Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 10 / 24 (50.000 ký tự/trang)
ཞི་རང་གི་ལུས་ལ་བསྒོམ་པ་ནི་རྒྱུའི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྣལ་འབྱོར་ཆེ་ནི་ལུས་ཀྱི་བདེ་མཆོག་གི་རྣལ་འབྱོར་ལའོ། །མདོར་བསྡུས་པ་ནི་ལོངས་སྐུ་དང་སྤྲུལ་སྐུའི་མཚན་ཉིད་དོ། །མདོར་བསྡུས་ནས་བཤད་ཅེས་པའོ། །དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། རབ་ཏུ་འཇུག་ ཅེས་བྱ་བ་ནི་སྐུ་གཉིས་པོ་དེ་གཞན་གྱི་དོན་སེམས་ཅན་གྱི་དོན་དུ་འཇུག་པར་སྣང་བའོ། །ད་ནི་ཆོས་སྐུའི་ཤིན་ཏུ་རྒྱས་བཤད་ནི། །ལྡོག་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ལྡོག་པ་ཞེས་པ་ནི་ཆོས་སྐུ་དེ་སེམས་ཅན་གྱི་དོན་དུ་གཞན་ལ་སྣང་བར་མི་འཇུག་པས་ལྡོག་པ་ཞེས་པའོ། །ཇི་ལྟར་ བསྟན་པ་ནི་བཤད་བྱ་སྒྲུབ་པ་པོ་རྣམས་ཉོན་ཞེས་པའོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཞེས་པ་ནི་གཟུང་འཛིན་དང་བྲལ་བའོ། །རྒྱུ་སོགས་སྤངས་པ་ནི་མཚན་མ་མེད་པའོ། །བཀོད་པ་དང་བྲལ་བ་སྟོང་པ་ཉིད་དོ། །གང་དུ་མི་གནས་པ་ནི་སྨོན་པ་མེད་པ་སྟེ། དེའི་རང་བཞིན་སྟོང་པ་སྟེ་ཞེས་པ་ རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ནོ། །ཀུན་དུ་འགྲོ་ཞེས་པ་ནི་ཀུན་ལ་ཁྱབ་པའོ། །མི་ཤིགས་པ་ཞེས་པ་ནི་གློ་བུར་རྣམ་རྟོག་གིས་ཚུར་ལ་མི་ཚུགས་པའོ། །མདོར་བསྡུས་ནས་ནི་ཆོས་སྐུ་སེམས་ཀྱི་སྟོང་ཉིད་དང་ངོ་། །དངོས་གྲུབ་ནི་ཆོས་སྐུ་ཐོབ་པར་འགྱུར་བའོ། །ཆོས་དང་ ཞེས་པ་རྣམ་པ་གསུམ་ཀའི་མཇུག་བསྡུ་བའོ། །ལེའུ་དགུ་པའི་བཤད་པའོ།། །།ད་ནི་ཐུན་མོང་གི་ཡན་ལག་ཚོགས་ཀྱི་འཁོར་ལོ་དང་། གཏོར་མའི་ལེའུ་བསྟན་ཏེ། དེ་ནས་ཞེས་པ་རྐང་པ་བཞིས་ལྡང་བའི་རྣལ་འབྱོར་བསྟན་ཏེ། དུབ་པ་ནི་བསྒོམ་བཟླས་ཀྱིས་དུབ་ནས་ལྡང་ བར་འདོད་ན་བསྡུས་པ་སྤྱོད་ཚུལ་ཞེས་པ་ལ་སོགས་པ་སྙིང་གར་བསྡུ་བའོ། །ཁྱད་པར་གྱི་སྦྱོར་བ་དང་བྲལ་བར་མི་བྱ་བ་ནི་དུས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བར་ཐུན་མཚམས་ཧེ་རུ་ཀར་བསྒོམ་ཞེས་པ་སྟེ། སྤྱོད་པའི་རྣལ་འབྱོར་ཞེས་པ་ནི་བག་ཚ་བ་མེད་པའི་དང་རིགས་ མ་ཉམས་པ་དང་། རྣམ་པར་མི་རྟོག་པའི་སྤྱོད་པ་གསུམ་མོ། །ད་ནི་གཏོར་མའི་ཆོ་ག་བསྟན་ཏེ། སྔར་ནི་ཞེས་པ་ལ་སོགས་པས་སྔོན་དུ་བྱ་བའི་ཆོ་ག་བསྟན་ཏེ། གཏོར་མ་གཏོང་བའི་སྔོན་དུ་སྔར་བཤད་པ་བཞིན་བསྐྱེད་པའི་རིམ་པས་རང་ལྷར་བསྒོམ་ཞེས་པའོ། །རང་འདོད་ ཅེས་པ་ལ་སོགས་པ་ནི་འབྲས་བུ་སྟེ་ཞི་བ་ལ་སོགས་པའི་ཕྱིར་གཏོར་མ་གཏོང་ཞེས་པའི་ཟླ་བ་མར་ངོ་ཞེས་པ་རྣམས་ཀྱིས་དུས་བསྟན་ཏེ། བཅུ་དང་ཉི་ཤུ་ལྔའོ། །བཤད་པས་ཞེས་པ་རྣམས་ཀྱིས་གཏོར་མའི་རྫས་བསྟན་ཏོ། །སྔར་བཤད་ཅེས་པ་རྣམས་ཀྱིས་གཏོང་བའི་ ཐབས་བསྟན་ཏེ། སྔར་བཤད་པའི་ཕེཾ་ཕེཾ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་དང་བཅས་པ་གོ་ཆ་བགོས་ལ་སྤྱན་དྲངས་ཞེས་པའོ། །སྤྱན་དྲང་བའི་ཁྱད་པར་སྔགས་ནི། ཨོཾ་ཨཱ་ར་ལླི་ཧོཿཞེས་པ་ལ་སོགས་པའོ། །དམ་ཚིག་ཅེས་པ་ལ་སོགས་པས་གཏོར་མ་བྱིན་གྱིས་བརླབ་ པ་བསྟན་ཏེ། ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབ་པའོ། །རྡོ་རྗེ་ཐལ་མོ་ཞེས་པ་དབུལ་བའི་ཕྱག་རྒྱའོ། །ཨོཾ་ཨ་ཞེས་པ་སྔགས་སོ། །དཔའ་བོ་རྣལ་འབྱོར་མ་མངོན་བཟླས། །ཞེས་པ་སྤྱན་དྲངས་པའི་དཔའ་བོ་དང་རྣལ་འབྱོར་མ་དེ་མངོན་དུ་བྱས་ལ་བཟླས་ཞེས་པ་སྟེ། གཏོར་མ་ དབུལ་བའི་སྔགས་སོ། །དཔའ་བོའི་ཞེས་པ་རྣམས་ཀྱིས་བདག་ཉིད་རྣལ་འབྱོར་དུ་བྱ་བ་བསྟན་ཏེ། གནས་རི་མཐོན་པོ་ཞེས་པ་ནི་རི་རབ་ཀྱི་སྟེང་དུ་འདུག་པའོ། །ཉེ་བར་མཚོན་པ་ཞེས་པ་ནི། ཆང་ལ་སོགས་པ་སྟེ་འབྱོར་ཚད་དོ། །དགུན་ཟླ་འབྲིང་པོ་ ཞེས་པ་ལ་སོགས་པ་ནི་མཆོག་གི་ཚོགས་ཀྱི་འཁོར་ལོ་བསྟན་ཏེ། དགུན་ཟླ་འབྲིང་པོའི་ཚེས་གཅིག་ནས་བཟུང་སྟེ། ཚེས་བཅུའི་བར་དུའོ། །དེ་ཡང་ཚེས་གཅིག་ལ་གནས་ཀྱི་མཁའ་འགྲོ་མ་མཆོད་དེ། དེ་བཞིན་དུ་གཉིས་པ་ལ་སོགས་པ་ལ་ཉེ་བའི་གནས་ཀྱི་ མཁའ་འགྲོ་མ་ལ་སོགས་པ་རྣམས་མཆོད་ལ་ཐ་མར་ཚེས་བཅུ་ལ་ཐམས་ཅད་ཚང་བ་ལ་མཆོད་ལ་མཆོད་པའི་ཐ་མར་གཏོར་མ་བཏང་ངོ་། །སྐྱེ་བོ་དམ་པ་ཀུན་འདུས་པ་ནི་མི་ལྷར་བསྐྱེད་པའི་རྣལ་འབྱོར་ཕོ་མོའོ། །བདེ་བ་ཐམས་ཅད་ཅེས་པ་ནི་གཟུགས་ལ་སོགས་པ་འདོད་ཡོན་ལྔའོ། ། བཤོས་རྣམས་ནི་ཙཱ་རུ་ལ་སོགས་པའོ། །ལྷག་མ་སྣོད་དུ་བཞག་ལ་གཏོར་མ་བྱའོ། །དེའི་ཡན་ལག་ཅེས་པ་ལ་སོགས་པ་ཕན་ཡོན་བསྟན་ཏེ། ལག་ཏུ་འོངས་པ་ཞེས་བྱ་བ་ནི་ལག་ཏུ་འོངས་པ་དང་འདྲ་བས་ན་ལག་ཏུ་འོངས་པ་སྟེ། དཔལ་དེ་ཞི་བ་ལ་སོགས་པའི་དངོས་གྲུབ་བོ། ། དེ་ནས་ནི་ཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་ལྷ་སྟེ་རྣལ་འབྱོར་ཕོ་མོའོ། །ཧེ་རུ་ཀ་དཔལ་དགྱེས་པ་ནི་རྣལ་འབྱོར་པ་དེ་རྣམས་སོ། །ལག་གནས་ཞེས་པ་ནི་ལག་ཏུ་ཐོགས་པའོ། །མཚན་མོ་ཞེས་པ་ལ་སོགས་པ་ནི་གཏོར་མ་གཏོང་བའི་སྤྱོད་པ་བསྟན་པའོ། །ལེའུ་བཅུ་པའི་ བཤད་པའོ།། །།ད་ནི་ཐུན་མོང་གི་ཡན་ལག་རྒྱུ་དང་ཐབས་དང་འབྲས་བུའི་རྒྱུད་གསུམ་བསྟན། དེ་ལ་དང་པོ་འབྲས་བུའི་རྒྱུད་ལས་ཆོས་སྐུ་བསྟན་པ་ནི། དེ་ནས་ཞེས་པ་རྐང་པ་བཞིས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་ བདུན་དང་། ས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དེ་རྣམས་ཀྱི་རྟེན་ནི་ངོ་བོ་ཆོས་སྐུ་སྟེ། དོན་དམ་པའི་ལྷའོ། །དངོས་པོ་ཞེས་པ་ལ་སོགས་པས་གཟུགས་སྐུ་རྣམ་གཉིས་བསྟན་ཏེ། དངོས་པོ་གང་དང་གང་གིས་ནི། །ཞེས་པ་ནི་གཟུགས་སྐུ་གང་དང་གང་གིས་སོ། ། མི་རྣམས་ཡིད་ནི་ཡང་དག་སྦྱོར། །ཞེས་པ་ནི། གདུལ་བྱ་གང་དང་གང་ལ་མོས་སོ། །དེའི་དངོས་འགྱུར་ཞེས་པ་ནི། གང་མོས་པ་དེ་ལ་དེར་སྣང་བར་བྱེད་པའོ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་པ་ནི། ནོར་བུ་དང་བ་ནི་རྐྱེན་གོས་ལ་སོགས་པས་གཟུགས་དུ་མ་འཛིན་པ་ བཞིན་ལྷན་ཅིག་བྱེད་པའི་རྐྱེན་གདུལ་བྱའི་བསམ་པ་ལ་ལྟོས་ནས་སྐུ་དུ་མར་སྣང་བའོ། །ཞར་ལ་ཐབས་ཀྱི་བྱེ་བྲག་གི་རྣམ་པ་ནི་དེ་བཞིན་ཞེས་པ་ལ་སོགས་པ་སྟེ། འཇིགས་བཅས་ནི་ལས་དང་པོ་པའོ། །འཇིགས་མེད་ནི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་མཚན་མ་ཐོབ་པའོ། །བསམ་ གཏན་དག་གིས་ནི་ལས་དང་པོ་ཡིའོ། །བསམ་གཏན་ཙམ་གྱིས་ནི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པའོ། །ཡང་ན་དེ་དག་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ལ་སྦྱོར་རོ། །སྤྱོད་པ་ནི་འཇིག་རྟེན་པའི་དངོས་གྲུབ་གྲོལ་བ་ནི་མཆོག་གི་དངོས་གྲུབ། ལོག་པའི་ཤེས་པ་ཞེས་བྱ་ བ་ལ་སོགས་པ་དོར་བྱའི་གང་ཟག་མདོར་བསྟན་ནོ། །བླ་མའི་ཞེས་པ་རྣམས་ཀྱིས་བསླབ་བྱ་མདོར་བསྟན་ཏོ། །བླ་མའི་རིམ་པས་ཇི་སྐད་བསྟན། །ཞེས་པ་ནི་བསྐྱེད་རྫོགས་ཀྱི་དོན་ཏོ། །གང་གིས་ནི་སློབ་མས་སོ། །མྱུར་དུ་ཤེས་པ་ནི་བླ་མས་བསྟན་པ་དེའོ། །སྐྱེ་བ་ཞེས་པ་ལ་སོགས་པ་ནི་ ཚེ་སྔ་མ་ལ་སོགས་པ་སྟེ། ལྷ་བསྒོམས་པའི་བག་ཆགས་སད་པའོ། །དད་པ་བསྐྱེད་པ་ནི་ཚེ་འདི་ལའོ། །རྣལ་འབྱོར་སྤྱོད་ཚུལ་ནི་ཞི་གནས་ལྷག་མཐོང་སྟེ་ཚེ་ལ་གནས་པའོ། །ལྐུགས་ཤིང་ལ་སོགས་པ་དོར་བྱ་རྒྱས་བཤད་དོ། །ལྐུགས་པ་ནི་བཟླས་པ་མི་ཤེས་པ། གླེན་པ་ལྷ་ བསྒོམ་མི་ཤེས་པ། བྱིས་པའི་ཤེས་པ་ནི་དྲན་པ་གཡེངས་ཤིང་སེམས་མི་བརྟན་པའོ། །ཕྱི་རོལ་བསྟན་བཅོས་མུ་སྟེགས་པའི་ལྟ་བས་བསླད་པའོ། །སྤྱོད་ཡུལ་གསང་བ་ནི་བསྐྱེད་རྫོགས་གཉིས་སོ། །བླང་བྱའི་རྒྱས་བཤད་ནི། ཧེ་རུ་ཀ་དཔལ་ཞེས་པ་ལ་སོགས་པས་བསྟེན་ཏེ། ཧེ་རུ་ཀ་དཔལ་ཡང་དག་འཇུག །ཅེས་པ་ནི་ཡེ་ཤེས་ཕབ་པའོ། །དེ་ཡང་སུས་ཕབ་ཅེ་ན། སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །ཞེས་སྨོས་སོ། །མྱུར་དུ་དངོས་གྲུབ་བསྐྱེད་པ་ནི་ཡེ་ཤེས་ཕབ་པས་སོ། །འཕྲལ་དུ་ཡིད་ཆེས་པ་ཡིན་ཞེས་པ་ནི་མངོན་ཤེས་ལ་སོགས་པ་བསྐྱེད་ པའོ། །ཐབས་ཀྱི་རྒྱུད་ནི་ཀུན་སྤྱོད་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་སྤྱོད་ནི་བཤད་ཟིན་ཏོ། །ཆོ་གའི་བྱ་བ་ནི་བསྐྱེད་རྫོགས་གཉིས་སོ། །སྲིད་པ་གསུམ་པོ་ཞེས་པ་ལ་སོགས་པ་ནི་ཕན་ཡོན་ནོ། །མཐོང་བ་དང་ཞེས་པ་ལ་སོགས་པས་ནི་གྲོལ་ལམ་པའི་ རྫོགས་རིམ་བསྟན་ཏེ། འདོད་པའི་ཡོན་ཏན་ལྔ་ལས་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམས་ནས་སྟོང་པའི་རྒྱས་བཏབ་ན་སྡིག་པ་ལས་གྲོལ་ཞེས་པའོ། །ལྷ་རྣམས་བཟློག་པ་ཞེས་པ་ལ་སོགས་པས་བསྐྱེད་རིམ་བསྟན་ཏོ། །ལྷ་དགོད་པ་ལུགས་འབྱུང་ལུགས་བཟློག་དང་། བསྒོམ་པ་ ལུགས་འབྱུང་ལུགས་བཟློག་ཏུ་བསྒོམས་པའི་བསྐྱེད་རིམ་གྱི་དཀྱིལ་འཁོར་དེ་ནི་སྙིང་པོ་ལན་པའམ་བསྒྲུབ་པས་དཀྱིལ་འཁོར་རོ། །སྦྱོར་སོགས་ནི་ལྷར་བསྒོམ་པ་བདེར་གཤེགས་དབུགས་དབྱུང་བ་ཞེས་པ་ནི་བསྐྱེད་པའི་དགོས་པ་སྟེ། དབུགས་དབྱུང་གི་ལམ་མོ། །དག་པའི་ ལུས་ནི་ལྷར་བསྒོམ་པའོ། །བསོད་ནམས་ཆུང་བའི་ཞེས་པ་ལ་སོགས་པ་ནི་རིགས་ངན་ཞིང་ལོངས་སྤྱོད་ཆུང་བས་ཀྱང་མཉེས་པར་བྱས་ན་འགྲུབ་ཅེས་པའོ། །ལེའུ་བཅུ་གཅིག་པའི་བཤད་པའོ།། །།ད་ནི་ཐུན་མོང་གི་ཡན་ལག་ཐབས་ཀྱི་རྒྱུད་འཆད་དེ། དེ་ལ་དང་པོར་རྣམ་པར་དག་པའི་ རྣལ་འབྱོར་བསྟན་ཏེ། བསྲུང་བ་ལ་སོགས་པའི་དམ་ཚིག་དང་། དཀྱིལ་འཁོར་དང་གཞལ་ཡས་ཁང་དང་བཟླས་པ་དང་། བརྟུལ་ཞུགས་དང་སྦྱིན་སྲེག་དེ་བསྐྱེད་པའི་རིམ་པ་དང་འབྲེལ་པ་དེ་དག་མི་བྱ་ཞེས་པའོ། །འོ་ན་ཅི་བྱ་ཞེ་ན། མདོར་ན་སེམས་ལུས་ཚུལ་ཅན་ཡིན་ཞེས་ པས་ཏེ། སེམས་ཀྱིས་སྟོང་ཉིད་རྟོགས་པར་བྱ། །ཞེས་པའོ། །དེ་ལྟར་རྟོགས་པའི་ཐད་ཀན་བསྲུང་བ་ལ་སོགས་པ་ནི་དགོས་པའོ། །ད་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་རྫོགས་རིམ་བསྟན་ཏེ། གཟུང་བྱ་ནི་ཡུལ་ལོ། །རྣམ་ཤེས་ནི་དགའ་བ་གསུམ་མོ། །ཡེ་ཤེས་ནི་དོན་གྱི་ ལྷན་ཅིག་སྐྱེས་པའོ། །དེ་ནས་བླ་མས་མངོན་སུམ་དུ་བསྟན་པ་དེ་ལ་སྟོན་པར་བྱ་བ་སྟེ། མངོན་སུམ་ལམ་དེ་ཡང་ཕྱི་རོལ་གྱི་བསྟན་བཅོས་ལ་ལམ་དེ་མེད་པས་སོ། །རྣལ་འབྱོར་པ་རྣམས་ཞེས་པ་ནི་རྣལ་འབྱོར་པ་བསྐྱེད་རྫོགས་ཀྱི་ཐབས་དང་། བླ་མའི་བསྙེན་བཀུར་ལ་བརྩོན་པ་དེ་ལ་ ཉེ་ཞེས་པའོ། །ད་ནི་བསྐྱེད་པའི་རིམ་པ་བསྟན་ཏེ། སྟོན་པའི་མཚན་ཉིད་ཧེ་རུ་ཀ་ཡབ་ཡུམ་མོ། །དཔའ་བོ་ནི་དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་ཉི་ཤུ་རྩ་བཞིའོ། །དེ་ཉིད་བསྐྱེད་པའི་ཐབས་སོ། །སྐད་ཅིག་རྣམ་པར་ཞེས་པ་རྫུས་སྐྱེས་སོ། །རྣལ་འབྱོར་བདག་ནི་དཔལ་ཧེ་རུ་ ཀའོ། །ཕྱག་རྒྱ་ནི་ཡུམ་མོ། །ཀུན་ནས་ཐམས་ཅད་ནི་རྟེན་དང་བརྟེན་པའོ། །སྔགས་བརྗོད་པ་ནི་ཧཱུཾ་བརྗོད་པའོ། །དགོད་དང་ཞེས་པ་ལ་སོགས་པས་ནི་གདུལ་བྱ་འདོད་ཆགས་ཅན་རྣམ་པ་བཞིའི་དོན་དུ་དེ་དང་མཐུན་པའི་གསང་སྔགས་ཀྱི་དབུགས་དབྱུང་གི་ལམ་བསྟན་ཞེས་པའོ། ། གོང་ནས་གོང་དུ་ཞེས་པ་ནི་བསྐྱེད་རིམ་ཐོག་ཏུ་རྫོགས་རིམ་བསྒོམ་ཞེས་པའོ། །རྣམ་པ་གཞན་དག་རྩྭ་དང་འདྲ། །ཞེས་པ་ནི། ལམ་གཞན་ལ་འབྲས་བུ་མེད་ཅེས་པའོ། །ད་ནི་རྫོགས་རིམ་འཆད་དེ་དེ་ཉིད་ཅེས་པ་སྲོག་དྷཱུ་ཏཱིར་བཅུག་པའི་རླུང་དབུ་མ་དེའོ། །མི་འགྱུར་བ་ནི་གནས་ པའི་རླུང་ངོ་། །དེ་ཉིད་སངས་རྒྱས་ཡེ་ཤེས་ཞེས་པ་ནི་སྲོག་དྷཱུ་ཏཱིར་བཅུག་ནས་སྟོང་པའི་རྒྱས་བཏབ་པ་དེའོ། །སྐྱེས་པ་ནི་ཕྱིར་རྒྱུ་བའི་རླུང་། མ་ནིང་ནི་གནས་པ། སོགས་ནི་ནང་དུ་འཇུག་པའོ། །ཕྲ་བའི་སྙིང་པོ་འཛིན་ཞེས་པ་ནི་གཡས་གཡོན་གྱི་རླུང་དབུ་མར་བཅུག་ནས་ནམ་མཁའི་ རླུང་དུ་བྱས་པའོ། །དེ་ལ་སྟོང་པའི་རྒྱས་བཏབ་པ་ནི་ཡེ་ཤེས་བདག་འབྱུང་ཞེས་པའོ། །གང་ཞིག་འཆང་བ་ཞེས་པ་ལ་སོགས་པ་དང་། དེ་མེད་པར་ནི་ཞེས་པ་ནི་རླུང་ངམ་སྲོག་དྷཱུ་ཏཱིར་བཅུག་པ་མེད་ནའོ། །འདི་ནི་སྙིང་པོར་ཞེས་པ་ནི་བདེ་བ་སྟོང་པ་ཉིད་འདིའོ། །ད་ནི་ཟབ་པའི་རྫོགས་ རིམ་བསྟན་ཏེ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །ཅེས་པ་ནི་དབང་བཞི་པ་ཐོབ་པའི་ཐད་ཀ་ནའོ། །གར་མཁན་དག་དང་རི་མོ་བཟང་ལྟར་ཞེས་པ་ནི་དཔེའོ། །བདེ་ཆེན་ནི་བདེ་བ་སྟོང་པ་ཉིད་དོ། །གཅིག་པུའི་ཉམས་ཞེས་པ་སེམས་འོད་གསལ་བ་དེ་ཉིད་དོ། །དུ་མའི་གར་ མཛད་པ་ནི་དུ་མར་སྣང་བའོ། །ད་ནི་བསྐྱེད་པའི་རིམ་པ་འཆད་དེ། འདུག་དང་ཞེས་པ་ལ་སོགས་པ་དེ་ཉིད་དག་བསྟན་ཏེ་འདུག་པ་ནི་ལྔའོ། །ལྡང་བ་ནི་བདུན་ནོ། །འཇུག་པ་ནི་ཉི་ཟླའི་བར་དུ་སེམས་འཇུག་པའོ། །རྫོགས་པ་ནི་གསུམ་མོ། །བྱིན་གྱིས་བརླབ་པ་ནི་གཉིས་སོ། ། དབང་བསྐུར་བ་ནི་གཅིག་གོ། །ཏིང་ངེ་འཛིན་ནི་གཉིས་སོ། །མཆོད་པ་གསུམ་མོ། །ཉེ་བར་བསྡུ་བ་གཉིས་སོ། །དེ་ལྟར་དགུ་པོ་དེ་བསྐྱེད་པའི་སྡོམ་མོ། །དེ་ནས་ཆོ་གའི་མིང་གཞན་ཞེས་པ་ནི། གོང་གི་དེ་ཉིད་དགུ་ལས་གཞན་པའི་མིང་གིས་བཏགས་པའོ། ། ཐབས་དང་ཤེས་རབ་ནི་ཨཱ་ལི་ཀཱ་ལིའོ། །དེ་ཉིད་དུ་ནི་ཀུན་བསྐྱེད་ཅེས་པ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་ལྷ་རྣམས་བསྐྱེད་པའོ། །འདི་ནི་བཅོམ་ལྡན་འདས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡི་གེ་དེའོ། །ལྷ་ཀུན་ནི་དྲུག་ཅུ་རྩ་གཉིས་སོ། །སྔགས་རྣམས་ ཀྱི་ནི་ཞེས་པ་ནི་སྔགས་ཐམས་ཅད་ཨཱ་ལི་ཀཱ་ལི་ལས་བྱུང་བའོ། །ལྷ་ལ་སོགས་རྒྱན་ཡིན་ཞེས་པ་ནི། ལུས་ཀྱི་གནས་རྣམས་སུ་པུ་ལ་སོགས་བཀོད་པའོ། །ད་ནི་མཚན་བཅས་ཀྱིས་རྫོགས་རིམ་བསྟན་ཏེ། ཨཱ་ལི་ནི་ཤེས་རབ་ཀྱི་རང་བཞིན་ལྟེ་བའི་ཐིག་ལེའོ། །ཀཱ་ལི་ ཐབས་སྙིང་གའི་ཐིག་ལེའོ། །མདུན་བསམ་ནི་མངོན་དུ་བྱས་པའོ། །རྣལ་འབྱོར་ཆེན་པོས་གནས་པ་མཚན་བཅས་ཀྱི་རྫོགས་རིམ་ལ་གནས་པའོ། །ཟླ་བའི་དཀྱིལ་འཁོར་ལེགས་རྫོགས་པ། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཞེས་པ་ནི། ལྟེ་བར་གཏུམ་མོ་སྦར་ བས་སྙིང་གའི་བྱང་སེམས་ཕབ་ནས་ལྟེ་བའི་ཁྲག་དང་རོ་གཅིག་པར་བྱའོ། །ཡི་གེ་ཞེས་པ་ནི་བདེ་བའི་ཐིག་ལེའོ། །སྐུ་གསུང་ཐུགས་ནི་དག་པ་གསུམ་མོ། །རྡོ་རྗེ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །ལྷའི་སྐུ་བདེ་བའི་ཏིང་ངེ་འཛིན་ཏོ། །དེ་ནི་ཞེས་པ་རྣམས་ནི་མཚན་མེད་དོ། ། གཟུགས་ལས་འདས་པ་ནི་གཟུང་བ་བཀག་པ། དངོས་པོ་མེད་པ་འཛིན་པ་བཀག་པ། བསམ་གྱིས་མི་ཁྱབ་པ་གཟུང་འཛིན་གཉིས་སུ་མེད་པའོ། །ལེའུ་བཅུ་གཉིས་པའི་བཤད་པའོ།། །།དེ་ལྟར་བསྐྱེད་རྫོགས་ཐུན་མོང་གི་ཡན་ལག་ལེའུ་ལྔ་བཤད་ནས། ད་ནི་རྫོགས་པའི་ རིམ་པའི་ལེའུ་ལྔ་བསྟན་ཏེ། དེ་ཡང་དེ་ནས་ཞེས་པ་ལ་སོགས་པས་མདོར་བསྟན་ཏོ། དཔའ་བོ་ཉི་ཤུ་རྩ་བཞི། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནོ། །དེ་གང་དུ་བསྒོམ་ཞེ་ན། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །ཞེས་པ་རྣལ་འབྱོར་པའི་ལུས་ལ་བསྒོམ་པ་དེའི་ཚེ། རྣལ་འབྱོར་ཆེན་པོའོ། ། གནས་ནི་ཞེས་པ་ལུས་ཀྱི་བྱེ་བྲག་ཉི་ཤུ་རྩ་བཞི་ཡི་གེའི་ས་པ་ཞེས་པ་ནི་པུལླཱི་ར་མ་ལ་སོགས་པའི་མིང་གིས་བརྗོད་པར་བྱའོ། །རྒྱས་པར་བསྟན་པའི་པུལླཱི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཕྱི་རོལ་དུ་གནས་རྩ་བཞི་བསྐྱེད་རིམ་ལ་འཁོར་ལོའི་རྩིབས་ཉི་ཤུ་རྩ་བཞི་ལ་ བརྡས་བཏགས། ནང་དུ་ལུས་ཀྱི་བྱེ་བྲག་ཉི་ཤུ་རྩ་བཞི་ལ་བརྡས་བྱ་བ་སྟེ། གསུམ་ལས་སྐབས་འདིར་ལུས་ཀྱི་ལ་བྱ་སྟེ། །རྫོགས་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པས་བྱང་སེམས་ཕབ་པ་ལས་རྩ་ཉི་ཤུ་རྩ་བཞིའི་ཁམས་སྦྱངས་ནས་བྱང་སེམས་གང་ནས་བདེ་ བ་སྐྱེས་པའི་དུས་དེར་གནས་སུ་གཞག་གོ། །པུ་ལ་སོགས་པ་ནི་མིང་མཚན་གྱི་ཡི་གེ་དང་པོའོ། །གང་ཡིན་དེ་ནི་རྣམ་དགོད་ཅེས་པ་ནི་གོ་ཆ་ཆེན་པོ་ལུས་ལ་བཀོད་ནའོ། །གཉིད་ལོག་ཅེས་པ་ལ་སོགས་པ་ནི་ཕན་ཡོན། དེ་གང་ནས་བཤད་ཅེ་ན། མིང་གི་རྒྱུད་ནི་ཞེས་པ་ལ་སོགས་པ་སྟེ། མིང་གི་རྒྱུད་འབུམ་སྡེ་ནི་ལེའུ་འབུམ་པའོ། །དེ་ལས་བསྡུས་པ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་དེ་ཤུ་ལོག་འབུམ་པ་འབུམ་གཅིག་ནང་ནས་འབུམ་ཕྱུང་བའོ། །ཤེས་རབ་རྒྱུད་ནི་གསང་བ་ཆེ་ཞེས་པ་ནི། ཤུ་ལོག་འབུམ་པ་ལས་བཏུས་པ་ལེའུ་ལྔ་བཅུ་རྩ་གཅིག་པའོ། །དེ་དག་གི་བཤད་ རྒྱུད་བསྟན་པ་ནི་ངེས་བརྗོད་རྒྱུད་ཀྱི་བཤད་པ་ཡིན་ཞེས་པ་སྟེ། ངེས་པར་བརྗོད་པའི་རྒྱུད་བླ་མའོ། །ད་ནི་འབྲས་བུའི་རྒྱུད་ལེའུ་དང་པོ་ནས་བརྡའི་སྒོ་ནས་བསྟན་པ་དེ་བཤད་པ་ནི། བསྟན་པས་ཞེས་པ་ལ་སོགས་པ་སྟེ་སྔར་བཤད་ཟིན་ཏོ། །མྱ་ངན་འདས་པ་ཆོས་སྐུའོ། །སྐུ་གསུམ་འཁོར་ ལོ་གསུམ་དུ་བཤད། །ཅེས་པ་ནི། རྩ་དང་རླུང་དང་བྱང་ཆུབ་ཕྱོགས་གསུམ་མམ། ཡང་ན་སྤྲུལ་པ་དང་ལུས་དང་སེམས་གསུམ་མོ། །བསོད་ནམས་ཞེས་པ་ལ་སོགས་པ་སྐུ་གཉིས་ནི་ཚོགས་གཉིས་ལས་བྱུང་བ་ཡིན་ལ་དེ་ཡང་བདེན་པ་གཉིས་ལ་གནས་པ་ཡིན་ཞེས་པའོ། ། ད་ནི་རྒྱུའི་རྒྱུད་ལས་དོར་བྱ་སྟོན་ཏེ། བློ་ངན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཆ་ནི་སྐལ་ལྡན། ཆ་མིན་ནི་སྐལ་མེད་དོ། །ད་ནི་ཚོགས་ཀྱི་འཁོར་ལོའི་ལྷ་མོའི་དབྱེ་བ་ནི་དག་བྱེད་ཅེས་པ་ལ་སོགས་པ་སྟེ། དག་བྱེད་ནི་སེམས་འཛིན་པའི་ལྷ་ མོའོ། །དབང་ནི་གསང་བའི་དབང་བསྐུར་བའིའོ། །དཔའ་བོ་ནི་ཚོགས་ཀྱི་འཁོར་ལོའིའོ། །བཀས་གནས་པ་ནི་མཆོད་པའིའོ། །ཀུན་དུ་སྤྱོད་པ་ནི་ཁམས་བརྟས་པའིའོ། །འཁོར་བ་ལས་སྒྲོལ་གཙོ་བོ་ཡིན། །ཞེས་པ་ནི་ལས་དང་པོ་ པ་ཆགས་ཁམས་པའི་བྱང་ཆུབ་ཐོབ་པའི་རྒྱུད་ཁྱད་པར་ཅན་ཡིན་པའོ། །མ་ལུས་རིག་བྱེད་ལས་སྤྲུལ་ཞེས་པ་ནི། མ་ལུས་རིག་བྱེད་ནི་ཡེ་ཤེས་ཡིན་ལ་དེ་ལས་བྱུང་བས་ན་སྤྲུལ་པ་སྟེ་ཡེ་ཤེས་ལས་སྐྱེས་མའོ། །ཡང་ན་མ་ལུས་རིག་བྱེད་ནི་སྔོན་གྱི་ལས་བཟང་པོ་ཡིན་ལ། དེ་ལས་བྱུང་བས་ ན་སྤྲུལ་པ་སྟེ་ཞིང་སྐྱེས་སོ། །ཡང་མ་ལུས་རིག་བྱེད་ནི་དབང་དང་དམ་ཚིག་ཡིན་ལ་དེ་དང་སྤྲུལ་པ་སྟེ་སྔགས་སྐྱེས་སོ། །གྲུབ་པའི་མཐའ་ནི། གསང་སྔགས་ཀྱི་གྲུབ་པའི་མཐར་རོ། །སངས་རྒྱས་མུ་སྟེགས་ཅན་ལ་སྦ། །ཞེས་པ་ནི་བདེ་བ་སྟོང་པ་ཉིད་བསྒོམ་པ་ལ་མི་མོས་པའོ། །སྒྲ་ནི་ ལེགས་པར་སྦྱར་བའོ། །སྒྲ་ཉམས་ནི་ཐ་མལ་པའི་སྐད་དེ་དེ་ལྟ་བུའི་ངག་གི་བརྡ་དང་། ལུས་བརྡ་དང་། ཤེས་པར་བྱས་ལ་མངོན་སུམ་ལས་འདི་ཉིད་ཀྱི་རྗེས་སུ་འབྲང་ཞེས་པའོ། །བསྡུས་དོན་ཡན་ལག་བླངས་པ་དང་། །ཞེས་པ་ནི་རྩ་བའི་རྒྱུད་ཀྱི་ཚོགས་ཀྱི་འཁོར་ལོའི་ལེའུ་བཅུ་ གཉིས་ཀྱི་བསྡུས་དོན་འདིར་བཤད་ཅེས་པའོ། །གང་གིས་ཞེས་པ་རྣམས་ཕན་ཡོན། འགྲོ་ལ་འཕགས་པ་སྔོན་གསུངས་པ་ནི་རྩ་བའི་རྒྱུད་རྣམས་སུའོ། །སྦས་པ་ནི་རྩ་རྒྱུད་དུའོ། །ད་ནི་ཡི་གེ་རྣམས་ཀྱི་ལས་ཚོགས་བསྒྲུབ་པ་བསྟན་ཏེ། རྒྱུད་ཆེན་པོ་ཞེས་པ་ལ་སོགས་པ་ནི་ ལེའུ་འབུམ་པ་ལ་སོགས་པར་རོ། །སྔགས་ཀྱི་ཡི་གེ་ནི་ཡི་གེ་ལྔ་བཅུའོ། །བསྒྲུབ་པ་ནི་ལས་སོ། །ལས་ཀྱི་བྱ་བ་ནི་ཡི་གེའི་ལས་སོ། །དགེ་མི་དགེ་ནི་ཞི་བ་དང་མངོན་སྤྱོད་ཀྱི་ལས་སོ། །བརྟགས་ཏེ་བྱ་ཞེས་པ་ནི་གང་འདོད་པའོ། །ཡི་གེའི་མཐའ་ནི་ཧ། དབུས་ཞེས་པ་ཐམས་ཅད་ ཀྱི་ཁོང་ན་ཡོད་པ་ཨའོ། །དེའི་ཐམས་ཅད་ནི་ཡི་གེ་ལྔ་བཅུའོ། །དེའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ནས་བཤད་པ་བཞིན་ཨ་ལ་སོགས་པའི་ཡི་གེ་རེ་རེ་ལ་ལྷག་མའི་བཅོ་ལྔས་བསྐོར་བའི་ཡི་གེའི་འཁྲུལ་འཁོར་ལུས་ཀྱི་གནས་སུ་བསམས་པས་ལས་རྣམས་བྱེད་པའོ། ། དེ་བཞིན་དུ་གསལ་བྱེད་རྣམས་ཀྱི་ཡི་གེ་རེ་རེ་ལ་རང་སྡེ་སྡེ་ཚན་གྱིས་བསྐོར་བའི་འཁྲུལ་འཁོར་བསམ་མོ། །ལེའུ་བཅུ་གསུམ་པའི་བཤད་པའོ།། །།ད་ནི་ལག་པའི་མཆོད་པ་ལ་སོགས་པ་བསྟན་ཏེ། དེ་ནས་ཞེས་པ་ནི་སྔ་མ་བཞིན་ནོ། །རྒྱུད་ཐམས་ཅད་དུ་སྦས་པ་ནི་ བྱ་བ་ལ་སོགས་པར་རོ། །དེར་སྦས་པས་ཆོ་ག་ནི་ལག་མཆོད་དོ། །སངས་རྒྱས་བཞི་ནི་བུམ་པ་བཞིའོ། །དེའི་གདན་ལ་བཞུགས་པ་བདུད་རྩི་ལྔའོ། །བདུད་རྩི་ལྔ་བོ་དེ་ཡང་སངས་རྒྱས་ལྔ་ཡབ་ཡུམ་གྱི་ངོ་བོ་སྟེ། རྡོ་རྗེ་ལ་སོགས་པ་ནི་མི་བསྐྱོད་པ་ལ་སོགས་ པའི་སངས་རྒྱས་ལྔའོ། །མཁའ་འགྲོ་མ་ལ་སོགས་པ་ནི་ཡུམ་ལྔའོ། །རྡོ་རྗེའི་དཔའ་བོ་ནི་ཉི་ཤུ་རྩ་བཞི། དེའི་དབང་ཕྱུག་ནི་གཙོ་བོ་སྟེ་རིགས་ལྔའོ། །མེ་ལོང་ལ་སོགས་པའི་ཡེ་ཤེས་བཞིའི་རྣམ་པ་སངས་རྒྱས་བཞི་བུམ་པ་བཞིའོ། །གཉིས་མེད་གཉིས་སུ་མེད་སྦྱོར་ཉིད་ནི་ ཐབས་དང་ཤེས་རབ་ལྔ་གཉིས་སུ་མེད་པའོ། །གཉིས་མེད་ནི་ལྷ་མོ་བཞི་དང་བུམ་པ་བཞིའོ། །རྫས་ནི་མེ་ཏོག་ལ་སོགས་པ་སྟེ། མེ་ཏོག་ནི་རང་བྱུང་སྟེ། སོགས་ནི་ཤ་ལྔ་བདུད་རྩི་ལྔའོ། །རེ་རེ་ནས་ནི་ཞེས་པ་ནི་ལྷ་རྣམས་ལ་རིམ་གྱིས་སྔགས་ཀྱིས་དབུལ་ཞེས་པའོ། ། ཕྱག་རྒྱ་ནི་ལྔའོ། །སོགས་ནི་གོ་ཆ་དྲུག་གོ། །མཆོག་ལུས་ནི་ལྷའི་འཁོར་ལོའོ། །ཕ་རོལ་སོན་པ་ཞེས་པ་རྣམས་ནི་གོ་ཆ་དྲུག་གི་ལྷ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ལག་པའི་མཆོད་པའི་དུས་སུ་ལག་པ་ལ་དགོད་པའོ། །སོགས་ཡེ་ཤེས་ཅན་ཞེས་པ་ནི་བདུད་རྩི་མྱང་ བ་དབང་བསྐུར་བ་བློ་ལྡན་གྱི་རྣལ་འབྱོར་པ་སྟེ། ལག་པ་གཡོན་པའི་སོར་མོ་རྣམས་དང་། སེན་མོ་ལ་དཔའ་བོ་དྲུག་བཀོད་ལ། ལག་མཐིལ་དུ་ཡང་དགོད་དོ། །རྣལ་འབྱོར་མ་དྲུག་གོ་རིམས་བཞིན་ཞེས་པ་ནི་གཡས་གཡོན་ལ་དགོད་དོ། །རྡོ་རྗེ་སེམས་སོགས་ གཡས་པ་ལ་དགོད་པའོ། །ལག་པའི་མཆོད་པ་ལ་སོགས་པས་བསྟོད་ཅེས་པ་ནི། ལག་པའི་མཆོད་པ་དང་། གཏོར་མ་དང་ཚོགས་བྱའོ། །ལྔ་པོ་བདུད་རྩི་ལྔ་དང་བསྲེ་བ་ནི་བདུད་རྩི་འོ་མ་དང་བྱང་སེམས་མཆོད་པ་དེས་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་ བརླབས་བའོ། །སྤྱོད་དང་ཞེས་པ་ཕན་ཡོན་ཏེ། དབུལ་བའི་འདོད་དོན་ནི་རང་ལ་གང་མེད་པའི་དོན་བསྒྲུབ་པར་འདོད་ནས་བསྒྲུབས་ན་འགྲུབ་ཅེས་བྱ་བའོ། །སེམས་ནི་གཞན་དུ་གྱུར་བ་དང་། །ཞེས་པ་ནི་སེམས་གཡེངས་པ་དང་མ་གཡེངས་པ་དང་བཅས་ཀྱང་ རུང་སྟེ་འགྲུབ་ཅེས་པའོ། །དཔའ་བོ་འདི་ནི་ཞེས་པ་འདི་རྣམས་ཀྱིས་ནི་མཚན་ཉིད་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མས་ཚོགས་འཁོར་བྱས་ནས་དངོས་གྲུབ་ཐོབ་ཅེས་པའོ། །ལེའུ་བཅུ་བཞི་པའི་བཤད་པའོ།། །།ད་ནི་སྤྱོད་བ་བསྟན་པ་ལས་དང་པོར་དེ་ནས་བཅས་པ་ གཉིས་ཀྱིས་མདོར་བསྟན། གཉིས་མེད་སྤྱོད་པ་ནི་དངོས་གཞི་རྗེས་ཐོབ་རོ་སྙོམས་པའོ། །རྒྱས་པར་བསྟན་པ་ལ་གསུམ་ལས། དང་པོ་སྤྱོད་པའི་དུས་བསྟན་པ་ནི། དང་པོར་ཞེས་པ་ལ་སོགས་པས་བསྟན་ཏེ། དང་པོར་མཉམ་གཞག་རྣལ་འབྱོར་ཞེས་བྱ་བ་ནི་ལས་དང་པོ་ བའི་རྣལ་འབྱོར་པས་བསྐྱེད་རྫོགས་གཉིས་ཀྱི་དོན་བསྒོམས་ལ། འབད་དེ་ནུས་པ་བསྐྱེད་ཅེས་པ་མཚན་མ་མ་ཐོབ་བར་དུ་བྱ་བའོ། །མཚན་མ་ཐོབ་ནས་ཡིད་ལ་བྱ་བའི་བརྟུལ་ཞུགས་ཞེས་པ་བསྐྱེད་པའི་རིམ་པ་ལ་དཔའ་བོ་གཅིག་པ་དང་། རྒྱལ་ཚབ་ལྟ་བུའི་སྤྱོད་པའི་སྤྱོད་པ་ རྫོགས་པའི་རིམ་པ་ལ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དོ། །སེམས་ཅན་ཞེས་པ་ལ་སོགས་པ་ལ་ནི་དགོས་པ་བསྟན་ཏེ། དཔའ་བོ་ཆེན་པོས་འགྲོ་བྱ་ནི་གནས་རྩ་བཞིར་རོ། །སྲོག་ཆགས་ཡན་ལག་ལས་བྱུང་བགོ་ནི། སྟག་གི་པགས་པ་དང་། གླང་པོ་ཆེའི་པགས་ པ་ལ་སོགས་པའོ། །བདེ་དོན་གཉེར་བར་བདེ་བ་སྲུང་། །ཞེས་པ་ནི། རྣལ་འབྱོར་པ་བདེ་བའི་ཏིང་ངེ་འཛིན་དང་ལྡན་པར་འདོད་པས་དགའ་བྲལ་དུ་མི་བཏང་ཞེས་པའོ། །མཆོད་ཕྱིར་ཐོགས་སྤངས་པ་ནི་བསྐྱེད་པའི་རིམ་པའོ། །ཧེ་རུ་ཀའི་གཙང་སྦྲ་ནི་ཆ་ལུགས་སུ་གནས་པའོ། ། གྲོལ་བའི་འབྲས་བུ་ནི་མཆོག་གི་དངོས་གྲུབ་བོ། །རྣལ་འབྱོར་མ་ཀུན་མཉེས་པ་ནི་བདེ་བའི་ཏིང་ངེ་འཛིན་ནོ། །ད་ནི་སྤྱོད་པ་དངོས་བསྟན་ཏེ། དེ་ལ་གསུམ་ལས་དང་པོ་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་པ་ནི། རྩ་བའི་སྔགས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྤྱོད་པའི་ དུས་སུ་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཚངས་སྐུད་ལུས་ལ་གདགས་ཞེས་པའོ། །ལྷག་མ་ཡང་དེས་འགྲེ །ཚང་ངམ་སྔགས་ནི་སུམྦྷ་ནིའོ། །ཚངས་པར་སྤྱོད་པ་ནི་སྤྲོ་བསྡུ་ཤེས་པའོ། །རྐང་པ་བརྒྱད་ཀྱིས་རང་ལའོ། །སྤྲོས་མེད་ནི་ཉིན་མོ་ཞེས་པ་རྣམས་ཏེ། དེ་ལ་ཉིན་ མོ་ནི་སྣང་བའི་རང་བཞིན། མཚན་མོ་ནི་སྣང་བ་ལྐོག་གྱུར་ཏེ། ཀུན་ཐབས་དང་ཤེས་རབ་དུ་བྱའོ། །མི་བྱ་ཞེས་པ་ནི་སེམས་ཀྱི་སྟོང་ཉིད་རྟོགས་པའི་ཚེ་ནའོ། །ཧེ་རུ་ཀ་དཔལ་གཞིར་གནས་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་རྟོགས་པའི་ཐད་ཀ་ནའོ། །རིགས་ལྔ་ནི་རྒྱལ་རིགས་ལ་སོགས་ པ་ལྔའོ། །རིགས་གཅིག་ནི་ཧེ་རུ་ཀའོ། །གཉིས་མེད་ཅེས་པ་རྣམས་ཀྱིས་ཤིན་ཏུ་སྤྲོས་མེད་བསྟན་ཏེ་གཉིས་མེད་ནི་གཟུང་འཛིན་དང་བྲལ་བའི་ཆའོ། །ལེའུ་བཅོ་ལྔ་པའི་བཤད་པའོ།། །།ད་ནི་ཚོགས་འཁོར་བསྟན་ཏེ། དེ་ལ་ལྔ་ལས་དང་པོ་དགོས་པ་བསྟན་པ་ནི། གཞན་ཡང་ཞེས་པ་ རྣམས་ཏེ། དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །ཞེས་པ་ནི་སྙིགས་མ་ལྔའི་དུས་སུ་རྣལ་འབྱོར་པས་བསྒྲུབས་ཀྱང་འབྲས་བུ་ཐོབ་པར་དཀའ་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན། བློ་ནི་ཞེས་པ་རྣམས་སྨོས་ཏེ། བློ་གཞན་དུ་གྱུར་པ་ནི་ཉོན་མོངས་པ་མང་བས་སོ། །བདེ་བ་ཉམས་བག་ཏུ་མི་འགྲུབ་ པས་སྡུག་བསྔལ་དང་བཅས་པར་གྱུར་བས་ན་དེ་ལྟ་བུའི་བསྐྱར་ཆོག་ཏུ་ཚོགས་འཁོར་བསྟན་པའོ། །འབད་དེ་ཞེས་པ་རྣམས་ཀྱིས་འབྲས་བུ་བསྟན་ཏེ། འདོད་བྱ་ནི་དངོས་གྲུབ་གསུམ་མོ། །དེ་ཉིད་ཀྱི་བདག་རྣལ་འབྱོར་པ་ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས་ཡིན་ཞེས་པ་ནི། དཔེར་ན་ཐབས་ ཕྱག་རྒྱ་བཞིས་རྣལ་འབྱོར་པ་ལ་ཧེ་རུ་ཀའི་ཡེ་ཤེས་སྐྱེ་བ་བཞིན་དུ་རྣལ་འབྱོར་པ་ལ་མངོན་ཤེས་ཀྱང་སྐྱེ་སྟེ། ཅི་འདོད་པར་ནི་ཞེས་པ་ལ་སོགས་པས་བསྟན་ཏོ། །ཆོས་འདི་ཞེས་པ་ལ་སོགས་པས་བསྟན་ཏེ། ཆོས་འདི་ཞེས་པ་རྣམས་མཇུག་སྡུད་དོ། །ད་ནི་ཐབས་བསྟན་པ་ནི་ཤེས་ རབ་ཅེས་པ་རྣམས་ཏེ། ཤེས་རབ་ཆེན་པོར་བྱས་པ་ཚོགས་འཁོར་བྱེད་པའི་རྣལ་འབྱོར་པའོ། །གཉིས་མེད་ནི་རྟོགས་པ་མེད་པའོ། །བརྟུལ་ཞུགས་ནི་ལྷའི་ཆ་ལུགས་སུ་ཞུགས་པའི་རྣལ་འབྱོར་རྣམས་སོ། །ཨཱ་ལི་ནི་ཤེས་རབ་ཀཱ་ལི་ནི་ཐབས་ཏེ། རྒྱུ་རྐྱེན་ཚོགས་པ་འདི་མ་རྟོགས་ པར་ཆོས་ཤེས་པ། འབྲས་བུ་འདོད་པའི་གང་ཟག་གིས་ཐབས་གཞན་བརྟེན་པ་དོན་མེད་ཅེས་པ་སྟེ། དེ་ཡང་རྩ་བའི་རྒྱུད་ལས། ཤེས་རབ་ཐབས་ཀྱི་སྦྱོར་ཇི་བཞིན། །ཞེས་གསུངས་སོ། །རྒྱུད་དང་བརྟེན་པ་གཞན་ལས་བརྟེན་པ་དག་གིས་དོན་ཀྱང་བདེན་པ་ གཉིས་སུ་འདུས་པར་བསྟན་པ་ནི། མདོ་དང་ཞེས་པ་ལ་སོགས་པ་སྟེ། མདོ་སྡེ་ལ་སོགས་པ་ཐེག་པ་བྱེ་བྲག་དང་། སེམས་ཅན་ལ་བཤད་པ་ནི་བྱང་ཆུབ་ཐོབ་པའི་ཕྱིར་བཤད་པ་ཡིན་ལ། དེ་ཡང་ཚོགས་གཉིས་ལ་བརྟེན་ཞེས་པ་ནི་ཚོགས་གཉིས་ཞེས་པ་རྣམས་སོ། །ཐམས་ ཅད་བདེན་པ་གཉིས་ལ་ནི། །བརྟེན་པར་ངས་ནི་བཤད་པ་ཞེས་པ་ནི་བསྐལ་པ་བར་མ་ལ་མཚན་ཉིད་ཀྱི་ཐེག་པ་བཤད་པའི་དུས་སུའོ། །དེ་དག་ཏུ་བདེན་པ་གཉིས་ལ་བདེན་པར་བཤད་ཀྱང་རྒྱུད་ལ་མངོན་སུམ་དུ་སྐྱེ་བའི་ཐབས་མེད་དེ། གསང་སྔགས་ཀྱི་ཐེག་པ་འདི་འདིར་ནི་མངོན་སུམ་ སྟོན་ཏོ། །སྤྲོས་པ་ཀུན་ནི་བསྐྱེད་རིམ་ལྷའི་བསྒོམ་པའོ། །སྤྲོས་པ་མེད་པར་བྱ་བ་ནི་བསྐྱེད་རིམ་ལ་བརྟེན་ནས་ཐ་མལ་པའི་རྣམ་པར་རྟོག་པ་བཀག་ལ་རྫོགས་རིམ་བསྒོམ་མོ། །ད་ནི་ཐབས་ཀྱི་རྒྱུད་ལྔ་དང་ཤེས་རབ་ཀྱི་རྒྱུད་བཞི་ལས་བསྟན་པ་ནི་རྒྱུད་རྣམས་ཀུན་དུ་ཞེས་པས་བསྟན་ཏེ། ཐབས་དང་ཤེས་རབ་ཀྱི་རྒྱུད་རྣམས་སུ་གསང་བའི་སྤྲུལ་པ་ཞེས་པ་ལྔ་དང་། དེ་ཉིད་ཅེས་པ་སྟོང་པ་ཉིད་དང་། སེམས་ནི་རང་བཞིན་བརྒྱད་ཅུའོ། །ལོངས་སྤྱོད་ནི་འདོད་ཡོན་ལྔའོ། །ད་ནི་ཁྱད་པར་དུ་བདེ་མཆོག་འཁོར་ལོ་བསྟན་པ་ནི། བློ་ལྡན་ཞེས་པ་ལ་སོགས་པ་སྟེ། འཁོར་ལོ་སྡོམ་པ་ལ་རྣམ་པར་སྤྱོད་པ་ནི་ལྷ་དྲུག་ཅུ་རྩ་གཉིས་སོ། །རྣལ་འབྱོར་པའི་མཚན་མ་ནི་གདོང་བརྙན་ནོ། །གཟུགས་ཁ་དོག་དང་དབྱིབས། བརྡ་དྲུག་ཁྱིམ་ལྔ་ནི་མཁའ་འགྲོ་མ་བཞི་དང་ཕག་མོའི་གནས་ཡུལ་ཉི་ཤུ་རྩ་བཞི་སྟེ། དེ་དག་ཏུ་རྣལ་འབྱོར་མ་ནི་ལྔ་ཉིད་ གནས། །ཞེས་པ་ནི། གོང་གི་ཁྱིམ་ལྔར་རྣལ་འབྱོར་མ་ལྔ་ལྔ་ལྷའི་ཆ་བྱད་ཅན་བཞག་པའོ། །བསྒྲུབ་པར་བྱ་བའི་གནས་ཀུན་ཞེས་པ་ནི། གནས་རྩ་བཞིར་རྣལ་འབྱོར་ཕོ་མོ་རྩ་བཞི་ལྷའི་ཆ་བྱད་ཅན་དགོད་པའོ། །ཇི་ལྟར་སྔར་བཤད་ཅེས་པ་ནི་ལེའུ་ལྔ་པ་དང་དྲུག་པར་བཤད་པའི་ ལྷའི་གྲངས་དང་མཉམ་པའི་བརྟུལ་ཞུགས་ཅན་ཞེས་པ་ནི་རྣལ་འབྱོར་པའོ། །དཔའ་བོའི་སྔགས་ཚོགས་ཞེས་པ་ནི་ལུས་ལ་དགོད་པའོ། །ཤར་གྱི་འདབ་མར་ཞེས་པ་ནི་ཁྱད་པར་དུ་ས་འོག་གི་དངོས་གྲུབ་བསྒྲུབ་པའི་ཕྱིར་ངེས་བརྗོད་ནས་འབྱུང་བ་བཞིན་བྱ་བའོ། །ཧེ་རུ་ཀ་ དཔལ་གོ་འཕང་ནི་ཆ་བྱད་དོ། །ལུས་ངག་ཡིད་ཀྱི་ལས་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བོ། །བཤད་པས་ས་འོག་སྐུའི་དངོས་གྲུབ་བོ། །མ་བཤད་པ་གསུང་དང་ཐུགས་སོ། །ལེའུ་བཅུ་དྲུག་པའི་བཤད་པའོ།། །།ལེའུ་བཅུ་པ་འདིས་གཙོ་བོར་རྫོགས་རིམ་བསྟན་པ་ལས། དང་པོ་ བསྐྱེད་པའི་རིམ་པའི་ལྷ་རྣམས་ཐུན་མཚམས་སུ་སྤྲུལ་པར་མདོར་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཞེས་པ་སྟེ། ལྷ་དྲུག་ཅུའོ། །སེམས་ནི་ཧཱུཾ་ལས་སྤྲུལ་པའོ། །དེ་ལྟར་སྤྲུལ་པའི་ཡུམ་རྡོ་རྗེ་ཕག་མོ་ནི་ཆོས་ཀྱི་དབྱིངས་ཀྱི་ རྣམ་པར་དག་པའི་རང་བཞིན་ནོ། །ཐབས་དང་ཞེས་པས་ནི་ཐབས་དང་ཤེས་རབ་སྦྱོར་བ་ལས་བྱུང་བ་འདི་ཉིད་ཅེས་པ་ཡེ་ཤེས་ལྔ་ལས་སྐྱེས་པ་ཐམས་ཅད་ཅེས་པ་ལྷ་རྣམས་སོ། །རྒྱས་བཤད་ལས་དང་པོ་མེ་ལ་སོགས་པ་རྣམ་པ་བཞིའི་སངས་རྒྱས་བཞི་སྟེ་ཐོད་པ་བཞིའོ། །པདྨའི་འདབ་ གནས་ནི་ཡུམ་བཞི་སྟེ། མཱ་མ་ཀཱི་ལ་སོགས་པ་བཞིའོ། །ཐོད་པའི་དུམ་བུ་སོགས་ཞེས་པ་ནི་དཔའ་བོ་དཔའ་མོ་རྩ་བཞིའོ། །སེམས་ཅན་འདུལ་བའི་ཐབས་སུ་དཔའ་བོར་བསྟན་པའོ། །ཁྲོ་བོ་རྣམ་རྒྱལ་སོགས་པ་ནི་ལྷ་མོ་བརྒྱད་དོ། །སྒོ་བཞི་དང་མཐའ་ཞེས་པ་ཕྱིའི་མཚམས་ སུ་དགོད་དེ། དེ་ཡང་སྣ་ཚོགས་འདུལ་བའི་ཐབས་ཆེན་ཞེས་པ་མི་འམ་ཅི་འདུལ་བའོ། །གསང་བའི་གནས་ཀྱིས་རྣམ་གནས་ཞེས་པ་ནི་ཐབས་ཤེས་རབ་ཁ་སྦྱོར་གྱིས་གནས་པ་སྟེ་རྩ་བའོ། །རྣལ་འབྱོར་མ་སུམ་ཅུ་རྩ་བདུན། དཔའ་བོ་རྩ་ལྔའོ། །དེ་བསྒོམས་པས་ཇི་ ལྟར་འདོད་པའི་དངོས་གྲུབ་སྟེར་བའོ། །རྒྱུད་ཀྱི་སྙིང་པོ་བསྡུས་པ་སྟེ་ཞེས་པ་ནི་ཚོགས་འཁོར་གྱི་ལྷ་དེ་རྣམས་སྙིང་པོ་ལེན་པས་དཀྱིལ་འཁོར་རོ། །བླ་མའི་སློབ་མ་ཞེས་པ་ནི་སངས་རྒྱས་ཀྱིས་མཉན་པ་པོས་རྟོགས་པར་སླ་པའི་ཕྱིར་རྒྱས་པར་མ་བཤད་ཅེས་པའོ། །ད་ནི་ཕན་ ཡོན་བསྟན་ཏེ། སེམས་ལ་རྣམ་གནས་རྣལ་འབྱོར་པ། །ཞེས་པ་ནི་བདེ་བ་ཆེན་པོ་ལས་མྱ་ངན་ལས་འདས་པ་ཞེས་བྱ་བ་ལོགས་ཤིག་ཏུ་མི་སྟོན་པའོ། །དེ་ལྟར་སྤྱོད་པ་ནི་བདེ་ཆེན་ལའོ། །སྡིག་པ་ཐམས་ཅད་རྣམ་པར་དག་པ་ནི། སྤངས་པ་ཕུན་སུམ་ཚོགས་པ་ ཡིན་ལ་ཚེ་འདིའམ་ཕ་རོལ་དུ་སངས་རྒྱས་པ་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །ཇི་ལྟར་སྔར་བཤད་སྡིག་པ་རྣམས། །ཞེས་པ་ནི་སྔར་བཤད་པ་ནི་ལྐུགས་ཤིང་གླེན་པ་ལ་སོགས་པའོ། །ཕན་ཡོན་དང་པོའོ།། །།ཕན་ཡོན་གཉིས་པ་ནི། ཧེ་རུ་ཀ་དཔལ་མཚན་བརྗོད་པས། །ཞེས་པ་ནི་ སྔགས་བཟླས་པའོ། །ལྷ་སོགས་ཀུན་གྱི་གནས་གང་དང་། །ཞེས་པ་ནི་ལྷའི་ཡོན་ཏན་ནོ། །མི་ལ་སོགས་པ་ནི་མིའི་ཡོན་ཏན་ནོ། །བསམ་གཏན་གྱིས་ནི་ལས་དང་པོ་པའོ། །བསམ་གཏན་ཞེས་པ་མཆོག་ཏུ་གྱུར་པའི་རྣལ་འབྱོར་པས་སོ། །ཕན་ཡོན་གསུམ་པ་ནི། རྣལ་འབྱོར་ པ་ནི་འཕོ་བའི་ཚེ། །ཞེས་པ་ལ་སོགས་པ་རྣམས་ཏེ། འཆི་བའི་དུས་སུ་དཔལ་ཧེ་རུ་ཀ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ལག་ན་མེ་ཏོག་ལ་སོགས་པ་ཐོགས་པ་དང་རོལ་མོ་ལ་སོགས་པ་དང་བཅས་པ་རྣམས་རྣམ་པར་རྟོག་པ་ཙམ་གྱིས་འཆི་བའི་ཚེ་མཁའ་སྤྱོད་ཅེས་བྱ་བ་རིག་པ་འཛིན་ པའི་གནས་སུ་འཁྲིད་པར་བྱེད་པའོ། །ད་ནི་དགོས་པ་དམན་པ་བསྟན་པ་ནི། ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། །ཀུན་སྨྲ་རྟེན་པའི་ལམ་ཡང་རྗོད་པར་བྱེད། །ལམ་ཡང་མ་བཤད་འཆིང་བར་འགྱུར་བ་ཡིན། །ཞེས་པ་ནི་ཇི་ལྟར་བྱིས་པ་བུད་མེད་རྣམས། ཕན་གཏམ་སྨྲ་ཞིང་ མངོན་པར་དགའ་ལ་གཏམ་དུ་ཡང་རྗོད་པར་བྱེད་ཀྱང་དེས་ཐབས་དང་། ཤེས་རབ་ཀྱི་ལམ་མ་བཤད་ཅིང་འཆིང་བར་འགྱུར་བ་བཞིན་དུ། རྣལ་འབྱོར་ལས་ངན་དེ་དང་འདྲ་བར་བཤད། །ཅེས་པ་ལས་ཐབས་འབའ་ཞིག་གམ་ཤེས་རབ་འབའ་ཞིག་སྒོམ་པ་དེ་ནི་བུད་མེད་བྱིས་པའི་གཏམ་དང་ འདྲ་བ་སྟེ་འབྲས་བུ་མི་ཐོབ་ཅེས་པའོ། །ད་ནི་ཚོགས་ཀྱི་འཁོར་ལོ་རྒྱས་པར་སྟོན་ཏེ། དེ་ནས་གཞན་ཡང་བཤད་བྱ་བ། །གནས་སོགས་རྣལ་འབྱོར་མ་ཡི་གནས། །ཞེས་པ་ནི་ཡུལ་ཉི་ཤུ་རྩ་བཞི་ནས་ཚོགས་འཁོར་གྱི་རྣལ་འབྱོར་མ་བཙལ་ཏེ། དེ་ཡང་ཡེ་ཤེས་ལས་སྐྱེས་མ་དང་། སྔགས་སྐྱེས་མ་དང་། ཞིང་སྐྱེས་མ་དང་། གསུམ་མོ། །འདིར་ཡང་ཞིང་སྐྱེས་མ་བསྟན་པ་ནི་མཚོན་པ་ཙམ་མོ། །ཧེ་རུ་ཀ་དཔལ་ཞེས་པ་ནི་ཚོགས་འཁོར་གྱི་དུས་སུའོ། །རྒྱས་པར་བཤད་པ་ནི་པུལླཱི་ར་མ་ལ་ཡར་རབ་གཏུམ་མ་མཚོན་པ་སྟེ། དེ་དང་དེའི་འཁོར་ན་གནས་པའི་ མཁའ་འགྲོ་མ་རྣམས་དང་། དེར་སྐྱེས་པའི་ཞིང་སྐྱེས་སོ། །དེ་དག་བརྡ་དང་མཚན་ཉིད་ཀྱིས་ཤེས་པར་བྱས་ལ་བརྟེན་པའོ། །དེ་བཞིན་ཀུན་ལ་འགྲེའོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་། །ཞེས་པ་ནི་སྔགས་སྐྱེས་ཞིང་སྐྱེས་ལྷན་ཅིག་སྐྱེས་པ་གསུམ་མོ། །དཔའ་བོ་གཉིས་མེད་རྣལ་ འབྱོར་མའོ། །ཞེས་པ་ནི་དེ་དང་ལྷན་ཅིག་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམ་པའོ། །གསང་བའི་སྔགས་ལ་གནས་པ་ནི་སྲོག་དྷཱུ་ཏཱིར་བཅུག་པའོ། །རྣལ་འབྱོར་མ་ནི་རེ་རེ་ཞིང་། །ཞེས་པ་ནི། ཡེ་ཤེས་ལས་སྐྱེས་པ་དེ་དག་གིའོ། །མཚན་མ་ནི་བརྡའོ། །མཚན་ཉིད་ནི་ཁ་དོག་ དང་དབྱིབས་དང་སྤྱོད་ལམ་གྱིའོ། །གཡོན་པའི་སྒྲུབ་པ་པོ་ནི་བདེ་བ་ལམ་དུ་བྱེད་པའོ། །མི་བཟད་པ་ལས་ནི་འདོད་ཆགས་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པའོ། །ཐབས་དང་བཅས་པ་ནི་བདེ་བ་རྟོག་མེད་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །མགུར་ཆུ་ཞེས་པ་ལ་སོགས་པ་ ཚོགས་འཁོར་གྱི་སྤྱོད་པ་བསྟན་པ་སྟེ། རྣལ་འབྱོར་པ་དང་རྣལ་འབྱོར་མ་ལ་བརྒྱན་པར་བྱའོ། །རེ་སྟེངས་ཞེས་པ་ལ་སོགས་པ་ནི་ཚོགས་འཁོར་གྱི་དང་པོ་ལྷར་བསྐྱེད་པ་བསྟན་ཏེ། གནས་དང་ལྡན་པ་ལ་སོགས་པའོ། །དེ་ནས་རྟག་ཏུ་ཞེས་པ་ལ་སོགས་པ་བྱུང་བ་དང་། རྒྱན་ལ་ སོགས་པ་བགོ་བའོ། །ཁ་དོག་ལ་སོགས་ཞེས་པ་ནི་གདོང་བརྙན་བགོ་བ་ལ་སོགས་པའོ། །རྣལ་འབྱོར་ལམ་ལ་ལེགས་གནས་པ་ནི་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམ་པའོ། །ད་ནི་ཚོགས་ཀྱི་འཁོར་ལོའི་དུས་ཀྱི་གར་རྣམ་པ་བཞི་སྟོན་ཏེ། ཡན་ལག་ཅན་ནི་གཡས་བརྐྱང་ ལ་སོགས་པའི་སྟང་སྟབས་སོ། །ཚིག་ཅན་ནི་རྡོ་རྗེའི་གླུའོ། །སྡུད་པ་ནི་རྒྱན་ནོ། །སྙིང་སྟོབས་ནི་ཏིང་ངེ་འཛིན་ནོ། །དེ་ཉིད་མཐོང་བ་ནི་མཆོག་ཏུ་གྱུར་བའི་རྣལ་འབྱོར་པས་སོ། །དེ་ལ་ཐ་ལྷག་སྡུད་པ་བཤད་པ་ནི། །སྡུད་པ་པོའི་ཞེས་པ་ལ་སོགས་པའོ། །ཀུན་དུ་འབུགས་པ་ནི་རྣ་ཆ་ སྟེ། དེ་ཡང་འབུགས་དང་འདི་ནི་ཞེས་པ་ལ་སོགས་པས་བསྟན་ཏོ། །བཅིང་བ་ནི་ཚངས་སྐུད་དེ། ཚངས་སྐུད་ལས་ལ་བཀྲོལ་བ་ནི། །ཞེས་པ་ལ་སོགས་པའོ། །གཞག་པ་ནི་རྐང་གདུབ་སྟེ། རྐང་གདུབ་རབ་ཏུ་གཞག་པ་ནི། །ཞེས་པ་རྣམས་སོ། །བསྐྱོད་ པ་ནི་སྐ་རགས་ཏེ། དེ་ཡང་འོག་པག་ཅེས་པ་ལ་སོགས་པས་བསྟན་ཏོ། །སྲོག་ཤིང་གཅིག་གྱུར་སྲད་བུ་ཞེས་པ་ནི་འཁོར་ལོ་བཞི་དང་རྩ་གསུམ་གྱི་དབུས་ཀྱི་ཨ་ཝ་དྷཱུ་ཏཱིའོ། །འོག་པག་ནི་སྐེ་རགས་སོ། །རོ་ལྡན་བཅུ་དྲུག་ནི་ཁམས་བཅུ་དྲུག་བདེ་བས་གང་བའོ། །ཕྲེང་བ་རྩ་ལྔ་ནི་ མི་མགོ་ལྔ་བཅུའོ། །རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་བཤད་པ། ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཁ་ས་མ་ན་ནཱ་མ་ཊཱི་ཀཱ །བོད་སྐད་དུ། ནམ་མཁའ་དང་མཉམ་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་རྣམས་ཀྱིས་ནམ་མཁའ་མཉམ་པའི་ངང་། །དང་པོའི་མཆོག་ལ་རབ་ཏུ་ཕྱག་འཚལ་ནས། །དེ་ཡི་ དོན་དང་ནམ་མཁའ་མཉམ་རྒྱུད་ཀྱི། །མཁའ་མཉམ་རྒྱ་ཆེར་འགྲེལ་པ་བདག་གིས་བྱ། །འདིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སྟེ། དེ་ཡང་རྟེན་ཡོངས་སུ་གྱུར་པའི་མཚན་ཉིད་དོ། །རྟེན་ནི་ལུས་སོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ལ་སེམས་ཀྱི་ རྒྱུན་གྱི་མཚན་ཉིད་ཀྱི་རྟེན་ཇི་སྲིད་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ས་བོན་དེའི་བག་ཆགས་རྣམས་ཀྱིས་ཏེ། གནས་ངན་ལེན་ཞེས་བྱ་བའི་རྟེན་དེ་སྲིད་ཀུན་གཞིའོ། །ཕྱིས་འཕགས་པའི་ལམ་སྤྲོས་པ་མེད་པ་ཡུན་རིང་དུ་བསྒོམས་པ་རྣམས་ཀྱིས་ཀུན་གཞི་གནས་དང་། ལུས་ དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་དེ་ཡོངས་སུ་ཟད་པ་དང་། གཞན་ཡང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་སྐྱེས་པ་རྣམས་ནུབ་པ་དང་། མ་སྐྱེས་པ་རྣམས་ཤིན་ཏུ་མི་སྐྱེ་བའི་བདག་ཉིད་ནི་ལྡོག་པ་ངེས་པའོ། །ནམ་མཁའ་རྣམ་པར་དག་པ་ལྟ་བུ་སྤྲོས་པ་མེད་པ་ རབ་ཏུ་གསལ་བའི་བདག་ཉིད་མཐའ་ཡས་པའི་ངེས་པ་སྟེ། ཡོངས་སུ་གྱུར་པ་དེ་ནི་སངས་རྒྱས་རྣམས་ཀྱི་གནས་ངན་ལེན་གྱི་རྟེན་ཡོངས་སུ་གྱུར་པའོ། །དེ་ཡང་དེ་རྣམས་ཀྱི་ཟག་པ་མེད་པའི་ཁམས་སུ་བརྗོད་པར་བྱ་སྟེ། སངས་རྒྱས་ཀྱི་ཟག་པ་མེད་པའི་ཆོས་རྣམས་ཀྱི་ས་ བོན་འཛིན་པའི་ཕྱིར་རོ། །དེ་ཡང་དེ་རྣམས་ཀྱི་ལམ་གྱི་རྟེན་ཏེ། དེ་ཡོངས་སུ་གྱུར་པ་ནི་འཇིག་རྟེན་པའི་ངོ་བོ་ཤིན་ཏུ་ལྡོག་པ་དང་། འཇིག་རྟེན་ལས་འདས་པ་ཡང་ཤིན་ཏུ་འཇུག་པའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་རྣམས་ཀྱི་རྟེན་ཡིན་ལ། དེ་ཡོངས་སུ་འགྱུར་པ་ནི་ གློ་བུར་གྱི་སྒྲིབ་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའོ། །གང་སངས་རྒྱས་ཀྱི་གནས་ངན་ལེན་གྱི་རྟེན་དང་། ལམ་གྱི་རྟེན་དང་། དེ་བཞིན་ཉིད་ཀྱི་རྟེན་ཡོངས་སུ་གྱུར་པའོ། །དེ་ཉིད་དེ་རྣམས་ཀྱི་བྱང་ཆུབ་དང་། དེ་ཉིད་ཆོས་ཀྱི་སྐུ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྐུའི་རྟེན་ཞེས་ བྱ་ཞིང་རང་བཞིན་གྱི་སྐུ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་ཉིད་དང་། རབ་ཏུ་གསལ་བའི་རང་བཞིན་གྱི་ངོ་བོར་ཤིན་ཏུ་གནས་པའི་ཕྱིར་རོ། །དེ་ནི་འདིར་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་རང་བཞིན་གྱིས་ནམ་མཁའ་དང་མཉམ་པའོ། །རང་བཞིན་ ནི་འདིར་རང་བཞིན་གྱི་སྐུའོ། །དེ་ལྟ་བས་ན་ནམ་མཁའ་དང་མཉམ་པ་ཉིད་དེ་སྣང་བ་མེད་པ་མཐའ་ཡས་པ་ཤིན་ཏུ་རྣམ་པར་དག་པ་རབ་ཏུ་གསལ་བ་དང་། དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པས་ནི་གང་ཡང་རྣམ་པ་སྣ་ཚོགས་པའི་ཕྱིར་རྣམ་པ་ཇི་ལྟ་ བ་བཞིན་གྱི་ནམ་མཁའ་དང་མཉམ་པ་ནི་མ་ཡིན་ལ། འོན་ཀྱང་ཇི་ལྟ་བ་བཞིན་སྣང་བའི་ནམ་མཁའ་དང་མཉམ་པ་ཉིད་ཆོས་ཀྱི་སྐུ་ནམ་མཁའ་དང་མཉམ་པའི་དེ་ཁོ་ན་ཉིད་ཀྱི་ཆོས་དེ་སྒྲིབ་པ་མེད་པ་ཉམས་སུ་མྱོང་ལ། ལོངས་སྤྱོད་རྫོགས་པའི་སྐུས་དེ་བཞིན་དུ་ཡོངས་སུ་སྤྱོད་ པ་ཉམས་སུ་མྱོང་བ་དང་རྒྱུ་མཐུན་པའི་ཕྱིར་རོ། །ཇི་ལྟར་ན་དེ་བཞིན་དུ་ཡོངས་སུ་གཅོད་པ་ཡིན་ཞེ་ན། གཟུང་བ་དང་འཛིན་པ་དེར་སྣང་བ་མེད་པར་ཡོངས་སུ་གཅོད་པའི་ཕྱིར་རོ། །འདི་ལྟ་སྟེ་བྱིས་པ་རྣམས་ཀྱིས་བུམ་པ་ལ་སོགས་པ་ཉམས་སུ་མྱོང་བ་དང་རྒྱུ་མཐུན་པ་ངེས་པ་ ཡོད་པ་དང་ཇི་ལྟར་བྱིས་པ་རྣམས་ཀྱིས་བུམ་པའི་རྣམ་པ་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་ཉིད་བརྗོད་པ་དང་བྲལ་བ་ལ་ཡོད་པ་ཉིད་དུ་ཡོངས་སུ་གཅོད་དེ། སྔོན་ངེས་པའི་བག་ཆགས་ཀྱི་སྟོབས་ལས་སོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱིས་བརྗོད་པ་མེད་ཀྱང་ ལོངས་སྤྱོད་རྫོགས་པའི་སྐུ་རང་གི་རྣམ་པ་མེད་པ་ཉིད་ཡོངས་སུ་གཅོད་པའོ། །ཡོངས་སུ་གཅོད་པ་དེ་ཉིད་རབ་ཏུ་སྣང་བའི་སྒྲས་བཤད་པར་བྱའོ། །རབ་ཏུ་སྣང་བ་ནི་རྣམ་པ་གཉིས་ཏེ། ཡང་དག་པར་རིག་པ་དང་ཉེ་བར་མཚོན་པའོ། །དེའི་ཕྱི་རོལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་སངས་རྒྱས་ ཀྱི་སྣང་བ་ཇི་ལྟ་བ་བཞིན་ནམ་མཁའ་དང་མཉམ་པ་ཉིད་དོ། །སྤྲུལ་པའི་སྐུ་ཡང་ཤིན་ཏུ་ནམ་མཁའ་དང་མཉམ་པ་སྟེ། སྒྱུ་མའི་རྣམ་པས་ཀྱང་རང་གིས་སྤྲུལ་པའི་སྐུ་ལ་སོགས་པ་མེད་པ་ཡོངས་སུ་གཅོད་པའོ། །དེ་ཡང་རྡོ་རྗེ་འཛིན་པ་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའོ། །དེ་དག་ ཀྱང་ནམ་མཁའ་དང་མཉམ་པ་སྟེ། རྒྱུ་མཐུན་པའི་ཕྱིར་ཞེས་བྱ་བ་གྲུབ་པའི་མཐའོ། །འདིར་གྲུབ་པའི་མཐའ་ལ་བརྒལ་བ་རྡོ་རྗེ་འཛིན་པ་ནི་སངས་རྒྱས་ཀྱི་ནི་བསྐྱེད་པ་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་སྲས་ཡིན་ཏེ། སངས་རྒྱས་ལྔའི་དབུ་རྒྱན་ཡོད་པའི་ ཕྱིར་རོ། །དེ་རྣམས་དང་ལྷ་མོའི་འཁོར་ལོ་ལ་སྐུ་དང་གསུང་དང་ཐུགས་སུ་སྦྱོར་བའི་ཕྱིར་སྤྲོས་པ་ཉིད་དང་། འདི་སྤྲོས་པ་འཇུག་པར་བྱེད་པའི་གཞུང་ལུགས་ཀྱང་ཡིན་ནོ། །ནམ་མཁའ་དང་མཉམ་པ་ཡང་མ་ཡིན་ཞིང་། ནམ་མཁའ་མཉམ་པའི་གཞུང་ལུགས་རབ་ཏུ་ འཇུག་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱའོ། །འདིའི་ལན་གསུངས་པ། སངས་རྒྱས་ལྔའི་ཞེས་བྱ་བ་ལ་སོགས་པ་ལ། །སངས་རྒྱས་ལྔ་ཡི་དབུ་རྒྱན་རྟེན། །ཞེས་བྱ་བ་ནི་དབུ་རྒྱན་གནས་པའོ། །གང་ཞིག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་གསང་བ་ གསུམ་དང་རྣལ་འབྱོར་མའི་དཀྱིལ་འཁོར་བསྡུས་པ་ནི་སྲིད་པ་གསུམ་མོ། །ཡང་ན་བུད་མེད་ཅེས་བྱ་སྟེ། །རྣལ་འབྱོར་མ་རྣམས་སོ། །དེ་རྣམས་ཀྱི་སྲིད་པ་ནི་དཀྱིལ་འཁོར་ཏེ་སྲིད་པ་གསུམ་མོ། །དེ་ཡང་གང་གི་སྙིང་བོ་ནི་རྫས་ཏེ། རྡོ་རྗེའི་གཞུང་ལུགས་ཡིན་པའི་ཕྱིར་རོ། ། དཔལ་གསང་བ་འདུས་པར་ཇི་སྐད་གསུངས་པ་བཞིན་ཏེ། གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །རྟག་ཏུ་རྡོ་རྗེ་དགའ་མར་གནས། །ཐབས་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་ཐེག་པ་ཞེས་བྱར་གྲགས། །འཁོར་ལོས་སྒྱུར་བ་དྲུག་གི་དང་པོར་སངས་རྒྱས་རྡོ་རྗེ་སེམས་ དཔའོ། །འཁོར་ལོས་སྒྱུར་བའི་ཕྱིར་དབུ་རྒྱན་དང་བཅས་པ་དང་། དཀྱིལ་འཁོར་དང་བཅས་པའོ། །དེ་ཡང་བཅོས་མ་ནི་བཅོམ་པར་བྱེད་པ་སྟེ། ཀུན་རྫོབ་ཀྱི་ངོ་བོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟ་བུར་གྱུར་པ་ཡིན་ན། གང་སྤྱོད་པ་དེ་ནི་ཐ་སྙད་དང་ཀུན་རྫོབ་སྟེ། རང་ གི་སྐུ་དང་གསུང་དང་། ཐུགས་དང་དབུ་རྒྱན་གྱི་སངས་རྒྱས་ལ་སོགས་པའི་དབུ་རྒྱན་ནོ། །དེ་ནི་ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་སྣང་བའི་ཕྱིར་རོ། །ཇི་ལྟར་ཡིན་ཞེ་ན་རྣམ་པ་མེད་པ་ཉིད་ཀྱིས་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ལྟ་བས་ན་བཅོམ་ ལྡན་འདས་ཉིད་ཀྱང་ནམ་མཁའ་དང་མཉམ་པའོ། །ནམ་མཁའ་དང་མཉམ་པ་ཡང་རྡོ་རྗེའི་གཞུང་ལུགས་ཀྱིས་འཇུག་པར་བྱེད་པའོ། །ཉིད་ཀྱིས་སངས་རྒྱས་རྣམས་ཀྱི་དབུ་རྒྱན་དང་ཀུན་རྫོབ་ཀྱི་དེ་ཉིད་ཀྱིས་བྱས་པས་སོ། །ཡང་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་རྣམས་སྤྲོས་ པས་སོ། །དེ་ལྟ་བས་ན་སངས་རྒྱས་རྣམས་སྐྱེད་པར་བྱེད་པ་ཉིད་དོ། །འདི་སངས་རྒྱས་ཀྱི་སྲས་སུ་ཡང་བརྗོད་པར་བྱ་བ་མ་ཡིན་ནམ། ཇི་ལྟར་ཡིན་ཞེ་ན། རེས་འགའ་བྱང་ཆུབ་སེམས་དཔའི་ངོ་བོ་ཡིན་པའི་ཕྱིར་ལ། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ཀྱི་སྲས་ ཡིན་པའི་ཕྱིར་རོ། །སྔགས་ཀྱི་ལུགས་ལ་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་མ་ཡིན་ནམ། དེ་ལྟ་བས་ན་སྣང་བ་མེད་པའི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་མ་ཐོབ་ན་དེ་ལ་བརྟེན་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ སྐུ་ཤིན་ཏུ་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ། །ཡང་ན་དེ་བསྒོམ་པ་གཞན་ཡིན། འོ་ན་དེ་སྨྲོས་ཤིག་ཅེས་བྱའོ། །དེ་ལྟ་བས་ན་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་འདི་ནི་ཞེས་བྱ་བ་ནི་ཕྱི་མ་ཕྱེད་ཀྱིས་བཤད་པར་བྱའོ། །བསྒོམ་པ་ཞེས་བྱ་བ་ནི་རྣམ་པས་སོ། ། སེམས་ནི་རྣལ་འབྱོར་པའོ། །འགོག་པ་ནི་མཉམ་པར་གཞག་པར་བྱ་བའོ། །འདིའི་དོན་དམ་པ་ནི་རྡོ་རྗེ་སེམས་དཔའ་སྟེ། བསྒོམ་པ་ནི་དེ་ལས་གཞན་དུ་མ་ཡིན་ནོ། །བསྒོམ་པ་གང་ཡིན་ཞེ་ན། ཤེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་ བྱ་ནི་སེམས་ལས་ཕྱི་རོལ་པ་སེམས་ཀྱིས་གཟུང་བར་བྱའོ། །དེའི་རང་བཞིན་ཡིན་པ་ནི་ཤེས་བྱའི་རང་བཞིན་ནོ། །དེ་ནི་ངེས་པར་མ་མཐོང་བ་ནི་དམིགས་པར་བྱ་བ་མ་ཡིན་པ་དང་། བརྟག་པར་བྱ་བ་མ་ཡིན་པའོ། །རྣམ་པར་ཤེས་པའི་རང་བཞིན་དུ་གྱུར་པའི་རྣམ་པ་ཡང་མེད་དེ། གཅིག་དང་དུ་མའི་དེ་སྤྱད་པ་མི་བཟོད་པའི་ཕྱིར་རོ། །འདི་ལྟར་གཟུང་བ་དང་འཛིན་པ་མི་དམིགས་པས་གཉིས་སུ་མི་དམིགས་པའི་ངོ་བོ་ནི་ཆོས་ཀྱི་སྐུ་འཐོབ་པའི་རྒྱུའོ། །སྐུ་གསུང་ཐུགས་བསྒོམ་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་གིའོ། །དེའི་ཕྱིར་འདི་དེའི་བསྒོམ་པ་ སྟེ། མྱུར་དུ་སྐུ་གསུམ་ཐོབ་པར་བྱེད་པ་ཞེས་བྱའོ། །འདིའི་རྡོ་རྗེ་འཛིན་པའི་བསྒོམ་པ་ལྷ་ཡིན་ན་སངས་རྒྱས་ལ་སོགས་པའི་ཇི་ལྟར་བསྒོམ་པ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་དང་རྡོ་རྗེ་འཛིན་པ་དང་། །རིན་ཆེན་ཏོག་དང་པདྨ་ལྷན་ཅིག་འཇུག ། ལྷ་འདི་རྣམས་དང་རང་བཞིན་མེད། །དང་པོ་སངས་རྒྱས་མཁའ་རང་བཞིན། །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་མི་བསྐྱོད་པའིའོ། །རིན་ཆེན་ཏོག་ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །པདྨ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱིའོ། ། འཇུག་པ་ཞེས་བྱ་བ་ནི་ལས་ཀྱི་སྟེ། དོན་ཡོད་གྲུབ་པ་ཞེས་པའི་དོན་ཏོ། །འདི་རྣམས་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ལྷ་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་དང་རིགས་རྣམས་ཀྱིའོ། །རང་བཞིན་ཡོད་པ་མ་ཡིན་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བ་ བརྫུན་པའི་ཕྱིར་རོ། །གལ་ཏེ་གཉིས་བརྫུན་པ་ཡིན་ན་འོ་ན་འདི་རྣམས་ཀྱི་རང་གི་ངོ་བོ་གང་ཡིན་ཞེ་ན། དང་པོའི་སངས་རྒྱས་ཞེས་བྱ་སྟེ། །རྡོ་རྗེ་འཛིན་པའོ། །མཁའ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་སྟེ་ཆོས་ཀྱི་སྐུའི་མཚན་ཉིད་ཀྱི་ཕྱིར་དང་། ནམ་མཁའ་དང་མཉམ་པ་ཉིད་ ཀྱིས་སྣང་བའི་ཕྱིར་རོ། །དེ་ནི་འདི་རྣམས་ཀྱི་རང་གི་ངོ་བོའི་བདག་ཉིད་དེ། འདི་རྣམས་ཀྱི་རྒྱུ་མཐུན་པའི་ཕྱིར་རོ། །མཇུག་བསྡུས་ནས་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཆོས་ནི་རྡོ་རྗེ་སེམས་དཔའ་སྟེ། ཆོས་ཀྱི་སྐུའི་བདག་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ རྣམས་ནི་ནམ་མཁའ་དང་མཉམ་པ་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་སྐྱེ་བའོ། །སྒྲིབ་པ་མ་ལུས་པ་ཟད་ཅིང་བསལ་བར་གྱུར་བ་ཉིད་དེའི་སྐྱེ་བ་སྟེ། ཁང་བཟངས་ཞིག་པས་ནམ་མཁའ་སྐྱེ་བ་བཞིན་ནོ། །འདིའི་ནམ་མཁའ་སྐྱེ་བའི་མཚན་མ་ནི་དཔེ་སྟེ། དེ་བཞིན་དུ་དཔལ་ མཆོག་དང་པོ་ལས། ནམ་མཁའ་སྐྱེ་བའི་མཚན་མ་ལས། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེའི་རང་བཞིན་སེམས་ཅན་ཀུན། །རྡོ་རྗེ་སེམས་དཔའ་མཆོག་བདེ་བ། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བས་ན་སེམས་ཅན་ནི་སངས་རྒྱས་ལ་སོགས་པ་སྐྱེས་པའོ། །མེད་པའི་ རྣམ་པ་ཉིད་ཡོངས་སུ་གཅོད་པའི་ཕྱིར་ནམ་མཁའ་དང་མཉམ་པའོ། །རྣལ་འབྱོར་ཀྱི་རྒྱུད་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད་བྱང་ཆུབ་མ་ཡིན་ནམ། དེའི་ནམ་མཁའ་དང་མཉམ་ཡེ་ཤེས་ནི་རྒྱུ་ཉིད་ཡིན་ཏེ། རང་གི་ངོ་བོ་ནི་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཐམས་ ཅད་དང་། ནམ་མཁའ་དང་མཉམ་པའི་རྒྱུད་འགལ་བར་འགྱུར་རོ་ཞེ་ན་ལུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུགས་ནི་བཤད་པར་བྱ་བ་འདིའི་གཞུང་ལུགས་སོ། །བཅོམ་ལྡན་འདས་གང་གིས་དྲང་བའི་དོན་གྱི་མདོ་སྡེ་བཤད་པ་དེ་ནི་གཞུང་ལུགས་སོ། །དེར་དོན་ཡི་གེ་ལ་མ་ བརྟེན་པ་ཡང་མ་ཡིན་ནོ། །བསྟན་བཅོས་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །ཚད་མར་བྱས་པ་ནི་དེ་དང་ཕྱིན་ཅི་ལོག་མེད་པའོ། །དེ་ནས་སྔགས་དང་ཕྱག་རྒྱ་ལ་སོགས་པ་རྣམས་དང་བཅས་པའི་ཡེ་ཤེས་ཇི་ལྟར་རིགས་ཞེས་བྱ་ཞེ་ན། དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་དག་པ་ནི་དང་པོའི་དག་པ་སྟེ་ཆོས་ཀྱི་སྐུའོ། །དེ་ཉིད་གནས་ཏེ་དམིགས་པའོ། །མཁའ་མཉམ་ནི་མཉམ་པའི་ཡེ་ཤེས་རྒྱུ་མཐུན་པ་སྔགས་དང་ཕྱག་རྒྱ་ལ་སོགས་པ་རྣམས་ཀྱི་སྟེ། ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་རྣམས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ རྒྱུད་ཐམས་ཅད་ལ་རྒྱུད་འདི་མ་ཡིན་ནོ། །དཔལ་ཐམས་ཅད་གསང་བ་ལས་ཀྱང་གསུངས་པ། རྒྱུ་ཡི་དེ་ཉིད་ཅུང་ཟད་མིན། །འབྲས་བུའི་དེ་ཉིད་དེ་བཞིན་ནོ། །དེ་ཉིད་དེ་བཞིན་ཉིད་ཡེ་ཤེས། །རྣལ་འབྱོར་པ་ཡིས་དེ་ལ་སྤྱོད། །ཅེས་བྱའོ། །རྒྱུའི་དེ་ཉིད་ནི་ སེམས་ཀྱི་རྟོག་པ་ལ་སོགས་པ་རྣམ་པ་བཞིའོ། །འབྲས་བུའི་དེ་ཉིད་ནི་རྣམ་པ་ལྔའོ། །དེ་གཉིས་ཀའི་རྣམ་པ་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །དེའི་དེ་ཉིད་ནི་རང་གི་རྣམ་པ་ཉིད་ཡོངས་སུ་གཅོད་པའི་ཕྱིར་རོ། །གཅོད་པ་དེ་ལ་རྣལ་འབྱོར་པས་སྤྱོད་ ཅེས་བྱ་བའི་དོན་ཏོ། །དཔལ་གསང་བ་འདུས་པ་ལས་ཀྱང་གསུངས་པ། སྐུ་མི་འགྱུར་བ་སྐྱེ་བ་མེད། །གསུང་དང་ཐུགས་ནི་མཚན་ཉིད་མེད། །ནམ་མཁའི་རྡོ་རྗེ་རྟག་པར་འགྱུར། །མི་བདེན་བསྡུས་པ་ཡིན་ཞེས་བྱའོ། །མི་འགྱུར་བྱེད་པས་ནི་མི་འགྱུར་བ་ནི་གསང་བ་སྟེ། སྐུའི་ གསང་བ་དང་། གསུང་དང་ཐུགས་ཀྱི་གསང་བའོ། །དེ་ཐམས་ཅད་སྐྱེ་བ་མེད་པ་ནི་རང་བཞིན་མེད་པ་སྣང་བ་སྟེ། རྣམ་པ་ཇི་ལྟ་བ་བཞིན་མེད་པ་ཡོངས་སུ་གཅོད་པའི་ཕྱིར་རོ། །ནམ་མཁའི་རྡོ་རྗེ་ནི་ཆོས་སྐུ་སྟེ། ཆོས་ཞུ་བ་ཉིད་ཉམས་སུ་མྱོང་བའོ། །རྟག་པར་འགྱུར་བ་ནི་ ཡོངས་སུ་གཅོད་པའི་བདག་ཉིད་དོ། །ནམ་མཁའ་དང་མཉམ་པའི་དེ་ཁོ་ན་ཉིད་ཀྱིས་ཡོད་པ་ཉིད་དང་། རྣམ་པ་ཇི་ལྟ་བ་བཞིན་མེད་པ་ཉིད་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ནི་མི་བདེན་པ་སྟེ། རྣམ་པ་དང་བཅས་པའི་ཕྱིར་རོ། །བསྡུས་པ་ཡང་དེ་ཡིན་ཏེ། ཡང་དག་པར་ ཡོངས་སུ་གཅོད་པའི་ཕྱིར། དེས་ན་བསྡུས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རེ་ཞིག་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལས་ཐུན་མོང་དུ་ནམ་མཁའ་དང་མཉམ་པའི་དོན་བསྒོམ་པ་གསུངས་སོ། །ད་ནི་དཔལ་ གསང་བ་འདུས་པ་ལ་སོགས་པ་ཉིད་ཐུན་མོང་དུ་ནམ་མཁའ་དང་མཉམ་པའི་དོན་བསྒོམ་པའི་སྐབས་དབྱེ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བུ་ཞིག་ཡིན་ཞེ་ན། སངས་རྒྱས་ལྔ་ཡི་དབུ་རྒྱན་ཡང་། །ཞེས་བྱ་བ་ནི་སྐུ་དང་ལྡན་པའོ། །གང་གི་ ཆོས་རྣམས་ཀྱི་སྐུ་ཉིད་ཀྱི་རང་བཞིན་ཏེ། ཆོས་ཀྱི་སྐུ་ཉིད་ནམ་མཁའ་དང་མཉམ་པ་རོ་མཉམ་པར་གྱུར་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་དེས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཡིན་ཞེ་ན། སྲིད་པ་གསུམ་ནི་རྣལ་འབྱོར་མའི་འཁོར་ལོའོ། །ཆོས་རྣམས་ ནུས་པ་ནི་ཆོས་སྟོན་པ་སྟེ། ཆོས་རྫོགས་པར་ལོངས་སྤྱོད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་རྡོ་རྗེ་རྩེ་མོ་ལས་གསུངས་པ། དེ་ནས་རང་བཞིན་སྐུ་ཉིད་ལས། །ལོངས་སྤྱོད་རྫོགས་པ་ཡང་ནི་འབྱུང་། །ཞེས་བྱའོ། །འདིར་བསྒོམ་པ་ཉིད་རབ་ཏུ་འདུད་པར་འདོད་དེ། རང་ གི་ལུས་དང་ངག་དང་ཡིད་ཀྱིས་དེའི་སྐུ་དང་གསུང་དང་ཐུགས་རྣམས་སུ་རབ་ཏུ་འཇུག་པར་བྱེད་པ་ནི་རབ་ཏུ་འདུད་པའོ། །འདུད་པའི་ཕན་ཡོན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་ཀྱང་ཞེས་བྱ་བའི་ཀྱང་ཞེས་བྱ་བའི་སྒྲས་ཡེ་ཤེས་ཀྱང་ངོ་། །མཐའ་ཡས་ཞེས་བྱ་བ་ནི་ ཇི་སྲིད་དུ། བསོད་ནམས་ཀྱི་ཚོགས་བསགས་པར་འགྱུར་རོ། །གཞན་ཡང་འདུད་པར་བྱེད་པ་ནི་གང་གི་ཕྱིར་འདུད་པར་བྱེད་པ་ཆོས་ཀྱི་ཆེ་བའི་བདག་ཉིད་དེ། རྡོ་རྗེ་འཛིན་པའི་ཆེ་བའི་བདག་ཉིད་དོ། །པུ་སྟི་ལ་ལས་ཆེན་པོའི་གནས་སུ་རང་བཞིན་གྱི་སྒྲ་ཟེར་ཏེ་དེར་མཐའི་ཡི་གེ་ མི་སྐྱེ་བའོ། །དེ་ཡང་ཉེས་པ་འཁྲུལ་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཉིད་དུ་འགྲོ་བར་གསུངས་ཏེ། དེ་ལ་ཆོས་སྔོན་དུ་མ་བྱས་ཀྱང་བརྡ་ཡིས་བསྒོམ་པར་བྱའོ། །དེ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མའི་བདེ་བའི་སྒྲས་རྫོགས་པའི་སངས་ རྒྱས་ཐམས་ཅད་ཀུན་ལ་སྙིང་གར་བཅུག་ནས་ཞུ་པ་པདྨར་འགྲོ་བ་བསྒོམ་པར་བྱའོ། །བྱ་བ་འདི་ནི་ཐར་བའི་རང་བཞིན་ནི་སྟོན་ཀའི་ཟླ་བ་ཞུ་ཞིང་དཀར་བ་བཞིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རོ་མཉམ་པའི་ཆོས་ཀྱི་སྐུའོ། །དེ་ནས་ཅི་བྱ་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཇི་ལྟར་ན་སྐུ་དང་ལྡན་པར་བྱ་ཞེ་ན། འཇིག་རྟེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འཇིག་རྟེན་པའི་རྒྱུ་ནི་འཇིག་རྟེན་པའི་དོན་ཞེས་བྱ་བའི་ཐ་ཚིག་གོ། །བྱས་པ་ནི་ཡང་དག་པར་བསྟན་པ་སྟེ། རྡོ་རྗེ་སེམས་དཔའི་རྣམ་པ་གཞན་གྱི་རང་བཞིན་དུའོ། ། བརྡ་ཇི་ལྟ་བར་གདུལ་བྱ་རྣམས་ལ་དེ་བསྒྱུར་བ་ནི་ཡོངས་སུ་ཤེས་པའོ། །དོན་དམ་པར་ཡང་ཆོས་ཀྱི་སྐུའི་རྒྱུ་མཐུན་པར་གྱུར་པ་ཡེ་ཤེས་གཞན་ཉིད་དེའི་རྣམ་པར་སྐྱེས་ཏེ། རྣམ་པ་ཇི་ལྟ་བ་བཞིན་དུ་མེད་པ་ཉིད་ཀྱིས་བཅོམ་ལྡན་འདས་སྣང་བ་ཞེས་བྱའོ། ། དེར་རྡོ་རྗེ་སེམས་དཔའ་སྐྱེ་བ་ནི་གང་ཡིན། སྐྱེ་བའི་གནས་ནི་གང་ཡིན་ཞེས་བྱ་བར་དོགས་པ་ལ། སྐུ་དང་གསུང་དང་དེར་ནི་ཐུགས། །ཞེས་བྱ་བ་གསུངས་ཏེ། ཆོས་གསུམ་པོ་འདི་རྡོ་རྗེ་སེམས་དཔའི་སྐྱེ་བའོ། །རྣལ་འབྱོར་གནས་པ་ནི་རབ་ཏུ་གནས་པ་སྟེ། བཅོམ་ལྡན་འདས་མ་ཙུན་ དཱའི་སྐུ་ཆེན་མོ་དེར་རྡོ་རྗེ་སེམས་དཔའ་སྐྱེ་བའོ། །ཕ་དང་མ་ནི་གང་ཡིན་ཇི་ལྟར་ན་ཡང་སྐྱེ་བ་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་གནས་སོ། །རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །གཅིག་རང་བཞིན་ཞེས་བྱ་བ་ལ། རང་བཞིན་ ནི་རང་སྣང་བའི་རིག་མ་དག་ཡང་དག་པར་ལྡན་པའི་ཕྱིར་དེ་ནི་གཅིག་ཀྱང་ཡིན་ལ་རང་བཞིན་ཡང་ཡིན་ནོ། །ཆོས་ཀྱི་ངོ་བོ་ཞེས་བྱ་བ་ནི་ཐར་པ་སྟེ་སྔ་མ་བཞིན་ནོ། །རྡོ་རྗེའི་རང་བཞིན་ནི་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་པའོ། །དེ་ཉིད་རལ་པ་ཞེས་བྱ་བ་ལ་སོགས་པ་ལ་རལ་པའི་ཐོར་ཚུགས་ནི་ སངས་རྒྱས་ལྔས་རྣམ་པར་སྤྲས་པ་དེས་བརྒྱན་པའི་བཅོམ་ལྡན་འདས་སོ། །དེའི་སྐུ་མདོག་ནི་སྔོན་པོའོ། །དེ་ལྟར་ན་རྡོ་རྗེ་སེམས་དཔའི་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །འདི་ཞེས་པ་ནི་རྣལ་འབྱོར་པའོ། །བཅས་པ་བསྒོམ་པ་ནི་བསྒོམ་པ་དང་བཅས་པས་གུས་པ་དང་བཅས་ པ་ཞེས་བྱ་བའི་དོན་ཏོ། །མི་བསྐྱོད་པའི་རལ་པའི་ཐོར་ཚུགས་ནི་ཕྱི་རོལ་དུ་རིན་པོ་ཆེ་གཅིག་གིས་མཚན་པ་ཡིན་གྱི། སངས་རྒྱས་རྣམས་ཀྱིས་མཚན་པ་ནི་མ་ཡིན་ནོ། །དེ་ནས་མི་བསྐྱོད་པའི་ཡང་ཅི་ཟླ་བ་ཞུ་བ་ལས་སྐྱེས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཉི་མ་ཞེས་བྱ་བ་ལ་སོགས་པ་ གསུངས་པ་ལ་ཉི་མ་ནི་ཉི་མའོ། །ཡི་གེ་ནི་ཧཱུཾ་ཡིག་སྔོན་པོའོ། །རྡོ་རྗེ་སེམས་དཔའི་ས་བོན་ཡང་ཧཱུཾ་ཡིག་དཀར་པོའོ། །རྡོ་རྗེའི་རང་བཞིན་ཞེས་བྱ་བ་ནི་མི་བསྐྱོད་པའི་སྐུར་རོ། །རྡོ་རྗེ་སེམས་དཔའི་བསྐྱེད་པ་ཡང་སྔགས་ཉིད་ཡིན་པར་ཆུ་མཐའ་སྐྱེས་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཆུ་མཐའ་སྐྱེས་བསྒོམ་སྔགས་པ་ཡིས། །ཆུ་ནི་ཟླ་བ་ཞུ་བའོ། །དེ་ཉིད་ནི་མཐའ་སྟེ་སེམས་ཅན་རྣམས་ཀྱི་ཕ་མ་དག་གོ། །དེ་ལས་སྐྱེས་པའོ། །བདག་ཉིད་གཟུགས་ཀྱི་རང་བཞིན་ནི་རང་གི་ལྷའི་ས་བོན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྔགས་པས་ཟླ་བའི་དཀྱིལ་ འཁོར་གྱི་དབུས་སུ་གནས་པར་བསྒོམ་ཞིང་ས་བོན་དེས་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་གཉིས་མེད་ངོ་བོའི་རང་བཞིན་ནོ། །ཇི་ལྟ་བས་ན་གཉིས་སུ་མེད་པའི་ངོ་བོ་ཞེ་ན། དོན་མ་ཡིན་ཞིང་ཤེས་པ་ཡང་མ་ཡིན་པ་དེ་ལྟར་སྣང་བའི་ཕྱིར་རམ། རང་གི་རིག་མ་དང་ཡང་དག་པར་སྦྱོར་བའི་ཕྱིར་རོ། ། རྣལ་འབྱོར་མཇུག་བསྡུ་བ་དང་། དེའི་འབྲས་བུ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ཡོངས་སུ་རྫོགས་པ་ནི་རྡོ་རྗེ་འཛིན་པའི་ཐུགས་སུ་སྦྱོར་བའོ། །བསྒོམ་པས་ཞེས་བྱ་བ་ནི་རྣམ་པས་སོ། །བསྒོམ་བྱ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །དེ་འགྲུབ་པ་སྟེ་རྡོ་རྗེ་འཛིན་པའི་ ཐུགས་ཀྱི་རང་བཞིན་ནོ། །གལ་ཏེ་རྡོ་རྗེ་འཛིན་པ་ཡང་སྔགས་པས་བསྐྱེད་ན་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་སྐུར་བསྐྱེད་པ་མི་རུང་བའི་ཕྱིར་དང་དེ་ལྟ་མོད་ཀྱི་ཏིང་ངེ་འཛིན་དེ་ལས་མ་བསྐུལ་ཏེ། བཞེངས་པ་རྣམ་པར་གཡེངས་པ་ཉིད་དང་། གཙོ་བོའི་ཆོས་མ་ཡིན་པ་ཉིད་དོ་ཞེས་ བྱའོ་ཞེ་ན། ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྷ་མོ་བཞི་ནི་ལྷ་མོ་བཞི་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གཅིག་ཅེས་བྱ་བ་ནི་ཐར་པའི་ངོ་བོར་རོ། །གླུ་ཡིས་ཞེས་བྱ་བ་འཆད་པར་འགྱུར་བའི་གླུ་བཞི་ཡིས་སོ། །བསྒོམ་བྱ་ནི་དགོངས་པ་སྟེ། དེ་དང་ལྡན་པར་བྱེད་པ་ནི་བསྒོམ་ བྱའོ། །སྔགས་ཀྱི་རྣམ་པ་དགོངས་པས་བསྐྱེད་པས་ན་སད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སད་པར་བྱེད་པ་ཡིན་ཞེ་ན། མཁའ་མཚུངས་དངོས་ཏེ་དངོས་པོ་མཉམ་ཞིང་ནམ་མཁའ་དང་མཉམ་པའི་ཆོས་ཞུ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གྱི་སྒྲ་ནི་དེ་ལྟར་གྱི་དོན་ཏོ། །དེ་ལྟར་ ཡིན་ན་ནི་རྣལ་འབྱོར་པའི་ཆོས་ནི་ཞུ་བར་བྱས་པའོ། །ཐུགས་ཀྱི་རང་བཞིན་དུ་བྱས་པ་ནི་རྡོ་རྗེ་འཛིན་པའི་སྐུར་རོ། །བསྒོམ་བྱ་ནི་ལྷ་མོའི་སྐུར་རོ། །ཐར་པའི་རང་བཞིན་ནི་ཤིན་ཏུ་རྣམ་པར་དག་པའི་ཐུགས་རྡོ་རྗེ་སེམས་དཔའ་ཡིན་ཞིང་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ནི་ལྷ་མོ་ཞེས་ བྱ་བར་དགོངས་སོ། །བསྒོམ་པ་འདི་ཡིས་སངས་རྒྱས་ཉིད་ཐོབ་པར་བྱ་བ་ཡིན་པ་དེ་བས་ན་འདིར་དོན་ནི་བདག་ཉིད་དཔེར་བྱ་བའི་ཕྱིར་འཁོར་ཚོགས་པའི་ནང་དུ་སངས་རྒྱས་གཅིག་མ་གསུངས་པའི་དོན་ཀྱང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། བུད་མེད་ཅེས་བྱ་བ་ནི་བཙུན་མོའོ། །མཐའ་དག་མཚུངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་དང་ཐམས་ཅད་མཚུངས་པའོ། །ཇི་ལྟར་ན་བཅོམ་ལྡན་འདས་བསྒོམ་ཞེ་ན། སངས་རྒྱས་ལྔ་ཡིས་བརྒྱན་པ་རལ་པའི་ཐོར་ཚུགས་ཅན་གཡས་ན་སྣ་ཚོགས་རྡོ་རྗེ་འཛིན་པ། གཡོན་པས་ སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། དེ་བཞིན་དུ་བཅོམ་ལྡན་འདས་མ་འདི་ཡང་གནས་སོ་ཞེས་བྱའོ། །གང་ཞེས་བྱ་བ་ནི་ལྷག་མའོ། །ཆ་ལུགས་ནི་རབ་ཏུ་བརྒྱན་པའོ། །མཚུངས་དངོས་ལས་ཞེས་བྱ་བ་ནི་དངོས་པོ་དང་མཚུངས་པ་ལས་སོ། །དངོས་པོ་ཞེས་བྱ་བ་ནི་སེམས་ ཅན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྱིར་ཆོས་ཞུ་བ་ཞེས་བྱ་བའི་དོན་ཏོ། །རྒལ་བ་ཞེས་པ་ནི་ཡོངས་སུ་གཅོད་པ་སྟེ། དེ་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟར་ཡིན་ཞེ་ན། བཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞུགས་པ་ནི་ཡིད་ལ་མཉམ་པར་གཞག་པ་ཉིད་ཅེས་བྱ་བའི་ ཐ་ཚིག་གོ། །བཞི་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རེ་རེ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་དང་། དེའི་ལུས་ཀྱི་དབྱེ་བས་སོ། །མདོར་བསྡུས་ནས་ཡང་གསང་བ་བཞི་བྱ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་དང་། ལས་ཀྱི་གསང་བའོ། །དེ་རྣམས་ཀྱི་དེ་བཞིན་ཉིད་ནི་གོ་རིམས་བཞིན་དུ་ལྷ་མོ་བཞི་སྟེ། དེའི་ཕྱིར་རང་བཞིན་བཞི་ཡིས་སོ། །དེ་ལྟ་བས་ན་དཀར་པོ་དང་། སྔོན་པོ་དང་། དམར་པོ་དང་། ལྗང་ཀུ་སྟེ། གཡས་པ་རྣམས་ཁ་དོག་དང་མཚུངས་པའི་རྡོ་རྗེ་འཆང་བ། གཡོན་པ་ རྣམས་ཀྱིས་འཁོར་ལོ་དང་། ཨུཏྤ་ལ་དམར་པོ་དང་། པདྨ་དང་ཨུཏྤ་ལ་སྔོན་པོ་འཆང་བའོ། །རང་གི་རིགས་ཀྱི་དེ་བཞིན་གཤེགས་པས་བརྒྱན་པའི་རིན་པོ་ཆེའི་ཅོད་པན་དེ་རྣམས་ཀྱི་དབུས་སུ་བཞུགས་པ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་སོ། །དེ་རྣམས་ཉིད་སྒྱུ་མ་ལྟ་བུ་ཉིད་ཀྱིས་ སྣང་བའི་ཕྱིར་དེ་རྣམས་ཀྱིས་བསྡུས་པ་ནི་སྲིད་པ་གསུམ་སྟེ། དེ་བཞིན་གཤེགས་པའི་གསང་བ་གསུམ་སྒྱུ་མ་ལྟ་བུ་ཉིད་ཀྱིས་འཇུག་པ་དང་རྒལ་བ་སྟེ་ཡོངས་སུ་གཅོད་པའོ། །དེ་ལ་སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་སྙིང་གའི་ཟླ་བའོ། །ལྷ་ནི་ རྡོ་རྗེ་འཛིན་པའོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱང་། །རོལ་པ་བྱེད་པའི་འདི་ཡི་ནི། །དེ་ལས་དེ་རྣམས་སྤྲོས་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་སྤྲོས་པའོ། །དགོས་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་ཡིན་ཞེས་བྱ་བ་ནི་ལྷར་གྱུར་པའོ། །ཀྱེ་ཞེས་བྱ་བ་ནི་བོད་ པའོ། །ཐམས་ཅད་དུ་ནི་རྣམ་པར་རོལ། །སངས་རྒྱས་རྣམས་ཀྱི་ཐོབ་པ་ངེས་པ་སྟེ། །དེ་ཞེས་བྱ་བ་ནི་ལྷག་མའོ། །སྣ་ཚོགས་རྡོ་རྗེ་དང་སངས་རྒྱས་རྣམས་ཀྱི་རྣམ་པར་རོལ་པ་ཡིན་ན་ཅི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་ཞེ་ན། ལྷ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་རྣམས་ ཀྱི་མ་ལུས་པ་རྣམས་ཀྱིའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་དེ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཉིད་རྣམ་པར་རོལ་པ་ཞེས་བྱ་བའི་བར་དུ་སྟེ། རྡོ་རྗེ་སེམས་དཔའ་ཉིད་དེ་དང་དེའི་རྣམ་པས་སྐྱེ་ཞེས་བྱ་བར་དགོངས་སོ། །དེ་ནས་བལྟ་བྱ་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། ཐམས་ཅད་ཀྱི་ནི་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་ཆོས་ཁོ་ནའོ། །རང་བཞིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དོན་མ་ཡིན་ཞིང་ཤེས་པ་མ་ཡིན་ཞེས་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ལྟ་བས་ན་སྲིད་པ་གསུམ་ནི་རྣལ་འབྱོར་མའི་འཁོར་ལོ་འམ། སྣ་ཚོགས་པ་ ཐམས་ཅད་རྫོགས་པ་ནི་གཅིག་པའི་རང་བཞིན་ཉིད་དོ། །མཐོང་ཞེས་བྱ་བ་ནི་འཇུག་པའོ། །རོལ་པ་ཞེས་བྱ་བ་ལ་སོགས་པ་ལ་རོལ་པ་བྱས་པ་ལས་སངས་རྒྱས་ཀྱིས་བདག་མཐོང་བ་དང་། དེའི་རྣལ་འབྱོར་མའི་དབང་ཕྱུག་ཀྱང་ཐམས་ཅད་དུ་མཐོང་བའོ། །ལྷ་ཞེས་བྱ་བ་ལ་སོགས་ པ་ལ། ལྷ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཡང་དག་པར་རྟོགས་པ་ནི་དེ་ཁོ་ན་ཉིད་དེ། དེ་གསལ་བར་བྱེད་པའི་ལེའུའོ། །དང་པོ་ནི་ཐོག་མའོ། །ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ནམ་མཁའ་དང་མཉམ་པ་ལས་ལེའུ་དང་པོའོ།། །། ཕྱོགས་ལ་ལར་ལྷ་མོ་ཟེར་ཞིང་ལ་ལར་བཙུན་མོ་བཞི་ཟེར་བ་དེ་ལྟ་བས་ན་ཐེ་ཚོམ་བསལ་བར་བྱ་བའི་ཕྱིར་ལྷ་མོའི་གྲངས་ལྷ་མོ་བཞིས་ཞུས་པའོ། །འདིར་བཤད་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ་འདིར་བཤད་པར་འདོད་པ་ནི་ལྷ་མོ་ཞེས་བྱ་བ་དང་ འབྲེལ་ཏོ། །ཀྱེ་མཆོག་དང་བཅས་པ་སྟེ། གཙོ་བོའི་ལྷ་མོའོ། །བཅས་པ་ནི་ཡང་དག་པར་ལྡན་པ་སྟེ། མཆོག་ཡོད་པས་མཆོག་དང་བཅས་པའོ། །སྡུད་པ་པོས་དེར་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་དྲི་བ་འདིར་གླུ་བཞི་བཀའ་སྩལ་པ་ནི་བཅོམ་ལྡན་འདས་ཀྱིས་སོ། །ཅིའི་ ཕྱིར་ཞེ་ན་འདིར་དེ་རྣམས་ཀྱི་མིང་བསྟན་པའི་ཕྱིར་རོ། །འཇིག་རྟེན་ན་མང་པོ་རྣམས་ཀྱིས་ཡང་གཙོ་བོ་སྔོན་དུ་སོང་བའི་རིམ་པ་བསྟན་པ་ལས་རབ་ཏུ་རྟོགས་པའི་ཕྱིར་རོ། །སྣང་བའི་ལྷ་མོ་གཙོ་མོ་ཉིད་ཞི་བ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ཡང་གོ་རིམས་བཞིན་དུ་ཤར་ཕྱོགས་ལ་སོགས་ པ་ཕྱོགས་ཀྱི་འདབ་མ་རྣམས་སུ་བསྐོར་བ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་གྱི་གྲངས་ཙམ་ནི་མ་ཡིན་ནོ། །སྟོང་པ་ཁྱད་མེད་ཅེས་བྱ་བ་ལ་སོགས་པ་ལ། གླུ་བཞི་པོ་འདི་རྣམས་ནི་གོ་རིམས་བཞིན་དུ་ཐུགས་དང་། གསུང་དང་སྐུ་དང་། གསང་བ་རྣམས་ཀྱི་སྒྱུ་མ་ལྟ་བུ་ཉིད་གསལ་ བར་བྱེད་པའོ། །དེ་རྣམས་ཉིད་ཡོངས་སུ་གཟུང་བར་བྱ་བ་དང་ཆོས་ཞུ་བ་ལ་སྤྲོ་བར་བྱེད་པ་རབ་ཏུ་བགྲང་བའི་ཚིགས་སུ་བཅད་པའོ། །འདིའི་རྐང་པ་སོ་སོར་ཚོགས་བཞིའོ། །ཚོགས་རེ་རེ་ལ་ཕྱི་མོ་བཞིའོ། །དང་པོ་དང་གཉིས་པ་ནི་ལྕི་བའི་མཐའ་ཅན་ནོ། །གཉིས་པའི་དབུས་མ་ལྕི་ བའོ། །རྣམ་པ་རྣམས་ནུས་པས་སྟོང་པ་ཉིད་ཡིན་ཞིང་དེ་ཉིད་ཐ་དད་པར་ཉེ་བར་མི་མཚོན་པའི་ཕྱིར་ཁྱད་པར་མེད་ཅེས་བྱ་སྟེ། སྟོང་པ་ཁྱད་མེད་དོ། །ནམ་མཁའ་བྱེད་པའི་རིགས་པས་སྐྱེ་བའི་ཕྱིར་བྱས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཞུ་བའི་ངོ་བོ་ཡིན་པའི་ཕྱིར་ ཆོས་སོ། དེ་ལྟར་ན་རྐང་པ་གསུམ་གྱིས་བོས་ནས་ལྷ་མོས་བསྐུལ་བའོ། །མཉམ་པ་ཞེས་བྱ་བ་ནི་ཁྱོད་ཉིད་ཀྱིས་མཚུངས་པ་སྟེ། ཁྱོད་ཀྱི་དེ་བཞིན་ཉིད་བདག་ཉིད་ཡོད་པའི་ཕྱིར་རོ། །དེ་རྣམས་གང་ཡིན་ཞེ་ན་སྣང་བ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་པོའི་ཡན་ལག་ཏུ་གྱུར་ པའི་ཕྱིར། རྟག་ཏུ་བརྒྱན་པ་ཞེས་བྱ་སྟེ། སྟོང་པ་འམ་ལྷ་མོ་བཞིས་བསྡུས་པའི་ངོ་བོ་ཉིད་ཀྱི་ཕྱིར་ཤིན་ཏུ་བརྒྱན་པ་ཞེས་བྱ་སྟེ་སྣང་བའོ། །ལུས་ཐམས་ཅད་ཀྱི་འཚོ་བ་ཞི་བར་བྱ་བའི་ཕྱིར་ཞི་བའོ། །སེམས་ཀྱི་སྒྲིབ་པ་ཐམས་ཅད་ལས་ཐར་པའི་ཕྱིར་ཐར་པའོ། །སངས་ རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དགའ་བ་རྣམས་མཉམ་དུ་ཉམས་སུ་མྱོང་བའི་ཕྱིར་ཤིན་ཏུ་མཉམ་པའོ། །མཐའ་ཡས་པའི་སྤྲུལ་པའི་སྐུར་འགྲོ་བ་རྣམས་ཀྱི་དོན་བྱེད་པས་ན་མི་མཉམ་པའོ། །དེ་ལྟ་བས་ན་ལྷ་མོ་ལྔ་པོ་རྣམས་མཉམ་པ་ཡིན་ན་འོ་ན་ཇི་ལྟར་སྣང་བའི་ལྷ་མོ་ལ་སོགས་ པའི་གཟུགས་ཀྱིས་སྣ་ཚོགས་པ་ཡིན། སྨྲས་པ། སྒྱུ་མ་ཡང་ཞེས་བྱ་བ་ནི་གང་ཞིག་མཚུངས་པ་དེ་བཞིན་དུ་ཡང་སྒྱུ་མ་ཞེས་བྱ་སྟེ། ཡང་གི་སྒྲའི་དོན་ཏོ། །སྔགས་ལ་སོགས་པའི་བྱིན་རླབས་ཀྱིས་ཤིང་ལ་སོགས་པ་མེད་པ་ཉིད་ཀྱི་གླང་པོ་ཆེ་ལ་སོགས་པའི་ངོ་བོ་གསལ་བར་བྱེད་ པ་ནི་སྒྱུ་མའོ། །དེ་དང་ཆོས་མཐུན་པ་ལྷ་མོ་རྣམས་ཀྱང་སྒྱུ་མ་སྟེ། ཆོས་ཀྱི་སྐུ་དང་རྒྱུ་མཐུན་པ་དག་འཇིག་རྟེན་པའི་ཡེ་ཤེས་ལ་དེ་རྣམས་མེད་པ་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་སྣང་བ་སྣ་ཚོགས་པར་སྣང་བའི་ཕྱིར་རོ། །རྒྱུ་མཚན་ཅིའི་ཆེད་དུ་ལྷ་མོ་རྣམས་སྒྱུ་མ་བྱེད་ཅེ་ན། སྨྲས་པ། བྱ་ཕྱིར་ཞེས་བྱ་བ་སྟེ། བྱ་བའི་རྒྱུ་མཚན་འགྲོ་བའི་དོན་བྱ་བའི་རྒྱུར་རོ། །དེ་ལྟ་བས་ན་སངས་རྒྱས་དང་མཉམ་པའོ། །སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པས་མཉམ་པའོ། །དེ་ཡང་ཆོས་ཀྱི་སྐུས་མཉམ་པ་དང་། དེ་དང་རྒྱུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུས་རྣམ་པ་སྣ་ཚོགས་པར་སྣང་སྟེ་འགྲོ་བའི་དོན་བྱ་བའི་ཆེད་དུའོ། །དེ་གང་ཡིན་ཞེ་ན། རོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁའ་མཉམ་ནི་ལྷ་མོ་རྣམས་དང་སངས་རྒྱས་རྣམས་ཀྱི་རོལ་པ་སྟེ། ཚོགས་ནས་སྣ་ ཚོགས་པའི་དོན་སྤྱོད་པ་ནི་མཆོག་ཏུ་རོལ་པའོ། །དུས་ཇི་ཙམ་དུ་ཞེ་ན། ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞི་བ་བླ་ན་མེད་པ་ནི་ཞི་བ་བླ་ན་མེད་པ་སྟེ། རྟག་པའི་སྐུ་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་ལས་སོ། །རྟག་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུམ་ པོས་སོ། །རང་བཞིན་གྱིས་ནི་རང་བཞིན་གྱིས་རྟག་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པས་ནི་རྒྱུན་མི་འཆད་པས་རྟག་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་རྒྱུན་གྱིས་རྟག་པ་སྟེ། ལ་ལར་ཞིག་ཀྱང་དེ་ ཉིད་གཞན་དུ་སྐྱེ་བ་དང་གཞན་དུ་གནས་པའི་ཕྱིར་འབྲོག་དགོན་པ་ཆེན་པོ་མེའི་ཕུང་པོ་བཞིན་ནོ། །དེ་ལྟར་ཆོས་དང་ལོངས་སྤྱོད་རྫོགས་པའི་རང་བཞིན་དང་། རོལ་པའི་སེམས་ཡོངས་སུ་བསྲུང་བ་ལ་སྤྲོ་བའོ། །འགྲོ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་དང་། རྣམ་པར་དག་པའི་ ཕྱིར་དང་། འཚེ་བ་མེད་པའི་ཕྱིར་རྟག་པ་ཉིད་དོ། །འདིར་ངེས་པ་ནི་ཡི་གེ་དྲུག་པའི་སྔགས་ཏེ། རུ་ལུ་རུ་ལུ་བྷྱོ་རུ་ལུ་ཊའོ། །སྒྱུ་མ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་སངས་རྒྱས་རྣམས་དང་ལྷ་མོ་རྣམས་ཀྱིའོ། །ཆོས་ ཞེས་བྱ་བ་ནི་གསུངས་པའི་ཆོས་རྣམས་སོ། །མཐའ་དག་ཉིད་ཀྱིས་དེ་ཡང་ནམ་མཁའ་དང་མཉམ་པ་སྟེ། ནམ་མཁའ་དང་མཉམ་པ་ཉིད་ཀྱིས་སྣང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །རོལ་པ་མ་ཡིན་པ་ནི་ནམ་མཁའ་དང་མཉམ་པ་རོལ་པ་མ་ཡིན་ནོ། །གང་ནམ་མཁའ་དང་ མཉམ་པ་ཡིན་ཞེ་ན། གང་ཞིག་དེ་རྣམས་སྒྱུ་མ་འདྲ་བའི་ངོ་བོ་ཡིན་ཞིང་མཚུངས་པར་ངོ་བོར་སྣང་སྟེ། དེ་བཞིན་དུ་ཡོངས་སུ་གཅོད་པའི་ཕྱིར་རོ། །སྒྲ་དང་འདྲ་བ་ནི་སྒྲ་བརྙན་བཞིན་ཏེ་དེའི་བདག་ཉིད་སྒྲ་དང་འདྲ་བའི་ཆོས་སོ། །དེས་མཉམ་པ་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །སྦྱོར་ བ་ནི་ཡང་དག་པར་སྦྱོར་བའོ། །དེ་མེད་པ་ནི་སྦྱོར་བ་མེད་དོ། །ཆ་ནི་ཡི་གེ་ཡོད་པ་ཞེས་བྱའོ། །སྦྱོར་མེད་ཆའི་ཆོས་ཡི་གེ་རིམ་པ་བཞིན་དུ་བརྗོད་པའི་ཕྱིར་དང་བརྗོད་པ་ཞིག་པའི་ཕྱིར་དང་། སྦྱོར་བ་མེད་པའི་ཕྱིར་ཡི་གེ་ནི་རྗོད་པར་བྱེད་པ་མ་ཡིན་ནོ། །རྗོད་པར་བྱེད་པ་མ་ཡིན་པས་ཆོས་མ་ཡིན་ནོ། །དེའི་ཕྱིར་ ནམ་མཁའ་དང་མཉམ་པའི་ཆོས་སོ། །དེ་ལྟ་བས་ན་རང་གི་ནི་རང་བཞིན་གྱིས་སོ། །པི་ཝང་མཉམ་པ་ནི་པི་ཝང་གི་སྒྲ་དང་མཚུངས་སོ། །དེའི་རྗོད་པར་བྱེད་པའི་སྒྲ་མ་ཡིན་པའི་ཕྱིར་དང་། འབྲེལ་པ་མེད་པའི་ཕྱིར་རོ། །ཆུ་ནི་ཆུའོ། །གསལ་བ་ནི་ཟླ་བ་སྟེ། ཆུ་དང་མཚུངས་པ་ ཞེས་བྱ་བའི་དོན་ཏོ། །ཡང་ན་གསལ་བ་ནི་མར་མེ་སྟེ། གསལ་བར་བྱས་པར་མཚུངས་པས་མུན་པ་མི་སྣང་བའི་འཇིག་རྟེན་རྣམས་ལ་ཡེ་ཤེས་ཀྱི་སྣང་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་གྱིས་ནི་འདིའི་འགྲོ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཁྱབ་པའོ། །ལྷག་མས་ རྣམ་པར་དག་པ་ཉིད་དེ། དེའི་ཕྱིར་ཁྱེད་ཡང་གཞེས་ལ་ཆོས་བསྟན་དུ་གསོལ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་རོ་མཉམ་པོར་གྱུར་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཁོ་ན་སྣང་བ་སྟེ། རབ་ཏུ་གསལ་བའི་ངོ་བོའི་ཕྱིར་རོ། །ནམ་མཁའ་དང་མཉམ་པ་ཡང་སྣང་བ་ མེད་པའི་ཕྱིར་རོ། །དེར་རང་བཞིན་གྱི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །རོལ་བ་ནི་སེམས་ཅན་གྱི་དོན་དུ་སྤྱོད་པ་སྟོན་པའོ། །ཅི་དེ་གཟུགས་ཀྱི་རང་བཞིན་ཡིན་ནམ་ཞེ་ན། གཟུགས་དང་མཉམ་ཞེས་བྱ་བ་གསུངས་ཏེ། གཟུགས་སུ་སྣང་བ་ཉིད་དེས་བདག་ཉིད་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་རྣམས་ཀྱི་རྡོ་རྗེའི་ གཞུང་ལུགས་ནི་དཀྱིལ་འཁོར་རོ། །དེར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཟུགས་སོགས་ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་འདོད་པ་ལྔའོ། །དེ་རྣམས་ཀྱི་བདེ་བ་མི་ཟད་པ་དེ་སྟེར་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆུ་ནི་ཆུ་བོ་དང་རྫིང་ལ་སོགས་པའོ། །འདིའི་ཟླ་བ་ནི་ཟླ་བའོ། ། དེ་མཚུངས་པ་ནི་གཟུགས་བརྙན་མཚུངས་པ་ཉིད་ཀྱིས་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་ཐམས་ཅད་ཉིད་ནམ་མཁའ་དང་མཉམ་པའོ། །སེམས་ཅན་གྱི་དོན་གྱི་ཆེད་དུ་སྐུ་དང་སྐུ་ཅན་གྱི་དཀྱིལ་འཁོར་སྟོན་ལ། དེ་བཞིན་དུ་ཁྱེད་ཀྱང་བསྟན་དུ་གསོལ་ཞེས་བྱ་བར་ དགོངས་སོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ་གང་ལ་རྣལ་འབྱོར་མང་པོའི་གནས་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་སུ་ཡོད་པའི་ཕྱིར་རོ། །རྡོ་རྗེའི་ངོ་བོ་ནི་བདག་ཉིད་རྡོ་རྗེ་འཛིན་པའོ། །གདུལ་བྱའི་བསམ་པ་ཐ་དད་པས་འཛིན་པའོ། །དེ་ཉིད་ནི་གཟུགས་ལ་སོགས་ པའི་དབྱེ་བས་སྤྲོ་བའོ། །དེ་ཉིད་སེམས་ཅན་ཏེ། སངས་རྒྱས་ལ་སོགས་པ་རྣམས་ཀྱི་བདག་ཉིད་མཚུངས་པ་ནི་དེ་དང་རྒྱུ་མཐུན་པའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་སེམས་ཅན་དེ་རྣམས་ཀྱིས་སོ། །རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །སྟེར་བ་ནི་སྟེར་བར་བྱེད་པའོ། །མཆོག་ཅེས་བྱ་བ་ནི་འདོད་པ་སྟེ། སངས་རྒྱས་ཉིད་ལ་སོགས་པ་རྣམས་སོ། །དབྱིངས་དང་མཉམ་པ་ཞེས་བྱ་བ་ནི། རིགས་དང་མཚུངས་པ་སྟེ། རིགས་ཇི་ལྟ་བ་ཞེས་བྱ་བའི་དོན་ཏོ། །ལ་ལས་རྒྱལ་བ་ཞེས་ཟེར་ཏེ། །རྒྱལ་བར་བྱེད་པ་དང་། འདུལ་བར་བྱེད་པ་སྟེ་མཆོག་གི་དབྱིངས་སོ། །སྟོང་གསུམ་ གྱི་འཇིག་རྟེན་གྱི་ཁམས་དང་མཚུངས་པ་ནི་དུས་མཚུངས་པ་སྟེ། དེའི་དོན་འདི་ཡིན་ནོ། །འདི་ལྟ་བུའི་གཞན་གྱི་དོན་གྱི་བྱ་བ་རྡོ་རྗེ་འཛིན་པ་དེས་འཇུག་པར་བྱེད་པ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་ལྷ་མོའི་གྲངས་ལ་སོགས་པ་ཤེས་པར་བྱ་བའི་ཕྱིར་གླུ་བཞི་དང་ལྷ་མོ་བཞི་པོས་བསྟན་པ་དེ་སྦྱར་ བའི་ཕྱིར་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེ་ལྷ་མོ་བཞི་པོས་གླུ་འདི་གསུངས་པ་འདིས་སོ། །མཁའ་མཉམ་ནི་ཏིང་ངེ་འཛིན་ལ་གནས་པ་སྟེ་རང་གི་བདག་པོ་ལ་བསྐུལ་བའོ། །གང་ཞིག་གླུ་འདི་ཉན་ཞེས་བྱ་བ་ནི་