Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 15 / 24 (50.000 ký tự/trang)
་བདག་ཉིད་དོ། ། མཁའ་འགྲོ་ལཱ་མ་དུམ་སྐྱེས་མ། །གཟུགས་ཅན་མ་སྟེ་བཞི་རྣམས་ཀྱང་། །ཞལ་མདོག་དང་མཚུངས་ཁ་ཊྭཱཾ་སྣོད། །གྲི་དང་ཕྱག་རྒྱ་ལྔ་ཡིས་བརྒྱན། །མཆོད་པ་བཞི་ཡི་རང་བཞིན་རྩ། །ཕྱོགས་བྲལ་བདེ་ཆེན་འཁོར་ལོ་སྟེ། །མཾ་ལཾ་པཾ་ཏཾ་ཧཱུཾ་བརྒྱད་ཀྱང་། །དམ་ཚིག་ཅིག་ཅར་ བཤད་པ་ཡིན། །པཱུ་ཛ་ཨོ། ཨ། གོ། རཱ་དེ་མཱ། ཀཱ། ཨོ། ཏྲི། ཀོ། ཀ། ལ། ཀཱ། ཧེ་པྲེ། གྲི་སཽ། སུ། ན་སི། མ་ཀུ་འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །དེ་དག་ཀྱང་གང་ཞེ་ན། གོ་རིམས་ཇི་ལྟ་བར། སྤྱི་བོར་ཁཎྜ་ཀ་པཱ་ལི་དང་རབ་ ཏུ་གཏུམ་མོ། །སྤྱི་གཙུག་ཏུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མའོ། །རྣ་བ་གཡས་པར་ཀང་ཀ་ལ་དང་། འོད་ལྡན་མའོ། །ལྟག་པར་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པར་སུ་ར་བཻ་རི་དང་། བསྟན་པའི་བློ་ཅན་མའོ། །སྨིན་ མའི་མཚམས་སུ་ཨ་མི་ཏཱ་བྷཱ་དང་མི་ཐུང་མའོ། །མིག་ཏུ་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །ཕྲག་པར་རྡོ་རྗེའི་སྐུ་དང་། ཤིང་གྲིབ་ནི་ཉེ་བའི་གནས་ཏེ། ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པ་མདོག་སྔོན་པོའོ། །མཆན་ཁུང་དུ་མྱུ་གུ་ཅན་དང་ས་སྲུངས་མའོ། །ནུ་ མར་རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། །ལྟེ་བར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །སྣ་རྩེར་བཛྲ་ཧཱུཾ་ཀ་ར་དང་། ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཁར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་བིའོ། །མགྲིན་པར་རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོ་སྟེ་ཚནྡོ་ ཧའོ། །སྙིང་གར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །མདོམས་པར་མིག་མི་བཟང་དང་། བྱ་གདོང་མ་སྟེ་ཉེ་བའི་ཚནྡོ་ཧ་སྟེ་གསུང་གི་འཁོར་ལོ་ས་ལ་སྤྱོད་པ་མདོག་དམར་པོའོ། །མཚན་མ་ལ་སྟོབས་པོ་ཆེ་དང་། ཙཀྲ་བེ་གེའོ། །བཤང་ལམ་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི་སྟེ་འདུས་པ་ ཅན་ན། །བརླར་རྟ་མགྲིན་དང་། ཤཽཎྜི་ནིའོ། །བྱིན་པར་ནམ་མཁའི་སྙིང་པོ་དང་ཙཀྲ་ཝར་མི་ཎི་སྟེ་ཉེ་བའི་འདུས་པ་ཅན་ནོ། །སོར་མོ་རྣམས་ལ་ཤྲཱི་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བོལ་གོང་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མཐེ་བོང་ལ་རྣམ་པར་སྣང་བྱེད་དང་ཙཀྲ་ ཝརྟི་ནིའོ། །པུས་མོ་གཉིས་ལ་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་ནི་ཉེ་བའི་དུར་ཁྲོད་དོ། །སྐུ་ཡི་འཁོར་ལོ་ས་འོག་ན་སྤྱོད་པ་སྟེ་མདོག་དཀར་པོའོ། །ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་རྣམས་བཅོམ་ལྡན་འདས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཞལ་གཅིག་ཕྱག་ གཉིས་པའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་རྡོ་རྗེ་ཕག་མོའི་རྣམ་པ་ཇི་ལྟ་བ་བཞིན་ཏེ། ས་བཅུ་ཡོངས་སུ་དག་པ་རྣམས་སོ། །ཁྭ་ཏ་དང་འུག་པ་དང་། ཁྱི་དང་ཕག་གི་གདོང་པ་ཅན་རྣམས་དང་། གཤིན་རྗེ་བརྟན་མ་དང་། ཕོ་ཉ་མོ་དང་། མཆེ་བ་ཅན་དང་འཇོམས་མ་སྟེ། འདི་དག་ཀྱང་ ཕྱོགས་དང་མཚམས་སུ་མཁའ་འགྲོ་མ་ལ་སོགས་པ་ཇི་ལྟ་བ་བཞིན་ཏེ། མཚམས་ཀྱི་ལྷ་མོ་རྣམས་ནི་འོན་ཀྱང་གཟུགས་གཉིས་མའོ། །བྱང་ཆུབ་ཕྱོགས་ཀྱི་རང་བཞིན་ཅན། །མེ་ལོང་གཟུགས་བརྙན་བཞིན་གསལ་བལྟ། །དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ ཤེས་འཁོར་ལོ་རྣམ་པར་བསྒོམ། །སྙིང་ག་མགོ་བོ་སྤྱི་གཙུག་དང་། །ཕྲག་པ་མིག་དང་ཡན་ལག་ལ། །རྡོར་སེམས་སྣང་མཛད་གར་དབང་ཕྱུག །ཁྲག་འཐུང་ཉི་མ་རྟ་མཆོག་བསམ། །ལྟེ་བ་སྙིང་ག་ཁ་སྤྱི་བོ། །སྤྱི་གཙུག་ཡན་ལག་ཐམས་ཅད་ལ། །ཕག་མོ་གཤིན་རྗེ་རྨོངས་བྱེད་མ། །སྦྱིན་བྱེད་ སྐྲག་བྱེད་གཏུམ་མའོ། །ཨོཾ་ཧ་ན་མ་ཧིཿསྭཱ་ཧཱ་ཧུ་བཽ་ཥ་ཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧོ་ཕཊ་ཧཾ། ཨོཾ་བཾ་ཧཾ་ཡོཾ་ཧིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་དང་ཕྱག་རྒྱ་སྦྱོར་བ་ཡིས། །སྤྱན་དྲངས་མཆོད་ནས་རང་ལུས་གཞུག །དེ་བཞིན་རྒྱུན་ནི་དབང་བསྐུར་ནས། །ཅོད་པན་དང་ནི་ལྷག་པའི་ལྷ། །ཛཿཧཱུཾ་བཾ་ཧོཿཨོཾ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲིཿཧ་ཧ་ཧུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦྦ་བུདྡྷཱ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་མའི་སྙིང་པོ་དང་། ཉེ་བའི་སྙིང་ པོའོ། །རབ་ཏུ་འབད་ནས་མཆོད་ནས་ནི། །དུང་ཆེན་ཕྲེང་བ་བླང་བྱ་སྟེ། །ཇི་སྲིད་སྐྱོ་བར་མ་གྱུར་པ། །དེ་སྲིད་དུ་ནི་རབ་ཏུ་བཟླས། །བསམ་གཏན་མི་ནུས་རྣལ་འབྱོར་པས། །གོ་ཆ་ཆེ་ལ་སོགས་བསྲུངས་ཏེ། །རང་གི་ལྷག་པའི་ལྷ་སྦྱོར་བས། །སེམས་ཅན་ཀུན་ལས་རབ་བརྟག་བྱ། ། རྐང་པ་བརྒྱད་པའི་སྔགས་བཟླས་ཤིང་། །ཚངས་པར་སྤྱོད་པ་རྟག་ཏུ་བསམ། །ཟས་ཀྱི་རྡོ་རྗེ་སེམས་སོགས་དང་། །སྙིང་གའི་དཀྱིལ་འཁོར་སྦྱིན་སྲེག་བྱ། །ཞི་བའི་བཏུང་བ་བཞིན་མྱངས་པས། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །དམ་ཚིག་ལེགས་སོགས་ལེགས་གནས་པས། ། མཚན་ཕྱེད་གྱུར་ནས་གཏོར་མ་སྦྱིན། །ཨོཾ་ཨ་རལླི་ཧོཿཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཨོཾ་ཨཱཿཧཱུཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མ་ད་ཨ་པསྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཾ་ཏུ་ས་མ་ཡ་རཀྵནྟུ་མ་མ་སརྦྦ་སིདྡྷིམྨེ་པྲ་ཡ་ཙྪ་ནྟུ། ཡ་ཐེ་བཾ་ཡ་ཐཥྚཾ་བྷུཉྫ་ཐཱ། ཛི་གྷ་ཐཱ་པི་པ་ཐཱ་མཱ་ཏི་ཀྲ་མ་ཐཱ་མ་མ་སརྦ་ཀརྟ་ཡ་སཏ་སུ་ཁཾ་བི་བྲྀད་དྷ་ཡེ་ས་ཧ་ཡི་ཀ་བྷ་བནྟུ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། ། ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོ་བཤད། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །སྡུག་པ་ཡིད་ཀྱི་ སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་ཏོ། །གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །མཁའ་སྤྱོད་པ་ཡི་གནས་སུ་ཁྲིད། །དེ་ལྟའི་དཔའ་བོ་ཆེན་པོ་དང་། །རྣལ་འབྱོར་མ་ནི་ས་སྟེང་ དཀོན། །ཆོ་ག་སྣ་ཚོགས་ཉམས་དགའ་བ། །བསམ་པ་སྣ་ཚོགས་གཟུང་བའི་ཕྱིར། །རྡོ་རྗེ་འཆང་གིས་གསུངས་པའི་ཕྱིར། །དེ་ཉིད་མེད་ན་འཆིང་འགྱུར་ལ། །གང་ཞིག་དེ་ཉིད་ཡོད་གྱུར་ན། །དེ་དག་ཐམས་ཅད་གྲོལ་བའི་རྒྱུ། །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་ཀྱི་མན་ངག ། ཕྱག་རྒྱ་ཆེན་པོ་གྲུབ་པ། དཔལ་དྲིལ་བུ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་པྲཛྙ་བྷ་དྲ་དང་། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པཉྩ་ཀྲ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ ལྔ་པ། པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བླ་མའི་བྱིན་བརླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཉིད། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་བརླབ་རིམ་པ་བཤད་པར་བྱ། །མཁའ་འགྲོ་མ་ཡི་ཚོགས་ཀུན་གྱི། །སྙིང་པོ་སྡོམ་པ་བླ་མ་ཉིད། །བགྲང་ཕྲེང་ བཟླས་པ་འདིར་མེད་དེ། །བསམ་གཏན་ལྷ་མཆོད་ཡོད་མ་ཡིན། །ཚེས་གྲངས་མེད་ཅིང་ངེས་པ་མེད། །སྦྱིན་སྲེག་ཡང་དག་གནས་པ་མེད། །ཀློག་དང་འདོན་པ་ཡོད་མ་ཡིན། །རྣམ་པར་རྟོག་མེད་འཇིགས་བྲལ་བའི། །སློབ་མ་གུས་པས་ཀུན་མཁྱེན་གྱི། །སྤྱོད་ཡུལ་ཡེ་ཤེས་གང་ ཞིག་ནི། །སྐྱེས་པ་ཙམ་གྱིས་མཆོག་ཏུ་ནི། །དག་པ་དང་ནི་ལྡན་གྱུར་ཞིང་། །མངོན་པར་ཤེས་པ་ལྔ་དང་ལྡན། །དེ་ཉིད་ས་བཅུ་ཉིད་དང་ནི། །མཁའ་ལ་འགྲོ་དང་རྫུ་འཕྲུལ་དང་། །མི་སྣང་ཁྱད་པར་དུ་ཐོབ་ཅིང་། །སྐྱེ་བ་དྲན་དང་ཁམས་གསུམ་པའི། །གནས་ཀྱི་ སེམས་དང་རིག་པ་ཡིས། །འདས་དང་མ་འོངས་པ་དང་ནི། །ད་ལྟར་བྱུང་བ་ཤེས་པའོ། །མགལ་མེ་བསྐྱོད་པའི་རྣམ་པ་ཅན། །སེམས་ནི་ཡུལ་ལ་རབ་ཏུ་རྒྱུག །དེ་ནི་དེ་ལ་རྣམ་བཟློག་ནས། །མཚོན་དུ་མེད་པ་མཚོན་པར་བྱེད། །སྒྲ་དང་ཐིག་ལེར་ལྡན་པའི་སེམས། །སྙིང་གར་བཞག་ བྱ་དེ་ནས་འདིའི། །རྨོངས་པའི་རབ་རིབ་འཇོམས་མཛད་ནི། །མངའ་བདག་བཅོམ་ལྡན་འབྱུང་འགྱུར་ཏེ། །དྲག་པོ་འབར་བའི་ཕྲེང་བས་འཁྲིགས། །ཧེ་རུ་ཀར་གྲགས་ཆེར་འབྱུང་ཉིད། །ལྷན་ཅིག་སྐྱེས་པའི་དུར་ཁྲོད་ན། །རོལ་ཅིང་བདུད་རྣམས་ཐམས་ཅད་འཇོམས། །བདེ་བ་རྣམས་ཀྱི་རྣམ་པ་ ནི། །སྐད་ཅིག་དེ་ལ་སྩོལ་མཛད་པའོ། །བྱིན་བརླབས་པ་ཡི་སྐད་ཅིག་ལ། །སློབ་མ་ལ་ཡང་གང་འཕོ་བ། །ས་བོན་མེད་འདི་སྐད་ཅིག་མ། །གཅིག་ལ་མངོན་བྱང་ཆུབ་པར་མཛོད། །ཅེས་བྱ་བ་ནི་འཁོར་ལོ་སྡོམ་པར་བླ་མ་རྣལ་འབྱོར་མའི་སྦས་པ་ལས་ཇི་ལྟར་རྙེད་པའི་བྱིན་གྱིས་རློབ་པ་ངེས་ པར་བསྟན་པའོ། །བྱིན་བརླབ་ཀྱི་རིམ་པའོ།། །།སླར་ཡང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་དོ། །རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །འདིའི་དོན་བརྗོད་པར་བྱ་སྟེ། མིག་དང་ རྣ་བ་དང་པགས་པའི་ཕྱོགས་ལ་གནས་པའི་ཤེས་པ་རྣམས་ཀྱིས་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ལ་རྣམ་པར་ཤེས་པ་ལྔ་པོ་དེ་དག་ཡང་དག་པར་གཞག་ཅིང་མི་གཡོ་བར་བྱས་ཏེ། ཡིད་སྙིང་གར་གཞག་ནས་གནས་པའི་ཐིག་ལེའི་གཟུགས་སུ་འགྱུར་རོ། །དེ་མཐོང་བ་ལས་ ཡེ་ཤེས་ཏེ། །སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། རིམ་གྱིས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ད་ནི་ས་བོན་མེད་པའི་རང་བྱིན་གྱིས་བརླབ་པའི་རིམ་པ་བརྗོད་པར་བྱའོ། །ཉི་མ་ཟླ་བའི་བདག་ཉིད་ཅན་གྱི་ལ་མ་། །སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའ་སྟོང་པའི་ངོ་བོ་གང་ ནས་ཀྱང་བར་ཆད་མེད་པར་རླུང་འཇུག་པ་དང་། འབྱུང་བར་འགྱུར་བའི་ལམ་དེར་རླུང་དང་ལྷན་ཅིག་སྦྱར་ཏེ། གཅིག་ཏུ་བྱས་པའི་སེམས་གཟུང་བར་བྱའོ། །སེམས་ཀྱི་བཞོན་པར་གྱུར་པའི་རླུང་དེས་ཀྱང་བློའི་གཞི་རང་ཁྱིམ་དུ་བགྱེར་རོ། །ཤེས་རབ་བློ་ཐབས་སེམས་དང་ གཅིག་ཏུ་འགྱུར་ཏེ། གཉིས་སུ་མེད་པའི་རང་བཞིན་ཉིད་དུ་སོན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱི་རང་བཞིན་རྡོ་རྗེ་འཆང་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་ཤེས་ཤིང་། འཁོར་བའི་ཐོག་མ་དང་ཐ་མ་མྱ་ངན་ལས་འདས་པའི་རང་བཞིན་གྱི་ ལྷའི་མིག་གིས་མཐོང་བ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་སེམས་ཅན་རྣམས་ཀྱི་སྒྲ་རྣམས་ཐོས་ཤིང་། དྲི་རྣམས་སྣོམ། རོ་རྣམས་མྱོང་། རེག་བྱ་རྣམས་ལ་ལོངས་སྤྱོད་པར་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལ་རོལ་བར་ཡང་བྱེད་དོ། །རང་ བྱིན་གྱིས་བརླབ་པའོ། །སྣ་ཚོགས་རྡོ་རྗེའི་གཞིར་གནས་པའི་རྡོ་རྗེ་དང་། རྡོ་རྗེའི་རྩེ་མོ་དང་པོ་མཆོག་གི་སྤྱིར་གནས་པ། །ཟླ་བ་ལྟ་བུར་དྲི་མེད་ལུས་ལྡན་ཐིག་ལེ་ནི། །སྒོམ་པར་བྱེད་དེ་བདག་ཉིད་རྡོ་རྗེ་དབང་བསྐུར་ཉིད། །ས་བོན་དང་བཅས་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དེ་ནས་མིག་ལ་བཀོད་ ཅིང་སེམས་བརྟན་པར་གྱུར་པས་ནི་འཇིག་རྟེན་གསུམ་མཐོང་བའོ། །དེ་བཞིན་དུ་རྣ་བ་དག་ལ་གཞག་པའི་སེམས་བརྟན་པར་གྱུར་པས་ནི་འཇིག་རྟེན་གསུམ་ན་གནས་པའི་སྒྲ་ཐོས་ཤིང་འགྲོ་བ་དྲུག་ན་གནས་པའི་སྐད་ཀྱང་ཤེས་སོ། །དེ་བཞིན་དུ་སྣ་ལ་གཞག་པའི་སེམས་བརྟན་པར་གྱུར་པས་ནི་ འཇིག་རྟེན་གསུམ་ན་གནས་པའི་དྲི་སྣོམ་མོ། །དེ་བཞིན་དུ་ལྕེ་ལ་གཞག་པའི་སེམས་བརྟན་པར་གྱུར་པས་ནི། འཇིག་རྟེན་གསུམ་ན་གནས་པའི་རོ་མྱོང་བར་བྱེད་དོ། །དེ་བཞིན་དུ་པགས་པ་ལ་སེམས་བརྟན་པར་བྱས་པས་ནི། འཇིག་རྟེན་གསུམ་ན་གནས་པའི་རེག་བྱ་ལ་ལོངས་སྤྱོད་དོ། །དེ་ བཞིན་དུ་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་སེམས་བརྟན་པར་བྱས་པས་ནི་མངོན་པར་ཤེས་པ་དྲུག་འཐོབ་པར་འགྱུར་རོ། །སྤྱི་བོ་བདེ་བ་ཆེན་པོ་ལ་སེམས་གཞག་པས་ནི། ལྷ་ཡི་ཚོགས་མཐོང་བར་འགྱུར་རོ། །དེ་བཞིན་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་སེམས་གཞག་པས་ནི། བསྟན་ བཅོས་ཐམས་ཅད་ཤེས་སོ། །སྤྲུལ་པའི་འཁོར་ལོར་སེམས་གཞག་པ་ལ་བརྟན་པར་གྱུར་པས་ནི་ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལ་ལོངས་སྤྱོད་པར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །ད་ནི་ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་བརྗོད་ པར་བྱ་སྟེ། མཛོད་སྤུར་དགོད་པའི་སེམས་ནི་ཉི་མའི་གཟུགས་སུ་མཐོང་བར་འགྱུར་རོ། །དེའི་སྟེང་དུ་ཟླ་བའི་གཟུགས་བཀོད་པ་ལ། དེའི་སྟེང་དུ་སྐར་མའི་གཟུགས་བཀོད་པ་སྟེ། དེ་ལྟར་སེམས་དམིགས་པ་མེད་པ་ལ་བརྟན་པར་གྱུར་པས་ནི་སངས་རྒྱས་ཉིད་འགྲུབ་པར་བྱེད་དོ། །ད་ནི་ནོར་བུ་ འགེངས་པའི་རིམ་པ་བརྗོད་པར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བའི་ཆོ་གས་རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་སོན་པ་བདེ་བ་ཅི་འདྲ་བ་ཞིག་སྐྱེ་བ་དེ་ཡང་དག་པར་ཉེ་བར་བརྟགས་ཤིང་། བརྟན་པར་བྱས་ནས་དེའི་བདག་ཉིད་དུ་གྱུར་པ་ལ་ནི་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཉིད་སྤྱད་པ་མེད་པར་ ངེས་པ་ཉིད་དུ་སྐྱེ་བར་འགྱུར་རོ། །རིམ་པ་གཉིས་པ་ཡང་ལག་པ་ཞེས་བྱ་བ་ཕྱག་རྒྱའི་སྒོ་ནས་སྔ་མ་ཉེ་བར་བརྟགས་ཏེ་བརྟན་པར་གྱུར་པ་ཀུན་རྫོབ་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་རང་བཞིན་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དུ་གྱུར་པས་ན་ རྡོ་རྗེ་འཆང་ཉིད་དུ་འགྲུབ་པར་བྱེད་དོ། །རིམ་པ་གསུམ་པ་སྔོན་ཉམས་སུ་མྱོང་བ་དྲན་པ་བསྐྱེད་པ། ཆོས་ཀྱི་ཕྱག་རྒྱ་ཡིད་ནས་བྱུང་བའི་ཕྱག་རྒྱ་ལས་རབ་ཏུ་བྱུང་བར་ཡང་དག་པར་བརྟན་པས་རྡོ་རྗེ་འཆང་བ་ཉིད་སྐྱེད་པར་བྱེད་པའོ། །ནོར་བུ་འགེངས་པ་ཞེས་བྱ་བའི་རིམ་པ་བཞི་པ་ཡང་བརྗོད་པ། ཐམས་ ཅད་དུ་སོན་ཞིང་རྟེན་དང་བྲལ་བ་བརྟན་པ་དང་གཡོ་བ་མཐའ་དག་གི་ངོ་བོ་ཉིད་དུ་གྱུར་པའི་སེམས་ཁམས་གསུམ་པ་ཁྱབ་པའི་སྟོང་པ་ཉིད། ཕྱག་རྒྱ་ཆེན་པོ་དང་འཁྱུད་པས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཅན་བླ་མའི་བཀའ་དྲིན་ལས་སྐྱེས་པའི་བརྟན་པར་བྱས་པའི་རྡོ་རྗེ་འཆང་ཆེན་པོ་ཉིད་སྒྲུབ་པར་བྱེད་ ཅིང་། ཕྱག་རྒྱ་ཆེན་པོ་དང་འཁྱུད་པའི་བདེ་བ་ཆེན་པོ་དང་ཐམས་ཅད་སྐྱེད་པར་བྱེད་པའོ། །ད་ནི་ཛཱ་ལན་དྷ་རའི་རིམ་པ་བརྗོད་པར་བྱའོ། །ལྟེ་བ་ཆུ་སོའི་མཚམས་སུ་ནི། །མདོག་ལྔ་ལྡན་པའི་ཐིག་ལེ་ནི། །སངས་རྒྱས་ལྔ་རྣམས་ཀྱིས་མཚོན་པ། །འཁོར་ལོ་གྲུ་གསུམ་དཀར་དམར་ནི། །སྲོག་ འགོག་ལྷན་ཅིག་བསྒོམ་བྱས་ནས། །སྐད་ཅིག་དེ་ལས་འབར་གྱུར་པས། །འཇིག་རྟེན་ཁམས་སུ་མཆོད་བྱ་བ། །རྡོ་རྗེ་འཛིན་པ་དངོས་སུ་འགྱུར། །བུ་ག་གཞན་ནས་འབྱུང་འགྱུར་ཞིང་། །མཁའ་གཞན་ནས་ནི་མྱུར་དུ་འཇུག །གང་ཚེ་བསྒོམ་པ་བརྟན་གྱུར་པ། །སྣང་བ་དངོས་སུ་ཐོབ་བར་ འགྱུར། །འབར་བ་བརྟན་པར་གྱུར་པ་ནི། །ལྕེ་རྩ་ནས་ནི་རྣམ་པར་གནས། །ཇི་སྲིད་འདོད་པ་དེ་སྲིད་དུ། །ལྕེ་ནི་འཕེལ་བར་འགྱུར་བ་དང་། །དཔུང་པའི་རྩ་བར་སོན་པའི་རླུང་། །ཀུན་དུ་འགྲོ་བས་ལུས་བསྐྱོད་ཅིང་། །ཁམས་གསུམ་པ་ནི་ཐམས་ཅད་དུ། །རྣམ་པར་ལྟ་བ་ལ་སོགས་བྱེད། །ཅེས་ བྱ་བ་ནི་ཛཱ་ལན་དྷ་རའི་རིམ་པའོ།། །།རིམ་པ་ལྔ་པ་བརྗོད་པར་བྱ་སྟེ། །གཟུགས་སོགས་རྣམས་ཀྱི་གྲངས་འགྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་གར་བརྟན་བྱས་ནས། །བློ་དང་ལྷན་ཅིག་དབང་དུ་བྱ། །གཟུང་འཛིན་དང་ནི་བྲལ་བས་ན། །དམིགས་པ་ཀུན་དང་བྲལ་བའི་ སེམས། །བསམ་དུ་མེད་པའི་རང་བཞིན་ཕྱིར། །ཅི་ཡང་བསམ་པར་མི་བྱའོ། །སེམས་ནི་སྟོང་ཉིད་ལ་གཞུག་ཅིང་། །སྟོང་པ་སེམས་སུ་རྣམ་གཞུག་བྱ། །སྟོང་དང་སྟོང་མིན་ལ་སོགས་པ། །ཀུན་རྟོག་རབ་སྤང་མཁའ་མཉམ་འགྱུར། །རྟེན་དང་བརྟེན་པ་ཡོད་མིན་དང་། །དཔེ་མེད་ བཞི་ནི་ཡོད་མ་ཡིན། །དེ་ཉིད་ལྔ་པ་རྫོགས་རིམ་ནི། །ཟག་མེད་ལྷན་ཅིག་སྐྱེས་པ་ནི། །ཤིང་དང་ཚེར་མ་ལྕུག་མ་སོགས། །ཁམས་གསུམ་རྒྱུ་དང་མི་རྒྱུར་བཅས། །དེ་བཞིན་བདག་གི་དེ་ཉིད་དང་། །རྗེས་སུ་མཐུན་པ་མདོར་བསྒོམ་བྱ། །ངོ་བོ་ཉིད་ཀྱིས་སྒོམ་བྱེད་ཀྱང་། །དེ་རྟོགས་པར་ ནི་བྱེད་མ་ཡིན། །གལ་ཏེ་དེ་ནི་ཀུན་རྟོགས་ན། །འགྲོ་བའི་སྤྱོད་པ་འཇིག་པར་གྱུར། །རྣལ་འབྱོར་གཉིད་དང་ལྡན་པ་ཡིས། །རྫོགས་པའི་སངས་རྒྱས་འདི་རྟོགས་མཛད། །དེས་ན་རང་བྱུང་རང་ཉིད་ནི། །རྫོགས་སངས་རྒྱས་ཞེས་བརྗོད་པ་ཡིན། །མཐའ་བཞི་ལས་ནི་གྲོལ་བ་ཡིན། ། དུས་གསུམ་སངས་རྒྱས་རང་བཞིན་ཉིད། །སྒོམ་པ་དེ་ནི་རིང་པོ་ཉིད། །མི་ཐོགས་རྡོ་རྗེ་སེམས་དཔར་འགྱུར། །དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ། སློབ་དཔོན་ཆེན་པོ་མཁས་པ་རྡོ་རྗེ་དྲིལ་བུ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཀྲིཥྞ་པཎྜི་ཏ་དང་། དགེ་སློང་ཚུལ་ཁྲིམས་ རྒྱལ་བས་བསྒྱུར། །ཕྱིས་བླ་མ་སུ་མ་ཏི་ཀཱིརྟི་དང་། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་བའོ། །དཔལ་ཕམ་མཐིང་པའི་བརྒྱུད་པ་མ་ནོར་བའི་བཤད་པའོ།། ༄༅། །འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་མངོན་རྟོགས་བཞུགས། ༄༅༅། །བླ་མ་དམ་པ་རྣམས་ལ་ཕྱག་ འཚལ་ལོ། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །རྣལ་འབྱོར་ལུས་ཀྱི་དཀྱིལ་འཁོར་ནི། །སེམས་ཅན་རང་བཞིན་ཡོངས་ཤེས་ཤིང་། །རྫོགས་པའི་ལས་ལས་འཇུག་རྣམས་ལའོ། །དང་པོ་ཚོགས་པ་ཀུན་ལྡན་པས། །བླ་མེད་དོན་འབྱུང་དགའ་བས་ཉལ། །བཞི་ཡིས་ཉེར་བསྐུལ་ཞལ་བཞི་པ། ། བདུད་འདུལ་དཔའ་བོ་ཆེན་པོ་བཞེངས། །ཁྲུས་བྱས་བདེ་བའི་སྟན་ལ་གནས། །རི་ལུ་ཁར་བཅུག་སྙིང་གར་ཧཱུཾ། །སྔོན་པོའི་འོད་ཀྱིས་རང་ལུས་སྦྱང་། །བ་སྤུ་ལ་སྤྲོས་ཁ་དོག་ལྔས། །འགྲོ་ཀུན་ལུས་སྦྱངས་སྒོ་གསུམ་དག །སྤྲིན་འདྲའི་འོད་ཀྱིས་རང་མདུན་དུ། །མཁའ་ལ་བླ་མའི་འཁོར་ལོ་དང་། ། ཕྱོགས་དབང་མིག་གི་ལྷ་རྣམས་ནི། །གསལ་གདབ་རྟེན་དང་བརྟེན་པར་བྱས། །ཕྱག་དང་མཆོད་སོགས་བྱས་ནས་ནི། །མཛོད་སྤུའི་གནས་ནས་རང་ལུས་གཞུག །ལུས་ལ་རྟེན་དང་བརྟེན་པ་ཡི། །འཁོར་ལོ་གསལ་གདབ་ཉེ་བར་དམིགས། །རྟོག་དང་སྤྲོས་པ་དགའ་འགྱུར་ན། །ཆོས་ཀྱི་འཁོར་ ལོར་འདབ་མ་བཞི། །མདོག་གསལ་ཧཱུཾ་ལས་ལྟེ་བ་རུ། །ཐབས་དང་ཤེས་རབ་བདག་ཉིད་བསམ། །ཕྱོགས་འདབ་རིགས་ཀྱི་ས་བོན་ལས། །སྙིང་པོའི་རྣལ་འབྱོར་མ་བཞི་བསྐྱེད། །སྟེང་འོག་ལུས་ཀྱི་ཆ་ཤས་ལ། །པུ་ཛཱ་ལ་སོགས་ཉི་ཤུ་བཞིས། །འཁོར་ལོ་གསུམ་གྱི་བདག་ཉིད་དྲན། ། ཆོས་འཁོར་ཕྱི་ཡི་འདབ་བརྒྱད་ལ། །རིང་པོའི་ཧཱུཾ་ལས་ཁྲོ་མོ་བརྒྱད། །དེ་ལྟར་ལྷ་རྣམས་ཐམས་ཅད་ནི། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཕྱི་ཡི་དཀྱིལ་འཁོར་ལྟ་བུར་དམིགས། །མི་གསལ་རྩ་ཡིག་ཐམས་ཅད་ལ། །དག་པའི་ལྷ་ཉིད་མོས་ཤིང་དྲན། །ཕྱག་རྒྱ་སྔགས་ཀྱི་ དོན་ལྡན་པས། །ཡེ་ཤེས་སྤྱན་དྲངས་ལེགས་མཆོད་ནས། །ཡི་གེ་བཞི་ཡིས་རང་གནས་འཇུག །གནས་གསུམ་བྱིན་བརླབས་གོ་ཆ་བཅིངས། །སངས་རྒྱས་དཔའ་བོ་རྣལ་འབྱོར་མ། །ཐམས་ཅད་ནམ་མཁར་ཉེར་དམིགས་ཏེ། །དབང་བསྐུར་ཡིད་ཀྱིས་གསོལ་བ་གདབ། །བདུད་ རྩིས་དབང་བསྐུར་ཐམས་ཅད་ལ། །རྡོ་རྗེ་མཚན་མ་འཛིན་པའོ། །གཙོ་བོ་མ་བཞི་ཁྲོ་མོ་དང་། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །མི་བསྐྱོད་རིན་ཆེན་དོན་ཡོད་དང་། །རྟག་པ་གར་དབང་ཐུགས་རྡོ་རྗེས། །རིམ་པ་བཞིན་དུ་སྤྱི་བོར་མཚན། །བསྡུས་ལམ་བསྡུས་པའི་དབུ་རྒྱན་ཉིད། །དེ་ནས་ སྔགས་རྣམས་རིམ་གྱིས་མཆོད། །བདུད་རྩིས་ཉེ་བར་ཚིམ་བྱས་ནས། །དགྱེས་པ་སྔགས་ཀྱི་སྒྲ་བྱུང་བསམ། །བདུད་རྩི་མྱངས་ལ་བསྟོད་ཆེན་བྱ། །ལྷ་རྣམས་རང་གནས་ཐིམ་བྱས་ཏེ། །བསམ་གཏན་ཆེན་པོ་ལས་ཀྱི་ལམ། །རྫོགས་པའི་རིམ་པ་ལེགས་གནས་བྱ། །དེ་ནས་གཏོར་མའི་ ལས་རིམ་དང་། །སྨོན་ལམ་བཏབ་སྟེ་ལྡང་བར་བྱ། །སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པའི་མན་ངག་ལུས་ཀྱི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པཉྩ་གྲ་མ་བྲྀཏ་ཏི། བོད་སྐད་དུ། དཔལ་འཁོར་ལོ་ སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྙིང་གའི་ཧཱུཾ་ལས་འོད་ཟེར་སྤྲོས་ལ་ཨ་ཝ་དྷཱུ་ཏཱི་ནས་གྲེ་བར་བྱུང་ནས་སྣ་བུག་གཡས་པ་ནས་བྱུང་སྟེ་ས་ལ་བབས་པ་ཙམ་གྱིས་ཧཱུཾ་དུ་གྱུར་ཏེ། ཧཱུཾ་ཞུ་བ་ལས་སྣ་ཚོགས་རྡོ་རྗེ་རྩེ་དབུས་དང་། ཤར་དང་། བྱང་དང་། ནུབ་དང་། ལྷོ་སྒོ་རིམ་བཞིན་དུ་མཐིང་ཀ་དང་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོའི་རྡོ་རྗེ་རྩེ་མོ་ལྔ་རུ་གྱུར་པར་བསྒོམ་མོ། །དེ་ལས་འོད་ཟེར་ཕྱོགས་བཞིར་བྱུང་བར་བསམས་པས། ཤར་དང་བྱང་དང་ནུབ་དང་། ལྷོར་རིམ་པ་བཞིན་དུ་རྡོ་རྗེ་རྩེ་མོ་ལྔ་བ་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོར་ཐིམ་པས་རླུང་ཡང་མི་ཐར་བར་གྱུར་པར་བསམ་མོ། །རྡོ་རྗེ་དེ་དག་གི་རྩེ་མོ་ལས་འོད་འཕྲོས་པས་ཤར་ཕྱོགས་དང་། བྱང་ཕྱོགས་དང་། ནུབ་ཕྱོགས་དང་། ལྷོ་ཕྱོགས་ཀྱི་སྟེང་གི་ཆ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོར་ ཐིམ་པས་མིག་མངས་རིས་སུ་གནས་པས་རླུང་ཡང་མི་ཐར་བར་གྱུར་པར་བསམས་ཏེ། དེ་ནི་རྡོ་རྗེའི་གུར་རོ། །སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ལྟེ་བར་ཧཱུཾ་དེ་ཞུ་བ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པར་བསམ། དེའི་ལྟེ་བ་ཤར་དང་བྱང་དང་ནུབ་དང་། ལྷོར་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་ཉམས་ སུ་མྱོང་བ་བདེ་བ་ཙམ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དཀར་བ། འཚེར་བ། གསལ་བ། གཟི་མདངས་དང་ལྡན་པ་མཐིང་ག་དང་། སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་རྣམས་ཆུ་ལས་ཉ་འཕར་བ་བཞིན་དུ་སྲན་མ་སྦོམ་པོའི་ཚད་ཙམ་པ་ལྔ་བསམས་ ལ། དེ་ཞུ་བ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡས་བརྐྱང་བས་བཞུགས་པ། གཡོན་བསྐུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། སྤྱན་གསུམ་པ། སྨིན་མ་ཁམ་པ། ཕྱག་རྒྱ་དྲུག་དང་ལྡན་པར་བདག་ཉིད་གྱུར་པར་བསམ་མོ། །ཐིག་ལེ་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་སེར་པོ་ཞུ་བ་ལས་རིམ་པ་བཞིན་བཛྲ་ཌཱ་ཀི་ནཱི་དང་། ལཱ་མ་དང་། ཁཎྜ་རོ་ཧཱ། རཱུ་པི་ཎི་རྣམས་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་རྣམས་ལྷ་མོ་བཞིར་གྱུར་པར་ བསམ། ལྷ་མོ་རྣམས་ཀྱང་ཞལ་གཅིག་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཟླ་བ་ཕྱེད་པས་དབུ་བརྒྱན་པ། གཅེར་བུ་གཡོན་བརྐྱང་བས་བཞུགས་པ། ཕྱག་རྒྱ་ལྔ་དང་ལྡན་པ། གཡས་ན་གྲི་གུག །གཡོན་ན་ཐོད་པ་བསྣམས་པ། ལྷ་ལྔ་ཀར་ཡང་རོའི་གདན་ལ་ བཞུགས་པ། མཚམས་ཀྱི་འདབ་མ་བཞི་ལ་རིན་པོ་ཆེའི་བུམ་པ་བཞིའོ། །སྟེང་དུ་རང་བཞིན་གྱི་བདུད་རྩི་རྣམ་ལྔས་བཀང་བའི་ཀ་པཱ་ལ་བཞི་བཞག་པ་སྐད་ཅིག་གིས་བསྒོམ་སྟེ། དེ་ནི་གནས་དང་ལུས་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པས་བསྐྱེད་པའི་རིམ་པའོ། །རྫོགས་པའི་ རིམ་པ་གང་བསྒོམ་ཡང་རུང་། ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པར་བྱ་སྟེ། དེའི་རྗེས་ལ་རྫོགས་པའི་རིམ་པ་བསྒོམ་པ་ལ་གསུམ་སྟེ། ཧཱུཾ་ལ་དམིགས་པ་དང་། ཐིག་ལེ་ལ་དམིགས་པ་དང་། ནཱ་ད་སྐྲ་རིས་ཕྲ་མོ་སོར་གཅིག་ལ་དམིགས་པའོ། །དེ་ལ་ཧཱུཾ་ལ་དམིགས་པ་བསྒོམ་པ་ནི། སྙིང་ཁོང་སྟོང་གི་ནང་དུ། འོག་ཏུ་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམ་མོ། །ཉི་མ་དང་ཟླ་བའི་བར་དུ་ཐིག་ལེའི་རྒྱལ་པོ་ཡི་གེ་ཧཱུཾ་རྒུན་འབྲུའི་ས་བོན་གྱི་ཚད་ཙམ་མམ། སྲན་མའམ། ཡུངས་ཀར་སྦོམ་པོའི་ཚད་ཙམ་ཤེས་རབ་ཀྱི་དབང་གི་དུས་སུ་ཉམས་སུ་མྱོང་བའི་ བདེ་བ་དེ་ཉིད་དྲན་པར་བྱ་ཞིང་། འོག་གི་རླུང་ཡང་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ནང་ན་ཡར་དྲངས་པ་དང་། ལྕེ་ཡང་རྐན་ལ་སྦྱར་བའི་སྦྱོར་བ་ཡང་བྱ་སྟེ། ཐིག་ལེའི་རྒྱལ་པོ་ཡི་གེ་ཧཱུཾ་སྔ་མའི་ཚད་ཙམ་དུ་བྱས་ལ། དཀར་ལ་འཚེར་བ་བདེ་བ་དང་བཅས་པ་གཟི་མདངས་དང་ལྡན་པ་ཟླ་བའི་དཀྱིལ་ འཁོར་གྱི་བུ་གུར་རྒུན་འབྲུའི་ས་བོན་གྱི་ཚད་ཙམ་མམ། ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་དམིགས་པར་བྱའོ། །དེ་ནས་ཧཱུཾ་ལས་འོད་ཟེར་འཕྲོས་པས་མ་དག་པའི་སྣོད་དང་བཅུད་ལ་རེག་པ་ཙམ་གྱིས་ལན་ཚྭ་ལ་ཆུས་ཕོག་པ་བཞིན་དུ་འོད་ཀྱི་གོང་བུར་བཞུ་སྟེ་དག་པའི་སྣོད་བཅུད་ལ་བསྟིམ། དག་པའི་སྣོད་ བཅུད་ཀྱང་བདག་ལ་བསྡུ། བདག་ཉིད་ཀྱང་ཞུ་སྟེ། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་བསྟིམ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཡང་ཞུ་སྟེ། ཧཱུཾ་ལ་བསྟིམ། ཧཱུཾ་ཡིག་ཀྱང་ཞབས་ཀྱུ་ལ་བསྟིམ། ཞབས་ཀྱུ་ཧ་ལ་བསྟིམ། ཧ་ཟླ་ཚེས་ལ་བསྟིམ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་སྐྲ་རིས་ཙམ་ཕྲ་མོ་ལ་ ཐིམ་པའོ། །ནཱ་ད་སྐྲ་རིས་ཕྲ་མོ་ཡང་ནམ་མཁའ་ལ་ཐིམ་མོ། །ཐིམ་པ་དེ་ཉིད་ལ་སེམས་གཏད་ནས། དེ་ནས་ཆུ་ལ་ཉ་འཕར་བ་བཞིན་དུའམ། ནམ་མཁའ་ལ་གློག་འགྱུ་བ་ལྟར། སྐད་ཅིག་ཙམ་གྱིས་སྔ་མ་ལྟར་དྲན་ཏེ། སྣང་ལ་རང་བཞིན་མེད་པའི་ལྷའི་སྐུར་བསམས་ཏེ། མིག་དང་། རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་། ངག་དང་། ཡིད་དང་ཛི་ན་ཛིཀ་དང་། བཛྲ་དྷྲྀཀ་དང་། རཏྣ་དྷྲྀཀ་དང་། པྲཛྙཱ་དྷྲྀཀ་དང་། བཛྲ་སཏྭ་དང་། སྐུ་དང་གསུང་དང་ཐུགས་རྡོ་རྗེར་མོས་པ་བྱ་སྟེ། མཉམ་པར་མ་བཞག་པའི་སྤྱོད་པས་གནས་པར་བྱའོ། །ཐིག་ལེ་ལ་གནས་པ་ནི་བསྐྱེད་པའི་རིམ་པའི་གནས་དང་། ལུས་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པ་བསྒོམ་པ་སྔ་མ་དང་འདྲའོ། །ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་དཀར་ལ་འཚེར་བ་གཟི་མདངས་དང་ལྡན་པ། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་མྱོང་བའི་བདེ་བ་དེ་ཉིད་དྲན་པར་བྱ་སྟེ། འོག་གི་རླུང་ བསྐུམ་མོ། །འོག་གི་རླུང་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ཤ་ཡར་དྲངས་པ་དང་། ལྕེ་ཡང་རྐན་ལ་སྦྱར་བའི་སྦྱོར་བ་བྱས་ནས། ཟླ་བའི་བུ་གུ་རྒུན་འབྲུའི་ས་བོན་ཙམ་མམ། སྲན་མ་ཙམ་མམ། ཡུངས་ཀར་ཙམ་ནས་སྔ་མའི་ཐིག་ལེ་རྒུན་འབྲུའི་ཐིག་ལེ་ཙམ་མམ། སྲན་མའམ། ཡུངས་ཀར་ཙམ་ལ་རྣམ་པར་ཤེས་ པའི་ཚོགས་ལྔ་ཆར་བཀུག་ལ། ཀུན་གཞི་རྣམ་པར་ཤེས་པ་ལས་བསྡུས་ཏེ་གཏད་པར་བྱའོ། །ཐིག་ལེ་ལ་སེམས་ཟིན་ཅིང་གཞན་དུ་མི་འཕྲོ་བའི་དོན་དུས་སུ་རླུང་འགགས་ཤིང་བདེ་བའི་ཡེ་ཤེས་ཀྱང་ཆོས་ཉིད་ཁོ་ནས་སྐྱེ་བར་འགྱུར་རོ། །ནཱ་ད་སྐྲ་རིས་ཕྲ་མོ་ལ་དམིགས་པ་ ནི་གནས་དང་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པས་བསྡུས་པའི་བསྐྱེད་པའི་རིམ་པ་སྔ་མ་དང་འདྲའོ། །རྫོགས་པའི་རིམ་པ་ནི་སྙིང་ཁོང་སྟོང་འོད་གསལ་བའི་གནས་ནཱ་ད་སྐྲ་རིས་ཕྲ་མོ་སོར་གཅིག་པ་ལ་སྦོམ་ཕྲ་སྐྲའི་ཉག་མ་ཙམ་ལ་བྱང་ཆུབ་ཀྱི་སེམས་དཀར་ལ་འཚེར་བ་གཟི་མདངས་དང་ལྡན་ པ་བདེ་བ་དང་བཅས་པ་འོག་གི་རླུང་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ཤ་ཡར་དྲངས་པ་དང་། ལྕེ་རྐན་ལ་སྦྱར་བས་སྦྱོར་ཞིང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་མྱོང་བའི་བདེ་བ་དེ་ཉིད་དྲན་པར་བྱས་ལ་ནཱ་ད་སྐྲ་རིས་ཕྲ་མོ་ལ་དམིགས་པར་བྱའོ། །ནཱ་ད་སྐྲ་རིས་ཕྲ་མོ་ལ་རྩ་གཉིས་གཟུང་སྟེ། གནས་ པ་ལས་སྣ་བུག་གང་ནས་དབུགས་འབྱུང་བ་བརྟགས་ཏེ། གང་ནས་དབུགས་རྒྱུ་བ་ཞིག་ནས་ནཱ་ད་སྐྲ་རིས་ལ་རླུང་དང་སེམས་འདྲེས་པའི་བདེ་བ་དང་བཅས་པ་དཀར་ལ་འཚེར་བ། གཟི་མདངས་དང་ལྡན་པ་ཕྱིར་བྱུང་བ་ལ་དམིགས་སོ། །དེ་ཉིད་ནང་དུ་འཇུག་པ་ལ་དམིགས་ཏེ། འབྱུང་བ་དང་ འཇུག་པ་ཡུན་བསྡུ་ཞིང་གནས་པ་ལ་ཡུན་རིང་དུ་སེམས་གཏད་ཅིང་གནས་པར་བྱའོ། །དེའི་རྗེས་ལ་ནཱ་ད་སྐྲ་རིས་ཕྲ་མོ་དང་བཅས་པའི་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པར་བསྒོམ་པར་བྱའོ། །དེ་ནས་སྐད་ཅིག་ཙམ་གྱིས་སྒྱུ་མ་ལྟ་བུའི་སྐུར་བསམས་ལ། དབང་པོ་དྲུག་དང་ལུས་ངག་ཡིད་གསུམ་ སངས་རྒྱས་དྲུག་དང་སྐུ་གསུང་ཐུགས་སུ་བསམ་ཞིང་ཤེས་པར་བྱ་སྟེ། མཉམ་པར་མ་བཞག་པའི་སྤྱོད་པས་གནས་པར་བྱའོ། །དེ་ཙམ་གྱིས་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་བསྟན་ཟིན་ཏོ།། །།སྣ་ཚོགས་རྡོ་རྗེ་དྲི་མེད་ཀྱི་རིམ་པ་ལ་གཉིས་ཏེ། འཇིག་རྟེན་པའི་ དངོས་གྲུབ་བསྒྲུབ་པའི་རིམ་པ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒོམ་པའི་རིམ་པའོ། །དང་པོ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་བསྒོམ་པ་ལ་གཉིས་ཏེ། རྟེན་རྡོ་རྗེའི་གུར་ དང་པདྨ་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པའོ། །རྟེན་བསྒོམ་པ་སྔ་མ་དང་མཐུན་ནོ། །བརྟེན་པ་ལྷ་བསྒོམ་པ་ནི་པདྨའི་དབུས་སུ་ཧཱུཾ་བསམ་མོ། །ཧཱུཾ་ཞུ་བ་ལས་རྡོ་རྗེ་བསམ་མོ། །རྡོ་རྗེ་ཞུ་བ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྨིན་མ་ཁམ་ པ། ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ། ཟླ་བ་ཕྱེད་པས་དབུ་ལ་མཛེས་པ། མཆེ་བ་གཙིགས་པ་ལ་སོགས་པ་དང་ལྡན་པ། སྐུ་མདོག་སྔོན་པོ་དང་དམར་པོ་གང་ཡང་རུང་བའོ། །དབུ་ལ་དང་པོའི་སངས་རྒྱས་ཀྱིས་བརྒྱན་པ། གཡས་བརྐྱང་པ། གཡོན་བསྐུམ་པ་ཕྱག་རྒྱ་ལྔ་དང་ལྡན་ པ། མི་མགོ་རློན་པའི་དོ་ཤལ་ཅན་ཉི་མ་ཕྱེད་པའི་འོད་དང་ལྡན་པའི་རྡོ་རྗེ་དབང་ཕྱུག་གི་སྐུར་བསྒོམ་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་བསྒོམ་པ་ནི། མིག་སྟོང་པ་ཉིད་དུ་བསྒོམ་པ་དང་། མིག་གི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་སྲན་མ་ཙམ་དཀར་ ལ་འཚེར་བ་གཟི་མདངས་དང་ལྡན་པ་བདེ་བ་དང་བཅས་པ་ལ་སེམས་གཏད་པར་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་ལུས་རྣམས་སྟོང་པ་ཉིད་དུ་བསྒོམས་ལ། རྣ་བ་ལ་སོགས་པ་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གཟི་མདངས་ དང་ལྡན་པ་བདེ་བ་དང་བཅས་པ་རེ་རེ་ནས་ཡུལ་རྣམས་ལ་སེམས་གཏད་པར་བྱའོ། །སྙིང་གར་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་ཐིག་ལེ་སྲན་མ་ཙམ་དཀར་ལ་འཚེར་བ་གཟི་མདངས་དང་ལྡན་པ་བདེ་བ་དང་བཅས་པ་སྲན་མ་སྦོམ་པོའི་ཚད་ཙམ་ལ་སེམས་གཏད་པར་བྱའོ། །མགོ་བོ་བདེ་བ་ཆེན་ པོའི་འཁོར་ལོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གོང་མ་དང་འདྲ་བ་ལ་སེམས་གཏད་པར་བྱའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྔ་མ་དང་འདྲ་བ་ལ་སེམས་གཏད་པར་བྱའོ། །ལྟེ་བ་སྤྲུལ་བའི་འཁོར་ལོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྔ་མ་དང་འདྲ་བ་ལ་ སེམས་གཏད་པར་བྱའོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ་སྔ་མ་དང་འདྲའོ། །རྫོགས་པའི་རིམ་པ་བསྒོམ་པའི་མཛོད་སྤུར་བདེ་བའི་ཐིག་ལེ་དཀར་པོ་འཚེར་བ་བདེ་བ་དང་ ལྡན་པ་སྲན་མ་སྦོམ་པོའི་ཚད་ཙམ་ལ་སེམས་གཏད་པར་བྱའོ། །དེ་ལ་སེམས་བརྟན་པ་ཐོབ་པ་དང་། དམར་ཏིང་པའི་རྟགས་འབྱུང་བར་འགྱུར་རོ། །དེ་བྱུང་བ་དང་དཔྲལ་བའི་ནང་དུ་བདེ་བའི་ཐིག་ལེ་དཀར་ལ་འཚེར་བ་གཟི་མདངས་དང་ལྡན་པ་སྲན་མ་སྦོམ་པའི་ཚད་ཙམ་ལ་ སེམས་གཏད་པར་བྱའོ། །དེ་ལ་སེམས་བརྟན་པ་ཐོབ་པའི་མཚན་མ་ནི་དཀར་ཏིང་བ་འབྱུང་ངོ་། །དེའི་རྗེས་ལ་མཚོག་མའི་གནས་སུ་བདེ་བའི་ཐིག་ལེ་གནག་ལ་འཚེར་བ་གཟི་མདངས་དང་ལྡན་པ་བདེ་བ་དང་བཅས་པ་སྲན་མ་སྦོམ་པོའི་ཚད་ཙམ་པ་ལ་སེམས་གཏད་པར་བྱའོ། །དེ་ལ་སེམས་བརྟན་པ་ ཐོབ་པའི་མཚན་མ་ནི་ནག་ཏིང་བ་འབྱུང་ངོ་། དེ་ནི་རྗེས་ལ་རྟོག་པ་དང་བྲལ་བའི་བདེ་བ་ཆེན་པོ་རང་རིག་གཉིས་སུ་མེད་པའི་ཡེ་ཤེས་ངང་གིས་སྐྱེས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེ་ལ་སྲས་སངས་རྒྱས་འཁྲུངས་པར་དེ་ནི་སྣ་ཚོགས་རྡོ་རྗེ་དྲི་མེད་ཀྱི་རིམ་པ་སྟེ་གཉིས་པའོ།། །། ནོར་བུ་དགང་པའི་རིམ་པ་ལ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་དང་། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང་། ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང་། ཕྱག་རྒྱ་ཆེན་པོ་ལ་བརྟེན་པའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་ནི་ལེགས་པར་བརླབས་པའི་མིའི་ཡོ་ཤི་དྷའི་རིགས་དང་། སྤྱོད་ པས་ཉེ་བ་དང་། མ་སྲིང་ལྟར་སྙིང་བརྩེ་བས་དགའ་བས་གནས་པ་དང་། སྔགས་དང་ཕྱག་རྒྱ་འཛིན་པའི་ནུས་པ་དང་ལྡན་པ་དང་། ལོ་བཅུ་གཉིས་ནས་ཉི་ཤུའི་བར་སྨིན་པའི་ལམ་གྱིས་སྨིན་པར་བྱས་པས་དབང་བསྐུར་དང་ལྡན་པ་ཉེར་བསྡོགས་བྱས་ཏེ། གནས་ཡིད་དུ་འོང་བར་མེ་ཏོག་ དམར་པོས་གཅལ་དུ་བཀྲམ་པའི་བར་དུ་ལུས་ཀྱི་དྲི་ང་བ་མི་ཚོར་བ་ཙམ་དུ་གོས་མཛེས་པ་གོན་ཞིང་སྟན་འཇམ་པོ་ལ་གནས་ཏེ། བཟའ་བའི་དམ་ཚིག་ཞག་བདུན་གྱི་བར་དུ་འོ་མ་དང་། ཀ་ར་གཉིས་སྦྱར་བའི་བཏུང་བ་དང་། ལུག་གཞོན་ནུ་མའི་ཤ་སར་བ་མི་དྲག་པ་ཙམ་དུ་བཏང་བར་བྱས་ ཏེ། ཆགས་པའི་མིག་གིས་ཕན་ཚུན་དུ་བལྟ་ཞིང་གནས་པར་བྱའོ། །དེ་ནས་མཉམ་པར་སྦྱོར་བའི་དུས་སུ་བདག་དང་ཤེས་རབ་ཧེ་རུ་ཀ་དང་བདག་མེད་མར་ང་རྒྱལ་བསྐྱེད་ལ། ཤེས་རབ་ཀྱི་མགོ་བོ་དང་། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་རྣམས་སུ་ཡི་གེ་ དགོད་དོ། །ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵ་སྭཱ་ཧཱ་ཞེས་པ་རྣམས་བཀོད་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ། རོལ་རྩེད་མཆུ་གཞིབ་པ་དང་། ཙུམ་པ་བྱ་བ་དང་། རྩ་རྨེ་བ་དང་། གནས་དགུར་སེན་མོ་གདབ་པ་ལ་སོགས་པ་དེ་ལྟར་བྱས་ལ། དེའི་རྗེས་སུ་ཕན་ཚུན་འཁྱུད་ཅིང་ཆགས་པའི་ང་རྒྱལ་བྱའོ། །དེ་ ནས་གོལ་ཆེ་བའི་ལག་པས་ཨ་ཝ་དྷཱུ་ཏཱི་བྲུད་ཅིང་གསལ་བར་བྱའོ། །ཨ་ཝ་དྷཱུ་ཏཱི་དང་གོལ་ཆེ་བའི་ལག་པ་ཕྲད་པའི་དུས་སུ་བཞིན་འགྱུར་བ་དང་། ཤེས་སྐད་འབྱིན་པ་དང་། སྙིང་འདར་བ་ལ་སོགས་པའི་རྟགས་བློ་ལ་བཞག་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་དུས་སུ་སྔར་གྱི་རྟགས་ལྟ་བུར་ འབྱུང་བའི་དུས་སུ་རྡོ་རྗེ་དེ་ཉིད་སྦྱར་ཏེ། གཅེར་བུ་ཁ་སྦྱོར་གྱི་སྦྱོར་བ་འཁོར་ལོ་ལྟ་བུ་སྲུབ་ཅིང་བསྲུབ་པར་བྱའོ། །ཐབས་དང་ཤེས་རབ་ཀྱི་ཐུར་སེལ་གྱི་རླུང་དང་། སྲོག་དང་རྩོལ་བའི་རླུང་སྡོམ་ཞིང་འཁྲུལ་འཁོར་གྱི་སྦྱོར་བ་ཡང་བྱའོ། །རྒྱུ་ཞབས་ནས་ཡར་སྦྱར། ལྕེ་ཡང་རྐན་ལ་སྦྱོར་བའི་ སྦྱོར་བ་ཡང་བྱའོ། །ཏང་ཀུ་ལིའི་སྦྱོར་བ་ཡང་བྱའོ། །དེ་ནི་འཁྲུལ་འཁོར་གྱི་སྦྱོར་བའོ། །སྨན་གྱི་སྦྱོར་བ་ནི་ཙི་ཏྲ་ཀ་དང་། ཨརྐ་དཀར་པོའི་རྩ་བ་དང་། རྡོ་རྗེ་འོ་མས་འཇུ་བ་མཉམ་དུ་བསྲེས་པའི་རི་ལུ་སྲན་མའི་ཚད་ཙམ་དང་མིད་ལ། སེམས་འབྱུང་འདོད་པའི་དུས་སུ་སྨན་གྱི་རི་ལུ་དེ་གསུམ་ ལས་མཉམ་པ་གཅིག་ཀྱང་མེད་པར་བྱའོ། །རྡོ་རྗེ་འོ་མ་དང་བའི་འོ་མ་གཉིས་སྦྱར་བས་རྐང་མཐིལ་གཉིས་ཀྱང་བསྐུ་བར་བྱའོ། །བི་ནུ་ཀན་ཏའི་རྩ་བ་དང་པདྨ་དཀར་པོ་ནང་ན་དཀར་པོ་ནར་ནར་པོ་གཉིས་བསྐུ་བར་བྱ་སྟེ། རྐེད་པ་བཅིང་བར་བྱའོ། །དེ་ནི་དྷ་ར་ཨ་ཤོ་ཀ་ཞེས་བྱ་བ་སེམས་འཛིན་ པའི་སྨན་ནོ། །མཉམ་པར་སྦྱོར་བ་གཟུད་པའི་དུས་སུ་འགྲོན་བུག་ལྷུགས་པའི་ནང་དུ་དངུལ་ཆུས་བཀང་བའི་སེར་ཀའི་ཕྱོགས་སྤྲ་ཚིལ་གྱིས་བཀག་སྟེ། ལྕེ་རྩར་བཞག་ལ་སེམས་འབྱུང་འདོད་པའི་དུས་སུ་ལྐུགས་པའི་ལྕེ་རྩར་སྦྱར་བར་བྱའོ། །དེ་ནི་ནོར་བུ་རིན་པོ་ཆེ་ལྐུགས་པས་སེམས་ གཟུང་བའི་ཐབས་སོ། །ཤེས་རབ་གྱི་འཕོངས་སུ་གློང་གཞུག་སྟེ། རང་གི་རྡོ་རྗེའི་ཚད་པས་སོར་གཅིག་པས་རིང་བའི་ཕྱིང་བའི་དྲ་བ་བྱས་ལ་སྤྲ་ཚིལ་གྱིས་གཏུམ་པར་བྱའོ། །ཤེས་རབ་ཀྱི་རྐེད་པ་དར་གྱིས་བཅིང་ཞིང་གསང་བའི་པདྨའི་ནང་དུ་རྡོ་རྗེའི་གཟུགས་སོར་གཅིག་ཙམ་ བཅུག་ལ་རྐེད་པ་ཡར་གྱི་ཅུང་ཞིག་བསྡམ་མོ། །སོར་གཉིས་ཙམ་ཞུགས་པ་དང་ཅུང་ཟད་ཀྱང་བསྡམ་མོ། །དེ་བཞིན་དུ་རྡོ་རྗེ་ཅུང་ཞིག་བཅུག་ཅིང་རྐེད་པ་བསྡམ་པར་བྱའོ། །སོར་གཅིག་ལུས་མུས་ཀྱི་བར་དུ་བཅུག་ཅིང་དེ་ཡང་ཤིན་ཏུ་བསྡམ་མོ། །སོར་གཅིག་པོ་ཤེས་རབ་ ཉིད་ཀྱིས་གྱེན་དུ་བཅུག་པས་པདྨ་ཕྱིར་ལོག་སྟེ། ཨ་ཝ་དྷཱུ་ཏཱི་སོར་གཅིག་པས་ཕྱིར་བྱུང་བས་རྡོ་རྗེའི་བུག་པར་བཅུག་ཅིང་འཁོར་ལོ་ལྟ་བུའི་སྦྱོར་ཐབས་ཀྱིས་བཅུག་ཅིང་གཙུབ་པར་བྱའོ། །མན་ངག་དེ་རྣམས་ཀྱི་སྟོབས་ཀྱིས་དཔེའི་ལྷན་ཅིག་སྐྱེས་པའི་མེ་ཏོག་ལྟ་བུའི་བདེ་བ་ཆེན་པོའི་རང་རིག་ གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བར་འགྱུར་རོ། །དེའི་རྗེས་ལ་འཁོར་ལོའམ། ཐིག་ལེ་འམ། ཁ་སྦྱོར་རམ་མ་ནིང་གི་བཟླས་པའམ། མན་ངག་དེ་བཞི་ལས་གང་ཡང་རུང་བ་ཅིག་ལ་སེམས་གཏད་ཅིང་སྔར་གྱི་བདེ་བ་དྲན་ཞིང་དོན་གྱི་ལྷན་ཅིག་སྐྱེས་པའི་མེ་ཏོག་གི་དྲི་ལྟ་བུའི་ བདེ་བ་ཆེན་པོའི་རང་རིག་གཉིས་སུ་མེད་པའི་ཡེ་ཤེས་ལ་བསླབ་པར་བྱའོ། །མཉམ་པར་མ་བཞག་པའི་སྐབས་སུ་ཡང་བསྐྱེད་པའི་རིམ་པ་བསྒོམ་པའི་སྐབས་སུ་རང་གི་སེམས་ཀྱི་མཚན་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་ཅི་མཐོང་བ་ཐམས་ཅད་ལ་མོས་པར་བྱ་སྟེ། ང་མ་མཐོང་བ་འགྲོ་མ་ མཐོང་། །ས་གསུམ་པོ་ཡང་ང་ལས་སྐྱེས། །བདེ་བ་སེར་པོ་བདེ་བ་དཀར། །བདེ་བ་དམར་པོ་བདེ་བ་ལྗང་། །དེ་བཞིན་ཀུན་དུ་རུ་སྐྱེས་བདེ། །ཞེས་བྱ་བའི་ཚུལ་གྱིས་བསླབ་པར་བྱའོ། །ཡོན་ཏན་དང་ལྡན་པའི་ཤེས་རབ་དགུག་པར་འདོད་ན་འབྲས་བུ་གསུམ་དང་། བིལ་བ་དང་། བལ་པོའི་ སིའུ་དང་། སྟར་ཀ་དང་། པོ་སོན་ཆ་དང་། ད་ཏྲིག་དང་། བ་ལི་ཀ་དང་། ཤུ་ཀྲ་རྣམས་གཉིས་ཏེ། སྨན་སྣ་བཅུ་གཅིག་པོ་ཆ་མཉམ་པར་བསྲེས་པའི་ལྡེ་གུས་བསྐུས་པའི་མེ་ཏོག་བསྣོལ་དུ་གཞུག་གོ། །ཁྱིའི་རུས་པ་དང་། མི་རུས་དང་། བྱ་རྒོད་ཀྱི་རྟུག་པ་གསུམ་སྦྱར་ཏེ་བདག་ཉིད་ ཀྱི་དཔྲལ་བར་བསྐུའོ། །གཞན་གྱི་སེམས་མི་བསྒྱུར་བའི་ཐབས་ནི་ཕ་ཝང་ཚེས་བཞིའི་དགོངས་ཀ་བཏགས་ལ་དེའི་རིལ་མ་བཏགས་པས་བདག་ཉིད་ཀྱི་གསང་བའི་རྡོ་རྗེའི་རྩེ་མོ་ལ་བསྐུས་ནས་སྙོམས་འཇུག་བྱས་ན་གཞན་གྱིས་སེམས་བསྒྱུར་བར་མི་འགྱུར་རོ། །འཁོར་བ་མི་སྤེལ་བའི་མན་ ངག་ནི་ལག་པའི་མཐིལ་དག་པར་བཀྲུས་པའི་སྟེང་དུ་དངུལ་ཆུ་སྲིན་ལག་དག་པ་ལ་བསྐུས་ལ་འབྲུ་མར་མི་ཚེ་བ་བསྡུས་ཏེ་བླངས་ལ་ལག་པ་ཆང་གི་ནང་དུ་བཅུག་སྟེ། བསྐམས་ཙམ་ན་དཔྲལ་བ་ལ་བསྐུས་ཏེ། ཡོ་ཤི་ཏི་ལྡན་དུ་བཞག་གོ། །ཡང་ན་མཚལ་སྨུག་པོ་ཞོ་གཉིས་ཞི་བ་ཏུ་ བཏགས་པའི་ཕྱེ་མ་སྔ་དྲོའི་དུས་སུ་ཆང་ཞིམ་པོ་དང་སྦྱར་ལ་བླུད་དོ། །ལྕགས་ཀྱི་ལྡུག་ལ་སྤུ་པི་ཀའི་རྩ་བས་དཀྲིས་པ་ཐོགས་སུ་གཞུག་གོ། །ཡང་སྤུ་པི་ཀའི་རྩ་བས་རྐེད་པ་དཀྲི་བར་བྱའོ། །ལྕགས་ཀྱི་ཁུ་བས་སྲོད་ཀྱི་དུས་སུ་པདྨ་བཀྲུ་བར་བྱའོ། །བུ་རམ་དང་ཏིལ་མར་དང་། ལན་ ཚྭ་དང་རྒྱ་ཤུག་གི་འབྲས་བུ་དང་། འབྲས་དང་། ནས་རྣམས་འོ་མ་དང་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པའི་ནང་དུ་སྲིན་ལག་བཅུག་སྟེ། པདྨའི་ནང་དུ་བཅུག་ལ་ཡུན་རིང་དུ་དཀྲུགས་པར་བྱའོ། །ར་རྩའི་བྱ་བ་ནི་ད་དུ་རའི་རྩ་བ་དང་། ག་པུར་དང་སྦྱར་བ་རྡོ་རྗེ་ལ་བསྐུ་བར་ བྱའོ། །ཤ་ཁ་ར་དང་བའི་མར་སྲང་ཕྱེད་སྦྱར་བ་ཟས་ཟོས་པའི་འོག་ཏུ་བཟའོ། །མཆིལ་པའི་ཤ་ཞག་གཅིག་ལོན་པ་མཚམས་ཀྱི་དུས་སུ་ཟོས་ལ་འོ་མ་བསྐོལ་བ་ཚད་དུ་བཏུང་བར་བྱའོ། །ཏིལ་མར་དང་མོན་སྲན་གྲེའུའི་ཕྱེ་མ་འོ་མ་དང་བསྲེས་པ་བཟའ་བར་བྱའོ། །གོ་ཆ་དང་བའི་འོ་མ་ དང་ཤིང་མངར་རྣམས་མར་དང་སྦྱར་བ་བཏུང་བར་བྱའོ། །བའམ་རའི་འོ་མའི་ནང་དུ་དབང་པོ་ལག་པའི་ཕྱེ་མ་དང་ཀ་རའི་ཕྱེ་མ་ཞིབ་ཏུ་བཏགས་པ་བཏབ་སྟེ་བཏུང་བར་བྱའོ། །དམ་ཚིག་མི་ཉམས་པའི་མན་ངག་ནི་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ དུས་སུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སུ་གྱུར་ཏེ་གནས་སོ། །སྤྱིར་གསང་སྔགས་ཀྱི་དམ་ཚིག་ཉམས་ན་སྡོམ་པ་གསུམ་འཇིག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་གི་ལུགས་ཀྱི་ཁ་ན་མ་ཐོ་བ་གཉིས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ དང་། བཅས་པའི་ཁ་ན་མ་ཐོ་བ་གཉིས་སོ། །དེ་ལ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། དེ་བཞི་ལས་དང་པོ་གཉིས་དང་། ཐ་མ་ནི་རིག་པ་འཛིན་པའི་སྡེ་སྣོད་ལ་ཉམས་སུ་བླང་བར་བྱ་ སྟེ། འདི་རུ་མ་བཤད་དོ། །འདོད་པས་ལོག་པར་གཡེམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བར་གཏོགས་པས་ཉམས་སུ་བླང་བར་འདི་རུ་མ་བཤད་དོ། །མི་ཚངས་པར་སྤྱོད་པ་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་པས་དེ་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱིས་ཤེས་པར་སྤྱོད་ཅིག །དོན་ ཆེན་པོ་ཡོད་པས་གདམས་ངག་ཡོད་ན་མི་འགལ་བར་རྩ་བའི་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཀྱིས་བཤད་དོ། །འདོད་པས་ལོག་པར་གཡེམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་དང་། གཞན་གྱི་ལུས་བསྲུངས་བ་ཡོད་པའི་ཕྱིར་ཉམས་སུ་བླང་པར་བཅོམ་ལྡན་འདས་ཀྱིས་འདི་རུ་མ་བཤད་ དོ། །མི་ཚངས་པར་སྤྱོད་པ་ནི་ཉམས་སུ་བླང་བར་གསུངས་ཏེ། དེ་ཡང་ལོ་བཅུ་གཉིས་པའམ་བཅུ་དྲུག་པའམ། ལོ་ཉི་ཤུ་ཚུན་ཆད་ཀྱི་གཞོན་ནུ་མ་ཞེས་གསུངས་པས་ནི་མི་འགལ་ལོ། །དེ་ཡང་གཞན་གྱི་དབང་མ་བྱས་པ་དང་མཉམ་པར་སྦྱོར་བ་སྣང་ངོ་། །འདིར་ཡང་དོན་ཆེན་པོ་ཡོད་པས་ དུས་རྣམ་པ་བཞིར་ཉམས་སུ་བླང་བར་བྱའོ། །དུས་བཞི་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་མཆོད་པའི་དུས་དང་། དཀྱིལ་འཁོར་གྱི་ལྷ་བསྒྲུབ་པའི་དུས་དང་། སློབ་མ་ལ་གསང་དབང་བསྐུར་བའི་དུས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སོ། །མཆོད་པས་ནི་ལྷ་མཉེས་པས་དངོས་གྲུབ་ རྣམ་པ་གཉིས་ཐོབ་པའི་དོན་ཆེན་པོ་ཡོད་པའི་ཕྱིར་དང་། དཀྱིལ་འཁོར་བསྒྲུབས་པས་ནི་སྐུ་གསུང་ཐུགས་དང་། ཡེ་ཤེས་ཀྱིས་འགྲོ་བའི་དོན་ཆེན་པོ་མཛད་པས་ཆོས་ཀྱི་ཐོབ་པའི་འགྲོ་བའི་དོན་ཆེན་པོ་ཡོད་པའི་ཕྱིར་དང་། གསང་བའི་དབང་བསྐུར་བས་ནི་སློབ་མ་ཐེག་པ་ཆེན་པོའི་སྣོད་དུ་རུང་བའི་ཕྱིར་མི་ སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དོན་ཆེན་པོ་ཡོད་པའི་ཕྱིར་རོ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ནི། རང་གི་སེམས་ཀྱི་མཚན་ཉིད་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བར་ཉམས་སུ་མྱོང་བའི་ཕྱིར་དོན་ཆེན་པོ་ཡོད་པས་ འདིར་དམ་ཚིག་ལས་མི་འགལ་བར་བསྟེན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་པར་ཤེས་པར་བྱའོ། །མཁས་པ་ང་རྒྱལ་དང་ལྡན་པས་བྱས་པ་ལ་ནི་མ་ཡིན་ནོ། །དེ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དང་། སྤྲོས་པ་མེད་པའི་སྤྱོད་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་ སྤྱོད་པ་ལ་ནི་དངོས་པོ་ལ་རེག་པ་མེད་པས་ཉེས་པར་མི་གཞག་གོ། །མ་དད་པ་སྤང་བའི་མན་ངག་ནི། ག་བུར་གླ་རྩི། གུར་ཀུམ། ཙནྡན། མ་ཧེ་ཤུཀྲ་བསྲེས་པའི་ལྡེ་གུས་དཔྲལ་བར་བསྐུ་བར་བྱའོ། །དེ་ནི་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པའི་ནོར་བུ་དག་པའི་རིམ་པའོ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ པའི་ནོར་བུ་དག་པའི་རིམ་པ་ནི་གནས་ཀྱི་དམ་ཚིག་དང་། བཟའ་བའི་དམ་ཚིག་དང་། སྤྱོད་ལམ་གྱི་མན་ངག་ནི་སྔ་མ་དང་འདྲའོ། །རྣལ་འབྱོར་པ་གན་རྐྱལ་དུ་གནས་ཏེ། རྐང་པའི་མཐེ་བོང་གཉིས་ནམ་མཁའ་ལ་བསྒྲེངས་ཏེ། གནས་པས་སོར་མོ་ལྷག་མ་ཐུར་དུ་བསྐུམས་ལ་གཞག་གོ། །ཏང་ཀུ་ ལིའི་སྦྱོར་བ་ཡང་བྱ་སྟེ། འོག་གི་རླུང་བསྐུམ་པ་དང་། རྒྱུ་ཞབས་ཀྱི་ཤ་ཡར་ལ་དྲངས་པ་དང་། ལྕེ་རྐན་ལ་སྦྱར་བའི་སྦྱོར་བ་ཡང་བྱས་ཏེ། ལག་པ་ཞེས་བྱ་བའི་ཕྱག་རྒྱའི་སྦྱོར་བའི་བྱེ་བྲག་གིས་བྲུད་པའི་སྦྱོར་བ་བྱས་ལ་བདེ་བ་རྟོག་པ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱའོ། །ཆོས་ཀྱི་ཕྱག་རྒྱ་ ལ་བརྟེན་པའི་ནོར་བུ་དགང་བའི་རིམ་པ་ནི་སེམས་ཀྱི་སྣང་བའི་ལྷ་མོ་བསམས་ཏེ། སྔ་མའི་མན་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཀྱི་བདེ་བ་དྲན་པར་བྱས་ལ། འཁོར་ལོའམ། ཐིག་ལེའམ། ཁ་སྦྱོར་རམ། མ་ནིང་གི་བཟླས་པའི་མན་ངག་ལ་སེམས་གཏད་པར་བྱའོ། །ཕྱག་རྒྱ་ཆེན་ པོ་ལ་བརྟེན་པའི་ནོར་བུ་དགང་བའི་རིམ་པ་ནི་སྔར་སྐྱེས་པའི་བདེ་བ་དེ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྒོམ་པའོ། །དེ་ནི་ནོར་བུ་དགང་བའི་རིམ་པའོ། །ཛཱ་ལནྡྷ་རའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ནི་སྔར་དང་འདྲའོ། །རྫོགས་པའི་ རིམ་པ་བསྒོམ་པ་ནི་རང་གི་ལྟེ་བའི་འོག་ཆུ་སོའི་གོང་དུ་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་དཀར་ལ་དམར་ཆགས་པ་བསམས་ལ། དེའི་ནང་དུ་འཁོར་ལོ་དཀར་ལ་དམར་ཆགས་པ། རྩིབས་བཞི་པ་དབུས་ཀྱི་ལྟེ་བ་ལ་བསམས་ཏེ། དབུས་སུ་བདེ་བའི་ཐིག་ལེ་དཀར་པོ་དང་ཕྱོགས་བཞིར་སྔོན་པོ་ དང་དམར་མོ་དང་། སེར་པོ་དང་། ལྗང་གུ་དང་། སྲན་མའི་ཚད་ཙམ་བསམས་ལ། དེ་ཉིད་སངས་རྒྱས་ལྔར་མོས་པ་བྱ་སྟེ། འོག་སྒོ་དང་སྟེང་སྒོའི་རླུང་བཀག་པས་ཐིག་ལེ་ལྔའི་འོད་ཟེར་འཕྲོས་ཏེ་སྣའི་བུ་གའི་ནམ་མཁའ་ནས་བྱུང་ནས་དབུགས་གང་ནས་རྒྱུ་བའི་སྣ་བུག་ན་སོར་བཅུ་གཉིས་ཀྱི་ བར་དུ་འབྱུང་སྟེ། སླར་ནང་དུ་བཅུག་སྟེ། ཐིག་ལེ་ལྔ་ལ་ཐིམ། སྒོམ་པའི་དུས་ཕྱིར་འབྱུང་བ་དང་། ནང་དུ་འཇུག་པའི་དུས་ན་ཡང་ཇེ་ཐུང་ཇེ་ཐུང་ལ་གྲངས་ཀྱང་ཇེ་ཉུང་ཇེ་ཉུང་དུ་བྱ་ཞིང་། ནང་ན་གནས་པ་ལ་ཡུན་ཡང་ཇེ་རིང་ཇེ་རིང་དུ་སེམས་བརྟན་པར་བྱའོ། །མིག་གིས་ མཐོང་བ་བས་ཐིག་ལེ་ལྔ་གསལ་བར་མཐོང་བ་དེ་སྲིད་དུ་བསྒོམས་ལ་དེ་ནས་ལྕེ་དང་དཔུང་པ་དང་མིག་དང་རྣ་བ་དང་། སྣ་དང་ལྕེ་ལ་སྔ་མའི་ཐིག་ལེ་དེ་ཉིད་བསམས་ན་འཇིག་རྟེན་པའི་དངོས་གྲུབ་ཇི་ལྟར་འདོད་པ་འགྲུབ་པར་འགྱུར་རོ། །བསམ་གྱིས་མི་ཁྱབ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་ རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ནི་སྔ་མ་དང་འདྲའོ། །རྫོགས་པའི་རིམ་པ་ནི་སེམས་ཡུལ་རྣམས་ལ་བཟློག་སྟེ། ཆོས་ཐམས་ཅད་སེམས་ཙམ་དུ་བསྒོམས་ཏེ། སེམས་དེ་ཉིད་བདེ་བ་རྟོག་པ་མེད་པར་བྱ་སྟེ། ཤེས་པ་དེ་ཉིད་ཀྱང་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། ། མཉམ་པར་མ་གཞག་པའི་སྤྱོད་པ་ནི་སྔ་མ་དང་འདྲའོ། །སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་མར་བ་བནྡེ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛ་སཾ་བ་ར་སཱ་དྷ་ནཾ། བོད་སྐད་དུ། བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། །འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ཤེས་བྱ་རྣལ་འབྱོར་ཆོ་ག་གསུམ། །བྱིན་གྱིས་རློབ་དང་རབ་ཏུ་རྟོག །བསམ་བྲལ་གཟུགས་བརྙན་ཡོངས་སུ་རྫོགས། །སངས་རྒྱས་ཀྱིས་གསུངས་རྣལ་འབྱོར་ དུ། །སེམས་ཅན་རྫུས་ཏེ་སྐྱེས་པ་བཞིན། །གང་ཞིག་སྐད་ཅིག་སྦྱོར་བ་ཡིས། །ས་བོན་མེད་པར་རྣམ་པར་བསྒོམ། །རང་ཉིད་རྡོ་རྗེ་མཁའ་འགྲོར་གྱུར། །ཟླ་བ་ཕྱེད་པ་སྤྱི་བོར་འཛིན། །དཔྲལ་བར་ཐོད་པའི་ཕྲེང་བ་བསྣམས། །ཕྱག་རྒྱ་དྲུག་ལྡན་མགོ་བོའི་ཕྲེང་། །སྤྱན་གསུམ་སྣ་ཚོགས་ རྡོ་རྗེ་ཅན། །སྣ་ཚོགས་པདྨ་ཉི་མར་གནས། །འཇིགས་བྱེད་དུས་མཚན་བཅས་པར་དགོད། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཅིབས། །རྡོ་རྗེ་དྲིལ་བུ་རལ་པར་ལྡན། །གནག་ཅིང་མི་བསྐྱོད་སྤྱི་བོའི་གཙུག །སྟག་གི་པགས་པས་ཡང་དག་བཅིངས། །དཔའ་བོའི་རྡོ་རྗེ་ཕག་མོ་ནི། ། སྤྱན་གསུམ་དམར་ཞིང་མགོ་ཕྲེང་ལྡན། །རྡོ་རྗེ་ཐོད་པ་ཁྲག་གིས་བཀང་། །རྐེད་རྒྱན་དུམ་བུས་མཚན་པ་འཛིན། །ཕྱོགས་ཀྱི་གོས་ལ་ཕྱག་རྒྱ་ལྔ། །དབུ་སྐྲ་གྲོལ་ཞིང་སངས་རྒྱས་གཙུག །འདི་ལྟར་སྐད་ཅིག་གིས་རྫོགས་པའི། །བདག་ཉིད་ལུས་ནི་བསྒོམ་པར་བྱ། །ཡེ་ཤེས་ལྔ་ཡི་རང་ བཞིན་གཟུགས། །སངས་རྒྱས་འོད་ཟེར་རྣམ་པར་སྤྲོ། །སྤྱོད་ཡུལ་གཅིག་གི་སེམས་ཀྱིས་སུ། །འདི་ཉིད་ཁོ་ན་ཡུན་རིང་བསམ། །གོ་འཕང་འདི་ལ་སེམས་ཅན་དགོད། །ཆོས་དབྱིངས་རྒྱལ་མཚན་ཡང་དག་སྦྱོར། །གཉིས་གཉིས་སྦྱོར་བ་བདེ་ལས་བྱུང་། །དགའ་བ་ཟག་པའི་ཕུན་ཚོགས་ཀྱིས། ། རང་རིག་དགའ་བས་ཡོངས་སུ་ཁེངས། །ཟག་པས་སྐྱེད་པར་བྱེད་པ་གང་། །དེས་ནི་རྒྱ་ཆེན་ཡིད་ལ་བྱེད། །འདུས་བྱས་སྤྲོས་པའི་རྒྱུན་འདི་ནི། །འདི་ལྟར་རྟག་ཏུ་སྒོམ་པ་པོས། །འོད་གསལ་རྗེས་སུ་དྲན་པར་བྱ། །སྣ་ཚོགས་པདྨ་ཉི་མ་དང་། །འཇིགས་བྱེད་དང་ནི་དུས་མཚན་ནོ། །སྡུག་མ་ བདག་མོ་མཁའ་ནོར་བུ། །དེ་བཞིན་གཤེགས་པ་ལྔ་ཡི་འོག །སྐུ་དང་ཡན་ལག་མཆོག་དང་ནི། །ཟླ་བ་ཐིག་ལེ་ནཱ་ད་རྣམས། །འདི་རྣམས་རིམ་གྱིས་མི་སྣང་གཞུག །ཇི་ལྟར་མེ་ལོང་དབུས་ཀྱི་རླུང་། །ཐམས་ཅད་ཐིམ་པར་གྱུར་པ་ལྟར། །ཡང་དག་མཐའ་རུ་ཡང་ནས་ཡང་། །དེ་བཞིན་རྣལ་ འབྱོར་རབ་ཏུ་གཞུག །གྲུབ་ཐོབ་རྡོ་རྗེ་དྲིལ་བུ་པས་མཛད་པའི། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྫོགས་སོ།། །།པཎྜིཏ་རྡོ་རྗེ་གདན་པ་ནི་སྐ་ལཾ་ཀའི་ཞལ་སྔ་ནས། དཔྱལ་ལོ་ཙཱ་བ་དཔལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷ་ག་བཱན་ཙཀྲ་སཾ་ བ་ར་སཱ་དྷ་ན་རཏྣ་ཙིན་ཏཱ་མ་ཎི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་སྒྲུབ་པའི་ཐབས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཤྲཱི་ཆུ་རྒྱ་མཚོ་ཐ་དད་མེད་བཞིན་ཧེ་འདུས་མ་བྱས་ནམ་མཁའ་བཞིན། ། རུ་ལྷའི་རྔ་ལྟར་གཙོ་འཁོར་ལོངས་སྤྱོད་ཀ་ཡི་ཡིད་བཞིན་ནོར་ལྟར་དགོས་འདོད་སྐོང་། །རྣམ་པར་ཐར་ཞིང་དུས་གསུམ་བདུད་བཞི་རྟེན་འབྲེལ་བཅུ་གཉིས་བདེན་གཉིས་སོགས། །དེ་བཞིན་ཡེ་ཤེས་ལྔ་ཡི་བདག་ཉིད་བྷ་གར་ཞུགས་ལ་ཕྱག་འཚལ་ལོ། །བླ་ནོར་ལྡན་པས་གསོལ་བཏབ་ པས། །འཁོར་ལོ་བདེ་མཆོག་སྒྲུབ་པའི་ཐབས། །ཇི་སྐད་གསུངས་པའི་དོན་བཞིན་དུ། །བདག་གིས་ལེགས་པར་བཤད་པར་བྱ། །རི་བོ་ཚང་ཚིང་སྨན་ལྗོངས་དང་། །ཆུ་བོ་ཆེན་པོའི་ངོགས་དག་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བརྩམ་ པར་བྱ། །རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །གསང་སྔགས་ཟློས་པའི་བཟླས་བརྗོད་དང་། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཡིད་ལ་འདོད་པ་བྱེད་པ་སྟེ། །རྒྱུད་འདི་རུ་ནི་དབང་བསྐུར་ན། །ཐམས་ཅད་ ཀྱིས་ནི་སྒྲུབ་པོར་གསུངས། །བལྟ་དང་དགོད་དད་ལག་འཛིན་དང་། །འཁྱུད་དང་གཉིས་སྤྲོད་ལ་སོགས་ལ། །དབང་བསྐུར་བར་ནི་གྱུར་པ་ཡིན། །རྒྱུད་རྣམས་ཀུན་གྱི་དམ་པ་ཡིན། །ནང་པར་སྔར་ལངས་སེམས་བདག་ཉིད། །ལུས་གནས་བརྗོད་ཅིང་ལུས་དག་བྱ། །རང་གི་ས་བོན་འོད་ཟེར་གྱིས། ། བླ་མ་དང་ནི་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་ཆུབ་སེམས་སོགས་ཀུན། །ནམ་མཁའ་ཀུན་གང་མདུན་ན་བལྟ། །ལུས་སྣ་ཚོགས་ཀྱིས་ཕྱག་བཙལ་ཞིང་། །དེ་དག་འགྲོ་བའི་དོན་དུ་དབུལ། ཧཱུཾ་གི་འོད་ཟེར་ལས་བྱུང་བའི། །གཟུགས་མ་སྒྲ་མ་དྲི་རོ་མ། །རེག་མ་ཆོས་མ་ཞི་བ་མ། །དཀར་ སྔོ་སེར་དམར་ལྗང་དཀར་མོ། །ཞལ་གཅིག་ཕྱག་བཞི་གཡོན་ཐོད་ཊྭཱཾ། །གཡས་རྣམས་མེ་ལོང་པི་ཝང་དང་། །དྲི་མཆོག་རོ་མཆོག་ན་བཟའ་དང་། །ཆོས་འབྱུང་དང་ནི་ཌ་མ་རུ། །ཨོཾ་ཨཱཿབཛྲ་ཨཱ་དར་ཤེ་ཧཱུཾ། ཨོཾ་ཨཱཿབཛྲ་བཱི་ཎེ་ཧཱུཾ། ཨོཾ་ཨཱཿབཛྲ་གྷཎྜེ་ཧཱུཾ། ཨོཾ་ཨཱཿབཛྲ་ར་སེ་ཧཱུཾ། ཨོཾ་ཨཱཿབཛྲ་ སྤར་ཤེ་ཧཱུཾ། ཨོཾ་ཨཱཿབཛྲ་དྷ་རྨེ་ཧཱུཾ། འོག་ནས་འཆད་པའི་ལྷ་མོ་ཡིས། །བདུད་རྩི་ལྔ་ཡིས་ལྷ་ཡིད་གང་། །སྙོམས་འཇུག་ལྷན་ཅིག་སྐྱེས་དགའ་ཡིན། །ལྷ་མོ་རྣམས་དང་མཆོད་པས་དགྱེས། །སྡིག་པ་བཤགས་བསྡམས་རྗེས་ཡི་རང་། །དགེ་བ་ཡོངས་བསྔོ་སྐྱབས་འགྲོ་བྱ། །ཆོས་འཁོར་ བསྐོར་བསྐུལ་བཞུགས་གསོལ་གདབ། །བྱང་ཆུབ་སྨོན་འཇུག་སེམས་བསྐྱེད་བཤགས། །ཁྱད་འཕགས་བདེ་སྦྱོར་བྱམས་པ་སྟེ། །སྡུག་བསྔལ་རྒྱུ་བྲལ་སྙིང་རྗེ་ཆེ། །བདེ་བ་མི་འབྲལ་འདོད་དགའ་བ། །ཉོན་མོངས་ཉེ་བྲལ་བཏང་སྙོམས་སོ། །ཆོས་ཀུན་ངོ་བོ་ཉིད་མེད་པ། །ཀུན་རྟོག་སྒྱུ་མ་ ལྟ་བུར་ཤེས། །ཨོཾ་སྭ་བྷཱ་བྴུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་྅ཧཾ། ས་བོན་འོད་ཀྱིས་བརྟན་གཡོ་སྦྱངས། །ཐིག་ལེ་སྔགས་ཀྱིས་དམིགས་པ་མེད། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆོས་ཀུན་རབ་ཏུ་གནས་མེད་པ། །འོད་གསལ་ནམ་མཁའ་དྲི་མ་མེད། །ཡི་གེ་ཨེ་ལས་ཆོས་འབྱུང་ སྟེ། །ཧཱུཾ་གྱུར་བདེ་ཆེན་ཕྱག་གཉིས་པ། །ཤར་སོགས་ལུགས་དང་མི་མཐུན་དང་། །ལུགས་མཐུན་གཡོན་མཛུབ་སེ་གོལ་གཏོགས། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཁྭ་གདོང་མ་སོགས་ ཕྱག་གཉིས་མ། །དམར་མོ་གཡོན་བརྐྱང་ཉི་མའི་གདན། །རང་འདྲ་སྟོང་ཕུར་གཡོན་པ་ན། །གཡས་པ་ཐོ་བ་ཐོགས་པའོ། །རྡོ་རྗེ་ར་བ་ས་གཞི་གུར། །བླ་རེ་མདའ་ཡི་དྲ་བ་བྱ། །ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་མེ་དི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་དཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ་ཧཱུཾ་གྱུར་དངོས་པོ་བརྒྱད་ནང་དུ། །བགེགས་རྣམས་བཅུག་ལ་ཕུར་བུ་གཟུགས། །ཨོཾ་གྷཿགྷཿགྷཱ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚཱན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་ བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཧཱུཾ་ཕཊ། ཐོ་བས་བརྡུངས་ཏེ་ཕུར་པས་བཏབ། །བགེགས་རྣམས་རྫོགས་པའི་བྱང་ཆུབ་འགྱུར། །ལྷ་མོ་འོད་གྱུར་ལུས་འཕྲོས་ལས། །རྡོ་རྗེ་པདྨ་འཁོར་ལོ་མེ། །ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ། ཨོཾ་པདྨ་པྲཱ་ཀཱ་ར་ཧཱུཾ། ཨོཾ་ཙཀྲ་པྲཱ་ཀཱ་ར་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། བ་ལང་གནས་ དང་ལྟེང་ལྡིང་དང་། །ལྷག་མ་སྐམ་པོ་རྩ་དེ་ནས། །དུང་ཆེན་པོ་ཡི་རང་བཞིན་བྱ། །ཡང་ན་རུས་སྦལ་དག་གིའོ། །རི་རབ་ཀྱི་སྟེང་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་ཆེན་པོ་སྟེ། དེའི་ལྟེ་བར་བྷཱུཾ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་ཁང་པ་ བརྩེགས་མ་གྲུ་བཞི་པ་ལ་སྒོ་བཞི་པ། རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །པི་ཝང་སོགས་ལྷ་སྟེགས་བུར་འཁོད། །རྒྱན་ཕྲེང་སོགས་པ་བདུན་གྱིས་བརྒྱན། །བ་དན་བཅུ་གཉིས་རླུང་བསྐྱོད་སྒྲ། །གནས་ཕྱོགས་ཤིང་ཞིང་རླུང་སྤྲིན་དང་། །མཆོད་རྣལ་ དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཁང་ནང་སྣ་ཚོགས་པད་འདབ་བརྒྱད། །མཐའ་མ་གྲི་གུག་ཕྲེང་འཁོར་གསུམ། །པད་སྟེང་འཇིགས་བྱེད་དུས་མཚན་བརྩིགས། །སྙིང་གར་ཉིན་མོའི་དབང་ཕྱུག་གདན། །ཕྱོགས་འདབ་སྲོག་སོང་སྙིང་རི་བོང་། །མཚམས་སྟེང་ཟླ་ བུམ་ཐོད་བདུད་རྩི། །རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །དཀར་མོ་བདག་པོ་རྣམ་གནོན་ཅིང་། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཉི་ཤུ་རྩ་བཞིས་ཕྱེད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་ཅན། །ཤྲཱི་ཧེ་རུ་ཀ་རྒྱལ་པོ་ཆེན་པོའི། །གོ་འཕང་མཆོག་ནི་བསྒོམ་པར་བྱ། ། བཅོམ་ལྡན་འཁོར་ལོ་བདེ་མཆོག་ནི། །སྐུ་མདོག་སྔོན་པོ་ཞལ་བཞི་པ། །དྲུག་གཉིས་ཕྱག་གིས་རྣམ་པར་བརྒྱན། །གཡས་བརྐྱང་པ་ཡི་གོམ་པས་བཞུགས། །རྩ་བའི་ཞལ་ནི་མཐིང་ནག་འབར། །གཡོན་པ་པདྨ་རཱ་གའི་མདོག །གཡས་པ་གསེར་དུ་འབར་བ་སྟེ། །སྟེང་ཞལ་མ་ར་ ཀ་ཏར་འབར། །དམར་ཟླུམ་སྤྱན་གསུམ་མཆེ་བ་གཙིགས། །རལ་པ་ཐོར་ཚུགས་དར་དཔྱང་ཅན། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན། །ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་མཛེས། །དུས་མིན་འཆི་བ་ལས་རྒྱལ་བ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ ངེས་པར་སྦྱར། །ལང་ཚོ་གཞོན་པ་འགྱིང་བག་ཅན། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །སྒེག་པ་ལ་སོགས་ཉམས་དགུ་ལྡན། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཕྱག་རྒྱ་དྲུག་གིས་རབ་ཏུ་མཛེས། །མགོ་ཕྲེང་དོ་ཤལ་ཆེན་པོ་ཅན། ། སྟེང་ནས་གདུགས་དཀར་ལེགས་པར་འཛིན། །དེ་མདུན་གནས་པའི་ལྷ་མོ་ནི། །རྡོ་རྗེ་ཕག་མོ་རབ་འཇིགས་མ། །ཧེ་རུ་ཀ་དཔལ་ཕྱོགས་བྱས་ནས། །སྤྱན་གསུམ་དྲག་མོའི་གཟུགས་ཅན་མ། །ཀ་པཱ་ལི་ནི་ཨན་ཏྲས་བཀང་། །ཁ་ནས་རུ་ཏི་ར་འཛག་ཅིང་། །ལྷ་དང་ལྷ་མིན་མིར་བཅས་པ། ། ཕྱོགས་ཀུན་དུ་ནི་སྡིགས་མཛུབ་བྱེད། །སྐུ་མདོག་དམར་མོ་ཆེར་འབར་མ། །ཞལ་གཅིག་མ་ལ་ཕྱག་གཉིས་མ། །ཕྱག་གཡོན་ཐོད་ཁྲག་ཐབས་ལ་འཁྱུད། །གཡས་པ་རྡོ་རྗེ་གྲི་གུག་འཛིན། །སྐྲ་གྲོལ་རྣམ་མཛེས་རྒྱན་ལྔ་ལྡན། །སྒེག་ཅིང་ནུ་མ་འབུར་ལ་མཁྲང་། །གཡོན་བརྐྱང་ གོམ་པ་ཐབས་དང་སྦྱར། །གཡས་པ་ཡབ་ཀྱི་བརླ་སྟེང་འཁྱུད། །ཐུགས་ཀར་ཤེས་རབ་རབ་འགྱུར་ཉིད། །སྣ་ཚོགས་པདྨ་ཉི་རྡོར་ཧཱུཾ། །སྐུ་གསུང་ཐུགས་རྡོ་རྗེར་བྱིན་བརླབ། །གསུམ་གསུམ་དེ་ནི་ཡི་གེ་གསུམ། །གང་དག་རབ་སྒྲུབ་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་བཞིན་ བཤད། །ཕན་ཚུན་བརྒྱུས་པའི་གསང་སྔགས་ནི། །ཡུལ་ཉིད་ཀྱིས་ནི་ཕྱེ་བའོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པའོ། །ཡ་སྡེ་བརྒྱད་པའི་ས་བོན་དང་། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱི། །ཡི་གེ་བར་མ་དོར་བྱས་ལ། །ཡན་ལག་དྲུག་ཧེ་རུ་ཀར་བརྗོད། ། ཡི་གེ་རེ་རེས་ཡང་དག་གནས། །ཨོཾ་ན་མ་སྭཱ་ཧཱ་བཽ་ཥཊ། ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །ཕཊ་ཧཱུཾ་ཧྲེཾ་ཧྲིཾ་ཧཾ་ཨོཾ་རྣམས། །ཡི་གེ་བཾ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲིཾ་ཉིད་དང་། །ཧཱུཾ་དང་ཕཊ་ཅེས་སྦྱར་བ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། །ཐབས་དང་ཤེས་རབ་གོ་ཆ་ཡིན། །མཁའ་ འགྲོ་མ་ནི་རེ་རེ་ཡང་། །བྱེ་བ་གྲངས་མེད་པ་ཡིས་བསྐོར། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་དང་། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་མ། །པདྨའི་ཕྱོགས་ཀྱི་གནས་ལ་དགོད། །སྔོན་མོ་ལྗང་ཁུ་དམར་མོ་སེར། །ཞལ་གཅིག་སྐྲ་གྲོལ་ཕྱག་བཞི་མ། ། གཡོན་པ་ཐོད་པ་ཁ་ཊྭཱཾ་ག། །གཡས་པ་གྲི་གུག་ཌ་མ་རུ། །སྤྱན་གསུམ་ལང་ཚོ་གཞོན་ནུ་རྒྱས། །ཁྲོ་མོ་རལ་པ་མཆེ་བ་གཙིགས། །དེ་ནས་གཞན་ཡང་ལུས་དྲན་པ་ཉེ་བར་གཞག་པ་མཁའ་འགྲོ་མ། ཚོར་བ་དྲན་པ་ཉེ་བར་གཞག་པ་ལཱ་མ། ཆོས་དྲན་པ་ཉེ་བར་གཞག་པ་དུམ་སྐྱེས་མ། ། སེམས་དྲན་པ་ཉེ་བར་གཞག་པ་གཟུགས་ཅན་མ། །ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀ་རྡོ་རྗེའོ། །སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་དབང་བསྐུར་ལྷ། །ཕྱི་གསང་མཆོད་པའི་ལྷ་མོ་རྣམས། །སྤྱན་དྲངས་བགེགས་བསྐྲད་མཆོད་ཡོན་དབུལ། །ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས། དགུག་དང་གཞུག་དང་བཅིང་དང་མཉེས། །དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཁུ་བས་གང་བས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་དབང་བསྐུར་བ་དང་། དཀྱིལ་འཁོར་གཙོ་ལ་རྡོ་རྗེ་སེམས་དཔའི་རྒྱ། །རྡོ་རྗེ་རྣལ་འབྱོར་མ་ལ་མི་བསྐྱོད་པ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །རྟག་པ་དོན་གྲུབ་དཔག་མེད་རིན་ཆེན་འབྱུང་། །ལྷ་མོ་དྲུག་དང་བཞི་རྣམས་ཀྱིས། །ཕྱི་ དང་གསང་བས་ཡང་དག་མཆོད། །དཀྱིལ་འཁོར་ལྷ་རྣམས་ལེགས་བསྟོད་ནས། །རང་རང་གནས་སུ་ཡུད་ཀྱིས་གཤེགས། །དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །སྔགས་ཀྱི་དགོད་པར་རབ་ཏུ་གྲགས། །མྱུར་དུ་དངོས་གྲུབ་བྱེད་པར་ནི། །ཕྱག་རྒྱའི་མཆོད་འདི་ཐེ་ཚོམ་མེད། །མཚན་མ་གཉིས་ ལ་སྔགས་སྦྱོར་ཏེ། །མཁའ་འགྲོ་དཔའ་མོ་གཉིས་མེད་པ། །སྙིང་པོ་སྔགས་ཀྱིས་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་སྦྱོར། །ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ཕཊ། ལྷན་ཅིག་སྐྱེས་པའི་དགའ་བ་ཡིས། །དཀྱིལ་འཁོར་པར་བཅས་མཉེས་པར་བྱ། །ཕྱི་རོལ་ཤིན་ཏུ་ དགའ་བྱ་ལའང་། །པད་རྡོར་བྱིན་བརླབ་འདི་དག་བྱུང་། །མདུན་དུ་ཡི་གེ་ཡཾ་ལས་རླུང་དཀྱིལ་འཁོར། །གཞུར་སྣང་སྔོན་པོ་མཐའ་གཉིས་བ་དན་ལྡན། །དེ་སྟེང་ཡི་གེ་རཾ་ལས་མེ་དཀྱིལ་འཁོར། །ཟུར་གསུམ་ཉིད་ལས་དམར་པོ་འབར་བས་མཚན། །དེ་སྟེང་ཨ་ལས་པདྨའི་སྣོད། །དུམ་བུ་ གཅིག་པ་ནང་དམར་པོ། །ཧཱུཾ་ཨོཾ་ཁཾ་ཨཾ་ཏྲཱཾ། །དྲི་ཆུ་དྲི་ཆེན་ཤ་ཆེན་པོ། །བྱང་ཆུབ་སེམས་རང་བྱུང་མེ་ཏོག །ལཱཾ་མཱཾ་པཱཾ་ཏཱཾ། བ་ལང་ཁྱི་དང་གླང་པོ་ཆེ། །རྟ་སྒྲོན་ཀུན་ལ་ས་བོན་ལྡན། །རླུང་གིས་མེ་སྦར་བདུད་རྩི་དམར་པོར་ཞུ། །ཧཱུཾ་དཀར་ཁ་ཊྭཱཾ་དཀར་ལ་བསིལ། །ཨཱ་ལི་ཀཱ་ལི་ཐོག་མཐའ་ ལྡན་བརྗོད་པས། །ཁ་དོག་སྣ་ཚོགས་བདུད་རྩིའི་སྟེང་དུ་འཁོད། །ཡོངས་གྱུར་ཨོཾ་ཨཱཿཧཱུཾ་གསུམ་གོང་ནས་གོང་། །འོད་ཟེར་ཚོགས་འཕྲོས་ནམ་མཁའི་མཐའ་ཀླས་པའི། །བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་བདུད་རྩི་བཀུག །ཡིག་གསུམ་ལ་ཐིམ་གསུམ་ཐིམ་དེས་བྱིན་བརླབ། །བཅོམ་ ལྡན་འདས་དང་རྣལ་འབྱོར་མ་རྣམས་ལྕེ། །ཡི་གེ་ཧཱུཾ་བྱུང་རྡོ་རྗེ་རྩེ་གསུམ་པ། །དཀར་པོ་ནས་འབྲུ་ཙམ་བཀོད་སྦུ་གུས་དྲངས། །བདུད་རྩི་གསོལ་བས་ལྷ་ཚོགས་ཚིམ་པར་བལྟ། །རིག་སྔགས་བཟླས་བརྗོད་བྱ་སྟེ་རྡོ་རྗེའི་བཟླས་པ་དང་། །བཟླས་བརྗོད་བྱ་བའི་སྔགས་ཀྱི་ཡི་གེ་གང་དང་ཡིན་ པ་རྣམས། །རང་གི་ཐུགས་ཀའི་ས་བོན་ལས། །འོག་ནས་འབྱུང་བ་རང་གི་རྡོ་རྗེའི་རྩེ་མོ་ལས་ཕྱག་རྒྱའི་བྷ་གར་བཏོན་ནས། ཡང་ལྷ་མོའི་ཞལ་དུ་ཞུགས་པ་རང་གི་ས་བོན་ལ་ཞུགས་པར་བལྟ་ཞིང་། ཞལ་ཐམས་ཅད་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཀྱང་ཟློས་པར་བསྒོམ་པར་བྱ་སྟེ། ཁྲོ་ བོའི་བཟླས་པ་ཡང་བྱའོ། །རིམ་པ་འདིས་བཟླས་བརྗོད་ཀྱི་ཉེས་པ་དང་བྲལ་བས་སེམས་མཉམ་པར་གཞག་པ་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །བཟླས་བརྗོད་ཀྱི་གསང་སྔགས་ནི་འདི་དག་ཡིན་ཏེ། ཨོཾ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ལྷའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། དཔའ་མོ་རྣམས་ཀྱི་ སྔགས་སོ། །ཨོཾ་ན་མོ་བྷ་ག་བ་ཏི་ཝི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལ་པཱགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊ་མ་ཀུཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾ་ཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་ར་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱགྷྲཱ་ཛི་ནཱཾ་བ་ ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུམྦྲཱན་དྷ་ཀ་ར་ཝ་པུཥཱ་ཡ་ཧུཾ་ཧཱུཾ་ཕཊ། མཆོད་པའི་སྔགས་སོ། །ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནྡྷ་བནྡྷ། ཏྲ་ས་ཡ་ཏྲ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿཕེཾ་ཕེཾ་ཕཊ་ཕཊ་ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བ་ས་རུ་དྷི་རཱན་ཏྲ་མཱ་ལཱ་བ་ལཾ་བི་ནི། གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་ བྷུ་ཛཾ་ག་སརྦམྦཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ་ཕཊ། རྩ་བའི་སྔགས་སོ། །གང་ཚེ་བཟླས་པས་སྐྱོ་བར་གྱུར་པ་ན། །ས་བོན་འོད་ཀྱིས་ཤེས་རབ་བདག་པོ་དང་། །འཁོར་ ལོ་པ་དང་ཁང་པ་བརྩེགས་མ་རྣམས། །སྣང་བར་བྱས་ཏེ་འོད་གྱུར་རིམ་བཞིན་བསྡུ། །ཧཱུཾ་དེ་ཡོངས་གྱུར་པ་ལས་བདག་ཉིད་ནི། །ཞལ་གཅིག་ཕྱག་གཉིས་གཡས་བརྐྱང་གོམ་པས་གནས། །ལང་ཚོ་གཞོན་པ་འགྱིང་པ་མཚན་དང་ལྡན། །ཕྱག་རྒྱ་དྲུག་ལྡན་དྲིལ་བུ་རྡོ་རྗེ་འཆང་། །དེ་ནས་ཡོངས་སུ་ བསྔོ་བ་དང་སྨོན་ལམ་གདབ་པ་དང་། ཡི་གེ་བརྒྱ་པ་བརྗོད་པ་ཡང་བྱས་ལ། ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །གུང་དང་ཕྱི་དྲོའི་ཐུན་མཚམས་སུ། །བསམ་གཏན་ཁང་པར་སྟན་བདེར་འདུག །བདག་ཉིད་འོད་ཟེར་དུ་གྱུར་པ། །ཧཱུཾ་དུ་གྱུར་དེ་ཡོངས་གྱུར་ ལས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་གི། །དཀྱིལ་འཁོར་འཁོར་ལོ་ལྷ་ལྔ་ཡི། །ཁང་བརྩེགས་རིན་ཆེན་ཚོགས་ལས་གྲུབ། །དུར་ཁྲོད་བརྒྱད་བསྐོར་གསལ་དམིགས་ནས། །དབང་བསྐུར་བ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱའོ། །ཐུན་ཐ་མ་ལ་ནི་སྔར་བསྟན་པའི་ཆོ་ག་ཐམས་ཅད་ སྤྱད་ལ། བཟླས་བརྗོད་ཀྱི་རྗེས་ལ་ཧཱུཾ་གི་འོད་ཟེར་གྱིས་ཐམས་ཅད་འོད་དུ་གྱུར་པ་དཀྱིལ་འཁོར་བདག་པོ་ལ་བསྡུས་ལ། དཀྱིལ་འཁོར་གཙོ་བོ་དང་བཅས་པ་ཕྱག་རྒྱ་དང་བཅས་པ་ཡང་། འོད་དུ་གྱུར་པ་སྙིང་ག་ཡི། །ཤེས་རབ་རབ་གྱུར་ཡབ་ཡུམ་ལ། །དེ་ཡང་སྙིང་གའི་ཉི་བཅས་ཧཱུཾ། །ཉི་མ་ ཨུ་ཧ་མགོ་ཟླ་ཚེས། །ཐིག་ལེ་ནཱ་དའི་བར་བསྡུས་ལ། །དེར་ཡང་དམིགས་མེད་གཉིད་ལ་འཇུག །ནང་པར་གྱི་དུས་སུ་རྡོ་རྗེ་རྣལ་འབྱོར་མས་གླུས་བསྐུལ་བས་སད་པར་མོས་པར་བྱས་ལ། ཆོ་ག་ཐམས་ཅད་ཉི་མ་སྔ་མ་བཞིན་དུ་བྱའོ། །དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་ བསྒོམས་པས་སེམས་བརྟན་པར་གྱུར་པ་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་སོགས་པ་རྣལ་འབྱོར་པ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །འཆི་བ་ཞེས་འདི་རྣམ་རྟོག་ཡིན། །དམ་ཚིག་ལྡན་ཞིང་བླ་མ་ལ་གུས་དང་། །བསྒོམ་བསྒྲུབ་བརྩོན་ལ་དངོས་གྲུབ་ཐམས་ཅད་འབྱུང་། །ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །དཔལ་དང་ གཟི་བརྗིད་དབང་ཕྱུག་ལས་རྣམས་འགྲུབ། །བསྟན་བཅོས་ཐམས་ཅད་ལ་མཁས་རྩོམ་པ་ཆེན་པོར་འགྱུར། །རྡོ་རྗེ་འཆང་ཆེན་པོ་ཉིད་མྱུར་དུ་ཐོབ་པར་འགྱུར། །བཅོམ་ལྡན་འཁོར་ལོ་བདེ་མཆོག་གི། །སྒྲུབ་ཐབས་ཚུལ་བཞིན་བྱས་པ་ལས། །དགེ་བ་ཐོབ་པ་གང་ཡིན་དེས། །འགྲོ་ཀུན་རྡོར་ འཛིན་རྒྱལ་གྱུར་ཅིག །བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོ་ཆེ་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་མར་པ་ཆོས་ཀྱི་དབང་ཕྱུག་ གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་དྭི་བྷུ་ཛ་སཾ་བ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་བདེ་མཆོག་ཕྱག་གཉིས་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །བདག་གི་དགེ་བས་ ཁམས་གསུམ་སྲིད་མཐའི་སྡུག་བསྔལ་མ་ལུས་པ། །བསལ་ནས་བདེ་བ་མཐའ་དག་ལ་ནི་དགོད་པར་བྱ་བའི་ཕྱིར། །སངས་རྒྱས་ཐོབ་པར་བགྱིའོ་ཞེས་ཀྱང་སྨོན་པ་བསྐྱེད་ནས་སུ། །གཞན་དག་འཇུག་པའི་རང་བཞིན་ཡང་ནི་ཡོངས་སུ་སྤེལ་བར་བྱ། །རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། ། བྱིན་གྱིས་བརླབ་དང་རབ་བརྟག་དང་། །བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །གང་ཡང་སྐད་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་འགྱུར། །རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ས་བོན་མེད་པར་བསྒོམ་བྱ་སྟེ། ། དཔྲལ་བར་གནས་པའི་ཐོད་ཕྲེང་ཅན། །ཟླ་བ་ཕྱེད་པ་སྤྱི་བོར་འཆང་། །ཕྱག་རྒྱ་དྲུག་དང་མགོ་ཕྲེང་ཅན། །སྤྱན་གསུམ་སྣ་ཚོགས་རྡོ་རྗེ་ཅན། །གཡས་བརྐྱང་གོམ་སྟབས་བཀོད་པ་ཡིས། །སྣ་ཚོགས་ཆུ་སྐྱེས་ཉི་མ་ལ། །གནས་པའི་འཇིགས་བྱེད་དུས་མཚན་བཅས། །མནན་ ཅིང་སྟག་གི་པགས་པ་འཆང་། །ནག་པོ་མི་བསྐྱོད་ཅོད་པན་ཅན། །རྡོ་རྗེ་དྲིལ་བུ་རལ་པར་ལྡན། །དཔའ་བོ་རྡོ་རྗེ་ཕག་མོ་ནི། །རྡོ་རྗེ་ཐོད་པ་ཁྲག་བཀང་བསྣམས། །དམར་པོ་སྐ་རགས་དུམ་བུས་མཚན། །སྤྱན་གསུམ་མགོ་བོའི་ཕྲེང་བ་ཅན། །ཕྱག་རྒྱ་ལྔ་མ་སྐྲ་གྲོལ་མ། །ཕྱོགས་གོས་ སངས་རྒྱས་དབུ་བརྒྱན་མ། །དེ་ལྟར་སྐད་ཅིག་གིས་རྫོགས་པར། །བདག་གིས་ལུས་ནི་བསྒོམ་པར་བྱ། །ཡེ་ཤེས་ལྔ་ཡི་རང་བཞིན་གསལ། །སངས་རྒྱས་འོད་ཟེར་རྣམ་པར་འཕྲོ། །སེམས་ཀྱི་སྤྱོད་ཡུལ་གཅིག་ཏུ་ནི། །དེ་དག་ཁོ་ན་ཡུན་རིང་བསམ། །སེམས་ཅན་གནས་དེར་ བཞག་ནས་སུ། །དེ་ནས་སངས་རྒྱས་དགའ་བ་བརྩམ། །ཆོས་དབྱིངས་རྒྱལ་མཚན་ཀུན་ཆགས་ལས། །དམན་མིན་འཛག་པ་ཕུན་ཚོགས་རྣམས། །ཡང་དག་རིག་པ་དགའ་བའི་ཚོགས། །འཛག་པ་ཅན་མ་འཆར་བ་གང་། །དེ་ནི་རྒྱ་ཆེན་ཡིད་བྱེད་པ། །འཕྲོ་བ་ འདུས་བྱས་རྒྱུན་རྣམས་ལ། །རྟག་ཏུ་བསྒོམ་ཞིང་འདི་བཞིན་དུ། །འོད་གསལ་རྗེས་སུ་དྲན་པར་བྱ། །སྣ་ཚོགས་མཚོ་སྐྱེས་ཉི་མ་དང་ནི་འཇིགས་བྱེད་དུས་མཚན་མོ། །མཛེས་མ་བདག་པོ་ནམ་མཁའི་ནོར་བུ་དེ་བཞིན་གཤེགས་ལྔ་ཡི། །ལུས་དང་ཡན་ལག་མཆོག་དང་འོད་དཀར་ཐིག་ལེ་ ནཱ་ད་སྟེ། །འདི་རྣམས་སྒྲིབ་པ་མེད་པའི་གནས་སུ་རིམ་གྱིས་གཞུག་པར་བྱ། །ཇི་ལྟར་དབུགས་རླུང་མེ་ལོང་ལ། །ཀུན་ནས་ཡལ་བར་འགྱུར་བ་ནི། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་གཞུག་པར་བྱ། །ཐམས་ཅད་ཁྱབ་པ་སྣང་བ་མེད། །སྙིང་རྗེ་རོ་གཅིག་ ཡིད་ཀྱིས་ནི། །བདག་པོ་ཡིན་བཞིན་སྟོང་པ་ཉིད། །སྐད་ཅིག་ཁོ་ནར་འཁྱུད་པར་འགྱུར། །རྣམ་བཅས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་དེ་ཡིས་འཁྱུད་པ་པོ། །སྐྱེ་འཇིག་སྤངས་པ་མི་འགྱུར་བདེ་བ་དགོད་པ་ལ་སོགས་བདེ་བ་སྤངས་པ་པོ། །སངས་རྒྱས་རྣམས་ནི་སྐྱེད་བྱེད་ སྐུ་གསུམ་ལྡན་པ་ཁམས་གསུམ་ཡང་དག་རིག་པ་པོ། །ཐམས་ཅད་མཁྱེན་པ་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་དེ་ཉིད་ལ་ཕྱག་འཚལ། །མི་འགྱུར་བདེ་བ་ཡེ་ཤེས་དུས། །ཐབས་དང་ཐུགས་རྗེའི་བདག་ཉིད་དེ། །ཤེས་བྱའི་རྣམ་པར་འགྲོ་འཁོར་ལོ། །ཤེས་རབ་སྟོང་ཉིད་བདག་ ཉིད་དོ། །ཀཾ་དེ་བདེ་བ་རྒྱུ་མེད་བློ། །སྙིང་རྗེ་ཡེ་ཤེས་མི་འགྱུར་བ། །སྟོང་ཉིད་པྲ་ཏི་སེ་ན་བཞིན། །དངོས་པོ་ཐམས་ཅད་མཐོང་བའོ། །ཀུན་ནས་ཕྱག་དང་ཞབས་ལྡན་པ། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་དྲན་ལྡན་འཇིག་རྟེན་དུ། །ཐམས་ཅད་ཀུན་དུ་གཡོགས་ནས་བཞུགས། །འདི་ནི་ངོ་བོ་ ཉིད་ཀྱི་སྐུ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པ། །མ་ནིང་ཞེས་བྱར་གྲགས་པ་སྟེ། །འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །སྒྲིབ་པ་མེད་པའི་ཆོས་ཀྱི་ནི། །ཕུང་པོ་ལ་སོགས་འདི་ན་གནས། །རྟེན་དང་བརྟེན་པའི་མཚན་ཉིད་འདི། །ཐམས་ཅད་དཀྱིལ་འཁོར་ཉིད་ཡིན་ནོ། །དཔལ་བདེ་མཆོག་ཕྱག་གཉིས་པ་ལྷན་ཅིག་ སྐྱེས་པའི་སྒྲུབ་ཐབས། དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་དཔལ་རྡོ་རྗེ་དྲིལ་བུ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ལྔ་རིག་པཎ་ཆེན་གྲུབ་པ་བརྙེས་པ་རྗེ་བཙུན་རཏྣ་རཀྵི་ཏའི་ཞལ་སྔ་ནས་དང་། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི