Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 9 / 24 (50.000 ký tự/trang)
ིན་པ་ཡང་གླེན་པ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་བར་གསུངས་ པ། ལྐུགས་ཤིང་གླེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ངན་ལྡན་ཞེས་པ་ནི་ཐབས་དང་བྲལ་བའོ། །བྱིས་པའི་ཤེས་པའི་ཤེས་པ་ཅན་ནི་བྱིས་པའི་སྐྱེ་བོ་ཉིད་ཀྱི་ཤེས་པའོ། །ཤེས་པ་ཞེས་པ་ནི་ཡོངས་སུ་ཤེས་པ་དོན་དུ་གཉེར་ནས་སོ། །སེམས་ཅན་ཡོངས་སུ་མ་སྨིན་དང་། ། ཞེས་པ་ནི་དང་པོའི་དོན་གྱི་དྲུག་པའོ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །ཞེས་པ་ནི། ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀ་དཔལ་ཡང་དག་འཇུག །ཅེས་པ་ནི། དཔལ་ཧེ་རུ་ཀའི་རང་གི་ངོ་བོའོ། །སློབ་དཔོན་བདག་ཉིད་ཆེན་པོ་ཡིས། ། ཞེས་པ་ནི་བླ་མ་ཤིན་ཏུ་ཆེན་པོའི་ཞལ་སྔ་ནས་རིག་པར་བྱ་ཞེས་གོ་བར་བྱའོ། །ཕན་ཡོན་གསུངས་པ་ཀུན་སྤྱོད་ཅེས་པ་ལ་སོགས་པ་སྟེ། ཀུན་སྤྱོད་ཆོ་ག་ཞེས་པ་ནི་ཀུན་དུ་སྤྱོད་པའི་ཆོ་གའོ། །ཆོ་གའི་བྱ་བ་བསྟེན་པར་བྱ། །ཞེས་པ་ནི་ཆོ་ག་ཇི་ལྟ་བར་བསྟེན་པའོ། །དེ་ཡང་ཞེས་པ་ནི་དེ་ ཡང་ངོ་། །ཀུན་མཁྱེན་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཆེ་བའི་བདག་དེ་ཐོབ་པ་ཞེས་པ་ལྷག་མའོ། །སྲིད་པ་གསུམ་པོ་མ་ལུས་ན། །ཞེས་པ་ནི་འདིར་ཡང་བལྟ་བར་བྱའོ། །མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཐམས་ཅད་དུ་གསུམ་པའི་དོན་གྱི་དང་པོའོ། །དེས་བཅོམ་ལྡན་ འདས་མཐོང་ཞེས་པའི་དོན་ཏོ། །ལྷ་རྣམས་བཟློག་སྟེ་དགོད་པ་དང་། །ཞེས་པ་ནི་མཐར་འགྱུར་བའི་བརྩོན་འགྲུས་ཆེན་པོ་མངོན་པར་བརྗོད་པ་རྒྱས་པའི་རྒྱུད་དུ་དང་པོར་བསྟན་པའོ། །སྔགས་ཀྱི་དབྱེ་བ་བཟློག་པ་དང་། །ཞེས་པ་ནི་ཧཱ་སྭཱ་ཞེས་པ་ལ་སོགས་པ་ཕྱིན་ཅི་ལོག་གི་སྔགས་ བརྗོད་དོ། །བསྒོམ་པ་གསང་བ་བཟློག་པ་ཞེས་པ་ནི་བསྒོམ་པའི་རིམ་པ་ཤིན་ཏུ་དཀྲུགས་ནས་མངོན་པར་བརྗོད་པའོ། །སྙིང་པོ་ཐམས་ཅད་སྒྲུབ་པ་ཡིན། །ཞེས་པ་ནི་འདི་ཐམས་ཅད་ཀུན་གྱི་སྙིང་པོ་དཔལ་བདེ་མཆོག་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །རྒྱུད་རྣམས་ ཀུན་གྱི་སྤྱི་ཡི་ནི། །ཞེས་པ་ནི་བཅོམ་ལྡན་འདས་འདི་གོང་ན་མེད་པའི་ངོ་བོ་ཡིན་པའི་ཕྱིར་རྒྱུད་གཞན་ཐམས་ཅད་ཀྱི་ཐུན་མོང་ངོ་། །སེམས་ནི་ཡོངས་སུ་སྨིན་པ་དག །ཅེས་པ་ནི་སེམས་ཡོངས་སུ་སྨིན་པ་དེ་ཡང་རིམ་གྱིས་མཐར་སངས་རྒྱས་ཞེས་པ་སྟེ། དེ་རྣམས་ཀྱི་ཡང་ཐུན་མོང་བའོ། །འདིར་ ནི་སྦྱོར་སོགས་སྔགས་རྣམས་ཀྱི། །དམ་ཚིག་དེ་ལྟར་བསྟན་པ་ཡིན། །ཞེས་པ་ནི་བསྒོམ་བཞིན་པ་ཉིད་ཀྱིས་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་ལ་སོགས་པའི་ཏིང་ངེ་འཛིན་ནང་དུ་ཆུད་པའི་ཕྱིར་དེ་རྣམས་ཀྱི་རང་གི་ངོ་བོ་བསྟན་ནོ་ཞེས་པའི་དོན་ཏོ། །འདིར་བསོད་ནམས་དང་མི་ལྡན་པའི་སྤྱོད་ ཡུལ་དུ་མི་འགྱུར་བར་གསུངས་པ། གསུངས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱིས་དབུགས་དབྱུང་བ་དེའི་ཕྱིར་དབུགས་འབྱུང་བའི་རྒྱུ་མཚན་དུ་ཞེས་པའི་དོན་ ཏོ། །ཅི་སྟེ་བསོད་ནམས་དང་ལྡན་པ་ཉིད་ཀྱི་ཡུལ་ཡིན་ན། འོ་ན་བསོད་ནམས་དང་བྲལ་བའི་ཇི་ལྟར་ཐབས་སུ་འགྱུར་ཞེས་ཏེ། དེ་བཞིན་གཤེགས་པ་རྣམས་ཐུགས་ཀྱི་བདེ་བས་བཞུགས་པའོ། །དེའི་རྗེས་ལས་རྡོ་རྗེ་དེ་བཞིན་གཤེགས་པའི་དབུགས་དབྱུང་ བའི་རྒྱུར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། གསུངས་པ། དག་པའི་ལུས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་ངེས་པར་བསྟན་པ་བཅུ་གཅིག་པའོ།། །།དེ་ནས་བསྲུང་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། སྦྱིན་སྲེག་མེད་ཅེས་པ་ཡན་ཆད་གོ་ སླའོ། །གལ་ཏེ་བསྲུང་བར་བྱ་བ་ལ་སོགས་པ་ཉེ་བར་མཁོ་བ་མ་ཡིན་ན། འོ་ན་ཅི་བསྒོམ་པར་བྱ་ཞེ་ན། གསུངས་པ། མདོར་ན་ཞེས་བྱ་བ་ལ་སོགས་པ་སྟེ། མདོར་བསྡུས་པའོ། །བསྲུང་མིན་ཞེས་བྱ་བ་ལ་སོགས་པས་ཀུན་བསྡུས་སོ། །སེམས་འདུས་ཚུལ་ཅན་ཡིན་ཞེས་པ་སྟེ། སེམས་ནི་བདེ་བ་ཆེན་པོའི་རང་བཞིན་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་འདུས་པ་ནི་ཚོགས་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ནི་བཅོམ་ལྡན་འདས་ཞེས་པ་ལྷག་མའོ། །གཟུང་བྱ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བཅོམ་ ལྡན་འདས་ནི་གཟུང་བྱའོ། །རྣམ་ཤེས་ཡེ་ཤེས་ནི་ཞེས་པ་ནི། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་གཉིས་སོ། །བླ་མས་བསྟན་ལ་ཞེས་པ་ནི་བླ་མས་བསྟན་པ་ལས་སློབ་མས་མཆོག་ཉིད་དོ། །ཕྱི་རོལ་གྱི་ནི་ཞེས་པ་ལ་སོགས་པ་ལ། ལམ་ཞེས་པ་ནི་ ཉན་ཐོས་པ་ལ་སོགས་པའིའོ། །ཕྱི་རོལ་གྱི་ནི་བསྟན་བཅོས་པ། །ལམ་དེ་ཤིན་ཏུ་རིང་བ་ཡིན། །ཞེས་པ་ནི་ཕྱི་རོལ་གྱི་བསྟན་བཅོས་ཀྱི་རིག་པ་ཡང་རིང་བར་འགྱུར་ཞེས་པའི་དོན་ཏོ། །ད་ནི་སྟོན་པའི་རང་གི་ངོ་བོ་གསུངས་པ། ཐབས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ཞེས་པ་ནི་ བསྙེན་བཀུར་གྱི་ཐབས་ཀྱིས་སོ། །རྣལ་འབྱོར་པ་རྣམས་ཞེས་པ་ནི་རྣལ་འབྱོར་པའོ། །བླ་མའི་བསྙེན་བཀུར་ལ་བརྩོན་པ་ཞེས་པ་ནི་བླ་མ་ལ་བསྙེན་བཀུར་མཆོག་ཏུ་བྱེད་པའོ། །སྟོན་པའི་མཚན་ཉིད་བསྟན་པ་དང་། ཞེས་པ་ནི་བླ་མའི་སྤྱན་སྔར་གཞུང་གི་སྒོ་ནས་འཁྱུད་དོན་མི་རིགས་ པའོ། །དཔའ་བོས་དེ་ཉིད་བསྟན་པ་ཡིན། །ཞེས་པ་ནི་དཔའ་བོ་བདེ་མཆོག་འཁོར་ལོ་བདག་ཉིད་ཀྱིས་འདི་རབ་ཏུ་སྟོན་པར་འགྱུར་རོ་ཞེས་པའོ། །ཇི་ལྟར་སྟོན་ཞེ་ན། སྐད་ཅིག་ཅེས་པ་ལ་སོགས་པ་སྟེ། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །ཅེས་པ་ནི། ཕྱག་མཚན་ལ་ སོགས་པ་ལ་མི་ལྟོས་པར་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པར་རོ། །སྐད་ཅིག་རྣམ་པའི་ཕྱག་རྒྱར་ལྡན། །ཞེས་པ་ནི། བདག་ཉིད་དང་དུས་མཉམ་པ་ཉིད་དུ་ཤེས་རབ་དང་ལྡན་པའོ། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །ཞེས་པ་ནི་གཞལ་ཡས་ཁང་ལ་སོགས་པ་རྣམས་དེ་ ཉིད་ཀྱི་ཚེ་རྫོགས་པའོ། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །ཅེས་པ་ནི། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་དགོངས་པའོ། །སྦས་དང་ལྟ་དང་ལག་བཅངས་དང་། །འཁྱུད་དང་གཉིས་གཉིས་ལ་སོགས་པ། །ཞེས་པ་ནི་འདིར་བདུན་པའི་དོན་གྱི་ དང་པོའོ། །གོང་ནས་གོང་དུ་བསྟེན་ཞེས་པ་ནི་གཞན་དང་སྦྱར་རོ། །བྱ་བའི་རྒྱུད་ལ་སོགས་པ་འདི་རྣམས་ལས་གོང་མའི་གོང་མ་བཅོམ་ལྡན་འདས་ཉིད་ཡིན་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། །ཞེས་པ་ནི་བྱ་བ་ལ་སོགས་པའི་རྒྱུད་དུ། བཅོམ་ ལྡན་འདས་ཀྱིས་མངོན་པར་གསུངས་པ་ཡོངས་སུ་མ་ཤེས་པས་དེ་བཞིན་གཤེགས་པ་རྣམས་མངོན་སུམ་བཞིན་དུ་ཐུགས་མི་བདེ་བ་སྐྱེས་སོ། །དེ་ལྟ་བས་ན་དབུགས་དབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དགོངས་པའོ། །ཅི་གསུངས་ཤེ་ན་གསུངས་པ། །ཐམས་ ཅད་འདིར་ནི་བསྟན་པ་ཡིན། །ཞེས་པ་ནི་འདིར་མངོན་པར་བསྟན་ཅིང་བརྗོད་པ་ཉིད་ཀྱི་ཕྱིར་དེ་ནས་བདེ་བ་ལ་དབུགས་ཞེས་པའི་དོན་ཏོ། །གཞན་དག་སྙིང་པོ་མེད་རྩྭ་འདྲ། །ཞེས་པ་ནི་རྒྱུད་འདི་ཉིད་ཀྱི་ཕྱིར་ན་བྱ་བ་ལ་སོགས་པའི་རྒྱུད་གཞན་སྙིང་པོ་མེད་པའི་སོག་མ་དང་མཚུངས་པའོ། ། ད་ནི་ཆེ་བའི་བདག་ཉིད་གསལ་བར་གསུངས་པ། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་པ་སྟེ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རྣམ་པར་ཤེས་པ་དེ་ཉིད་འགྲོ་བའི་སྲོག་ཏུ་གྱུར་པའོ། །དེ་ཉིད་མི་འགྱུར་དམ་པ་ཡིན་ཏེ། ཐོག་མ་དང་ཐ་མ་མེད་པ་ཡིན་ཞེས་པ་ནི་དེའི་ཕྱིར་བསྟན་ པའི་དངོས་པོའི་བྱེ་བྲག་དེ་ལས་ཐ་དད་མེད་པའི་ཕྱིར་རོ། །ལུས་ཀུན་ལ་ནི་རྣམ་པར་གནས། །ཞེས་པ་ནི། དེ་ཉིད་གཡོན་པའི་ཡང་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཞེས་པ་ནི་དེ་ཉིད་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སོ། །ཧེ་རུ་ཀ་ དཔལ་ཡིན་པར་བཤད། །ཅེས་པ་ནི། འདི་ཉིད་དཔལ་ཧེ་རུ་ཀར་བརྗོད་དོ། །ཕྲ་བའི་སྙིང་པོའང་འཛིན་པ་ཡིན། །ཞེས་པ་ནི་དེ་ཉིད་ཕྲ་བ་དང་རགས་པའི་ངོ་བོ་དང་འཇིག་རྟེན་ལས་ངེས་པ་ཞེས་པའི་དོན་ཏོ། །བསྟན་བཅོས་དག་ནི་མ་ལུས་དང་། །ཞེས་པ་ནི། རྒྱུད་མ་ལུས་པ་ ཐམས་ཅད་དོ། །རིག་བྱེད་ཅེས་བྱ་བ་ནི་ཕྱི་རོལ་པའི་བསྟན་བཅོས་སོ། །གྲུབ་མཐའ་ཞེས་པ་ནི་གྲུབ་པ་སྟེ། ཡང་སྲིད་པ་མི་འགྲུབ་པར་འགྱུར་བ་བརྗོད་པ་ཞེས་པ་ཉན་ཐོས་ཀྱི་སྡེ་སྣོད་ལ་སོགས་པའི་གྲུབ་པའི་མཐའོ། །ལེགས་པར་གནས་ཞེས་པ་ནི་དེའི་ཕྱིར་དེ་ཐམས་ཅད་དུ་སྐྱེད་ པར་བྱེད་པར་ལེགས་པར་གནས་སོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ལྔའི་བདག་ཉིད་ཅེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ ནོ། །འགྲོ་བ་འདི་ཀུན་ཞེས་པ་ནི་འདི་ཐམས་ཅད་དེ་གཟུགས་དང་ཚོར་བ་ལ་སོགས་པའོ། །གང་དུ་ཞེས་པ་ནི་གང་དུ་ཡང་ངོ་། །དྲུག་པ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའ་མཚན་གཞན་བདེ་བ་ཆེན་པོའི་སངས་རྒྱས་སོ་ཞེས་བྱའོ། །གཅིག་པུ་ཉམས་ནི་དུ་མས་གར་མཛད་ དོ། །ཞེས་བྱ་བ་ནི། དེ་ཉིད་གཅིག་པུ་ཉིད་དུ་མའི་རྣམ་པར་སྟོན་ཞེས་པའི་དོན་ཏོ། །དུ་མ་ཉིད་དུ་བསྟན་པའི་ཕྱིར། །འདུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདུག་དང་ཞེས་པ་ནི་གནས་པའོ། །ལྡང་བ་ཉིད་ཅེས་པ་ནི་ལྡང་བ་ཡང་ངོ་། །འཇུག་པ་ནི་འཇུག་པའོ། །རྫོགས་པ་ ནི་རྫོགས་པའོ། །བྱིན་གྱིས་བརླབས་ཞེས་པ་ནི་བྱིན་གྱིས་བརླབས་པའོ། །ཏིང་ངེ་འཛིན་ཞེས་པ་ནི་བསམ་གཏན་ནོ། །བསྡུས་པ་ཞེས་པ་ནི་བསྡུས་པའོ། །འདི་ཐམས་ཅད་བདེ་བ་ཆེན་པོའི་མཐུས་ཡིན་པར་དགོངས་པའོ། །ཆོ་ག་མིང་ཞེས་བྱ་བ་ནི། གང་ཆོ་གའི་མིང་དེ་ཆོ་ག་ ཞེས་པའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་དག་ནི་ཨཱ་ལི་དང་ཀཱ་ལི་དབྱེར་མེད་པར་དགོངས་པའོ། །དེ་ཉིད་ཅེས་པ་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཡིན་པའི་ཕྱིར་རོ། །ཀུན་སྐྱེད་ཅེས་བྱ་བ་ནི་ཨཱ་ལི་དང་ཀཱ་ལི་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འབྱིན་དང་སྡུད་ པར་བྱེད་པ་ཡིན། །ཞེས་པ་ནི་དཔའ་བོ་ལ་སོགས་པའོ། །གཉིས་སུ་མེད་པར་གསུངས་པ། ཨཱ་ལི་ནི་ཨ་ལ་སོགས་པའོ། །འདི་ནི་ཞེས་པ་ནི་བཅོམ་ལྡན་འདས་ཏེ། ཨཱ་ལི་ནི་བཅོམ་ལྡན་འདས་མའི་ངོ་བོ་ཡིན་པའི་ཕྱིར་དང་། བཅོམ་ལྡན་འདས་དཔལ་བདེ་མཆོག་དེ་ཉིད་ཀཱ་ལིའི་ངོ་བོ་ ཡིན་པའི་ཕྱིར་རོ། །མཆོག་ཉིད་ལྷག་པར་གནས་པ་ཡིན། །ཞེས་པ་ནི་འདི་ཉིད་ཀྱི་ཕྱིར་ན་བརྗོད་པས་ལྷ་ལ་སོགས་པ་ལྷག་པར་གནས་པར་འགྱུར་ཞེས་པའི་དོན་ཏོ། །བསྐྱེད་པ་ནི་དེ་ཉིད་ཀྱི་སྦྱོར་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་རྫོགས་པའོ། །སྔགས་རྣམས་ཀྱི་ནི་ རྒྱུད་ཉིད་ཅེས་པས་ནི་སྔགས་རྣམས་ཀྱི་ཕན་ཡོན་གསུངས་པ། གང་ཞིག་འདི་རྟག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེར་ནི་ལག་སོགས་རྒྱན་ཡིན་ཏེ། ཞེས་པ་ནི་མགོ་བོ་ལྔ་བཅུ་ཐམ་པ་ནི་ཨཱ་ལི་ཀཱ་ལིའི་ངོ་བོ་ཡིན་པའི་ཕྱིར་རོ། །སྐ་རགས་གནས་རྣམས་ཐམས་ཅད་ཡིན། །ཞེས་ པ་ནི་སྐ་རགས་རིག་པས་ཡོངས་སུ་བསྐོར་ཞིང་གནས་པའི་ཕྱིར་སྒྲུབ་པ་པོ་ཀུན་གྱི་གནས་སོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། འཛིན་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀུན་རྟོགས་པར་བྱེད་པ་ཡིན། །ཞེས་པ་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའོ། །འདིས་ནི་ ཞེས་པ་ནི། ཆོས་ཀུན་ཁོང་དུ་ཆུད་པར་བྱེད་པ་སྟེ། བསྟན་བཅོས་ཐམས་ཅད་ཨཱ་ལི་ཀཱ་ལིའི་རང་བཞིན་ཡིན་པར་ཁོང་དུ་ཆུད་པའོ་ཞེས་དགོངས་པའོ། །རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གསུངས་པ། ཨཱ་ལི་ཀཱ་ལི་ཞེས་པ་ལ་སོགས་པ་སྟེ། སྒྲུབ་ཐབས་ཀྱི་བཤད་ སྦྱར་ལས་བླ་མས་གསུངས་པའི་བྱིན་བརླབས་ཏེ་གོ་སླའོ། །འདི་ནི་ངེས་པར་བསྟན་པ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་ཞེས་པ་ལ་སོགས་པ་ལ། དཔའ་བོ་རྣལ་འབྱོར་མ་གཉིས་མེད། །ཅེས་པ་ནི་དཔའ་བོ་བདེ་མཆོག་དང་རྣལ་འབྱོར་མ་དག་ལྷན་ཅིག་གཉིས་སུ་ མེད་པར་རོ་གཅིག་པའི་ངོ་བོ་ཡིན་ནོ། །ཇི་ལྟར་གཅིག་པོ་གཉིས་སུ་མེད་པ་ཡིན་ཞེ་ན། གསུངས་པ། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེའི་ས་པ་ཡིན་ཞེས་པ་ནི། པུ་ལ་སོགས་པའི་ཡི་གེ་ལས་ཞེས་དགོངས་པའོ། །པུལླཱི་ར་མ་ལ་ཡ་མགོ་ལ་ ཞེས་པ་ནི་ཡི་གེ་པུ་ཡོངས་སུ་གྱུར་པ་ལས་པུལླཱི་ར་མ་ལ་ཡའི་རང་བཞིན་མགོ་ལ་རིག་པར་བྱའོ། །དེ་བཞིན་དུ་གཞན་ལ་ཡང་དེ་དང་དེའི་ཡི་གེ་ཡོངས་སུ་གྱུར་པ་ལས་དེ་དང་དེའི་གཟུགས་སུ་གོ་བར་བྱའོ། །དེ་དང་དེར་སོན་པའི་རྩ་རྣམས་ནི་ལྷའི་ངོ་བོ་སྟེ། བཅུ་བདུན་པའི་ངེས་པར་བསྟན་ པ་ལས་བསྟན་པར་བྱའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་བའི་བྱ་བ་ཡང་ངོ་། །གང་ཡིན་དེར་ནི་རྣམ་བཀོད་ན། །ཞེས་པ་ནི་དེ་གང་དུ་གནས་ཀྱང་ཡི་གེ་པུ་ལ་སོགས་པ་ལས་གནས་ཇི་ལྟ་བར་བསྒོམ་པར་བྱའོ། །འཇིག་རྟེན་གསུམ་གྱིས་མི་གཡོས་སོ། །ཞེས་པ་ནི། དེ་ལྟར་རྟག་ཏུ་ཁྱབ་འཇུག་ དང་བདེ་བྱེད་ལ་སོགས་པས་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །མངོན་པར་བརྗོད་པ་འབུམ་པའི་རྒྱུད། །ཅེས་པ་ནི་འདིར་ལྔ་པའི་དོན་གྱི་དྲུག་པའོ། །དེ་ནས་ཞེས་པ་ནི་ཕན་ཡོན་ཆེན་པོའི་རྒྱུ་གང་གིས་དེ་ནས་ཞེས་དགོངས་པའོ། །བསྡུས་ནས་བསྟན་པ་ཉིད་གསུངས་པ། ནམ་མཁའ་དང་ནི་མཉམ་པའི་རྒྱུད། །ཅེས་པ་ནི། ནམ་མཁའ་དང་མཉམ་པ་འབུམ་ཕྲག་གཅིག་ནས་ཞེས་པ་ནི་དེའི་ནང་ནས་སོ། །བཤད་ཅེས་པ་ནི་བསྟན་པ་ཉིད་དོ། །སྙིང་པོ་བསྡུས་པ་ཞེས་པ་ནི་སྙིང་པོ་བསྡུས་པའི་ངོ་བོ་ནི་སྙིང་པོ་བསྡུས་པ་སྟེ་དཔལ་ཧེ་རུ་ཀའི་ངོ་བོའོ། །མདོར་བསྟན་ པ་ཡི་སྤྲུལ་པ་ཡིན། །ཞེས་པ་ནི་མདོར་བསྟན་ཅིང་བཤད་པ་སྤྲུལ་བའི་སྐུའི་བདག་ཉིད་བསྟན་པའོ། །རྒྱས་བཤད་ལོངས་སྤྱོད་རྫོགས་པར་འདོད། །ཅེས་པ་ནི། རྒྱས་པར་བཤད་པ་ནི་ལོངས་སྤྱོད་རྫོགས་པའི་བདག་ཉིད་དོ། །ཤིན་ཏུ་རྒྱས་བསྟན་མ་ལུས་ཉིད། །མྱ་ངན་འདས་པའི་ དེ་ཉིད་བསྟན། །ཞེས་པ་ནི་ཤིན་ཏུ་རྒྱས་པར་བསྟན་པ་མ་ལུས་པ་ཆོས་ཀྱི་སྐུ་ལ་དབྱེར་མེད་པའི་དོན་ཏོ། །རྣམ་པ་གཞན་གྱིས་ཀྱང་སྐུ་གསུམ་བསྟན་པ་གསུངས་པ། སྐུ་གསུམ་འཁོར་ལོ་ཞེས་པ་ལ་སོགས་པ་ནི་ཆོས་དང་ལོངས་སྤྱོད་དང་། སྤྲུལ་པའི་མཚན་ཉིད་ཀྱིས་ཐུགས་ཀྱི་འཁོར་ ལོ་ལ་སོགས་པ་རིམ་པ་ཇི་ལྟ་བར་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་ཞེས་བྱ་བའི་དོན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཐོབ་པའོ། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་པ་ནི་བདེན་པ་གཉིས་ལ་བརྟེན་པར་གྱུར་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་པའི་ ཕྱིར་རོ། །གང་རྣམས་ཀྱིས་འདིར་ནུས་པར་འགྱུར་བ་དེ་ཉིད་བརྟག་པའི་ཕྱིར་གསུངས་པ། བློ་ངན་ཞེས་བྱ་བ་ལ་སོགས་པ་སྟེ། བློ་ངན་ཞེས་པ་ལ་བློ་ངན་པ་ནི་རང་བཞིན་མ་རུངས་པའི་བློ་ངན་ནོ། །གླེན་ཞིང་ཞེས་པ་ནི་གླེན་པ་ཡང་ངོ་། །ཤེས་རབ་དམན་ཞེས་པ་ནི་ཤེས་རབ་དམན་ པའོ། །ལོག་ལྟ་ཅན་ཞེས་པ་ནི་ལོག་པར་ལྟ་བར་ཞུགས་པའོ། །ཕྱི་རོལ་བསྟན་བཅོས་ཀྱི་འཆལ་པ། །ཞེས་པ་ནི་ཕྱི་རོལ་གྱི་བསྟན་བཅོས་ཆེད་དུ་བྱེད་པའོ། །བླ་མའི་ལམ་ནི་སུན་འབྱིན་ཞེས་པ་ནི་གང་རྣམས་བླ་མའི་ཞལ་གྱིས་བཤད་པ་ལ་ཚེར་མ་ལྟར་གནོད་པ་བྱེད་པའོ། །དེ་དག་ཀུན་ ཀྱང་རྣམ་སྤངས་ཏེ། །གུས་ཀྱང་བཤད་པར་མི་བྱའོ། །ཞེས་པ་ནི་འདིར་དེ་ཐམས་ཅད་རིང་དུ་སྤངས་ནས་གང་ཞིག་གཞན་རྣམས་ལས་བཤད་ན་དེ་རྣམས་གུས་པར་འགྱུར་ཞེས་པའི་དོན་ཏོ། །སྐལ་དང་སྐལ་མིན་ཞེས་པ་ལ་སོགས་པ་ལ། སྐལ་པ་ནི་ཐབས་དང་ཤེས་རབ་དག་ གིས་རྣམ་པའི་ཆ་དང་ལྡན་པའོ། །སྐལ་མེད་ཅེས་པ་ནི་དེའི་ཆ་ཐབས་དང་ཤེས་རབ་ཀྱི་བྱེ་བྲག་མེད་པ་སྟེ། དེ་ཉིད་ཀྱི་ཁྱད་པར་དེས་སོ། །དེར་ཞེས་པ་ནི་གཉིས་སུ་མེད་པར་འདྲེས་པའོ། །དབང་གི་ལྷ་མོ་མཆོད་བྱ་ཞེས་པ་ནི། དེ་ལ་རྣལ་འབྱོར་མ་རྣམས་གཙོ་མོར་གྱུར་བའི་ཕྱིར་དབང་ གི་ལྷ་མོ་རྡོ་རྗེ་ཕག་མོ་དང་པོར་མཆོད་པར་འོས་པའོ། །བཀའ་བསྒོའི་ལྷ་མོ་ཞེས་པ་ནི། བཀའ་གནང་སྟེར་བའི་ལྷའི་བདག་པོ་བཅོམ་ལྡན་འདས་མཆོད་པར་བྱ་བར་འོས་སོ། །དེ་འོག་ཅེས་པ་ནི་གཞན་དང་སྦྱར་རོ། །དཔའ་བོ་ཞེས་པ་ནི་དཔའ་བོའི་གཟུགས་ཀྱིས་འཁྲུངས་པའོ། ། མ་ལུས་ཀུན་སྤྱོད་ཅེས་པ་ནི་མ་ལུས་ཀུན་དུ་སྤྱོད་པའི་དོན་ཏོ། །འཁོར་བ་ལས་གྲོལ་ཞེས་པ་ནི་སེམས་ཅན་འཁོར་བ་ལས་སྒྲོལ་བར་བྱེད་པའོ། །གཙོ་བོ་ཞེས་པ་ནི་ཁམས་གསུམ་གྱི་བདག་པོའོ། །མ་ལུས་རིག་བྱེད་སྤྲུལ་པ་སྟེ། །ཞེས་པ་ནི་རྒྱུད་ལ་སོགས་པ་ནི་ཐམས་ ཅད་ཀྱང་སྤྲུལ་པའོ། །དེ་གཉིས་སུ་མེད་པ་དེ་ཇི་ལྟ་བུར་གྱུར་པ་ཞེས་བྱ་ཞེ་ན། གསུངས་པ་གྲུབ་པའི་མཐའ་ཞེས་པ་ནི་སངས་རྒྱས་པ་རྣམས་ཀྱིས་ངེས་པར་བསྒོམ་པར་བྱ་བ་དེ་ཉིད་དམ་ཚིག་གོ། །དེ་ཞེས་པ་ནི་གཉིས་སུ་མེད་པའོ། །ཁྱོད་ཀྱིས་ཞེས་པ་ ནི་ཁྱོད་ཀྱིས་སོ། །སངས་རྒྱས་མུ་སྟེགས་ཞེས་པ་ནི་ཉན་ཐོས་ལ་སོགས་པ་རྣམས་སོ། །རྙེད་དཀའ་བ་ཉིད་དུ་བསྟན་པའི་ཕྱིར། །སྒྲ་དང་སྒྲ་ཉམས་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་དང་སྒྲ་ཉམས་པའི་ཡུལ་གྱིས་བརྡ་དེ་ཉིད་ཀྱིས་དོན་ཐོབ་པའི་ཕྱིར་ན་ལམ་དེའི་རྗེས་སུ་འབྲང་བའོ། ། བསྡུས་དོན་ཞེས་པ་ནི་བསྡུས་པའི་ངོ་བོ་དཔལ་བདེ་མཆོག་མཆོད་པའོ། །བླངས་པ་ཞེས་པ་ནི་བསྟན་པའོ། །ཡང་དག་ཅེས་པ་ནི་ཕྱིན་ཅི་མ་ལོག་པའོ། །བརྡ་ཡི་ཚིག་ནི་རྒྱས་པ་ཡིན། །ཞེས་བྱ་བ་ནི་བརྡར་བཏགས་པའི་ཚིག་ཉིད་རྒྱ་ཆེ་བའོ། །གང་གི་ཕྱིར་སྒྲ་དང་སྒྲ་ཉམས་གཉིས་ ཀྱིས་བརྗོད་པ་དེའི་ཕྱིར་རྟོགས་དཀའ་བ་ཞེས་པའི་དོན་ཏོ། །གང་གིས་ཀུན་སྤྱོད་མི་ཤེས་པར། །ཞེས་པ་ནི་གང་གིས་ཀུན་དུ་སྤྱོད་པའི་དོན་མི་ཤེས་པར་ཞེས་པའོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་སྟོན་ཞེས་བྱ་བ་ནི་བདག་ཉིད་རྣལ་འབྱོར་པར་སྟོན་པའོ། ། དེའི་ཞེས་པ་ནི་དེའི་འོ། །འབྲས་བུའི་དེ་ཉིད་ནི་ཞེས་པ་ནི་ཀུན་ཏུ་སྤྱོད་པའི་དོན་གྱི་འབྲས་བུའོ། །རྣམ་པ་གཞན་གྱིས་ཀྱང་རྟོགས་དཀའ་བ་ཉིད་བསྟན་པའི་ཕྱིར་གསུངས་པ། གསུངས་ཞེས་པ་ལ་སོགས་པ་སྟེ། སྔོན་ཞེས་པ་ནི་སྔར་རོ། །སེམས་ཅན་དང་པོ་ཞེས་པ་ནི་དང་པོའི་ སེམས་ཅན་ལ་བདེ་མཆོག་གིས་སོ། །གཞན་དུ་གསུངས་པ་ཞེས་པ་ནི་ཚིག་མེད་པའི་བརྡས་བསྟན་པའོ། །སྒྲུབ་པ་པོས་ནི་རབ་མཉམ་གཞག །ཅེས་པ་ནི་ཐོས་པ་དང་བསམ་པའི་ཡུལ་ལ་མཉམ་པར་གཞག་པའི་ཡིད་ཅན་གྱི་སྒྲུབ་པ་པོས་ཤེས་པར་བྱ་ཞེས་པའི་དོན་ཏོ། །ད་ནི་ཨཱ་ ལི་ཀཱ་ལིའི་མཐུ་གསུངས་པ། རྒྱལ་བས་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་བྱ་བ་གང་ཡང་རུང་། །དགེ་དང་མི་དགེ་བརྟགས་ཏེ་བྱ། །ཞེས་པ་ནི། སྒྲུབ་པ་པོས་གང་ཅུང་ཟད་དགེ་བ་འམ། མི་དགེ་བ་སེམས་པ་དེ་ཐམས་ཅད་དེས་བསྒྲུབ་པར་བྱ་ཞེས་དགོངས་པའོ། །ཡི་གེ་ མཐའ་དང་དབུས་དག་ཅེས་པ་ནི་ཨཱ་ལི་ཀཱ་ལིས་ཡོངས་སུ་བསྐོར་བའོ། །དེར་ནི་ཞེས་པ་ནི་དེའི་གནས་སུའོ། །ཐམས་ཅད་རབ་ཏུ་གྲུབ་ཅེས་པ་ནི་ཐམས་ཅད་གྲུབ་པར་འགྱུར་རོ། །འདི་ནི་ངེས་པར་བསྟན་པ་བཅུ་གསུམ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྒྱུད་རྣམས་ ཐམས་ཅད་དུ་ཞེས་པ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་སོ། །སངས་རྒྱས་བཞི་ཡི་གདན་བཞུགས་པ། །ཞེས་པ་ནི་བདག་ཉིད་ཀྱི་མདུན་གྱི་ཕྱོགས་སུ་བའི་ལྕི་བ་ལ་སོགས་པས་རྣམ་པར་སྤྲས་པའི་སངས་རྒྱས་བཞིའི་གདན་རྣམ་པར་དག་པ་དཀྱིལ་འཁོར་གྲུ་བཞི་པར་གྱུར་པ་རི་ རབ་ཀྱི་སྟེང་དུ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའོ། །རྡོ་རྗེ་དང་པོ་ཞེས་པ་ལ་སོགས་པ་ནི་དང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་རིགས་ལྔར་མཚོན་པའོ། །བདེ་མཆོག་ལ་སོགས་གཞན་གྱི་མཚན་ཅན་ནོ། །མཆོད་པར་བྱ་ཞེས་པ་གོ་སླའོ། །ཅིར་གྱུར་པ་ཞེ་ན། གསུངས་པ། རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་རྣལ་འབྱོར་ཞེས་པ་ནི་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །དཔའ་བོ་རྣལ་འབྱོར་དབང་ཕྱུག་གཙོ། །ཞེས་པ་ནི་འཁོར་ལོ་གསུམ་ལ་བཞུགས་པའི་དཔའ་བོ་ཐོད་པའི་དུམ་བུ་ ལ་སོགས་པ་དང་རྣལ་འབྱོར་མ་རྣམས་དང་། དེ་བཞིན་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་དང་གཙོ་བོའོ། །མེ་ལོང་ལ་སོགས་རྣམ་པ་བཞི། །ཞེས་པ་ནི་མཚམས་རྣམས་སུ་མེ་ལོང་དང་སྒྲ་དང་རོ་དང་རེག་བྱ་དང་། ཆོས་རྣམས་རྣམ་པར་དག་པ་བདུད་རྩི་ལྔས་གང་བའི་ཐོད་པ་ བཞི་ཡང་ངོ་། །ཇི་ལྟར་མཆོད་པ་ཡིན་ཞེ་ན། གསུངས་པ། གཉིས་མེད་གཉིས་སུ་མེད་སྦྱོར་ཉིད། །ཅེས་པ་ལ་གཉིས་མེད་ནི་དཔལ་རྡོ་རྗེ་ཕག་མོ་དང་ལྡན་པའི་བཅོམ་ལྡན་འདས་སོ། །དེ་གཉིས་སུ་མེད་པར་སྦྱོར་བ་དང་ཐ་མི་དད་པས་ང་རྒྱལ་ལོ། །དེ་ནས་བདག་ ཉིད་འཁོར་ལོ་གསུམ་གྱི་གཙོ་བོར་གྱུར་པའི་བཅོམ་ལྡན་འདས་མཆོད་པར་བྱ་ཞེས་པའི་དོན་ཏོ། །གཉིས་མེད་ཅེས་པ་ནི་སེམས་ཙམ་ཉིད་ཀྱིས་མཆོད་པར་བྱ་བ་དང་། མཆོད་པ་པོ་དང་། མཆོད་པ་རྣམས་ཐ་མི་དད་པར་བལྟ་བར་བྱའོ། །རྫས་ནི་མེ་ཏོག་སོགས་ཞེས་པ་ནི་ཞུ་ བའི་རྫས་དང་། མེ་ཏོག་དང་སྤོས་ལ་སོགས་པའོ། །དེ་གཉིས་གསུངས་པ། དབུལ་བར་བྱ་ཞེས་པ་ལ་སོགས་པ་སྟེ། མེ་ཏོག་ཅེས་པ་ནི་མེ་ཏོག་ལ་སོགས་པའོ། །རེ་རེ་ནས་ཞེས་པ་ནི་སོ་སོར་ལྷ་རྣམས་ལ་དབུལ་བར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་ཕྱི་རོལ་གྱི་ མཆོད་པ་བསྟན་ནས། ལག་པའི་མཆོད་པ་བསྟན་པའི་ཕྱིར་གསུངས་པ། ཕྱག་རྒྱ་ལྔ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ལྔ་སོགས་མཆོག་ལུས་ཀྱི། །ཞེས་པ་ནི་དཔལ་བདེ་མཆོག་གི་ང་རྒྱལ་སྔོན་དུ་འགྲོ་བས་སྐུ་ལ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་འཆང་བའོ། །སོགས་ པའི་སྒྲས་ནི་ཐལ་བ་གཟུང་ངོ་། །ཕ་རོལ་ཕྱིན་དྲུག་ཕ་རོལ་སོན། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཕྱག་རྒྱ་རྣམས་འཆང་བས་ཕ་རོལ་ཕྱིན་དྲུག་ཕ་རོལ་སོན་ནོ། །ལག་པའི་མཆོད་སོགས་ཞེས་བྱ་བ་ལ་སོགས་པ་ནི། ལག་པའི་མཆོད་པ་ཉིད་དང་པོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དང་པོ་ཡེ་ ཤེས་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཆོད་པར་འོས་པ་རྣམས་ཡོངས་སུ་ཤེས་པ་དང་ལྡན་པའི་སྒྲུབ་པོས་སོ། །ཤེས་པར་བྱ་ཞེས་པ་ནི་དོན་གསལ་བར་བྱ་བའོ། །བློ་ལྡན་དཔའ་བོས་ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མ་དང་ལྡན་པ་སྟེ། ལག་པ་གཡོན་པར་མཆོད་ཅིང་དཔའ་བོ་དང་ རྣལ་འབྱོར་མ་རྣམས་ཀྱི་ས་བོན་གྱི་བདུན་ཉིད་དོ། །རྡོ་རྗེ་སེམས་སོགས་ཞེས་པ་ནི། །རྡོ་རྗེ་རྣལ་འབྱོར་མ་ཤེས་པར་བྱ་ཞེས་དགོངས་པའོ། །ལག་པའི་ལྷ་གང་ཞེ་ན། གསུངས་པ། རྣལ་འབྱོར་མ་དྲུག་ཅེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དྲུག་གོ། །སྔར་ཇི་ལྟར་ ཞེས་པ་ནི་ཇི་ལྟར་གོ་བའི་སྐབས་སུ་བསྟན་པའི་ས་བོན་གྱི་བདུན་ཉིད་དོ། །རྡོ་རྗེ་སེམས་སོགས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དྲུག་གོ། །བཅུ་གཉིས་ཞེས་པ་ནི་དཔའ་མོ་དྲུག་དང་དཔའ་བོ་དྲུག་སྟེ་ལྷ་བཅུ་གཉིས་སུ་འགྱུར་ཏེ། ལྷ་གཞན་དང་གཞན་ནི་རྩ་བའི་རྒྱུད་དུ་གོ་བར་ བྱའོ། །སྦྱར་བྱ་ཞེས་པ་ནི་དེ་དག་ཅེས་པ་ཉིད་དོ། །དཔའ་བོ་ཆེན་པོ་ཞེས་པ་ནི་དཔའ་བོ་ཆེན་པོ་ནི་སྒྲུབ་པ་པོའོ། །ལྔ་པོ་ལྔ་དང་ཡང་དག་བསྲེ། །ཞེས་པ་ནི་བདུད་རྩི་རྣམ་པ་ལྔ་དང་། སྒྲོན་མ་ལྔ་ལ་སོགས་པ་དང་ལྷན་ཅིག་ཏུ་མེ་ཏོག་ལ་སོགས་པ་རྣམས་དང་བསྲེ་བའོ། །འོ་མ་དང་ ཡང་བསྲེ་བར་བྱ། །ཞེས་པ་ནི། དངོས་པོ་དེ་དང་ལྡན་པ་མེད་ན་བྱང་ཆུབ་ཀྱི་སེམས་ཙམ་དང་ལྷན་ཅིག་ཏུ་ཞེས་པའི་དོན་ཏོ། །མཆོད་པ་དེས་ནི་ཞེས་པ་ནི་མཆོད་པ་ཡིས་སོ། །ལེགས་གནས་ཞེས་པ་ནི་ཡང་དག་པའི་གནས་ལག་པ་གཡོན་པའོ། །སྤྱོད་དང་གྲོལ་བའི་འདོད་དང་ ལྡན། །ཞེས་པ་ནི་དེའི་སྤྱོད་པ་དང་གྲོལ་བའི་མཚན་ཉིད་མངོན་པར་འདོད་པ་ཐོབ་པར་འགྱུར་རོ། །བཀྲེན་ཞེས་པ་ནི་དབུལ་བའོ། །ལག་པའི་མཆོད་པས་ཞེས་པ་ནི་ལག་པའི་མཆོད་པས་སོ། །ཐོབ་པར་འགྱུར་ཞེས་པ་ནི་དོན་ཐོབ་པར་འགྱུར་བའོ། །མཆོད་པ་ཞེས་པ་ནི་མཆོད་པས་ སོ། །དཔའ་བོ་འདི་ནི་དཔའ་ཆེན་པོ། །ཞེས་པ་ནི། འདིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཔའ་བོའི་བདག་ཉིད་དཔལ་བདེ་མཆོག་གོ། །རྙེད་དཀའ་ཞེས་པ་ནི་རྙེད་པར་དཀའ་བའོ། །སྤྱོད་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་ནི། འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་ གཞན་དང་སྦྱར་བར་བྱའོ། །འདིས་ཞེས་བྱ་བ་ནི་ལག་པའི་མཆོད་པ་བསྟན་པའི་རྗེས་ཐོགས་སུའོ། །རང་མཆོད་ཅེས་བྱ་བ་བདག་ཉིད་ཀྱིས་བྱ་བའོ། །འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་བྱ་བ་ནི་དེའི་མངོན་པར་འདོད་པའི་འབྲས་བུ་ཐམས་ཅད་སྟེར་ནུས་པའི་བདེ་མཆོག་གི་སྐུར་ འགྱུར་རོ་ཞེས་པའི་དོན་ཏོ། །སྤྱོད་བརྟུལ་ཞུགས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་སྤྱོད་པའི་ཆོ་ག་ཡང་ཐོབ་པར་འགྱུར་རོ་ཞེས་གོ་བར་བྱའོ། །རྣལ་འབྱོར་པའི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོ། །ཞེས་པ་ནི་རྣལ་འབྱོར་གཞན་ཐམས་ཅད་ཀྱི་ བདག་པོར་འགྱུར་རོ་ཞེས་དགོངས་པའོ། །འདི་ནི་ངེས་པར་བསྟན་པ་བཅུ་བཞི་པའོ།། །།དེ་ནས་སྤྱོད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཞེས་པ་ནི་བདེ་མཆོག་གི་བདག་ཉིད་ཀྱི་སྒྲུབ་པ་པོའོ། །གཉིས་མེད་རྣལ་འབྱོར་མ་ཞེས་པ་ནི་རིགས་དང་ཐབས་ཅིག་དང་གཉིས་སུ་ མེད་པའི་རྣལ་འབྱོར་དང་ལྡན་པ་སྟེ། ཤེས་རབ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ནུས་པ་ཞེས་པ་ནི་ཅུང་ཟད་རྣལ་འབྱོར་པའི་ནུས་པའོ། །བརྟུལ་ཞུགས་སྤྱོད་ཅེས་པ་ནི་སྤྱོད་པའི་བརྟུལ་ཞུགས་སོ། །ཡིད་ལ་འདོད་པ་ཞེས་པ་ནི་སྤྱོད་པ་གསུམ་ལ་སོགས་པ་གང་རུང་ངོ་། །དཔའ་བོ་ ཆེན་པོ་ཞེས་པ་ནི་སྒྲུབ་པ་པོའོ། །སྲོག་ཆགས་ཡན་ལག་གོས་བགོས་པ། །ཞེས་པ་ནི་སྟག་གི་པགས་པས་གཡོགས་ཏེ་བགོས་པའོ། །བདེ་བ་དོན་གཉེར་བསྐྱེད་པར་བྱ། །ཞེས་པ་ནི་སྙོམས་འཇུག་གི་བདེ་བ་དོན་དུ་གཉེར་བར་གྱུར་ན་དེའི་བདེ་བ་སྐྱེ་བར་འགྱུར་རོ་ ཞེས་པའི་དོན་ཏོ། །མཆོད་ཕྱིར་ཐོགས་ཞེས་བྱ་བ་ལ་སོགས་པ་ནི་རིག་བྱེད་དང་དྲང་སྲོང་གིས་བྱས་པའི་མཆོད་ཕྱིར་ཐོགས་ཡོངས་སུ་སྤངས་ནས་གཙང་སྦྲ་གཞན་གྱིས་ལུས་དག་པར་བྱའོ་ཞེས་དགོངས་པའོ། །འདོད་ཅེས་པ་ནི་ཡིད་ལ་འདོད་པའོ། །རྣལ་འབྱོར་མ་ཀུན་ཞེས་པ་ནི་རིགས་ ལྔ་དང་འབྲེལ་པའི་རྣལ་འབྱོར་མ་ཐམས་ཅད་དོ། །འདོད་པ་ཞེས་པ་ནི་ཡིད་ལ་འདོད་པར་གྱུར་པའོ། །སྤྱོད་གྲོལ་དོན་གཉེར་ཞེས་པ་ནི་སྤྱོད་པ་དང་གྲོལ་བའི་འབྲས་བུ་དོན་དུ་གཉེར་བར་བྱེད་པའོ། །ད་ནི་སྔགས་ཀྱིས་གཟུགས་ལ་སོགས་པ་རྣམ་པར་དག་པ་གསུངས་པ། རྩ་བའི་སྔགས་ ཞེས་པ་ལ་སོགས་པ་སྟེ། རྩ་བའི་སྔགས་ཞེས་པ་ནི་ཕྲེང་བའི་སྔགས་སོ། །དཔའ་བོ་གང་ཞེས་པ་ནི་དཔའ་བོ་གང་གིའོ། །ཚངས་པའི་སྐུད་པ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་ནས་ཀུན་དུ་བསྒྲུབས་པའི་ཚངས་པའི་སྐུད་པའོ། །བརྒྱ་ཕྱེད་ཕྲེང་བས་བརྒྱན་པ་ཡིན། །ཞེས་པ་ནི་མགོ་ བོ་ལྔ་བཅུའི་ཕྲེང་བའོ། །གོ་ཆ་དྲུག་ཅེས་པ་ནི་གོ་ཆའི་སྔགས་དྲུག་གིས་སོ། །དཔའ་བོ་ཞེས་པ་ནི་དཔའ་བོའིའོ། །རྒྱ་འདིས་ལུས་ནི་མཛེས་པ་ཡིན། །ཞེས་པ་ནི་སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །ཞེས་པ་ནི་རྩ་བའི་སྔགས་སོ། །མགུར་ ཆུས་སྐྱེ་བ་ཞེས་པ་ནི་མགྲིན་པ་ལ་སོགས་པའི་མགུལ་རྒྱན་ནོ། །མཛེས་ཞེས་པ་ནི་མཛེས་པར་རོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །ཞེས་པ་ནི་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཞེས་བྱ་བ་ལ་སོགས་པ་སྙིང་པོའི་སྔགས་སོ། །པགས་པའི་གོས་ནི་འཛིན་པའི་མཆོག །ཅེས་པ་ནི་སྟག་གི་ པགས་པའི་ན་བཟའི་མཆོག་ཤམ་ཐབས་སུ་བྱས་པའོ། །ལྷའི་སྐུ་ཞེས་པ་ནི་བདེ་མཆོག་གི་སྐུའོ། །ཤེས་རབ་ཌཱ་མ་རུ་ཞེས་པ་ནི་ཕག་མོའི་ཅང་ཏེའུའོ། །ཁམས་སུ་བརྟག་ཅེས་པ་ནི་སོ་དང་སེན་མོ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་གཞག་པའོ། །ཡི་གེ་བདུན་གྱི་གསང་སྔགས་ ཀྱི། །ཞེས་པ་ནི་ཉེ་བའི་སྙིང་པོའི་སྔགས་སོ། །རྣལ་འབྱོར་མ་དྲུག་གསང་སྔགས་གང་། །ཞེས་པ་ནི་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་སོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །ཞེས་པ་ནི་འཁོར་ལོ་གསུམ་ལ་སོགས་པའི་རྣལ་འབྱོར་མའི་སྔགས་སོ། །སྔགས་ནི་བཏུང་བའི་ ཐོད་པ་ཡིན། །ཞེས་པ་ནི་ཡེ་ཤེས་ཀྱི་བདུད་རྩིའི་སྣོད་དོ། །རྣམ་པར་སྣང་མཛད་ཡུམ་སྔགས་དང་། །ཞེས་པ་ནི་ལྷ་མོའི་ཉེ་བའི་སྙིང་པོའི་སྔགས་སོ། །དེ་ལྟར་བདག་ཉིད་རྣམས་བསམས་ནས། །ཞེས་པ་ནི་དེ་ལྟར་བསྟན་པའི་རིམ་པས་བདག་ཉིད་གོ་བགོ་བའོ། །ཚམ་ངམ་སྔགས་ ཀྱིས་ལེགས་པར་བསྲུང་། །ཞེས་པ་ནི་ཞལ་བཞི་པའི་སྔགས་ཀྱིས་ཡང་ནས་ཡང་རྒྱུན་དུ་བརྗོད་ཅིང་བསྲུང་བར་བྱ་བའོ། །ཚངས་པར་སྤྱོད་པ་ཞེས་པ་ནི་ཚངས་པ་ནི་བདེ་མཆོག་གི་བདག་ཉིད་དོ། །སྤྱད་པ་སྤྱོད་ཅིང་བསྒོམ་པར་བལྟ་བར་བྱའོ། །རྟག་ཏུ་བསམ་ཞེས་པ་ནི་རྒྱུན་དུ་བྱེད་པའོ། ། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །ཅེས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་རང་དང་གཞན་དང་བླ་མ་དང་སངས་རྒྱས་ལ་སོགས་པ་རྣམས་མཆོད་པར་བྱའོ། །ཉིན་མོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདག་ཉིད་ཇི་བཞིན་ཞེས་པ་ནི་བདག་ཉིད་ང་རྒྱལ་བྱེད་པ་ཇི་ལྟ་བར་རོ། །འགྲོ་ དེ་བཞིན་ཞེས་པ་ནི་སེམས་ཅན་རྣམས་སོ། །བདག་དེ་བཞིན་ཞེས་པ་ནི་ཇི་ལྟར་གཞན་འདོད་པའི་ང་རྒྱལ་བྱེད་པ་དེ་བཞིན་དུ་བདག་ཀྱང་ངོ་། །ང་རྒྱལ་མཆོག་ཅེས་པ་ནི་ང་རྒྱལ་གྱི་མཆོག་བདེ་མཆོག་ཅེས་པའི་དོན་ཏོ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་པ་ནི་དཔལ་ཧེ་རུ་ ཀའི་གོ་འཕང་ལ་རྣལ་འབྱོར་པ་གནས་སོ་ཞེས་དགོངས་པའོ། །རིགས་ལྔའི་ཞེས་བྱ་བ་ལ་སོགས་པ་ནི་རིགས་ཀྱི་དངོས་པོ་གཅིག་ཉིད་ལ་སྣ་ཚོགས་ལྔར་བརྟགས་ཏེ། དེ་དང་དེར་སྤྱོད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྤྱོད་པའི་འབྲས་བུ་གསུངས་པ། དེ་ལྟར་ཞེས་བྱ་བ་ ལ་སོགས་པ་ལ་དེ་ལྟར་ནི་སྤྱོད་པའི་སེམས་ཅན་ནོ། །གོ་འཕང་མཆོག་ཏུ་འགྲོ་བར་འགྱུར། །ཞེས་པ་ནི་དཔལ་བདེ་མཆོག་ལ་ཉེ་བར་གནས་པའོ། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །ཞེས་པ་ནི་དཔལ་བདེ་མཆོག་གི་ང་རྒྱལ་གྱིས་སོ། །འདི་ནི་ངེས་པར་བསྟན་པ་བཅོ་ལྔ་པའོ།། །། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །ཞེས་བྱ་བ་ལ་སོགས་པ་ལ། ཕྱི་མའི་དུས་ཀྱི་ཚེ་ཞེས་བྱ་བ་ནི་རྩོད་པའི་དུས་སོ། །དུས་མཐར་ཞེས་པ་ནི་ཉོན་མོངས་པས་ཤིན་ཏུ་འཁྲུགས་པས་སོ། །དངོས་གྲུབ་མི་ཐོབ་སྟེ་ཞེས་པ་ནི་སྐྱེ་བ་འདི་ལ་ཞེས་རིག་པར་བྱའོ། །སྐྱེ་བ་ ཞེས་པ་ཚེ་འདི་ཉིད་དོ། །གཞན་དུ་ཞེས་པ་ནི་གཞན་དུའོ། །ཅི་རྣམ་པ་ཐམས་ཅད་དུ་མི་འགྲུབ་བམ་ཞེ་ན། གསུངས་པ། གཞན་དུ་སངས་རྒྱས་མིང་ཅན་གྱི། །ཞེས་པ་ནི་དཔལ་བདེ་མཆོག་ལས་གཞན་གྱི་སངས་རྒྱས་ཀྱི་མིང་ཅན་གྱིས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་ པའོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་ངོ་མཚར་དྲུག་གམ་ཡུལ་ཡང་ངོ་། །མི་འགྱུར་ཞེས་པ་ནི་འདིར་འགྲོ་བས་ཞེས་པས་གཞན་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན། གསུངས་པ་བདེ་བར་མི་འགྱུར་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ནད་ཀྱི་དབང་གིས་སྐོམ་འཐུངས་པ་དང་ཟས་ཟོས་ པས་བདེ་བར་མི་འགྱུར་རོ། །དེ་ལྟར་མེད་པ་ཞེས་པ་སྔར་གྱི་དང་སྦྱར་ཏེ། དེ་བཞིན་དུ་ཞེས་པའི་དོན་ཏོ། །འདོད་པ་ཞེས་པ་ནི་ཡིད་ལ་འདོད་པར་གྱུར་པའོ། །འབད་པས་ཞེས་པ་ནི་གུས་པས་སོ། །བདག་ཅེས་པ་ནི་སྒྲུབ་པ་པོའོ། །དེ་ཉིད་ཅེས་པ་ནི་གཟུགས་ཀྱིས་སོ། །རྣལ་འབྱོར་པ་ ཞེས་པ་ནི་འཁོར་ལོ་སྡོམ་པའི་རྣལ་འབྱོར་པའོ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་དཔལ་ཧེ་རུ་ཀའི་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཡོངས་སུ་རྒྱུ་བ་ཞེས་པ་ནི་འཁྱམ་པའོ། །ཇི་ལྟར་འདོད་པར་ཞེས་པ་ནི་གནས་ལ་སོགས་པར་རོ། །ཡོངས་སུ་རྒྱུ་བའི་ འབྲས་བུ་གསུངས་པ། རིང་གནས་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པའི་བཀའ་དྲིན་གྱིས་ཐག་རིང་པོ་ཡང་ཉེ་བ་བཞིན་དུ་ཐོས་པར་འགྱུར་རོ། །མིག་གིས་སྐད་ཅིག་གིས་མཐོང་ཞེས་པ་ནི་གཟུགས་ཕྲ་མོ་ཡང་ཉེ་བ་ལྟར་མཐོང་བར་འགྱུར་རོ། །དེ་ལྟར་ཤེས་པ་གཞན་དྲི་རོ་རེག་བྱ་ གསུམ་པ་ལ་ཡང་རིག་པར་བྱའོ། །དེ་ལྟར་ཆོས་འདི་ཤེས་ནས་ནི། །ཞེས་བྱ་བ་ནི་དེ་ལྟར་བསྟན་པའི་རིམ་པས་འདིར་ཕན་ཡོན་དུ་རིག་པར་བྱ་བ་ཉིད་དོ། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་པ་ནི་མང་བོའི་ཚིག་གོ། །གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བཟང་། །ཞེས་པ་ ནི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཐབས་དང་ཤེས་རབ་ཀྱི་ངོ་བོར་རིག་པར་བྱ་བའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྟེ། ཨཱ་ལི་ཀཱ་ལི་མ་གཏོགས་པ་ཞེས་པ་ནི་དབྱེར་མེད་པའི་ཐབས་དང་ཤེས་རབ་དང་བྲལ་བའོ། ། ཆོས་འདིས་ཞེས་པ་ནི་ཕྱི་དང་ནང་གིའོ། །གལ་ཏེ་ཆོས་འདི་འདོད་ན་ནི། །ཞེས་པ་ནི་སྐྱེ་བོ་གལ་ཏེ་གཞན་ཡིན་ན་ཞེས་པར་གོ་བར་བྱའོ། །དེ་ཡི་དལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ནི་གོ་སླའོ། །མདོ་ལ་སོགས་པ་རྣམས་སུ་ཡང་འདི་ཉིད་སངས་རྒྱས་ཀྱིས་ཕན་པའི་དོན་ ཀུན་རབ་ཏུ་བསྟན་པ་བསྡུས་པའི་དོན་ཏོ། །ཡང་ཅི་ཐབས་དང་ཤེས་རབ་ཀྱི་ངོ་བོ་གང་ཞེ་ན། གསུངས་པ་འཇུག་པར་ཤེས་པ་ནི་དཔལ་བདེ་མཆོག་ཏུ་བསྐྱེད་པའོ། །ཇི་ལྟར་བསྟན་པ་ཞེས་པ་ནི་སྔར་ཇི་ལྟར་བསྟན་པའོ། །ཚོགས་གཉིས་ཞེས་པ་ནི་ཚོགས་གཉིས་ཐོབ་པའོ། །གཉིས་སུ་མེད་ པ་ཞེས་པ་ནི་རིམ་པ་དང་ལྷན་ཅིག་ཐ་མི་དད་པར་རོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་བསྟན་ནས། དོན་དམ་པའི་བདེན་པ་བརྗོད་ཅིང་གསུངས་པ། དེ་ཉིད་ཆོས་ཀྱི་རང་བཞིན་ཤེས། །ཞེས་པ་ནི། དྲུག་པའི་དོན་གྱི་དང་པོའོ། །དེ་ཉིད་ཅེས་པ་ནི་མདོར་བསྟན་པའོ། །ཆོས་ཞེས་པ་ནི་རྒྱས་པར་ བཤད་པའོ། །རང་བཞིན་ཤེས་ཞེས་པ་ནི་ཤིན་ཏུ་རྒྱས་པར་བཤད་པའོ། །འབའ་ཞིག་ཅེས་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ལ་སོགས་པ་སྟེ། བཟློག་པ་རྫོགས་རིམ་ནི་དོན་དམ་པའི་བདེན་པའོ། །འདོད་ཅེས་པ་ནི་བསྟན་པའོ། །མཇུག་བསྡུ་བ་ལ་སོགས་པ་ གསུངས་པ། ངས་ནི་སྔོན་བཤད་ཅེས་གསུངས་ཏེ། །ཅི་བཤད་ཅེ་ན། གསུངས་པ། བདེན་པ་གཉིས་ལ་བརྟེན་ནས་ཞེས་པ་ནི་འདིར་ཞེས་བྱ་བ་ལ་སོགས་པ་གོ་བར་བྱའོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །སྤྲོས་པ་ཀུན་ལ་ཞེས་པ་ནི་ལྷ་དང་ལྷ་མོའི་སྐུའོ། །དམིགས་ ནས་ཞེས་པ་ནི་དམིགས་པར་བྱའོ། །ཇི་སྲིད་བཟློག་པའི་སྤྱོད་ཡུལ་དུ་ཤེས་པ་ནི་རྣམ་པར་དག་པ་ལ་ཐུག་པར་བྱའོ། །རྒྱུད་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ་བསྟན་པའི་ཕྱིར་རོ། །གསུངས་པ་རྒྱུད་རྣམས་ཀུན་དུ་ཞེས་པ་ལ་སོགས་པ་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམས་སུ་གང་ ཞིག་གསང་བའི་མྱ་ངན་ལས་འདས་པ་དེ་འདིར་ཡང་བསྟན་ཞེས་པའི་དོན་ཏོ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་ནི་འདིར་ཡང་ཞེས་རིག་པར་བྱའོ། །སེམས་རྣམས་ཐམས་ཅད་བསལ་ནས་ནི། །ཞེས་པ་ནི་སེམས་གཞན་ཐམས་ཅད་ཡོངས་སུ་སྤངས་ པའོ། །རྣམ་པར་སྤྱོད་ཅེས་པ་ནི་ཏིང་ངེ་འཛིན་ལ་སྤྱོད་ཅིག་པའོ། །འཁོར་ལོ་སྡོམ་པ་མཆོག་ཅེས་པ་ནི་འཁོར་ལོ་སྡོམ་པ་ཀུན་རྫོབ་ཏུ་གནས་དང་ཉེ་བའི་གནས་ལ་སོགས་པའོ། །ཅི་བྱས་ནས་ཤེ་ན། གསུངས་པ། རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་ཞེས་ པ་ནི་མཁའ་འགྲོ་མའི་རིགས་རྣལ་འབྱོར་མའིའོ། །གཟུགས་དང་བརྡ་དང་ཐ་སྙད་དག །ཅེས་པ་ནི་རིག་པར་བྱ་ཞེས་པ་ལྷག་མའོ། །ཁྱིམ་ལྔ་ལ་སོགས་གྲོང་ཞེས་པ་ནི་ཁྱིམ་ལྔ་པོས་ཁྱད་པར་དུ་བྱས་པའི་གྲོང་ལ་སོགས་པ་རྣམས་སོ། །གནས་ཞེས་པ་ནི་གནས་པ་ཉིད་དོ། །བསྒྲུབ་ པར་བྱ་བ་ནི་ཞེས་པ་ནི་འདོད་པའོ། །ཀུན་དུ་ཞེས་པ་ནི་རྒྱུ་དེའི་ཕྱིར་དེ་ཐམས་ཅད་བསྒྲུབ་པར་བྱ་བའི་གནས་ཞེས་པའི་དོན་ཏོ། །གཡོན་ནས་བསྐོར་བ་ལ་རབ་བརྩོན། །ཞེས་པ་ནི་གཡོན་གྱིས་སྤྱོད་པའི་རྣལ་འབྱོར་པའོ། །སྔར་བཤད་འཁོར་ལོའི་ཞེས་པ་ནི་གཉིས་པའི་དོན་གྱི་དྲུག་ པའོ། །བྲི་བར་བྱ་ཞེས་པ་ནི་རྣམ་པར་བསྒོམ་པའོ། །ད་ནི་ཧེ་རུ་ཀའི་མཛད་པ་གསུངས་པ། དཔའ་བོའི་སྔགས་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོའི་སྔགས་སོགས་རྣལ་འབྱོར་མ། །ཞེས་པ་ནི་དཔའ་བོ་ལ་སོགས་པ་རྣལ་འབྱོར་མའི་སྔགས་སོ། །དགོད་པར་ བྱ་ཞེས་པ་ནི་གནས་ཇི་ལྟ་བར་བསྒོམ་པར་བྱའོ། །ཡིད་ལ་འདོད་པ་ཞེས་པ་ནི་ཡིད་ལ་མངོན་པར་འདོད་པའི་བོང་བུའི་རྣམ་པ་ལ་སོགས་པའོ། །ཤར་གྱི་འདབ་མར་ཞེས་པ་ནི་ཤར་ལ་སོགས་པའི་འདབ་མ་རྣམས་སུའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པའོ། །བོང་ བུའི་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་བོང་བུའི་རྣམ་པར་བསྒོམ་པར་བྱའོ། །ཧེ་རུ་ཀ་དཔལ་ཞེས་བྱ་བ། །ཞེས་པ་ནི་དཔལ་ཧེ་རུ་ཀའི་སྐུར་བསྒྱུར་ལ་བསྒོམ་མོ་ཞེས་པའི་དོན་ཏོ། །ལས་རྣམས་ཐམས་ཅད་ཅེས་པ་ནི་ལས་ཐམས་ཅད་དང་ཉེ་བར་ལྡན་པའོ། །ལུས་ངག་ཡིད་ ཀྱི་ལས་རྣམས་ཞེས་པ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བའོ། །བསྟན་དང་མ་བསྟན་ཞེས་པ་ནི་བཤད་དང་མ་བཤད་པའོ། །གང་བསམས་ཞེས་པ་ནི་བྱ་བ་ལ་མངོན་པར་ཞེན་པའོ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་བྱ་བ་ནི་དཔའ་བོ་བོང་བུའི་རྣམ་པའི་རྣལ་ འབྱོར་གྱིས་གནས་པའོ། །འདི་ནི་ངེས་པར་བསྟན་པ་བཅུ་དྲུག་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ལ། དཔལ་ཧེ་རུ་ཀ་ཞེས་པ་ནི་དཔལ་ཧེ་རུ་ཀའོ། །དྲུག་པ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའོ། །སེམས་ཀྱི་སྤྲུལ་པ་ཞེས་པ་ནི་སེམས་ཀྱི་རང་བཞིན་ནོ། །དག་པའི་ཆོས་ ཞེས་པ་ནི་ཐམས་ཅད་སྟོང་པ་ཉིད་དོ། །དེ་ཉིད་ཅེས་པ་ནི་དེ་ལས་ལྷའི་སྐུ་གཉིས་སོ། །བསྲུབ་བྱ་བསྲུབས་པའི་སྦྱོར་བ་ལས། །ཞེས་པ་ནི་མངལ་ནས་སྐྱེ་བར་དཀྱིལ་འཁོར་བསྒོམ་པའི་ཕྱོགས་སོ། །མེ་ལོང་ལ་སོགས་རྣམ་པ་བཞི། །ཞེས་པ་ནི་མེ་ལོང་ལ་སོགས་པ་རྣམ་པར་ དག་པ་ཐོད་པ་བཞི་པོ་མཚམས་བཞིར་རོ། །མཆོད་པ་བཞི་རུ་བརྗོད་ཅེས་པ་ནི་འདིར་དེ་ཉིད་མཆོད་པ་བཞིར་བརྗོད་པའོ། །མཁའ་འགྲོ་མ་བཞི་འདབ་མར་གནས། །ཞེས་པ་ནི་པདྨའི་འདབ་མ་བཞི་ལ་མཁའ་འགྲོ་མ་བཞིའོ། །མཱ་མ་ཀཱི་སོགས་བཟང་མོ་ཡིན། །ཞེས་པ་ནི་མཁའ་འགྲོ་ མ་ལ་སོགས་པ་བཞི་པོ་དེ་ཉིད་ཇི་ལྟར་རིགས་པར་མཱ་མ་ཀཱི་ལ་སོགས་པའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །འཁོར་ལོར་གནས་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའོ། །གཉིས་མེད་ཅེས་པ་ནི་རྣལ་འབྱོར་མ་དང་སྙོམས་པར་འཇུག་པའོ། །སེམས་ཅན་འཁོར་བ་ལས་གྲོལ་ བ། །ཞེས་པ་ནི་སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་བྱེད་པའོ། །ཁྲོ་བོ་རྣམ་རྒྱལ་ལ་སོགས་ཞེས་པ་ནི་ཁྲོ་བོ་རྣམ་པར་རྒྱལ་བ་ལ་སོགས་པ་དང་། །ཁྭ་གདོང་མ་ལ་སོགས་པའོ། །སྒོ་དང་མཐའི་མཚམས་ཞེས་པ་ནི་སྒོ་རྣམས་དང་མཚམས་རྣམས་སུའོ། །བར་དུ་བརྒྱད་ ཅེས་པ་ནི་ཇི་སྲིད་དུ་བརྒྱད་དུ་གྱུར་པའོ། །རྣལ་འབྱོར་པའི་འཆི་བ་ནི་སེམས་ངལ་སོས་པ་ཙམ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་འདུལ་བའི་ཐབས་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱིས་འདུལ་བའི་སེམས་ཅན་ལ་དེ་དང་ དེའི་ཐབས་ཀྱིས་སོ། །སེམས་ཅན་དོན་ལ་བརྩོན་པར་མཛད། །ཅེས་པ་ནི་དྲུག་པའི་དོན་གྱི་དང་པོའོ། །སྦ་བར་བྱ་ཞེས་པ་ནི་གསང་བར་བྱ་བའོ། །གསང་བའི་གནས་ཞེས་པ་ནི་ཤིན་ཏུ་ཡང་གསང་བའི་ཆོས་ཡིན་པས་གསང་བའོ། །ངལ་སོ་ཞེས་པ་ནི་སེམས་ངལ་ སོས་པ་ཙམ་མོ། །འདི་ཉིད་ནི། སེམས་ནི་ངལ་སོས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་པ། །ཞེས་བྱ་བར་སྦྱར་རོ། །རྣལ་འབྱོར་པ་ཞེས་པ་ནི་སྒྲུབ་པའི་རྣལ་འབྱོར་པའོ། །མྱ་ངན་འདས་པ་ནི་འཆི་བའོ། །རྣལ་འབྱོར་མ་སོགས་དཔའ་བོ་དང་། ཇི་སྲིད་དངོས་གྲུབ་འདོད་ཀྱི་ བར། །ཞེས་པ་ནི་རྣལ་འབྱོར་མ་ལ་སོགས་པ་དང་། དཔའ་བོ་རྣམས་བསྒོམ་པ་ཇི་སྲིད་ཀྱི་བར་དུ་ཞེས་པའི་དོན་ཏོ། །འབྲས་བུ་ཐོབ་པ་ཞེས་པ་ནི་འབྲས་བུ་ཅུང་ཟད་ཐོབ་ཀྱང་ངོ་། །རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་བྱེད་པའོ། །འཁོར་བ་ཞེས་པ་ནི་འཁོར་བའོ། །སློབ་མ་ལ་ ཕན་ཕྱིར་ཞེས་པ་ནི་སློབ་མ་ལ་ཕན་པའི་ཆེད་དུའོ། །དེ་ལྟར་སྤྱོད་པའི་ཞེས་པ་ནི་གོ་སླའོ། །ཇི་ལྟར་སྔར་བཤད་སྡིག་པ་རྣམས། །ཞེས་པ་ནི་གསུམ་པའི་དོན་ཏོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །ཞེས་པ་ནི་གཞན་ཀུན་ལ་ཡང་ གསུམ་པར་རིག་པར་བྱའོ། །དཔའ་བོ་དང་ནི་ཞེས་པ་ནི་ལྷ་ཆེན་པོའི་དཔའ་བོའོ། །རྣལ་འབྱོར་མ་ཞེས་པ་ནི་ལྷ་མོ་རྣམས་དང་ངོ་། །དཀོན་ཞེས་པ་ནི་རྙེད་པར་དཀའ་བའོ། །ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། །ཞེས་པ་ནི་ཇི་ལྟར་ཆགས་པ་ཅན་སྐྱེས་པ་དང་བུད་ མེད་ཀྱི་གཏམ་བརྗོད་པས་དགའ་བ་སྐྱེ་བའོ། །ཀུན་སྨྲ་བསྟེན་པའི་གཏམ་ཡང་རྗོད་པར་བྱེད། །ཅེས་པ་ནི་ཇི་ལྟར་དགའ་བའི་དོན་དུ་སྐྱེས་པ་དང་བུད་མེད་དག་དུས་འདེབས་པའི་གཏམ་ལ་སོགས་པ་བརྗོད་པའོ། །ལམ་ཡང་བཤད་ཅིང་འཆི་བར་འགྱུར་བ་ཡིན། །ཞེས་ པ་ནི། དེ་ལྟར་ལམ་དང་འཆི་བའི་དངོས་པོ་མེད་པར་བརྗོད་པ་སྟེ་འཚང་རྒྱ་ཞེས་པ་ལྷག་མའོ། །ཇི་ལྟར་རིགས་པ་རྣལ་འབྱོར་ལམ་ནི་བསྟན། །ཞེས་པ་ནི་དེ་ལྟར་རིག་པའི་སྒྲུབ་པ་པོའི་བྱ་བ་ལྷ་དང་ལྷ་མོའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་ལམ་ཞེས་པའི་དོན་ཏོ། །གནས་སོགས་རྣལ་ འབྱོར་མ་ཡི་གནས། །ཞེས་པ་ནི། གནས་ལ་སོགས་པའི་གནས་རྣམས་སུ། །རྣལ་འབྱོར་མ་རྣམས་སུ་བསྟན་ཞེས་པའི་དོན་ཏོ། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཞེས་པ་ནི་དཔའ་བོ་དང་སྙོམས་པར་ཞུགས་ནས་གནས་ཞེས་པའི་དོན་ཏོ། །པུལླཱི་ར་མ་ལར་རབ་ གཏུམ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། །ཞེས་པ་ནི། དཔའ་བོ་དང་གཉིས་སུ་མེད་པ་ལྷན་ཅིག་ཏུ་གཉིས་མེད་ཀྱི་སྦྱོར་བ་ལ་སྙོམས་པར་ཞུགས་པའི་དོན་ཏོ། །གཡོན་པའི་སྒྲུབ་བྱེད་ཐབས་ཀྱིས་ནི། །ཞེས་པ་ནི་རྣལ་འབྱོར་པ་སྒྲུབ་པའི་ ཐབས་ཞེས་པའི་དོན་ཏེ། ཐབས་ཞེས་པ་ནི་བཤེས་པའི་དོན་དུ་ཐབས་དང་ལྷན་ཅིག་གིས་སོ། །རྒལ་ནས་ཞེས་པ་ནི་ཕ་རོལ་དུ་རྒལ་བའོ། །སྒོམ་པའི་རིམ་པ་ལྟར་གསུངས་པ། །མགུར་ཆུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲིལ་ཞེས་བྱ་བ་ལ་སོགས་པ་ནི། དྲིལ་ཕྱིས་ཀྱིས་ དྲི་ཞིམ་པར་བྱ་བའོ། །ཆུས་ཞེས་པ་ནི་མི་བསྐྱོད་པས་སོ། །དྲི་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །ཁ་དོག་ལ་སོགས་པའི་གཟུགས་ཞེས་པ་ནི་ཁ་དོག་དཀར་པོ་ལ་སོགས་པའི་གཟུགས་སུ་བྱ་བའོ། །དབྱངས་ཀྱི་ཡི་གེ་ཡོངས་བསྒྱུར་བ། །ཞེས་པ་ནི་དབྱངས་ཀྱི་ཁྲོ་བོའི་ཚིག་ ཡི་གེ་ཧཱུཾ་གིས་ཏེ། དེ་ལས་བདག་ཉིད་རྫོགས་པར་བསྒོམ་པར་བྱའོ། །སྤྱོད་པའི་བརྟུལ་ཞུགས་ལ་ཞུགས་པར། །ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །རྣལ་འབྱོར་ལ་ལེགས་གནས་ཞེས་པ་ནི་ཡང་དག་པའི་རྣལ་འབྱོར་གྱི་དོན་ལ་གནས་པའོ། །དཔའ་ཆེན་ཞེས་པ་ནི་ དཔའ་བོ་དང་། འཇིགས་སུ་རུང་བ་ལ་སོགས་པ་གར་དགུའི་ཉམས་སོ། །སྐལ་པ་བཟང་པོའི་གར་ཞེས་བྱ་བ་ནི། གར་བྱས་པས་རྣལ་འབྱོར་མ་ཤིན་ཏུ་ཕུལ་དུ་བྱུང་བར་བརྩོན་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཀུན་དུ་དབུག་དང་ཞེས་པ་ནི་མདོར་བསྟན་པའོ། །གཞན་ནི་རྒྱས་ པར་བཤད་པའོ། །སྲད་བུའི་ཕྲེང་བ་གཅིག་གྱུར་ཡིན། །ཞེས་པ་ནི་ཚངས་པའི་སྐུད་པས་སེ་རལ་ཀ་བྱས་པའོ། །འོག་པག་བརྒྱད་ཀྱི་ཕྲེང་བ་ཞེས་པ་ནི་བརྒྱད་ཀྱི་ཕྲེང་གཅིག་དང་ལྡན་པའོ། །སྐེ་རགས་བཅུ་དྲུག་ཤེས་པར་བྱ། །ཞེས་པ་ལ་སྐེ་རགས་ནི་སྐེ་རགས་ཀྱི་ཁྱད་པར་ ཏེ། བཅུ་དྲུག་པོ་དེ་ཡང་ཕྲེང་གཅིག་དང་ལྡན་པར་རིག་པར་བྱའོ། །ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན། །ཞེས་པ་ནི་མགོ་བོའི་ཕྲེང་བ་ཉི་ཤུ་རྩ་ལྔས་མགོ་ལ་བརྒྱན་པའོ། །ཡང་ན་ཕྲེང་བ་ཞེས་པ་ནི་མགུལ་རྒྱན་བྱས་པ་སྟེ། དེ་ཡང་རི་ལུ་ཉི་ཤུ་རྩ་ལྔར་རིག་པར་བྱའོ། ། འདི་ནི་ངེས་པར་བསྟན་པ་བཅུ་བདུན་པའོ།། །།བདག་གིས་ཀུན་སྤྱོད་རྒྱུད་འདི་གསལ་བར་བྱས་པ་ཡི། །གང་ཞིག་ཟླ་བ་འདྲ་བའི་བསོད་ནམས་མཁའ་ཁྱབ་པ། །དེ་ཡིས་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །དཀའ་བ་མེད་པར་བྱང་ཆུབ་མྱུར་ཐོབ་ཤོག །རྣལ་འབྱོར་མ་ཀུན་དུ་སྤྱོད་ པའི་བཤད་སྦྱར་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། ༄། །རྣལ་འབྱོར་མ་ཀུན་སྤྱོད་ཀྱི་འགྲེལ་པ་བཞུགས། །༄༅། །དཔལ་འཁོར་ལོ་སྡོམ་པའི་བཤད་ པའི་རྒྱུད་རིག་པ་རྒྱ་མཚོ་རྒྱུད་ཕྱི་མ་འདི་ལ་དང་པོའི་བྲི་ཀ་ར་ཝ་ཏིས་ནོར་གླིང་པ་ལ་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །རྒྱུད་ལ་གཉིས་ཏེ། རྒྱུད་འབྱུང་བའི་རྒྱུད་དང་རྒྱུད་དངོས་སོ། །རྒྱུད་དངོས་ལ་ལེའུ་བཅུ་བདུན་ཏེ། དེ་ཡང་བསྐྱེད་པའི་རིམ་པ་བསྟན་པ་ དང་། རྫོགས་པའི་རིམ་པ་བསྟན་པ་དང་། ཐུན་མོང་གི་ཆོ་ག་བསྟན་པ་དང་གསུམ་མོ། །དེ་ལ་དང་པོ་རྒྱུད་འབྱུང་བའི་རྒྱུད་ཅེས་བྱ་བ་ལུས་རྣམ་པར་གཞག་པ་ནི། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ལ་དང་པོ་ཐབས་ཀྱི་རྒྱུད་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་ཚིག་ ཕྱེད་དང་གཉིས་ཀྱིས་བསྟན་ཏེ། དེ་ནས་ཞེས་བྱ་བའི་དོན་ནི་རིག་པ་རྒྱ་མཚོའི་རྒྱུད་བཤད་ནས། རྒྱུད་ཕྱི་མ་བཤད་པའི་དོན་དུ་གསོལ་བ་བཏབ་པའི་རྗེས་ལ་བཤད་པ་དེ་ནས་སོ། །ཡང་དག་ཅེས་པ་ནི། བསྐྱེད་རིམ་དང་རྫོགས་རིམ་མོ། །ཀུན་དུ་སྤྱོད་པ་ནི་ས་མ་ཙ་ར་ཞེས་མཉམ་པར་ སྤྱོད་པ་སྟེ། བསྐྱེད་རིམ་ལ་དཔའ་བོ་གཅིག་པ་དང་། དཀྱིལ་འཁོར་འཁོར་ལོའི་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པར་སྤྱོད་པའོ། །རྫོགས་རིམ་ལ་ཐབས་བཞི་དང་ཤེས་རབ་བཞི་མཉམ་པ་སྟེ་གཉིས་སུ་མེད་པར་སྤྱོད་པའོ། །ཆོ་ག་ཞེས་པ་ནི་ཐབས་སམ་ལམ་མོ། །དེ་ཉིད་ གཞན་ལས་ཁྱད་པར་དུ་གྱུར་བས་མཆོག་གོ། །ཀུན་དུ་སྤྱོད་པ་དེ་ཉིད་ཀྱི་དབྱེ་བ་བསྟན་པའི་ཕྱིར་འཁོར་ལོ་གསུམ་བདག་ཅེས་པ་སྨོས་སོ། །དེ་ལ་རྫོགས་རིམ་གྱི་དབང་དུ་བྱས་ན་འཁོར་ལོ་གསུམ་མོ། །རྩ་དང་རླུང་དང་སེམས་ཀྱི་འཁོར་ལོའོ། །དེ་གསུམ་གྱི་བདག་ཉིད་འདི་བསྒོམ་ པ་འདི་ནི་རྣལ་འབྱོར་གྱི་ལམ་རྫོགས་པའི་རིམ་པའི་ལམ་ལ་གནས་པའོ། །དེ་ཡང་ཇི་ལྟར་གནས་ཤེ་ན། ལུགས་འབྱུང་ཞེས་པ་ལ་སོགས་པ་སྟེ། ལུགས་འབྱུང་ནི་འཁོར་ལོ་གསུམ་གྱི་བྱེ་བྲག་གིས་བྱང་སེམས་ཐུར་ལ་འབབ་པ་དང་། དབུགས་ཕྱིར་རྒྱུ་བ་དང་། སྒྱུ་མ་ལྟ་བུ་ གསུམ་གོ་རིམས་བཞིན་ནོ། །ལུགས་བཟློག་ནི་གཏུམ་མོ་གྱེན་ལ་འབར་བ་དང་། རླུང་ནང་དུ་འཇུག་པ་དང་། སྟོང་པ་ཉིད་བསྒོམ་པ་དང་གསུམ་མོ། །བསྐྱེད་རིམ་ལ་ཕྱོགས་ལུགས་བཟློག་མཚམས་ལུགས་འབྱུང་ངོ་། །དེ་ལྟ་བུའི་ཐབས་དེ་རྩ་བའི་རྒྱུད་རྣམས་སུ་སྤངས་པ་ལྟར། མི་རྟོག་པར་གནས་པའི་ཀུན་དུ་སྤྱོད་པ་དེ་ནི་ཐབས་ཀྱི་རྒྱུད་དོ། །ད་ནི་འབྲས་བུའི་རྒྱུད་བསྟན་པའི་ཕྱིར། བསྟན་པ་རུ་ནི་ཞེས་པ་ཚིགས་བཅད་གཅིག་བསྟན་ཏེ། སྤྲུལ་སྐུ་ལ་སོགས་པ་གསུམ་དང་། ཚིག་རྐང་དང་པོ་གསུམ་རིམ་བཞིན་དུ་སྦྱར་རོ། །བརྡའི་ཆོ་ག་ཞེས་བྱ་བ་ནི་རྣལ་འབྱོར་ མ་རྣམས་ཀྱིས་སྐུ་གསུམ་ལ་བསྟན་པ་ལ་སོགས་པ་བརྡ་བསྟན་པའོ། །དེ་ལ་བསྟན་པ་ནི་སྤྲུལ་སྐུ་གདུལ་བྱ་ལ་སྣང་བའོ། །དེ་གང་ལས་བྱུང་སྙམ་པ་ལས་ལོངས་སྐུ་ལས་བྱུང་ཞེས་པ་ནི་བཤད་པའོ། །དེ་ཡང་ཆོས་སྐུའི་ངོ་བོ་འམ་རྣམ་པར་ཡིན་ཞེས་པ་ནི་ཤིན་ཏུ་རྒྱས་བཤད་དོ། ། གང་ཞིག་ཅེས་པ་རྐང་པ་བརྒྱད་ཀྱིས་རྒྱུའི་རྒྱུད་བསྟན་ཏེ། གང་ཞིག་ནི་བསྐྱེད་རྫོགས་གཉིས་སོ། །ཤེས་པ་ཞེས་པ་ནི་ཉམས་སུ་བླངས་པའོ། །ཙམ་ཞེས་པ་ནི་རྒྱུ་ལྷག་པ་གཞན་འགོག་པའོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པའོ། །ཡིས་ཞེས་པ་ནི་ཐབས་དེ་དང་ལྡན་པའི་རྣལ་འབྱོར་ པས་བསྒྲུབས་ནའོ། །གྲུབ་ཐོབ་ཅེས་པ་ནི་དངོས་གྲུབ་གསུམ་མོ། །དེ་ལྟར་ན་ཐབས་འགའ་ཞིག་བསྟན་པས་དངོས་གྲུབ་ཐོབ་པར་འགྱུར་བའི་རྣལ་འབྱོར་པ་ཁྱད་པར་ཅན་དེ་ནི་རྒྱུའི་རྒྱུད་དོ། །སུམ་ཅུ་ཞེས་པ་རྐང་པ་བཞི་ཡིས་ཐབས་ཀྱི་ཡན་ལག་བསྟན་ཏེ། སུམ་ཅུ་རྩ་བདུན་ནི་བྱང་ཆུབ་ ཀྱི་ཕྱོགས་སོ། །ཚུལ་གྱིས་ཞེས་པ་ནི་ངོ་བོའི་སྒོ་ནས་སོ། །བྱང་ཆུབ་ཕྱོགས་པ་ལ་གནས་ཞེས་པ་ནི་ཀུན་ཀྱང་མཐར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་གནས་ཤིང་བསྒོམ་ཞེས་པའོ། །དེའི་དོན་ནི་རྩ་དང་རླུང་དང་མཚན་བཅས་གང་བསྒོམས་ མཐར་མཚན་མེད་སྟོང་ཉིད་བསྒོམ་ཞེས་པའོ། །དེ་ལྟ་བུ་ནི་རྣལ་འབྱོར་པས་འཇིག་རྟེན་དུ་བསྒོམ་བྱར་བཤད་པའི་དཔལ་ཧེ་རུ་ཀ་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ། །དེ་ལྟར་རྒྱུད་འབྱུང་བའི་རྒྱུད་བཤད་ནས་ད་ནི་རྒྱུད་དངོས་ལ་ལེའུ་དང་པོ་བསྐྱེད་པའི་རིམ་པའི་ཡན་ལག་ཕུང་པོ་ཁམས་ དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་དེ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། ཐོག་མ་ཞེས་བྱ་བ་ནི་ཐུན་ནམ་སྒྲུབ་ཐབས་ཀྱིའོ། །རྣལ་འབྱོར་པ་ནི་ཞི་གནས་དང་ལྷག་མཐོང་དང་ལྡན་པའོ། །དབང་ཕྱུག་ནི་ཐབས་མ་ཚང་བ་མེད་པའོ། །ཕུང་པོ་ལྔ་ཞེས་པ་ནི་མཚོན་པ་སྟེ། སྐྱེ་མཆེད་དང་ ཁམས་ཀྱང་བཟུང་སྟེ་ཐ་མལ་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་སོ། །ང་རྒྱལ་བསྐྱེད་པ་ནི་དབུགས་དབྱུང་གི་ལམ་གྱིས་ཐ་མལ་པ་བཀག་ནས་ལྷའི་རྣམ་དག་ཏུ་བསྒོམ་པའོ། །རྒྱས་བཤད་ལས་གཟུགས་ཀྱི་ཕུང་པོ་ནི་དམིགས་པའི་ཡུལ་དེ་ཆུ་ཟླ་ལྟར་རྟོགས་པ་ནི་རྣམ་པར་སྣང་མཛད། ཤེས་པ་དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་དུ་ཀུན་ལ་བསྒྲེའོ། །རྡོ་རྗེ་ཉི་མ་ལ་སོགས་པ་ནི་དྲག་པོ་འཇིགས་བྱེད་འདུལ་བའི་དུས་ཀྱི་མིང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅེས་པ་ནི། ཕུང་པོ་ལྔ་སྒྱུ་མ་ལྟ་བུའི་ངོ་བོ་ནི་རིགས་ལྔ་ཡིན་ལ་དེའི་ཆོས་ཉིད་སྟོང་ པའི་ངོ་བོ་ནས་དཔལ་ཧེ་རུ་ཀ་སྟེ། དེ་ཡང་ཕུང་པོ་ལྔ་ཆར་གྱི་ཆོས་ཉིད་ཡིན་པས་ན་ཐམས་ཅད་ཀྱི་བདག་ཉིད་དོ། །གཏི་མུག་རྡོ་རྗེ་ལ་སོགས་པ་ནི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་སྤྱན་རས་གཟིགས་དང་སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་ལ་ དྲག་པོའི་འཇིགས་བྱེད་འདུལ་བའི་དུས་ཀྱི་མིང་སྟེ། དེ་ལ་གཏི་མུག་ཆེན་པོ་ནི་རྣམ་པར་སྣང་མཛད་དོ། །དེའི་རིགས་ཡིན་པས་གཏི་མུག་རྡོ་རྗེའོ། །དེ་བཞིན་དུ་ཀུན་འགྲེའོ། །ལྟུང་བྱེད་མ་ལ་སོགས་པ་ཡང་སངས་རྒྱས་སྤྱན་ལ་སོགས་པའི་མིང་ངོ་། །དེ་ལྟར་ཞེས་པ་རྣམས་ ཀྱིས་མཇུག་བསྡུ་བ་བསྟན་ཏོ། །འདི་སྐད་སྟོན་ཏེ་འོད་ཟེར་རང་གི་ལུས་ལ་ཕོག་པས་རྐྱེན་བྱས་ནས་ཕུང་པོ་ལ་སོགས་པ་སྒྱུ་མ་ལྟར་རྟོགས་པ་དེ་ཉིད་ལྷ་རྣམས་ཀྱི་རྣམ་པར་དག་པའམ་དོན་ཡིན་པ་དེ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ལེའུ་དང་པོའི་བཤད་པའོ།། །།ལེའུ་གཉིས་ པ་དང་གསུམ་པ་ནི་བསྐྱེད་རིམ་གྱི་ཡན་ལག་སེམས་ཀྱི་བདེ་མཆོག་འཁོར་ལོ་བསྟན་ཏེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གཉིས་ཏེ། བྱེད་པ་ལས་གྱུར་པ་སྟེ། རྒྱུའི་གནས་སྐབས་དང་། གནས་པ་ལས་གྱུར་པ་སྟེ་འབྲས་བུའི་གནས་སྐབས་སོ། །དེ་ལ་ རྒྱུའི་གནས་སྐབས་སུ་རིམ་གྱིས་བསྒོམས་ལ། འབྲས་བུའི་གནས་སྐབས་ནི་ཅིག་ཅར་བསྒོམ་པའོ། །རྣལ་འབྱོར་པ་ཡང་འབྲས་བུ་ལམ་དུ་བྱེད་པས་ཅིག་ཅར་བསྒོམ་པ་སྟེ། དེ་ཡང་བསྐྱེད་པའི་རིམ་པ་ལ་དཔའ་བོ་རྣམས་སྒྱུ་མ་ལྟ་བུ་ལ་དཔའ་མོ་རྣམས་སྟོང་པ་ཉིད་དུ་བསྒོམ་ པའོ། །དེ་ལྟ་བུ་དེ་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། བྱང་ཆུབ་ཕྱོགས་ནི་འོག་ནས་སྟོན་པ་རྣམས་སོ། །ལྷའི་སྦྱོར་བ་སྦྱར་བ་ཞེས་པ་ལ་ལྷའི་སྦྱོར་བ་ནི་སུམ་ཅུ་རྩ་བདུན་གྱི་ཚུལ་གྱིས་སོ། །སྦྱོར་བ་ནི་བྱང་ཆུབ་ཕྱོགས་ལ་སྦྱོར་བ་སྟེ། དེ་ཡང་རྣལ་འབྱོར་ པས་ལྷ་སུམ་ཅུ་རྩ་བདུན་རང་གི་སེམས་ཀྱི་སྣང་བ་ཡིན་པར་བསྒོམས་ལ། འབྲས་བུའི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གདུལ་བྱ་ལ་ལྷ་སུམ་ཅུ་རྩ་བདུན་དུ་སྣང་བའོ། །དེས་ན་རྒྱུ་དང་འབྲས་བུའམ། མཚོན་བྱ་མཚོན་བྱེད་དོ། །དེ་ཐམས་ཅད་ཀྱང་ཞེས་ པ་རྣམས་ཀྱིས་ནི་སྦྱར་བྱ་བྱང་ཆུབ་ཕྱོགས་བསྟན་ཏེ། དེ་ལ་ཚོགས་ལམ་གྱི་གནས་སྐབས་ཀྱི་གང་ཟག་གིས། ལུས་དང་ཚོར་བ་དང་ཆོས་དང་སེམས་ནི་དམིགས་པའི་ཡུལ་ལོ། །དྲན་པ་དང་ཤེས་རབ་ནི་དམིགས་པའི་ཡུལ་ཅན་ནོ། །ཉེ་བར་གཞག་ཅེས་པ་ནི་ཞི་གནས་སོ། ། འདུན་པ་ལ་སོགས་པ་ནི་གྲོགས་སོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །རྐང་པ་ནི་རྒྱུ་སྟེ་ཏིང་ངེ་འཛིན་ནོ། །རྩེ་མོའི་གནས་སྐབས་ཉིད་དད་པ་ལ་སོགས་པ་ལྔ་རང་གི་རིགས་འདྲ་བ་བསྐྱེད་པ་ལ་རང་དབང་ཡོད་པས་དབང་པོའོ། །བཟོད་པ་དང་ཆོས་མཆོག་གི་ གནས་སྐབས་ཀྱི་དད་པ་ལ་སོགས་པ་ནི་རང་གི་རིགས་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བས་སྟོབས་སོ། །བྱང་ཆུབ་ནི་མཐོང་བའི་ལམ་གྱི་ཡེ་ཤེས་སོ། །དེ་ཡན་ལག་ནི་ཤེས་རབ་ལ་སོགས་པའོ། །ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའོ། །ལྟ་བ་ལ་སོགས་ པ་ནི་གོ་སླའོ། །ཡང་དག་པར་སྤོང་བ་ཕྱིས་བཤད་པ་ནི་ལྷའི་རིམ་པའོ། །དེ་ལྟར་ཞེས་པ་རྣམས་མཇུག་བསྡུ་བའོ། །བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །དེའི་ཕྱོགས་ནི་དེ་དང་མཐུན་པར་རོ། །ལེའུ་གཉིས་པའི་བཤད་པའོ།། །།དེ་ལྟར་སྦྱར་བྱ་བཤད་ནས་དེ་ལ་ལྷའི་སྦྱོར་བ་ བཤད་པ་ནི། དེ་ལ་ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ་ཞེས་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མར་སྣང་ངོ་ཞེས་པའོ། །སྣང་བའི་རྒྱུ་ནི་ལྷན་ཅིག་བྱེད་པའི་རྐྱེན་སེམས་ཅན་གྱི་མོས་པའི་དབང་གིས་སོ། །དེ་བཞིན་ དུ་ཀུན་ཀྱང་འགྲེའོ། །ལེའུ་གསུམ་པའི་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པས་ནི་ལུས་ཀྱི་བདེ་མཆོག་མདོར་བསྟན་ཏེ། ཡང་དག་བཤད་བྱ་བ་ཞེས་པ་ནི་ལུས་ཀྱི་བདེ་མཆོག་གོ། །དཔའ་བོ་ནི་ཉི་ཤུ་རྩ་ལྔའོ། །དཔའ་མོ་ནི་སུམ་ཅུ་རྩ་བདུན་ནོ། །གཉིས་མེད་ནི་ཐབས་ཤེས་ རབ་སྙོམས་པར་འཇུག་པའོ། །དམ་པ་ནི་ཟག་མེད་ཀྱི་སྣང་བའོ། །དེ་རྣམས་ཀྱང་ཧེ་རུ་ཀ་དཔལ་སྐུའི་ཡན་ལག་ཅེས་པ་དཔལ་ཧེ་རུ་ཀའི་ཆས་སོ། །ཡན་ལག་ཀུན་ནི་ཞེས་པ་ལུས་ལ་ལྷ་དྲུག་ཅུ་གནས་པའོ། །རྒྱས་བཤད་ནི་སེན་མོ་ལ་སོགས་པས་བསྟན་ཏེ། སེན་མོ་དང་སོ་ལ་ནི་ཞེས་པ་དང་ མཚན་པར་བྱེད་པ་སྟེ། སེན་མོ་དང་སོ་སྐྱེད་པར་བྱེད་པའི་ཁམས་གནས་པའི་རྩ་ནི་མགོ་ལ་ཡོད་པས་ན་གནས་དེར་བསྒོམ་ཞེས་པའི་གནས་མཚོན་པའོ། །ཐོད་པའི་དུམ་བུ་ནི་མཚོན་པ་སྟེ། རང་སྒྱུ་མ་དང་གཉིས་སུ་མེད་པར་བསྒོམ་པའོ། །དེ་བཞིན་དུ་ཀུན་འགྲེའོ། །དེའི་དོན་ནི་འདི་ཡིན་ཏེ་བུ་ ལ་སོགས་པའི་ཡི་གེ་ལ་སོགས་པར་ཉི་མའི་དཀྱིལ་འཁོར་བརྒྱད་བསམ། དེ་རྣམས་ཧཱུཾ་ལས་ཐུགས་ཀྱི་དཔའ་བོ་དཔའ་མོ་བརྒྱད་ཅིག་ཅར་བསྐྱེད་པའོ། །དེ་བཞིན་དུ་ཨཱཿལས་གསུང་གི་དཔའ་བོ་དཔའ་མོ་བརྒྱད་བསྐྱེད་དོ། །ཨོཾ་ལས་སྐུའི་དཔའ་བོ་དཔའ་མོ་བརྒྱད་དོ། །དེ་བཞིན་དུ་བུ་ག་བརྒྱད་ལ་ལྷ་མོ་བརྒྱད་བསྐྱེད་ དོ། །སྙིང་ཁའི་རྩ་བཞི་ལ་ཡུམ་བཞི། དབུས་སུ་བཅོམ་ལྡན་འདས་ཡབ་ཡུམ་མཚམས་བཞིར་བུམ་པ་བཞི་བསྐྱེད་དོ། །རྫོགས་པའི་རིམ་པ་ལ་ནི་རྩ་དང་ཁམས་ཀྱི་རང་བཞིན་དུ་བསྒོམ་མོ། །ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་གཉིས་ཀྱིས་སྤྲུལ་པའི་ འཁོར་ལོ་བསྟན་ཏེ། དང་པོས་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང་། ལྷ་རྣམས་ཀྱི་གྲངས་དང་གནས་བསྟན་ལ། གཉིས་པས་ནི་མདོག་དང་ཕྱག་མཚན་ལ་སོགས་པ་བསྟན་ཏོ། །དེ་ལས་དང་པོ་མདོར་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་རྐང་པ་བཞིས་ བསྟན་ཏེ། གཞན་ཡང་ས་པ་ནི་ལུས་ཀྱི་འཁོར་ལོ་ལས་གཞན་སྤྲུལ་པའི་འཁོར་ལོ་བཤད་པར་བྱའོ། །དངོས་གྲུབ་ཐམས་ཅད་ནི་གསུམ་མོ། །སྒྲུབ་པར་བྱེད་པ་ནི་བསྐྱེད་པའི་རིམ་པའོ། །དེ་གང་གིས་ཤེས་ཤིང་བསྒོམས་པ་ཙམ་གྱིས་སྒྲུབ་པ་པོ་དངོས་གྲུབ་འགྲུབ་པར་འགྱུར་ བའི་བསྐྱེད་པའི་རིམ་པ་དེ་བཤད་ཅེས་པའོ། །རྒྱས་བཤད་ལས་དང་པོ་ནི་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ནང་གི་བདག་ཉིད་ཅེས་པ་ནི་གྲུབ་པ་དཔེར་བྱས་པ་སྟེ། རང་གི་ལུས་ཀྱི་གནས་ལུགས་ལ་འབྱུང་བ་བཞི་དང་། ཡུལ་གཞལ་ཡས་ཁང་དང་། གནས་ཉི་ཤུ་རྩ་བཞི་ལ་ སོགས་པ་ཇི་ལྟར་གནས་པ་དེ་བཞིན་དུ་ཕྱིའི་དཀྱིལ་འཁོར་དམ་པ་ཡིན་ཏེ། ཕྱི་རོལ་དུ་ཡང་འབྱུང་བ་རིམ་བརྩེགས་ལ་སོགས་པ་སྔོན་དུ་སོང་བའི་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་བསྒོམ་ཞེས་པའོ། །དེ་ཡང་ཇི་ལྟ་བུ་ཞིག་བསྒོམ་ཞེ་ན། དམ་པ་སྟེ་ཞེས་པ་ཟག་མེད་ཀྱི་སྣང་བ་སྟེ། སྔོན་སྤྲུལ་པའི་སྐུ་ཇི་ལྟར་འབྱུང་བ་དེ་བཞིན་བསྒོམ་ཞེས་པའོ། །དེ་ཉིད་བཤད་པ་ནི་རྣམ་རྒོད་ཅེས་པ་ལ་སོགས་པ་སྨོས་ཏེ། རྣམ་རྒོད་ཅེས་པ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཇི་ལྟར་སྦྱར་བ་ནི་ཞེས་པ་ནི་བསྐྱེད་པའི་རིམ་པའི་མན་ངག་གིས་སོ། །དེ་ཇི་ལྟ་བུ་ཞེ་ན། སྙིང་པོ་ཐམས་ཅད་ བསྡུས་པ་སྟེ། སྙིང་པོ་ནི་དངོས་གྲུབ་གསུམ་མོ། །བསྡུས་པ་ནི་འབྱུང་བའི་རྒྱུའི་བསྐྱེད་པའི་རིམ་པའི་མན་ངག་དེ་ཡང་རྟེན་དང་བརྟེན་པའི་ཞེས་པ་ལ་སོགས་པས་བསྒོམ་པའི་རིམ་པ་བསྟན་ཏེ། རྟེན་ཞེས་པ་ནི་འབྱུང་བ་བཞིའོ། །བརྟེན་པ་ནི་རི་རབ་སྣ་ཚོགས་རྡོ་རྗེ་པདྨའོ། །ཡང་ན་དེ་ རྣམས་ཀྱི་གཞལ་ཡས་ཁང་ནི་རྟེན་ནོ། །བརྟེན་པ་ནི་ལྷའོ། །ཚུལ་ཞེས་པ་ནི་གོ་རིམས་ཀྱིས་སོ། །བཻ་རཾ་པ་ནི་ཡཾ་ལས་བྱུང་བའི་རླུང་ངོ་། །སོགས་ཞེས་པ་ནི་མེ་དང་ཆུ་དང་ས་དང་རི་རབ་ལ་སོགས་པའོ། །གནས་ཞེས་པ་ནི་གནས་པར་བསྒོམ་ཞེས་པའོ། ། དེ་ཡང་འབྱུང་བ་རིམ་བརྩེགས་སྔོན་དུ་སོང་བས་རྫུས་སྐྱེས་སམ་སྒོང་སྐྱེས་སམ། དྲོད་སྐྱེས་སམ། མངལ་སྐྱེས་གང་རུང་གི་ལྷ་རྣམས་བསྒོམ་པར་བྱའོ། །ཤིན་ཏུ་རྒྱས་བཤད་ནི། བླ་མ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་བསྐྱེད་པའི་རིམ་པ་ཇི་ལྟ་བུའི་ཚུལ་ གྱིས་བསྒོམ་ཞེ་ན། བླ་མ་ལས་བརྒྱུད་ཅེས་པ་སྨོས་ཏེ། བསྒོམ་པའི་རིམ་པ་དེ་སློབ་དཔོན་གཅིག་ནས་གཅིག་དུ་བརྒྱུད་པའི་མན་ངག་གིས་སོ། །གང་གིས་ཞེས་པ་རྣལ་འབྱོར་པ་ཆོ་ག་གང་གིས་གདམས་ངག་བརྒྱུད་པའོ། །ཤེས་པ་ཞེས་པ་ནི་རྣལ་འབྱོར་པ་སྟེ་རྟེན་གྱི་ གང་ཟག་གོ། །རི་ནི་གསུམ་ལས་བྱུང་བའོ། །སྣ་ཚོགས་པདྨ་གེ་སར་དང་བཅས་པ་ནི་ཧྲཱིཿལས་བྱུང་བའོ། །དེའི་དབུས་ན་བཞུགས་པ་ནི་གཙོ་བོ་ཡབ་ཡུམ་མོ། །པདྨའི་ཕྱོགས་ཀྱི་གནས་ནི་ཤར་ལ་སོགས་པའི་འདབ་མ་ལའོ། །སྣ་ཚོགས་གཟུགས་དང་ཞེས་པ་ནི་སྔོ་བ་དང་ ལྗང་བ་དང་དམར་བ་དང་སེར་བའོ། །རྣམ་རོལ་ནི་དེའི་ཉམས་དང་ལྡན་པའོ། །མཚན་གྱི་ནི་པདྨའོ། །པུ་ལ་སོགས་དང་ཡང་དག་སྦྱར། །ཞེས་པ་ནི། པུ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིས་མཚོན་པའི་ཡུལ་ཉི་ཤུ་རྩ་བཞིའོ། །ཡུལ་དང་ཡུལ་དུ་གནས་པ་ཡིན། །ཞེས་ པ་ནི་མིང་ཉི་ཤུ་རྩ་བཞིས་བརྗོད་པའི་ཡུལ་ཉི་ཤུ་རྩ་བཞིའི་ཕྱི་རོལ་དུ་འཛམ་བུའི་གླིང་གི་ཡུལ་རྩ་བཞིར་གནས་ལ་ནང་དུ་རྣལ་འབྱོར་པའི་ལུས་པོ་ལ་ཡུལ་ཉི་ཤུ་རྩ་བཞིར་གནས་པའོ། །སྤྱན་དྲངས་འཁོར་ལོའི་དབུས་གནས་ལ། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །ཅེས་ པ་ནི་གོ་བསྐོན་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་དམ་ཚིག་སེམས་དཔའ་ལ་བཅུག །དབང་བསྐུར་བའི་རྗེས་ལ་གཞལ་ཡས་ཁང་གི་དབུས་ན་གནས་པ་མཆོད་ཞེས་པའོ། །པུ་ཞེས་པ་ལ་སོགས་པ་གོ་སླའོ། །གནས་ཞེས་པ་ལ་སོགས་པ་མིའི་སྐད་དུ་ཡུལ་ལྷ་རྣམས་ ཀྱིས་བརྡར་བཏགས་པས་གནས་ཞེས་བྱ། དྲི་ཟ་རྣམས་ཀྱིས་ཉེ་བའི་གནས། །ཞེས་བྱ། གནོད་སྦྱིན་དང་གནོད་སྦྱིན་གྱི་འཁོར་གྱིས་ཞིང་དང་ཉེ་བའི་ཞིང་། སྲིན་པོ་དང་སྲིན་པོའི་འཁོར་གྱིས་ཚནྡོ་དང་ཉེ་བའི་ཚནྡོ་ཧ། ཀླུ་དང་ཀླུའི་འཁོར་གྱིས་འདུ་བ་དང་ཉེ་བའི་འདུ་བ། ལྷ་མ་ཡིན་ དང་ལྷ་མ་ཡིན་གྱི་འཁོར་གྱིས་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་ཞེས་མིང་བཏགས་སོ། །དེ་དག་ཀྱང་སྔོན་དེ་རྣམས་ཀྱིས་གཟུང་ངོ་། །ཐུགས་ཀྱི་འཁོར་ལོ་ཞེས་པ་འདུལ་བྱེད་ནམ་མཁའ་ལ་རྒྱུ་བ་གདུལ་བྱ་གསུང་གི་འཁོར་ལོ་འདུལ་བྱེད་ས་ལ་རྒྱུ་བ། གདུལ་བྱ་སྐུའི་འཁོར་ལོ་ འདུལ་བྱེད་ས་འོག་ན་གནས་པ་གདུལ་བྱའོ། །དེ་ལྟར་ཞེས་པ་ལ་སོགས་པས་ནི་སྤྲུལ་པ་དང་ཡུལ་དང་སེམས་ཀྱི་བདེ་མཆོག་རྣམས་མཚན་མ་ཐོབ་ཀྱི་བར་དུ་ནི་བསྒོམ་ཞེས་པའོ། །ལེའུ་ལྔ་པའི་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ནི་སྐུ་མདོག་དང་ཕྱག་མཚན་ལ་སོགས་ པ་བཤད་པར་དམ་བཅའ་བ་བསྟན་ཏེ། བདག་པོ་ལ་སོགས་ཞེས་པ་གཙོ་བོ་དང་འཁོར་རོ། །མཚན་མ་ནི་ཕྱག་མཚན་ནོ། །ཕྱག་རྒྱའི་ཚོགས་ནི་དྲུག་གོ། །རང་མདོག་ནི་སྐུ་མདོག་གོ། །ཕྱག་མཚན་ནི་འཛིན་སྟངས་སོ། །བཞུགས་ཚུལ་ནི་གཡས་བརྐྱང་བ་ལ་སོགས་པའོ། ། རྒྱུད་དུ་སྦས་པ་ནི་རྩ་བའི་རྒྱུད་དུའོ། །རྒྱས་པར་བཤད་པ་ནི་རྒྱལ་ཆེན་ཞེས་པ་ལ་སོགས་པས་བསྟན་ཏེ་གོ་སླའོ། །རྡོ་རྗེ་དང་དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། གླང་པོ་ཆེའི་པགས་པ་བཟོད་པ། དགྲ་སྟ་ཚུལ་ཁྲིམས། རྩེ་གསུམ་སྦྱིན་པ། གྲི་གུག་ཡེ་ཤེས། ཌ་མ་རུ་ སྨོན་ལམ། ཁ་ཊྭཱཾ་ག་བསམ་གཏན། ཐོད་པ་ཐབས། ཞགས་པ་བརྩོན་འགྲུས། ཚངས་པའི་མགོ་བོ་སྟོབས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་པ་ནི་འཁོར་ལོ་གསུམ་གྱི་ལྷའོ། །ཡི་གེ་གསུམ་པ་དངོས་གྲུབ་ཀྱི་ཞེས་པ་ནི། ཨོཾ་ཨཱཿཧཱུྃ་གསུམ་ལས་སྐྱེས་པའོ། །དེའི་དབང་ དུ་བྱས་ནས་ལུས་སྐྱེས་པའོ། །དེའི་ཞེས་པ་ལ་སོགས་པ་ནི་ཕན་ཡོན་ནོ། །ལེའུ་དྲུག་པའི་བཤད་པའོ།། །།ད་ནི་བསྐྱེད་པའི་རིམ་པའི་ཡན་ལག་གི་གོ་ཆ་བསྐོན་པ་བཤད་པ་ལས་དང་པོ་མདོར་བསྟན་པ་ནི། དེ་ནས་ཞེས་པ་རྐང་པ་བཞིས་བསྟན་ཏེ། དེ་ནས་ཞེས་པ་ནི་བསྒོམ་པའི་ དབང་དུ་བྱས་ནས་ལུས་ཀྱི་འཁོར་ལོའི་རྗེས་ལ་ཡིན་ལ། བཤད་པའི་དབང་དུ་བྱས་ནས་སྐུ་མདོག་དང་ཕྱག་མཚན་བསྟན་པའི་རྗེས་ལའོ། །གོ་ཆ་གཉིས་ནི་ཡབ་ཡུམ་གྱིའོ། །ཤེས་པ་བཞེས་པས་ནི་བསྒོམས་པས་སོ། །སྦས་པ་ནི་རྩ་བའི་རྒྱུད་དོ། །རྒྱས་པར་ བཤད་པ་ནི། ཨོཾ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་ཨོཾ་ན་མ་སྭཱ་ཧཱ། བཽ་ཥཊ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཧེ་རུ་ཀའི་སྔགས་སོ། །དེ་དྲུག་ཏུ་བགོས་ནས་ཧ་ཧི་ཧུ་ཧེ་ཧོ་ཧཾ་དྲུག་དང་སྦྱར་བས་གོ་ཆའི་སྔགས་སུ་འགྲོའོ། །དེ་ཡང་ཨོཾ་ཧ་ཞེས་པས་ སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ན་མ་ཧི་ཞེས་པས་མགོ་བོར་རྣམ་སྣང་སེར་པོ་འཁོར་ལོ་དང་དྲིལ་བུ་བསྣམས་པའོ། །སྭཱ་ཧཱ་ཧུ་ཞེས་པས་སྤྱི་གཙུག་ཏུ་པདྨ་གར་དབང་དམར་པོ་པདྨ་དང་དྲིལ་བུ་བསྣམས་པའོ། །བཽ་ཤཊ་ཧེ་ཞེས་པས་ཕྲག་པར་ ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ཧཱུཾ་ཧཱུཾ་ཧོ་ཞེས་པས་མིག་ལ་རྡོ་རྗེ་ཉི་མ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའོ། །ཕཊ་ཧཾ་ཞེས་པས་མཛོད་སྤུ་དང་ལག་པའི་མཁྲིག་མ་གཉིས་དང་། རྐང་པའི་ལོང་བུ་གཉིས་ལ་རྟ་མཆོག་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་ བསྣམས་པའོ། །ཨོཾ་ཧཾ་ཧིཾ་ཧེཾ་ཧཱུཾ་ཕཊ་ཅེས་པ་ནི་ཡུམ་གྱི་ཉེ་བའི་སྔགས་ཏེ་དེ་དང་ལྷ་མོ་དྲུག་གི་མིང་མཚན་གྱི་དང་པོ་དྲུག་དང་སྦྱར་བས་ཡུམ་གྱི་གོ་ཆར་འགྱུར་རོ། །དེ་ལ་ཨོཾ་བཾ་ལས་ལྟེ་བར་ཕག་མོ། ཧཾ་ཡོཾ་ལས་སྙིང་ཁར་གཤིན་རྗེ་མ། ཧྲིཾ་མོཾ་ལས་ཁར་རྨོངས་བྱེད་མ། ཧྲེཾ་ཧྲིཾ་ལས་ མགོ་ལ་སྐྱོད་བྱེད་མ། ཧཱུཾ་ཧཱུཾ་ལས་སྤྱི་བོར་སྐྲག་བྱེད་མ། ཕཊ་ཕཊ་ལས་ཡན་ལག་ལྔར་གཏུམ་མོ་སྟེ། དམར་བ་དང་སེར་བ་དང་དཀར་བ་དང་དུ་བའི་མདོག་དང་སྔོན་པོ་ལྗང་བ་སྟེ། ཀུན་ཀྱང་ཟངས་གྲི་དང་ཀ་པཱ་ལ་འཛིན་པའོ། །བཅོམ་ལྡན་འདས་ཡབ་ཡུམ་ལ་བཀོད་པས་ དཔའ་བོ་དཔའ་མོ་ཀུན་ལ་བྱུང་བར་བསམ། ལེའུ་བདུན་པོ་དེས་ནི་བསྐྱེད་པའི་རིམ་པ་བསྟན་ཏོ། །ལེའུ་བདུན་པའི་བཤད་པའོ།། །།ད་ནི་བསྐྱེད་རྫོགས་ཐུན་མོང་གི་ཡེ་ཤེས་སེམས་དཔའ་དགུག་པའི་ཆོ་ག་བསྟན་པ་ལས། དེ་ནས་ཞེས་པ་རྐང་པ་བཞིས་མདོར་བསྟན། དེ་ལས་ ཞེས་པ་གོ་ཆའི་རྗེས་ལའོ། །གོ་ཆ་གཉིས་ཤེས་ནས་ཞེས་པ་རྣམས་ཀྱིས་བསྒོམ་པའི་གོ་རིམས་བསྟན་ཏོ། །དེ་ཡང་དང་པོ་གོ་ཆ་བསྐོན་པ་དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་སྔགས་དང་ཕྱག་རྒྱས་གཞུག་ཅེས་པའོ། །རྒྱས་བཤད་ལས་དང་པོ་བསྐྱེད་རིམ་གྱིས་ བསྟན་པ་ནི། རྐང་པས་ཞེས་པ་ལ་སོགས་པས་བསྟན་ཏེ། རྐང་པ་མནན་པ་ནི་རྐང་པའི་ཕྱག་རྒྱའོ། །སྟེང་དུ་བལྟ་བ་ནི་མིག་གི་ཕྱག་རྒྱ་ཕེཾ་གྱི་སྒྲ་སྒྲོགས་པ་ནི་ངག་གི་ཕྱག་རྒྱའོ། །མཛུབ་མོ་མདུད་བྱས་ལག་པའི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་བཞིས་ཡེ་ཤེས་སེམས་ དཔའ་སྤྱན་དྲངས་པ་ནི་རྡོ་རྗེའི་ཚིག་འདི་གང་ཟག་གསུམ་དང་སྦྱར་ན་མཛུབ་མོ་མདུད་བྱས་ཆགས་ལམ་ལ་ཐབས་ཤེས་རབ་འཁྱུད་པ། གྲོལ་ལམ་པ་ལ་གཡས་གཡོན་རླུང་བཀག་པ་རང་ལྷག་པར་གནས་པ་ལ་རྟག་ཆད་ཀྱི་མཐའ་བཀག་པའོ། །གུང་མོ་ངེས་པར་སྦྱར་ ཞེས་པ་ནི། དང་པོ་ལ་གསང་བའི་རྡོ་རྗེ་དང་པདྨ་སྦྱར་བ་གཉིས་པ་ལ་རླུང་དབུ་མར་གཟུད་པ་གསུམ་པ་ལ་དབུ་མའི་ལམ་ལ་སྦྱར་བ། མཐེ་བོང་རྡོ་རྗེ་བརྟན་པོར་ངེས་པར་སྦྱར་བ་ནི་དང་པོ་ལ་ཨ་ཝ་དྷཱུ་ཏཱིའི་གོ་སྤྲད་པ། གཉིས་པ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་ཨ་ཝ་ དྷཱུ་ཏཱི་སྦྱོར་བ། གསུམ་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་དམིགས་པའོ། །དེ་ནི་དཔྲལ་བའི་ཕྱོགས་སུ་རབ་བཞག་པ་ནི། དང་པོ་ནམ་མཁའི་རྩ་སྤྲད་པ། གཉིས་པ་ལ་ཨ་ཝ་དྷཱུ་ཏཱི་སྤྱི་གཙུག་ཏུ་བསྒོམ་པ། གསུམ་པ་ལ་ཆོས་ཀྱི་དབྱིངས་ལ་དམིགས་པའོ། །གཅུ་ ཞིང་གཅུ་ཞིང་བསྐོར་བ་ནི། དང་པོ་ལ་ཧཱུཾ་ཕཊ་ཀྱིས་བསྐྱེད་པ་གཉིས་པ་ལ་གཉིས་པོ་གཡས་གཡོན་བསྲུབ་ཐག་གིས་བསྲུབས་པ་གསུམ་པ་ལ་ཐོས་བསམ་བསྒོམ་གསུམ་གྱིས་སྦྱང་བའོ། །རྐང་པས་མནན་པ་ནི་དང་པོ་དང་གཉིས་པ་ལ་བཤད་པའི་རླུང་དགག་པ། གསུམ་པ་ ལ་མཐའ་གཉིས་དགག་པའོ། །སྟེང་དུ་ལྟེ་བ་ལ་དང་པོ་དང་གཉིས་པ་ལ་འཁོར་ལོ་བཞི་ལ་དམིགས་པ། གསུམ་པ་ལ་ལམ་ལྔ་ལ་དམིགས་པ། གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་པ་ནི། དང་པོ་དང་གཉིས་པ་གཏུམ་མོ་སྦར་བ། གསུམ་པ་ལ་གསུང་རབ་མདོ་སྡེ་ཡན་ལག་བཅུ་ གཉིས་ཀྱིས་གཞན་དོན་བྱ་བའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་ན་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་དགུག་པ་ནི། དང་པོ་གཉིས་ལ་སྤྱི་གཙུག་རྩ་སུམ་ཅུ་རྩ་གཉིས་ནས་བྱང་སེམས་དགུག་པའོ། །གསུམ་པ་ལ་རང་གི་རྒྱུད་རྫོགས་པའི་རིམ་པའི་ ཡེ་ཤེས་སེམས་དཔའ་དགུག་པ་ནི་སྔགས་པས་ཞེས་བསྟན་ཏེ། སྔགས་པ་ནི་ཆགས་ལམ་པ་བདེ་བའི་ཏིང་ངེ་འཛིན་བསྒོམ་པས་སོ། །དཔའ་བོ་ནི་རང་ལྷར་བསྒོམ་པ། རྣལ་འབྱོར་མ་ནི་རིག་མ་ལྷ་མོར་བསྒོམ་པ། བྱིན་གྱིས་བརླབ་པ་ནི་སྔགས་ཀྱིས་སོ། །དེ་ནི་སྣ་རྩེར་སྦྱར་ ཞེས་པ་ནི་གསང་བའི་རྡོ་རྗེ་ལའོ། །བྱ་ནི་རིག་མ་ལའོ། །ལྟེ་བ་ནི་སྤྲུལ་པའི་འཁོར་ལོ། སྙིང་ཁ་ལ་སོགས་པར་ཡང་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོའོ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཅེས་པ་ནི། འཁོར་ལོ་བཞི་ལ་རླུང་གི་ མཚོན་བྱེད་ཡི་གེ་དགོད་པའོ། །ལྟེ་བ་སྙིང་ཁ་དག་ཏུ་ཞེས་པ་ནི་རིག་མའིའོ། །རྣལ་འབྱོར་མ་ནི་ཡུམ་གྱི་སྙིང་པོའོ། །སངས་རྒྱས་མཁའ་འགྲོ་མའི་སྔགས་ནི་ཡུམ་གྱི་ཉེ་བའི་སྙིང་པོ་སྟེ་དེ་གཉིས་དགོད་པའོ། །ཨ་ཝ་དྷཱུ་ཏཱིར་རྩ་ཞེས་པ་ནི་རང་གི་སྙིང་ག་དང་ལྟེ་བ་ལའོ། །དཔའ་བོ་ བྱིན་བརླབས་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོས་བྱིན་གྱིས་བརླབ་པའོ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཅེས་པ་ནི་ཐབས་ཤེས་རབ་སྙོམས་པར་འཇུག་པའོ། །དང་པོར་དགའ་བ་དཔའ་བོ་སྟེ། །ཞེས་པ་ནི། དགའ་བ་རང་བཞིན་སུམ་ཅུ་དང་བྲལ་བའོ། ། མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་པ་ནི་བདེ་བ་འཕེལ་བ་སྟེ། མཆོག་དགའ་རང་བཞིན་བཅུ་དང་བྲལ་བའོ། །རབ་ཏུ་དགའ་བ་མ་ལུས་ཉིད། །ཅེས་པ་ནི། ལྷན་ཅིག་སྐྱེས་པ་ཡིད་བདེ་བ་སྟེ་རང་བཞིན་བདུན་དང་བྲལ་བའོ། །བདེ་དེ་ཞེས་པ་ནི་གོང་གིས་དགའ་བ་གསུམ་ཞི་ གནས་དེ་ལའོ། །ཐབས་ཀྱིས་ཞེས་པ་ནི་བླ་མའི་མན་ངག་གིས་སོ། །ཀུན་རིག་པ་ཞེས་པ་ནི་སེམས་ཀྱི་སྟོང་ཉིད་རྟོགས་པའི་དོན་གྱི་ལྷན་སྐྱེས་འབྱུང་ཞེས་པའོ། །ལྷ་ཡུལ་ཐུགས་ཀྱི་འཁོར་ལོ་ས་སྟེངས་གསུང་། །ས་འོག་སྐུའོ། །སྐད་ཅིག་གིས་ནི་ཞེས་པ་ནི་གཏུམ་མོ་སྦར་ནས་ བྱང་སེམས་ཕབ་པས་རྩ་བཀང་བའི་དུས་སུ་གཟུགས་གཅིག་འགྱུར་ཞེས་ཡུལ་ཐམས་ཅད་བདེ་བ་རོ་གཅིག་པའོ། །ད་ནི་ཐུན་མོང་གི་ཡན་ལག་བཤད་དེ། བསྡུ་བ་དེ་གཉིས་ཞེས་པ་ནི་བསྐྱེད་རྫོགས་གཉིས་ཀྱི་ཡེ་ཤེས་སེམས་དཔའ་བཀུག་པའི་རྗེས་ལ་གཞུག་པའོ། །གཡས་དང་ཞེས་པ་ རྣམས་ནི་ལག་པ་གཡས་གཡོན་བསྐོར་བས། མཁའ་འགྲོ་མའི་བདེ་བ་དམ་པ་ཞེས་པ་སྙིང་པོའི་ཕྱག་རྒྱ་གཞུག །ཡང་ན་བདེ་བ་དམ་པ་ཞེས་པ་དམ་ཚིག་སེམས་དཔའ་ལ་བྱ་སྟེ་དེ་ལ་གཞུག་གོ། །སྤྱི་བོར་གསལ་བྱེད་རྩ་གཉིས་དང་། དབྱངས་ཡིག་ཉིས་འགྱུར། དེ་ལ་ལྟེ་བ་སྤྲུལ་པའི་ འཁོར་ལོ་ལ་དབྱངས་ཡིག་བཅུ་དྲུག་ཕྲག་གཉིས་དང་གསལ་བྱེད་སུམ་ཅུ་རྩ་བཞི་ལས་དང་པོ་ཐ་མ་གཞག་པ་དགོད། སྙིང་ཁར་ཨི་ཨུ་ཨེ་ཨོ་བཞི་དང་། ཡ་ར་ལ་ཝ་བཞི་སྟེ་བརྒྱད་དགོད། ཨ་ལྐོག་མར་དབྱངས་ཡིག་བཅུ་དྲུག །རྫོགས་རིམ་ལ་གཡས་དང་གཡོན་གྱི་ཞེས་པ་རྣམས་གཡས་ གཡོན་གྱི་རླུང་དབུ་མར་གཞུག་པའོ། །ལེའུ་བརྒྱད་པའི་བཤད་པའོ།། །།ད་ནི་འབྲས་བུའི་རྒྱུད་བཤད་དོ། །དེ་ལས་དང་པོ་མདོར་བསྟན་པ་ནི། དེ་ནས་ཞེས་བྱ་བ་རྐང་པ་བཞིས་བཤད་དེ། སྤྲུལ་པའི་སྐུར་ཤེས་པར་བྱ་བའི་མཚན་ཉིད་དང་། ལོངས་སྐུའི་མཚན་ཉིད་ཤེས་པར་འདོད་པ་དེ་ཉིད་གཅིག་ ཅེས་པའོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་འདིར་འདོད་པས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་དང་ཡེ་ཤེས་པ་གཉིས་སུ་མེད་དེ་ཆོས་སྐུའོ། །རྣལ་འབྱོར་མའི་རྒྱུད་དུ་ཆོས་སྐུ་དེ་ལྟ་བུ་བསྒོམ་པས་འབྲས་བུ་ཆོས་སྐུའི་དངོས་ གྲུབ་སྟེར་བར་བྱེད་པ་དེ་བཤད་པར་བྱ་ཡིས་ཉོན་ཞེས་པར་སྦྱར་རོ། །རྒྱས་བཤད་ལས་དང་པོ་ཆོས་སྐུ་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། ཕྱག་རྒྱ་ཆེན་པོ་ནི་ཆོས་ཀྱི་དབྱིངས་སོ། །རྣལ་འབྱོར་ཀུན་ཞེས་པ་ནི་ཤེས་བྱེད་ནི་ཞི་གནས་དང་ལྷག་མཐོང་ངོ་། །དེའི་ ཡུལ་དུ་ཕྱག་རྒྱ་ཆེན་པོ་ལས་ལྷག་པའི་ཡུལ་མཆོག་གཞན་མེད་ཅེས་པའོ། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །ཞེས་པ་ནི་ཤེས་བྱེད་མཆོག་ཏུ་གྱུར་པའོ། །རྣལ་འབྱོར་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་པ་ནི་གོང་གི་ཞི་གནས་ལྷག་མཐོང་དེ་ཆོས་སྐུའི་བྱེད་པ་པོ་མཆོག་ཏུ་གྱུར་པར་བཤད་པའོ། ། དོན་སྤྲུལ་སྐུ་བཤད་པ། མཁའ་འགྲོ་མའི་ཞེས་པ་ལ་སོགས་པ་ནི། མཁའ་འགྲོ་མ་ནི་དྲ་བའི་སྡོམ། །ནམ་མཁའ་དང་མཉམ་ཞེས་བྱ་བ་ལེའུ་འབུམ་པ་དང་ཤློ་ཀ་འབུམ་པ་ནས་བཤད་པ་དེ་བླངས་ནས་བརྗོད་པར་བྱས་པའོ། །བརྗོད་བྱ་དེ་གང་ཞེ་ན། ཀུན་མཁྱེན་ ཡེ་ཤེས་རང་བཞིན་ཏེ། །ཞེས་པ་ཡེ་ཤེས་ཀྱི་རང་བཞིན་ནམ། རྣམ་པ་སྟེ་སྤྲུལ་སྐུའོ། །དེ་ཡང་། ཧེ་རུ་ཀ་དཔལ་དཔའ་བོ་མཆོག །ཅེས་པ་འབྲས་བུའི་ཧེ་རུ་ཀའོ། །སྐྱེ་བོ་དམ་པ་ཀུན་འདུས་པ་ནི་ཚོགས་འཁོར་རོ། །ཞི་བའི་བཏུང་བ་ནི་དངོས་སོ། །འགྲུབ་འགྱུར་ཞེས་པ་ནི། རྒྱུ་ དེ་ལས་གྲུབ་པའི་འབྲས་བུ་སངས་རྒྱས་སོ། །རྟག་པ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའོ། །གོ་འཕང་ཞེས་པ་ནི་དེའི་ངོ་བོར་སྤྲུལ་སྐུའོ། །སྐྱོན་མེད་པ་ནི་ཡེ་ཤེས་ཀྱི་སྣང་བའོ། །པུ་ལ་སོགས་ཞེས་པ་ལོངས་སྐུ་བསྟན་ཏེ། པུ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིར་བསྡུ་ཞེས་པ་ ནི་ས་བཅུར་རོ། །ཡུལ་ནི་གནས་ལ་སོགས་པ་ཡུལ་དུ་ཉེ་བའི་གནས་ལ་སོགས་པ་སྟེ་ལུས་རྣམ་པར་གནས་སོ། །ཧེ་རུ་ཀ་དཔལ་བདག་ཉིད་དགོད། །ཅེས་པ་ནི། ཧེ་རུ་ཀར་བྱས་པའི་ལུས་ལའོ། །ཡི་གེ་ཉི་ཤུ་རྩ་བཞི་ཞེས་པ་ནི། པུ་ལ་སོགས་པའི་མིང་གིས་བརྗོད་པར་བྱ་བའི་ཡུལ་ ཉི་ཤུ་རྩ་བ