས་སྐོར་དང་གཡོན་ སྐོར་དུའོ། །འཁོར་ལོ་འདུས་པ་ནི་འདི་དག་མཆོད་པ་ནི། འདི་ལྟར་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་རྣམས་སུ་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་དང་། ཁའི་སྒོ་ལ་སོགས་པའི་སྒོ་བརྒྱད་པོར་སྒོ་སྐྱོང་མ་རྣམས་ལའོ། །དེ་ལྟར་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་ རྣམས་ཀྱི་ཕྱི་དང་ནང་གི་གནས་ཀྱི་བདག་ཉིད་རྣམས་བསྟན་ཏོ། །ད་ནི་ལོངས་སྤྱོད་པ་དང་། ཐིམ་པ་དང་། གནས་པ་དང་། འཇུག་པ་དང་། ཁྱབ་བདག་རྣམས་བཤད་དེ་འདིར་ནི་རིགས་ལྡན་མ་ལ་སོགས་པ་རྣམས་ཀྱི་ཐམས་ཅད་དུ། རིགས་ལྡན་མའི་ལོངས་སྤྱོད་པ་དང་། ཐིམ་ པ་དང་། འཇུག་པ་དང་། ཁྱབ་བདག་རྣམས་ནི་བདག་གི་གདན་ལ་སོགས་པ་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བར་བདག་གི་གདན་ལ་སོགས་པའོ། །འདིར་བདག་གི་གདན་ནི་ལོངས་སྤྱོད་པའོ། །གཞན་གྱི་གདན་ནི་ཐིམ་པའོ། །དེ་ཁོ་ན་ཉིད་ཀྱི་གདན་ནི་འཇུག་ པའོ། །སྔགས་ཀྱི་གདན་ནི་ཁྱབ་བདག་གོ། །གཞན་གྱི་གདན་ནི་ལོངས་སྤྱོད་པའོ། །སྔགས་ཀྱི་གདན་ནི་ཐིམ་པའོ། །བདག་གི་གདན་ནི་འཇུག་པའོ། །དེ་ཁོ་ན་ཉིད་ཀྱི་གདན་ནི་ཐིམ་པའོ། །གཞན་གྱི་གདན་ནི་འཇུག་པའོ། །བདག་གི་གདན་ནི་ཁྱབ་བདག་གོ། །དེ་ཁོ་ན་ཉིད་ཀྱི་ གདན་ནི་ལོངས་སྤྱོད་པའོ། །བདག་གི་གདན་ནི་ཐིམ་པའོ། །སྔགས་ཀྱི་གདན་ནི་འཇུག་པའོ། །གཞན་གྱི་གདན་ནི་ཁྱབ་བདག་གོ། །དེ་ཁོ་ན་ཉིད་བདག་ཉིད་ཀྱི་གདན་ནི་ཁྱབ་བདག་གོ། །སྔགས་ཀྱི་གདན་ནི་ལོངས་སྤྱོད་པའོ། །འདི་དག་ནི་ཐུན་མཚམས་བཞིར་ཕྱེ་བས་ཕོ་ཉ་མོའི་ཀུན་དུ་ སྤྱོད་པ་འཁོར་ལོ་འདུས་པ་སྟེ། ལྟེ་བར་ཡེ་ཤེས་ཀྱི་འཁོར་ལོ་གཡས་སྐོར་དུ་བསྐོར་བའོ། །རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ཨུ་རྒྱན་དུ་གྲུབ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་རའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས་སོ།། ༄༅༅། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་མངའ་བདག་རི་ཁྲོད་པའི། །ཞབས་ཀྱི་རྡུལ་ལ་བདག་ནི་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་ཡི་མཆོད་པ་ཡི། །ཐབས་ནི་བླ་མའི་གསུང་བཞིན་དྲན་ ནས་བྲིས། །རྣལ་འབྱོར་པ་ཡིས་དང་པོར་ནི། །གྲུ་བཞི་ལ་སོགས་དཀྱིལ་འཁོར་བྱ། །མེ་ཏོག་ལྷ་ཡི་གྲངས་བཞིན་དགོད། །མཆོད་སོགས་གཏོར་མ་ཇི་བཞིན་བྱས། །བདག་ཉིད་འདོད་པའི་ལྷ་ཡི་ནི། །སྐད་ཅིག་ང་རྒྱལ་གནས་པ་ལ། །ལག་པ་གཡོན་པས་རེག་བྱས་པས། །དཔའ་བོ་དྲུག་གི་གོ་ཆ་དང་། ། དཔའ་མོའི་ཆོ་ག་དེ་བཞིན་བྱ། །ཨོཾ་ཧ་ནི་སྙིང་གར་རོ། །ན་མ་ཧི་ནི་མགོ་བོ་ལའོ། །སྭཱ་ཧཱ་ཧུ་ནི་སྤྱི་གཙུག་ཏུའོ། །བཽ་ཥཊ་ཧེ་ནི་ཕྲག་པ་གཉིས་ལའོ། །ཧཱུཾ་ཧཱུཾ་ཧོ་ནི་མིག་དག་ལའོ། །མཚོན་ཆར་ཕཊ་ཕཊ་ཧཾ་ནི་ཡན་ལག་ཐམས་ཅད་ལའོ། །ཨོཾ་བཾ་ནི་ལྟེ་བར་རོ། །ཧཾ་ཡོཾ་ནི་སྙིང་གར་རོ། །ཧྲིཾ་མོཾ་ནི་ཁ་ ལའོ། །ཧྲེཾ་ཧྲིཾ་ནི་མགོ་ལའོ། །ཧཱུཾ་ཧཱུཾ་ནི་སྤྱི་གཙུག་ཏུའོ། །མཚོན་ཆར་ཕཊ་ཕཊ་ནི་ཡན་ལག་ཐམས་ཅད་ལའོ། །དེ་ལྟར་གོ་ཆ་གཉིས་བགོས་ནས། །དང་པོ་སྦྱར་བར་བྱ་བ་ནི། །ཡཾ་ལས་རླུང་དང་རཾ་ལས་མེ། །དེ་སྟེང་ཨ་ལས་མགོ་གསུམ་དང་། །དེ་ཡི་སྟེང་དུ་ཀ་པཱ་ལ། །བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། དེ་དག་ ཡོངས་སུ་གྱུར་པ་ལས། །བཤང་ལ་སོགས་པ་བདུད་རྩི་ལྔ། །དེ་སྟེང་ཡི་གེ་ལྔ་ཉིད་ལས། །གོ་ཀུ་ལ་སོགས་རྣམ་ལྔར་འགྱུར། །ཨོཾ་གྱི་ཡི་གེས་སྦྱང་བར་བྱ། །ཨཱཿཡི་ཡི་གེས་རྟོགས་པར་བྱ། །ཧཱུཾ་གི་ཡི་གེས་རབ་ཏུ་འབར། །ཧོ་ཡི་ཡི་གེས་བདུད་རྩིར་འགྱུར། །གཡོན་པའི་ལག་པས་སྦྱང་ བར་བྱ། །གཡས་པའི་ལག་པས་རྟོགས་པར་བྱ། །ཐལ་མོ་བཀབ་པས་འབར་བར་བྱེད། །བྱ་ཁྱུང་ཕྱག་རྒྱས་བདུད་རྩིར་བསྒྱུར། །ཟླ་བ་ཞུ་བའི་རང་བཞིན་ཏེ། །དེ་ནས་གཡོན་པའི་མིང་མེད་ཀྱིས། །ཆང་གི་ཐིགས་པ་བླངས་ནས་སུ། །ས་ལ་ཆོས་འབྱུང་གྲུ་གསུམ་བྱ། །དེ་ཡི་དབུས་སུ་ཟླུམ་པོ་ནི། །ཐིག་ ལེ་ཡི་ནི་གཟུགས་སུ་བྱ། །དཀྱིལ་འཁོར་འཁོར་ལོ་བསམ་པར་བྱ། །དེ་ནས་ཐིག་ལེ་མཆོད་པར་བྱ། །རང་གི་མགྲིན་པར་མྱང་བར་བྱ། །ཨོཾ་ཨཱཿཧཱུཾ། ཐབས་དང་ཤེས་རབ་ཚིམ་པར་བྱེད་པའི་ཆོ་ག་སྟེ་ཐུན་མོང་བའོ། །གཡོན་པའི་ལག་པའི་མཐིལ་ལ་ནི། །པདྨ་དམར་པོ་འདབ་ལྔ་བསྒོམ། ། དབུས་སུ་ཨོཾ་བཾ་རྡོ་རྗེ་ཕག །གཤིན་རྗེ་ཡུམ་མཚམས་འདབ་མ་ལ། །ཧཾ་ཡོཾ་དག་ནི་ཡ་མི་ནི། །ཧྲིཾ་མོཾ་དག་ནི་རྨོངས་བྱེད་མ། །ཧྲེཾ་ཧྲིཾ་དག་ནི་སྐྱེད་བྱེད་མ། །ཕཊ་ཕཊ་དག་ནི་ཙཎྜི་ཀའོ། །རྒན་པོ་ལ་ནི་རྡོ་རྗེ་སེམས། །མཛུབ་མོ་ལ་ནི་རྣམ་སྣང་མཛད། །པདྨ་གར་དབང་གུང་མོ་ལ། །ཧེ་རུ་ཀ་ དཔལ་མིང་མེད་ལའོ། །རྡོ་རྗེ་ཉི་མ་མཐེའུ་ཆུང་ལའོ། །རྟ་མཆོག་རྡོ་རྗེ་སེན་ཕྲེང་ལའོ། །དེ་ལྟར་ཡིད་ཀྱིས་བསྒོམ་པ་ནི། །སྔགས་ཀྱི་ཡི་གེའི་གཟུགས་ཉིད་དམ། །ཡང་ན་ཁ་དོག་དབྱིབས་ཀྱི་གཟུགས། །རང་གི་མིང་བརྗོད་མེ་ཏོག་བཅས། །དེ་དག་གིས་ནི་དགོད་པར་བྱ། །དེ་ལ་མེ་ཏོག་སྤོས་ ཀྱིས་མཆོད། །ཆང་གིས་ཀྱང་ནི་ཚིམ་པར་བྱ། །དེ་ནས་མཎྜལ་སྟེང་དུ་བླུགས། །སླར་ཡང་རང་གི་མགོ་ལ་གཞག །ཕྱི་ནས་འཁོར་ལོ་སྡོམ་པ་མཆོད། །དཀྱིལ་འཁོར་འཁོར་ལོ་རྫོགས་པའམ། །ཡང་ན་བཅུ་གསུམ་བདག་ཉིད་སོགས། །རང་གི་སྙིང་གའི་ས་བོན་ལས། ། དམ་ཚིག་འཁོར་ལོ་སྤྲོ་བར་བྱ། །ཡེ་ཤེས་འཁོར་ལོ་དེ་ནས་གཞུག །མེ་ཏོག་ལ་སོགས་རེ་རེ་ཡང་། །སྙིང་པོ་སྔགས་སམ་ཉེ་སྙིང་གིས། །རྡོ་རྗེ་ཕག་མོ་མཆོད་པར་བྱ། །མཁའ་འགྲོ་ལ་སོགས་ལྷ་མོ་རྣམས། །རང་གི་མིང་བརྗོད་སྔགས་ལ་ནི། །ཨོཾ་ནི་ཐོག་མར་ཧཱུཾ་ཧཱུཾ་མཐར། །སྦྱར་བ་ཡིས་ནི་ མཆོད་པར་བྱ། །ཕྱོགས་རྣམས་དག་ནི་གཡོན་སྐོར་ཏེ། །མཚམས་རྣམས་དག་ནི་གཡས་སྐོར་དུའོ། །རྐང་པ་བརྒྱད་པའི་བསྟོད་པས་མཆོད། །དེ་ལྟར་མཆོད་པ་རྫོགས་པ་དང་། །སྣོད་གཞན་དག་ནི་བྱིན་བརླབས་ལ། །སྣོད་གཉིས་གཅིག་ཏུ་བསྲེ་བར་བྱ། །ཙཱ་རུའི་བཟའ་བ་དེ་ལ་བཤད། དེ་ནས་གཏོར་མ་བྱིན་བརླབས་ལ། །དང་པོ་སྔགས་ཀྱིས་སྙན་གསན་དབབ། །ཁ་ཁ་ལ་སོགས་སྔགས་ཀྱིས་ནི། །གཏོར་མ་རྗེས་སུ་དབུལ་བར་བྱ། །དེ་ནས་རྣལ་འབྱོར་ཚུལ་ཇི་བཞིན། །འདོད་པའི་ལོངས་སྤྱོད་རྣམས་ལ་གནས། །གླུ་དང་གར་སོགས་ཐམས་ཅད་བྱ། །བཛྲ་མཎྜལ་མུཿཞེས་ པའི། །སྔགས་ཀྱི་མཐར་ནི་གཤེགས་སུ་གསོལ། །ལྷག་མ་རྣམས་ནི་སྔོན་བཞིན་དུ། །གཏོར་མ་བྱིན་གྱིས་བརླབ་པར་བྱ། །ཟོས་ཤིང་འཐུངས་པའི་ལྷག་མ་རྣམས། །སོར་མོ་ལྔ་ལས་བདུད་རྩིའི་རྒྱུན། །བབ་པར་བསམས་ནས་ཡི་དགས་ཀྱི། །ཚོགས་དག་ལ་ནི་སྦྱིན་པར་བྱ། །དེ་དག་ ནི་ཚོགས་ཀྱི་འཁོར་ལོ་དང་ཐུན་མོང་པའི་ཆོ་གའོ། །ཚེས་བཅུ་ལ་སོགས་དུས་དག་ཏུ། །གཞན་ཡང་བླ་མའི་གདམས་དུས་སུ། །གོང་བཞིན་མཎྜལ་བྱས་པ་ལ། །རྣལ་འབྱོར་མ་ཡི་མཚན་མ་ནི། །གཡུང་དྲུང་འཁྱིལ་པ་བྲི་བར་བྱ། །མཚམས་ཀྱི་ཆར་ནི་ཐིག་ལེ་བྱ། །དེ་ཡི་དབུས་སུ་མཆོད་བྱ་བ། ། སླར་ཡང་དེ་བཞིན་དྲི་མེད་ཕྱིར། །སྣོད་དུ་མཛེས་མ་ལེགས་པར་བཙགས། །ཆོས་འབྱུང་ཁ་སྦྱོར་འཁོར་ལོ་དབུས། །གསང་སྔགས་མ་སྨད་པ་ཞེས་འདི། །ཆོ་ག་བཞིན་དུ་དབེན་པར་བྲི། །འཁོར་ལོའི་མཚམས་སུ་ཕག་མོ་སོགས། །གོ་ཆའི་ལྷ་མོ་མཚན་མ་དྲུག །གཡུང་དྲུང་འཁྱིལ་པའི་མཚན་ མ་བྲི། །མེ་ཏོག་དྲི་ཞིམ་ཕྲེང་བས་བསྐོར། །འབྲས་བུ་བཞི་དང་ཁུར་སྣ་བཞི་དག་དང་། །ཁྱད་པར་ཅན་གྱི་མཆོད་པ་དྲི་ཞིམ་མེ་ཏོག་དང་། །མཆོད་པ་རྣམ་པ་དུ་མས་འཁོར་ལོ་ལེགས་པར་མཆོད། །གྲོང་ཁྱེར་འཇིག་པར་གྱུར་པ་འདི་ནི་མཆོག་ཡིན་ནོ། །འདིར་ནི་ལྷ་མོའི་སྙིང་པོ་དང་། ཉེ་བའི་སྙིང་པོའི་སྔགས་ ནི་རྒྱུན་མི་འཆད་པར་བཟླས་ལ་བརྩོན་པ་ན། འགྲོ་བའི་དོན་བྱེད་པ་ལ་དཀའ་བ་ཡོད་པ་མ་ཡིན་ཏེ། ཆོས་དོན་འདོད་པ་ཐམས་ཅད་འགྲུབ་འགྱུར་ཏེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོ་གའོ། །རྣལ་འབྱོར་པ་ཡིས་རྟག་ཏུ་ནི། །གལ་ཏེ་ཡི་དམ་དུ་བྱེད་ན། །དེས་ན་སྔ་དྲོའི་དུས་དག་ཏུ། །ཆོ་ག་བཞིན་དུ་ དཀྱིལ་འཁོར་བྱ། །རང་འདོད་ལྷ་ཡི་གྲངས་བཞིན་དུ། །མེ་ཏོག་དག་ནི་དགྲམ་པར་བྱ། །རང་གི་སྙིང་གའི་ས་བོན་ལས། །སྤྲོས་པའི་དམ་ཚིག་སེམས་དཔའ་གཞག །ཡེ་ཤེས་སེམས་དཔའ་དེ་ལ་གཞུག །དེ་ནས་མེ་ཏོག་ལ་སོགས་པ། །སྙིང་པོ་སྔགས་དང་ཉེ་སྙིང་པོ། །རྐང་པ་བརྒྱད་ པའི་སྔགས་ཀྱིས་མཆོད། །མཁའ་འགྲོ་མ་སོགས་ཐམས་ཅད་ནི། །རང་གི་མིང་བརྗོད་སྔགས་ལ་ནི། །ཐོག་མར་ཨོཾ་དང་ཧཱུཾ་ཧཱུཾ་ཕཊ། །མཐར་སྦྱར་བ་ཡི་སྔགས་ཀྱིས་མཆོད། །དེ་ལྟའི་ཚུལ་དུ་རྒྱས་པར་བྱས། །ཕྱག་རྒྱ་ཆེ་ལ་མཆོག་གཞོལ་ཞིང་། །དེ་ལྟའི་ལམ་ལ་ཞུགས་པ་དག །འོག་མའི་ལམ་ དུ་མི་འགྲོ་ཞེས། །བདག་གི་བླ་མས་དེ་སྐད་གསུངས། །རྡོ་རྗེ་རྣལ་འབྱོར་མའི་མཆོད་པ་ལ་སོགས་པ་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎའི་ཞལ་སྔ་ནས། ལོ་ཙཱ་བ་མཚུར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུརྨ་པཱ་ད་ སཱ་དྷ་ནཾ། བོད་སྐད་དུ། རུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དུར་ཁྲོད་ལ་སོགས་ཕྱོགས་དབེན་པར། །རྣལ་འབྱོར་པ་ཡིས་རྡོ་རྗེ་རྣལ་འབྱོར་མའི། །རྟེན་དགྲམ་མཆོད་དམ་གཏོར་མ་ལ་སོགས་བཤམས། །གཡེང་བའི་རྒྱུ་སྤངས་བདེ་ བའི་སྟན་འདུག་སྟེ། །སྔོན་འགྲོའི་ཆོ་ག་རྫོགས་བྱས་ཕྱི་ཡི་ནི། །སྣང་བ་ཡུལ་ལ་སེམས་གཏད་དེ་བརྟན་ནས། །གཉིས་པ་རང་ཉིད་ཆུ་སྐྱེས་རིག་བྱེད་གཏེར། །རལ་པ་ཆེན་དབུས་སྟོབས་ཆེན་པགས་པ་མནན། །རི་རྒྱལ་བྱ་མདོག་མིག་གི་ཕྱག་དང་ལྡན། །གྲི་གུག་ཀ་པཱ་ལ་ནི་ར་ཛོས་བཀང་། རུས་སྦལ་ སྟེང་བཞུགས་ཐོད་པས་མགོ་ལུས་བརྒྱན། །ཤ་རྒྱས་ཞལ་ནི་ཅུང་ཟད་འཛུམ་པ་ཡི། །དེ་འདྲའི་ལྷ་ལ་སེམས་བརྟན་གསུམ་པ་ནི། །སྣ་རྩེར་ཡུངས་འབྲུ་ཙམ་གྱི་ལྷ་ལ་དམིགས། །དེ་ཡང་རིམ་གྱིས་སྣང་མེད་མཁའ་ལྟ་བུ། །གསལ་ནས་དངོས་གྲུབ་རྣལ་འབྱོར་པ་ཡིས་མཐོང་། ། ཐུན་མཚམས་མཆོད་དང་གཏོར་མ་བཟླས་པ་དང་། །བསྔོ་བ་བྱ་སྟེ་ཅི་བདེར་གནས་པར་བྱ། །རྔོན་པའི་གདམས་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཨ་ནནྡ་ཀ་རའི་ཞལ་སྔ་ནས་དང་། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄། །ཕག་མོ་ཐུགས་ཀྱི་སྒྲུབ་ཐབས་བཞུགས།། ༄༅༅། །རྗེ་བཙུན་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སེར་མོའི་གདམས་པ་འདི་ཉམས་སུ་ལེན་པར་འདོད་པས་འདི་ལྟར་བྱ་སྟེ། ཐོག་མར་རྗེ་བཙུན་མའི་ཐང་སྐུ་གཅིག་རང་དང་ཉེ་བར་བཀྲམ་པ་དེའི་སྤྱན་སྔར། པཱུ་ཛ་བཟང་པོ་བཤམས་ལ་འདིར་ཁྱད་པར་དུ་ཤ་ཆེན་གྱི་སྤོས་ཅིག་གལ་ཆེའོ། །དེ་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྗེ་བཙུན་མ་འདི་བསྒྲུབ་པོ་སྙམ་དུ་སེམས་བསྐྱེད་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ་དེའི་རྗེས་ལ། ཐང་སྐུ་ལ་མིག་ བལྟས་ལ་སེམས་ཤིན་ཏུ་མ་ཡེངས་པར་དེ་ཀ་ལ་ཤེས་པ་གཏད་ལ་བསྒོམ། དེ་ནས་མིག་ན་ཞིང་ངལ་བར་གྱུར་ན། མིག་བཙུམས་ལ་ཡིད་ཀྱི་ཡུལ་དུ་རྗེ་བཙུན་མ་དེ། ཐང་སྐུ་ལ་བྲིས་པ་དེ་ཀ་ལྟ་བུ་གཅིག་མདུན་དུ་བསྒོམ། བཞུགས་ཚུལ་ནི་ཀུརྨ་པཱ་ད། བྱ་བ་རུས་སྦལ་གྱི་འདུག་ལུགས་དང་ འདྲ་བ་ཡིན་པས། མཚན་ཡང་རུས་སྦལ་ཞབས་བྱ་བ་ཡིན། རྒྱ་སྐད་དུ། ཀུརྨ་པཱ་ད་ཟེར་བའོ། །དེ་ལྟར་བསྒོམས་པས། ཐང་སྐུ་དང་ཡིད་ལ་ཡོད་པ་གཉིས་ཁྱད་མི་འདུག་ན་དམིགས་པ་ཟིན་པ་ཡིན་པས། ཡང་བདག་ཉིད་ཀྱི་ལྟེ་བར་པདྨ་དཀར་པོ་འདབ་མ་བཞི་པ་ཅིག་གི་ལྟེ་བར་སྣ་ཚོགས་པདྨ་ འདབ་མ་བརྒྱད་པའི་སྟེང་དུ། བྷཻ་ར་ཝ་ནག་པོ། །ཞལ་གཅིག་ཕྱག་གཉིས་པ་གཅིག་པ་ཁ་སྦུབ་ཏུ་བསྒྱེལ་བ། གྲི་གུག་དང་ཐོད་པ་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་རུས་པའི་རྒྱན་ཅན་ཅིག་གི་ཐོག་ཏུ་མི་ལྤགས་རློན་པའི་གདན་བཏིང་བའི་སྟེང་དུ་རྗེ་བཙུན་མ་སྐུ་མདོག་སེར་མོ། །ཞལ་ གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཛིན་པའི་ཕྱག་ཐུར་ལ་བརྐྱང་བ། གཡོན་པ་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་སེར་པོ་ཐུར་དུ་འཕྱང་བ། མི་མགོ་རློན་པའི་ཕྲེང་བ་ཡོད་པ། ཞབས་གཉིས་པ་ཁ་རུ་བཞུགས་པ། ཕྱག་རྒྱ་ལྔ་དང་ལྡན་པ། འོད་ཟེར་བསྐལ་པའི་མེ་ལྟར་འབར་བ་ ཅིག་ཏུ་བསྐྱེད་ལ་བསྒོམ། དེ་ལྟར་བསྒོམས་པས་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཤེས་པ་རྒོད་པ་དང་། འདར་བ་དང་། སྤུ་ལྡང་བ་དང་། ཕྱི་རོལ་གྱི་རྟོག་པ་འགགས་ནས། འགུལ་མི་ཤེས་པ་ལྟ་བུ་བྱུང་ན་ཐུན་རན་པར་བསྒོམ། ལུས་ལ་བསྐུ་མཉེ་བྱ། སེམས་གློད། བཟླས་པ་མང་དུ་ བྱ། བཟླས་པ་བྱ་བའི་ཐབས་ནི། རྗེ་བཙུན་མ་གོང་དུ་བཤད་པ་ལྟར་བསྐྱེད་ལ། སེམས་མ་ཡེངས་པའི་སྒོ་ནས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བཟླས་སོ། །དེ་ལྟར་བཟླས་པ་ཚར་ནས་གཏོར་མ་གཏང་བ་ནི། སྐྱེས་པའི་ཐོད་པ་དུམ་བུ་གཅིག་པའམ། གཞན་གང་ཡང་རུང་ བའི་ནང་དུ་གཏོར་མ་བཤམས་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། རྗེ་བཙུན་མ་མདུན་དུ་དམིགས་ལ་སྙིང་པོ་དེ་ལན་གསུམ་མམ་བདུན་བརྗོད་པས། མདུན་གྱི་རྗེ་བཙུན་མ་དེས་གསོལ་བར་བསམ། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་བརྗོད་པས་ལྷག་ཆད་ཁ་ བསྐང་ཞིང་བཟོད་པར་གསོལ། དེ་ལྟར་བསྒོམས་པས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཀུརྨ་པཱ་ད་ཞེས་བྱ་བའི་གདམས་པ་ཕག་མོ་ཐུགས་ཀྱི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཨཱ་ནནྡ་ཀ་རའི་ཞལ་སྔ་ནས་དཔྱལ་ལོ་ཙཱ་བ་དཔལ་ཆོས་ཀྱི་ བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཁེ་ཙ་ར་རཀྟ་བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དུར་ཁྲོད་ལ་སོགས་པར་ཞལ་བཞི་པའི་ སྔགས་ཀྱིས་བསྲུང་བ་བྱས་ནས། ཨེའི་ཆོས་འབྱུང་དབུས་སུ་པདྨ་དང་ཟླ་བ་ལ། མ་ནིང་གི་ས་བོན་སྤུན་པ་མེད་པ་བལྟས་ཏེ། ས་བོན་དེ་ཡོངས་སུ་གྱུར་པ་ལས། ཞབས་སྟེང་དུ་བསྐྱོད་ཅིང་གྱེན་དུ་གཟིགས་པ། གཡས་ན་རྡོ་རྗེ་ཁ་ཅུང་ཟད་གྱེས་པ། གཡོན་པའི་ཕྱག་གིས་བརླ་ལ་འཁྱུད་ཅིང་ ཐོད་པ་མེ་ཏོག་ཕྲེང་བ་དང་བཅས་པ་བསྐལ་པའི་མེ་ལྟར་དམར་བ། གཅེར་བུ་རྒྱན་མེད་པ། སྐྲ་གྲོལ་བ། རིག་མ་འཛིན་མ། སེང་གེའི་སྟང་སྟབས་ཀྱིས་བཞུད་ཅིང་། རྡོ་རྗེ་མཉེས་བྱེད་མ་ནི་བསྒོམ་པར་བྱ། མནྡཱ་ར་བ་དང་། མྱ་ངན་མེད་པ་དང་། པ་རི་ཛ་ཏ་ག་ཡིས་ཡོངས་སུ་ འཕགས་པ། རིན་པོ་ཆེའི་ཁང་པ་བརྩེགས་པར་བཞུད་ཅིང་རབ་ཏུ་འཇུག་པ་ལྟ་བུ། རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞབས་གཡོན་པ་སྟེང་དུ་བསྐྱོད་པ། རང་བཞིན་གྱིས་ཡེ་ཤེས་སེམས་དཔའི་བདག་ཉིད་བསམ་པར་བྱ། སིནྡྷུ་ར་དམར་པོའི་འོད་ཟེར་ཅན་སླར་ཡང་སྤྲོས་ཞིང་བསྡུ་བ་སྔོན་དུ་སོང་བས། དེ་ ནས་ལྟེ་བར་ཆོས་འབྱུང་ནང་དུ། ཡེ་ཤེས་ཀྱི་རང་བཞིན་ནཱ་ད་དང་། རིམ་གྱིས་སྐྲ་རྩེ་བརྒྱ་དང་། སྟོང་གི་ཆ་རུ་མ་དམིགས་ཏེ། རྣལ་འབྱོར་རླུང་ནི་བཅུ་གཉིས་འགག །དོན་ཆེན་འགྲུབ་པར་ཐེ་ཚོམ་མེད། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཪྵ་ཡ། པྲ་བེེ་ཤ་ཡ་པྲ་བེེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། སརྦ་བུདྡྷ་ཌཱ་ཀི་ནཱི་ནཾ་ཧྲྀར་ཡཾ་ཨོཾ་ཨཱཿཧཱུཾ་ཕཊ། རྡོ་རྗེའི་བཟླས་པ་དང་ངག་གི་བཟླས་པའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་པྲ་ཏཱི་ཙྪེ་མཾ་བ་ལིཾ་ཨོཾ་ཨཱཿཧཱུཾ་ཧཱུཾ་ཧ་ཧ་ཧིཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ལན་གསུམ་བརྗོད་པས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་མཁའ་འགྲོ་མས་དགེ་བའི་མཚན་མ་སྟོན་ཅིང་དབུགས་ འབྱིན་པར་འགྱུར་རོ། །རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་བདག་ཉིད་ཀྱང་གོ་ཆ་བགོ་ཞིང་རྣལ་འབྱོར་པས་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་གནས་པར་བྱའོ། །གྲུབ་ཐོབ་རྔོན་པའི་ཞལ་སྔ་ནས་ཀྱི་རིམ་པ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་རྫོགས་སོ།། །།བླ་མ་རྡོ་རྗེ་གདན་པ་ནིཥྐ་ ལིངྐའི་ཞལ་སྔ་ནས། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤིཀྵྱ་ནུ་གྲ་ཧ་བི་དྷི་ནཱ་མ། བོད་སྐད་དུ། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ཞེས་བྱ་བ། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱ། །བླ་ མའི་བཀའ་ཡི་རྗེས་འབྲངས་ནས། །སྣ་ཚོགས་སྒྲུབ་ཐབས་རྟོགས་དོན་དུ། །སློབ་མ་འབེབས་པའི་ཆོ་ག་མཆོག །དང་པོ་རེ་ཞིག་སློབ་དཔོན་གྱིས། །སློབ་མ་རྗེས་སུ་གཟུང་དོན་དུ། །ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་དང་ལྡན་པའི་རྣལ་འབྱོར་པས། རང་གི་ཡིད་དང་རྗེས་སུ་མཐུན་པའི་གནས་ སུ་འཇམ་པའི་སྟན་ལ་གནས་ལ། ལག་པའི་སོར་མོ་རྣམས་ལ་སྔགས་བཀོད་ལ། བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་བཟའ་བཏུང་བཟང་པོ་པདྨའི་སྣོད་དུ་བཞག་ལ་ཆོ་ག་ཇི་ལྟ་བ་བཞིན་སྦྱངས་ལ། ཞུ་བའི་རྫས་ཀྱི་བདག་ཉིད་ཁྲུས་བྱའོ། །དེའི་རྗེས་སུ་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ་ སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས། སུམྦྷ་ལ་སོགས་པ་ཞལ་བཞི་པའི་སྔགས་ཀྱི་སྒྲས་མཚམས་བཅིང་བ་དང་། གོ་ཆའི་སྔགས་དྲུག་དགོད་པ་དང་། དག་པ་གསུམ་གྱི་སྔགས་བརྗོད་པ་དེ་ཉིད་ཀྱིས་སེམས་བསྲུང་བར་བྱའོ། །དེའི་རྗེས་སུ་ཡོངས་སུ་དག་པའི་ས་གཞི་ཁྲུ་གང་ཙམ་ལ་མཎྜལ་བྱུག་པར་བྱ་སྟེ། ཙནྡན་དམར་པོ་ལ་སོགས་པས་ཟུར་དྲུག་པའི་འཁོར་ལོ་བྲིས་ཏེ། དེའི་དབུས་སུ་རྣལ་འབྱོར་མའི་ས་བོན་དགོད། །ཟུར་དྲུག་ལ་འཁོར་ལོས་སྒྱུར་མའི་སྔགས་དགོད་པ་སྔོན་དུ་འགྲོ་བས་ཇི་ལྟ་བ་བཞིན་དུ་སྐད་ཅིག་གིས། དཔའ་མོ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྐྱེད་ལ། དེ་ནས་ དེའི་ཕྱི་རོལ་དུ་ཁྭ་གདོང་མ་ལ་སོགས་པ་རྣམ་པ་བརྒྱད་དང་། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་ཨརྒྷཾ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡེ་ཤེས་ཀྱི་འཁོར་ལོ་ཆོ་ག་བཞིན་དུ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབྱེར་མེད་པར་བྱ་བ་དང་། སྐུ་གསུང་ཐུགས་བྱིན་ གྱིས་བརླབ་པ་ལ་སོགས་པ་བྱ། བདུད་རྩི་མྱང་བའི་མཐར་ཐུག་པ་བྱས་ལ་བསྟོད་པ་དང་བཟོད་གསོལ་བྱའོ། །སྔོན་དུ་བསྙེན་པ་བྱའོ། །དེ་ནས་སློབ་མ་རྗེས་སུ་གཟུང་བའི་དོན་དུ་ཚེས་བཅུ་ལ་དེ་བཞིན་དུ་མཎྜལ་བྱུགས་པའི་དབུས་སུ། ལྷའི་བཏུང་བ་བཟང་པོས་བཀང་བའི་དབྱངས་ཀྱི་སྣོད་ཡང་དག་པར་བཞག་ལ་དེའི་ སྟེང་དུ་འཁར་བའི་སྣོད་དྲི་མ་མེད་པ་གུར་ཀུམ་ལ་སོགས་པས་བྱུགས་ལ། དེར་ནི་སིནྡྷུ་རའི་ཕྱེ་མ་བཙགས་ལ་གསེར་གྱི་སྨྱུ་གུས་ཆོ་ག་བཞིན་དུ་མངོན་པར་བྲིས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ལ་མཆོད་པ་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་རྗེས་སུ་བཅོམ་ལྡན་འདས་ མ་རྡོ་རྗེ་རྣལ་འབྱོར་མའི་རྐང་པ་བརྒྱད་དང་ལྡན་པ་དང་། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བ་སྔོན་དུ་འགྲོ་བས་བསྟོད་ལ་རས་དམར་པོས་གཡོགས་ལ་གཞག་གོ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན་ལ་ཡི་གེ་བརྒྱ་པ་ལན་གསུམ་བཏོན་ལ་བཟོད་པར་གསོལ་བར་བྱའོ། །སློབ་མ་རྗེས་སུ་གཟུང་ བ་ལས་ཕྱིའི་མཆོད་པའི་ཆོ་གའོ།། །།དེའི་རྗེས་སུ་མཚན་ཉིད་ཐམས་ཅད་དང་ལྡན་པའི་བུམ་པ་ཡང་དག་པར་བཞག་ལ་ལྷག་པར་གནས་པར་བྱའོ། །རས་དམར་པོས་མགུལ་པ་བཅིངས་པ་དང་། ཁ་རྒྱན་ཙུ་ཏ་ལ་སོགས་པའི་ཤིང་ལོ་མ་ཅན་དང་། རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་དང་ལྡན་པར་བྱས་ལ་དེ་ཉིད་ཀྱིས་གྲུབ་པའི་འཁོར་ལོ་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་ལ་སོགས་པ་བྱས་ལ། ཨརྒྷཾ་ལ་སོགས་པའི་མཆོད་པ་མཐར་ཕུལ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་བདུད་རྩི་མྱང་བའི་མཐར་ཐུག་པ་ཆོ་ག་བཞིན་བྱས་ལ། མཆོད་པ་ ལ་སོགས་པས་ཡང་དག་པར་མཆོད་ལ། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་པ་བྱའོ། །མེ་ཏོག་དམར་པོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག་ལ། དེ་དག་གི་སྔགས་ཇི་སྲིད་འདོད་ཀྱི་བར་དུ་བཟླས་ལ་མེ་ཏོག་དམར་པོ་གཏོར་བས་འཁོར་ལོ་དེ་ཉིད་ཞུ། དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ་ ཞེས་སློབ་མ་རྗེས་སུ་གཟུང་བ་ལས་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དེའི་རྗེས་སུ་བླ་མ་དང་སངས་རྒྱས་དག་ལ་མི་ཕྱེད་པའི་གུས་པའི་ཡིད་ཅན་སློབ་མ་དམ་པས་མཎྜལ་བྱས་ལ། ཡང་ནས་ཡང་དུ་གསོལ་བ་བཏབ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་སྐྱབས་སུ་མཆི། ། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ནི་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་རྗེས་སུ་དྲང་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་པས་སོ། །ཚེས་བཅུའི་དུས་སུ་ཐུགས་རྗེ་དང་ལྡན་པའི་བླ་མས་སློབ་ མའི་ལག་པ་ནས་བཟུང་ནས་འདི་སྐད་བརྗོད་དོ། །རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སྔགས་རྒྱལ་ཕྱིར་ཟློས་ལྟར། །དད་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་གཞུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། དཔེར་ན་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །ཅེས་གསུངས་སོ། །དེའི་ཕྱིར་སློབ་མ་དད་ལྡན་གྱིས། །གསང་སྔགས་བྱིན་རླབས་བསྒྲུབས་པ་ལ། །ཡོན་དང་བཅས་ཏེ་ཕྱག་འཚལ་ན། །ཐལ་མོ་སྦྱར་ཏེ་སྤྱི་བོར་གཞག །དེ་ཡི་རྗེས་སུ་སློབ་དཔོན་གྱིས། །བུམ་པའི་ཆུ་ནི་བཟུང་