Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 11 / 24 (50.000 ký tự/trang)
སྒྲའི་ལུས་ཀྱིས་མཐོང་བའོ། །ཡིད་གཅིག་གིས་ཞེས་བྱ་བ་ནི་མཉམ་པར་ གཞག་པས་སོ། །རྒལ་བ་ནི་དོན་གྱི་ལུས་ཀྱིས་སོ། །སེམས་ཡིད་ཀྱིས་ཞེས་བྱ་བ་ནི་བརྗོད་པ་དང་བཅས་པའི་ཡིད་ཀྱིས་སོ། །དེ་ནས་གང་ཡིན་ཞེ་ན། གླུ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླུ་འདི་ནམ་མཁའ་དང་མཉམ་པ་ནི་དེ་བཞིན་ཉིད་དུ་སྣང་བའི་ཕྱིར་རོ། །གཟུགས་མཚུངས་ པ་ནི་རྡོ་རྗེ་འཛིན་པ་ལ་ལེན་པ་ཞེས་བྱའོ། །དེའི་ཕྱིར་རྡོ་རྗེའི་རང་བཞིན་ནི་ཆོས་ཞུ་བའི་བདག་ཉིད་དོ། །ཐུགས་སད་པ་ནི་བཞེངས་པར་བྱེད་པའོ། །གཅིག་གི་རང་བཞིན་རྒྱུད་ནི་རྡོ་རྗེའི་གཞུང་ལུགས་ལེན་པ་ཞེས་བྱའོ། །དེ་ནས་རྡོ་རྗེ་དང་རྡོ་རྗེའི་གཞུང་ལུགས་ཀྱིས་བསྐྱོད་པའི་སྔགས་གང་ཞེ་ན། རྡོ་རྗེ་གོ་འཕང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གོ་འཕང་ནི་རྡོ་རྗེ་འཛིན་པའི་ས་བོན་ཧཱུཾ་ཡིག་གོ། །དེ་ནས་གཞན་རང་བཞིན་ནི་ཐ་དད་པའི་ས་བོན་ནོ། །གཅིག་གི་ས་བོན་ནི་ཆོས་ཞུ་བ་དེ་ཉིད་ཀྱིས་ཧཱུཾ་ཡིག་ལྔ་བསྒོམ་པར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ཅི་ཡིན་ཞེ་ན། སེམས་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། སེམས་ནི་རྡོ་རྗེ་འཛིན་པ་སྔོན་པོའོ། །གང་གི་ཕྱིར་དེ་དབུས་སུ་གྱུར་པ་དེའི་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བྱའོ། །དེ་ལྟར་ཆོས་ཞུ་བ་ལས་ས་བོན་ལྔ་བསྒོམ་ཞེ་ན། ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །དེའི་ དབུས་གནས་པདྨའི་མཆོག་ནི་དེར་སྒོམ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ལས་དེ་བཞིན་དུ་བསྒོམ་པ་ནི། ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པ། །པདྨའི་མཆོག་ནི་བསྒོམ་པའོ། །དེའི་སྣ་ཚོགས་པ་ཞེས་བྱ་བ་ནི་ཆོས་དེའི་སྣ་ཚོགས་པ་དང་ཐ་དད་པའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ལྷག་ མའོ། །ལྟེ་བ་དང་འདབ་མ་རྣམས་སུ་ཆོས་དེ་ལས་ཟླ་བ་མནན་པ་ཧཱུཾ་ཡིག་གི་གཟུགས་ཀྱིས་ཡོངས་སུ་གྱུར་པའི་ཕྱིར་རོ། །དེ་ནས་ཅི་བྱ་ཞེ་ན། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མའི་རང་བཞིན་ཐམས་ཅད་ཀྱི་ངེས་པར་གཟུགས་རྣམས་སྤྱོད་པར་བྱེད་པ་སྟེ། གྱིས་ཤིག་ཅེས་ བྱ་བ་ལྷག་མའོ། །སེམས་ཀྱི་རང་བཞིན་ཉིད་རྡོ་རྗེའི་གཞུང་ལུགས་མ་ཡིན་ནམ་འདི་སྒྱུ་མ་ཡིན་ནོ་ཞེ་ན། སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་མེད་པ་ཉིད་དེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ནི་ནམ་མཁའ་དང་མཚུངས་པའོ། ། དེའི་ཕྱིར་སེམས་ཀྱི་གཞུང་ལུགས་རང་བཞིན་མ་ཡིན་པ་ནི། རྡོ་རྗེའི་གཞུང་ལུགས་དང་། སེམས་ཀྱི་གཞུང་ལུགས་ཀྱི་རང་གི་ངོ་བོ་སྟེ། རང་བཞིན་མ་ཡིན་པ་དང་རང་གི་ངོ་བོ་མེད་པ་དང་བརྫུན་པ་ཞེས་བྱ་བའི་དོན་ཏོ། །སྣང་བ་ཐ་དད་པའི་ཕྱིར་རྡོ་རྗེ་ཡང་གཞན་ཡིན་ཞིང་རྡོ་རྗེའི་གཞུང་ ལུགས་ཀྱང་གཞན་མ་ཡིན་ནམ། དེ་ཇི་ལྟར་གཅིག་གི་རང་བཞིན་ཡིན་ཞེ་ན། གཉིས་ཀའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པའི་རང་བཞིན་མེད་པས་གཞུག་པར་རིགས་པ་སྟེ། ནམ་མཁའ་དང་མཉམ་པ་གསལ་བ་ཙམ་གྱིས་རྣམ་པ་བརྫུན་པའི་ཕྱིར་རོ། །དེར་ གནས་པ་ལས་རྡོ་རྗེ་ཉིད་ནམ་མཁའ་དང་མཉམ་པ་རྡོ་རྗེ་འཛིན་པ་ཉིད་ཀྱི་རང་བཞིན་ནོ། །ལྷག་མ་ནི་སྒྱུ་མ་སྟེ་བརྫུན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། དང་པོས་ནི་བཅོས་མ་དང་བཅོས་མ་མ་ཡིན་པའི་ངོ་བོར་གསུངས་ལ། གཉིས་པས་ནི་ཐུགས་དང་ གསུང་གི་གསང་བའོ། །ཀྱེ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་གཅིག་གི་རང་བཞིན་ནོ། །འཇིག་རྟེན་པའི་རྒྱུ་མཚན་དུ་བྱས་པ་ནི་སྒྱུ་མའི་རང་བཞིན་ཏེ། ཁྱོད་ནི་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟར་ཡིན་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུལ་བར་བྱེད་པ་ནི་ སྐུ་ཐ་དད་པ་འདིས་སེམས་ཅན་རྣམས་འདུལ་བར་བྱེད་པའོ། །སེམས་ཅན་སད་པར་བྱེད་པ་ནི་འདུལ་བར་བྱེད་པའི་རང་བཞིན་ནོ། །ཀྱེ་ལགས་རྡོ་རྗེ་སེམས་དཔའ་ཁྱོད་ནི་གཅིག་གི་རང་བཞིན་ཏེ་གཅིག་གི་ངོ་བོའོ། །ལྷ་མོ་ནི་སྣང་བའི་ལྷ་མོའོ། །རྡོ་རྗེ་ནི་འཛིན་ པའོ། །སྨྲས་པ་གསོལ་པའོ། །གསང་བ་ཞེས་བྱ་བ་ནི་གསང་བར་བྱེད་པ་སྟེ། གསང་བའི་ཐུགས་དང་གསུང་གི་གསང་བའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ནང་ཞེས་བྱ་བ་ནི་རང་གི་སྙིང་གར་རོ། །རོལ་པ་ཞེས་བྱ་བ་ནི་རོལ་པར་བྱེད་པའོ། །སེམས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཟླ་ བའི་དཀྱིལ་འཁོར་ལ་གནས་པ་སྣ་ཚོགས་རྡོ་རྗེའི་རྣམ་པས་སོ། །དེར་ངེས་ཞེས་བྱ་བ་ནི་སྙིང་གར་ངེས་པའོ། །སེམས་གསང་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བབས་པའོ། །ཆོས་འབྱུང་ཞེས་བྱ་བ་ནི་སྔགས་ཡང་འབྱུང་བ་སྟེ། དེ་ཡང་ཧཱུཾ་ཡིག་གོ། །སྤྲོ་བའི་དབང་དུ་བྱས་ནས་སྤྲོ་བ་ ཞེས་བྱ་བ་གསུངས་ཏེ། སྤྲོ་བར་བྱས་པའི་རྡོ་རྗེ་ནི་སྙིང་གའི་སྔགས་སོ། །ནམ་མཁའི་རང་བཞིན་ནི་སེམས་ཅན་རྣམས་སྒྱུ་མ་ལྟ་བུའོ། །ཡང་སྡུད་པ་ནི་གང་གི་ཕྱིར་སེམས་ཀྱི་རང་བཞིན་གཅིག་པའོ། །གང་གི་ཕྱིར་སེམས་ལ་སྤྱོད་པར་བྱེད་པ་ནི་གང་གི་ཕྱིར་ནི་ཧིའི་དོན་ཏོ། །ཐམས་ཅད་ ཉིད་དུ་སེམས་མཉམ་པར་མཐོང་བ་ནི་སྒྱུ་མ་ལྟ་བུའོ། །ཡང་དང་ཡང་དུ་སེམས་ཅན་སྦྱོར་བ་ནི་བསྡུས་ནས་གཅིག་གི་རྣམ་པར་བྱེད་པའོ། །འདི་ཐམས་ཅད་ཀྱིས་འདི་སྐད་གསུངས་པ་ཡིན་ཏེ། འདིར་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་ སེམས་བསྐྱེད་པ་སྔོན་དུ་སོང་བ་ཙམ་གྱིས་སེམས་ཙམ་ཉིད་དུ་མོས་པར་བྱས་ལ་ནམ་མཁའ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་ཙུཾ་ཡིག་ལས་སྐྱེས་པའི་ལྷ་མོ་ཙུན་དཱ་ཟླ་བ་བཞིན་དུ་ དཀར་བ་ཕྱག་བཞི་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རོའི་སྣོད་འཛིན་པ། ཅིག་ཤོས་དག་གིས་ཕྲེང་བ་དང་པུསྟི་འཛིན་པ། རལ་པའི་ཅོད་པན་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པདྨ་ཆེན་པོ་དང་ཟླ་བ་ལ་བཞུགས་པ་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་བསྒོམ་པར་བྱའོ། །དེའི་པདྨའི་ལྟེ་བ་མུ་ཏིག་གི་འབྲས་བུ་ ལྟར་གསལ་ཞིང་དཀར་བ་ཆོས་འབྱུང་གི་རྣམ་པ་འཛིན་པར་བྷྲཱུཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་དོ། །དེ་ཡོངས་སུ་གྱུར་པ་ལས་མཆོག་ཏུ་འབར་བའི་རིན་པོ་ཆེ་ལྔ་ལས་བྱུང་བའི་གཞལ་ཡས་ཁང་ངོ་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཁྱམས་ བཞི་པོ་ནི་མཛེས་པ་སྟེ། །མཆོད་པས་འབྲེལ་པའི་ལྷ་མོའི་ཚོགས། །དྲ་བ་དྲ་ཕྱེད་དར་དང་ཕྲེང་། །རྔ་མ་ལ་སོགས་པ་ཡིས་བརྒྱན། །རླུང་གིས་བསྐྱོད་པ་སྣ་ཚོགས་རྩེ། །བ་དན་དྲིལ་བུའི་སྒྲ་བསམ་བྱ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ཏེ། དེའི་ལྟེ་བར་ཉི་མའི་ དཀྱིལ་འཁོར་ལ་ཧཱུཾ་ཡིག་གིས་བཅོམ་ལྡན་འདས་མི་བསྐྱོད་པ་ཨིནྡྲ་ནཱི་ལའི་མདོག་དང་མཚུངས་པ། ནོར་བུ་རིན་པོ་ཆེས་མཚན་པའི་རལ་པའི་ཅོད་པན་ཅན། མ་རུངས་པའི་མཆེ་བ་གཙིགས་པ་ཅན། སྣ་ཚོགས་པའི་གོས་ཀྱིས་བརྒྱན་པ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། ཕྱག་ གཉིས་ཀྱིས་རང་སྣང་བའི་རིག་མ་ལ་འཁྱུད་པ་བསྒོམ་པར་བྱའོ། །སྒྱུ་མའི་བདེ་བའི་སྒྲས་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཀུག་སྟེ། ཞལ་དུ་བཅུག་ལ་ཞུ་ནས་པདྨའི་ནང་དུ་སོང་བའི་བདེ་བ་ཆེན་པོའི་བདག་ཉིད་བསམ་པར་བྱའོ། །དེའི་སྣང་བས་ཡབ་ཡུམ་ཞུ་བར་བལྟས་ལ། དེའི་ པདྨར་ཟླ་བ་བཞིན་སངས་རྒྱས་རྣམས་ཀྱི་སྐུས་གང་བར་བལྟའོ། །དེའི་རྗེས་ལ་ཞི་བ་མ་དང་ཐར་པ་མ་དང་། ཤིན་ཏུ་མཉམ་མ་དང་། མི་མཉམ་མ་ཞེས་བྱ་བའི་ལྷ་མོ་བཞིས་སྒོ་བཞིར་ཟླ་བ་རྣམས་ལ་བཞུགས་ཏེ་ཆོས་ཀྱི་སྐུའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་དེ་ནི་སྤྲོས་པ་མེད་པ་ཐར་པ་ཆེན་ པོའི་བདེ་བའི་ཏིང་ངེ་འཛིན་ལས་བསླང་བར་བྱ་བའི་ཕྱིར་གླུ་བཞིས་བསྐུལ་བ། སུ་ནཱ་ཨི་ཨེ་ཨེ་ཀ་ཨ་དྷརྨྨ་ས་མ། བྷཱ་སནྟི་མོ་ཁ་སུ་ས་མཱ་ཨ་ས་མཱ། མཱ་ཨ་ཏུ་ཀ་སྱ་ཧཾ་བུདྡྷ་ས་མཱ། ཀི་ཏནྟི་སརྦ་ཁ་ས་མཱ་རུ་ལུ་རུ་ལུ་བྷྱོ་རུ་ལུ། མཱ་ཨ་ས་དྷ་བ་ཀ་ཨ་ཛོ་ཨ་ས་མ། བྷ་སནྟི་དུ་ལ་ལ་ར་བ་ དྷརྨྨ་ས། དྷརྨ་ཨ་ཀི་ཊ་ཁ་ས་མཱ་ཎ་ས་མ། ཨ་ས་མཱ་ག་མཾ་ས་ས་ཨུ་བི་ཎ་ས་མཱ། ཛྷོ་དྷརྨྨ་ལོ་ཨ་ཨཱ་ས་ས་མོ། །ཀུ་བནྟི་བཛྲ་ཏི་ཧེ་རུ་ཨ་ས་མཱ། རུ་བཱ་ཏི་ཀ་མ་སུ་ཧ་ཨ་ཀྑ་ཨ་ད། ཛ་ལ་ཧེནྡུ་ཏུལླ་ཏ་ཧི་བཛྲ་ན་ཨུ། བྷ་ཧཱུ་ཛོ་ཨ་པ་ཊ་ཏ་ཧི་བཛྲ་ན་ཨ། བ་ཧཱུ་རུ་ཨ་དྷ་རི་ཏ་ཧི་བཛྲ་ མ་ཨུ། ཕ་ར་ན་ཧི་སཏྭ་ཨ་སྱ་ན་ས་མཱ། ཏ་ཧི་བཛྲ་དེ་ཨི་བ་ར་དྷ་ཨ་ས་མཱ། དེ་ལྟར་ལྷ་མོ་བཞིས་གླུ་བླངས་ནས་རང་གི་ཕྱོགས་ཀྱི་འདབ་མའི་ཞུ་བ་རྣམས་སུ་ཞུགས་ཤིང་ཞུ་བས་རོ་མཉམ་པར་འགྱུར་རོ། །གླུ་མ་རྣམས་ཀྱིས་གསོལ་བ་བཏབ་ པས། ཟླ་བ་ཞུ་བ་དེས་ལྟེ་བ་དང་ཤར་ལ་སོགས་པའི་འདབ་མ་རྣམས་སུ་ཟླ་བའི་གདན་ཅན་ཧཱུཾ་ཡིག་ལྔར་གྱུར་ཏོ། །སྔོན་པོ་དང་དཀར་པོ་དང་། སྔོན་པོ་དང་དམར་པོ་དང་། ལྗང་ཀུ་གོ་རིམས་བཞིན་ཏེ། ལྟེ་བར་ཧཱུཾ་ཡིག་གིས་སྣ་ཚོགས་རྡོ་རྗེ་བསམ་པར་བྱ་ཞིང་། ཤར་ལ་སོགས་པར་ཧཱུཾ་ཡིག་གི་ཁ་དོག་དང་མཚུངས་པའི་རྡོ་རྗེ་རྩེ་ལྔའོ། །ལྟེ་བའི་སྙིང་པོར་འབྱུང་བའི་ས་བོན་གྱི་འོད་ཟེར་རྣམས་སྤྲོས་པས་འགྲོ་བ་རྣམས་ལ་ཕན་པར་བྱས་ཤིང་རྡོ་རྗེ་དེ་རྣམས་ཅི་རིགས་པར་ལྷ་དྲུག་གི་ངོ་བོར་འགྱུར་རོ། །དེ་ལ་སྣ་ཚོགས་རྡོ་རྗེ་དང་ས་བོན་ཡོངས་སུ་ གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨིནྡྲ་ནཱི་ལའི་མདོག་དང་མཚུངས་པ་རལ་པའི་ཅོད་པན་ཅན། ལང་ཚོ་གསར་པ་རྣམ་པ་སྣ་ཚོགས་ན་བཟས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་པོ་དག་གིས་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེས་མཚན་ པའི་དྲིལ་བུ་འཛིན་ཅིང་རང་གསལ་བའི་ལྷ་མོ་སྣང་བ་ལ་འཁྱུད་པས་རྣམ་པར་གནས་པ་དཔའ་ཞིང་སྒེག་པའི་ཉམས་དང་ལྡན་པའོ། །ཤར་གྱི་འདབ་མར་རྡོ་རྗེ་དཀར་པོ་དང་། ས་བོན་ལས་བྱུང་བའི་ཞི་བ་མ་སྐུ་མདོག་དཀར་མོའོ། །ལྷོའི་འདབ་མར་རྡོ་རྗེ་སྔོན་པོ་དང་ས་བོན་ལས་བྱུང་ བའི་ཐར་པ་མ་སྐུ་མདོག་སྔོན་མོའོ། །ནུབ་ཀྱི་འདབ་མར་རྡོ་རྗེ་དམར་པོ་དང་། ས་བོན་ལས་བྱུང་བའི་ཤིན་ཏུ་མཉམ་མ་སྐུ་མདོག་པདྨ་རཱ་ག་ལྟ་བུའོ། །བྱང་གི་འདབ་མར་རྡོ་རྗེ་ལྗང་གུ་དང་ས་བོན་ལས་བྱུང་བའི་མི་མཉམ་མ་སྐུ་མདོག་མརྒད་ལྟ་བུའོ། །དེ་ལྟར་ལྷ་མོ་བཞི་པོ་ ལང་ཚོ་གསར་པ། དཔའ་བ་དང་སྒེག་པའི་ཉམས་ཅན། རིན་པོ་ཆེའི་ཅོད་པན་ཅན་རྣམ་པ་སྣ་ཚོགས་པའི་ན་བཟས་བརྒྱན་པ་དགོད་པ་དང་བཅས་པའི་བཅོམ་ལྡན་འདས་ལ་ཟུར་གྱིས་བལྟ་བ། ཕྱག་གཡས་པ་རྣམས་ཀྱིས་ཁ་དོག་དང་མཚུངས་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་། ཨུཏྤལ་དམར་པོ་དང་པདྨ་དང་། ཨུཏྤལ་སྔོན་པོ་འཛིན་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་རྗེས་ལ་བཅོམ་ལྡན་འདས་དང་ལྷ་མོ་སྣང་བའི་ནུ་མའི་བར་དུ་ཟླ་བ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཟླ་བ་ལ་ཧཱུཾ་ཡིག་སྔོན་ པོ་འོད་ཟེར་གྱི་ཕྲེང་བ་ཅན་བལྟས་ཏེ། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །མགོ་དང་མགྲིན་པ་དང་སྙིང་གའི་ཟླ་བ་རྣམས་ལ་རབ་བསྔགས་དང་། ཨཱཿཡིག་དང་། ཡང་ཧཱུཾ་ཡིག་དཀར་པོ་དང་དམར་པོ་དང་ནག་པོ་རྣམས་བསམས་ལ་སྔགས་ཀྱིས་ བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་བྱའོ། །ལྷ་མོ་བཞི་པོ་རྣམས་ཀྱི་ནུ་མའི་བར་དུ་ཟླ་བ་ལ་གནས་པའི་ཁ་དོག་དང་མཚུངས་པའི་རྡོ་རྗེ་རྩེ་ ལྔ་པ་དང་། ལྟེ་བར་གནས་པ་རྣམས་ལ་རང་གི་ས་བོན་ནོ། །མགོ་བོ་དང་མགྲིན་པ་དང་། སྙིང་གའི་ཟླ་བ་རྣམས་ལ་རབ་བསྔགས་ལ་སོགས་པ་བལྟའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ནམ་མཁའ་དང་མཉམ་པ་སྟེ། རྣམ་པ་ ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་སྐྱེ་བ་མེད་པ་དང་། རང་བཞིན་མེད་པར་ངེས་པར་བྱས་ཤིང་ཚིགས་སུ་བཅད་པས་བྱིན་གྱིས་བརླབ་པར་བྱ་སྟེ། སྐུ་མི་འགྱུར་བ་སྐྱེ་བ་མེད། །གསུང་དང་ཐུགས་ནི་མཚན་ཉིད་མེད། །ནམ་མཁའི་རྡོ་རྗེ་རྟག་པར་འགྱུར། །བརྫུན་པ་བསྡུས་པ་བསྡུས་པའོ། ། ཞེས་བྱའོ། །དེ་ནས་རང་རང་གི་ས་བོན་གྱི་འོད་ཟེར་ཕྱོགས་བཅུར་སོང་བ་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་པ་མདུན་གྱི་བར་སྣང་དུ་གཞག་ལ་རང་གི་སྔགས་བཟླས་པས་ཡོན་ཆབ་དབུལ་ཞིང་ཛཿཧཱུཾ་བཾ་ཧོཿཞེས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང་། གཞུག་ པ་དང་། བཅིང་བ་དང་དགྱེས་པར་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་དེས་ལྷན་ཅིག་རོ་མཉམ་པར་གྱུར་པའོ། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་ཡེ་ཤེས་ཀྱི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ་རྣམས་ཀྱིས་བདག་དང་དཀྱིལ་ འཁོར་བ་རྣམས་ལ་དབང་བསྐུར་བར་མོས་པར་བྱའོ། །ཆུ་རྫོགས་པ་ན་ལྷ་རྣམས་ཀྱི་དབུ་རྒྱན་ལ་རིགས་ཀྱི་དེ་བཞིན་གཤེགས་པ་བལྟའོ། །དེ་ལ་རང་གི་རལ་པའི་ཅོད་པན་གྱི་སྟེང་དུ་བཅོམ་ལྡན་འདས་མི་བསྐྱོད་པ་ཨིནྡྲ་ནཱི་ལ་ལྟ་བུ་ས་ལ་རེག་པའི་ཕྱག་རྒྱས་ བཞུགས་པའོ། །དཔྲལ་བའི་སྟེང་དུ་རྣམ་པར་སྣང་མཛད་ཟླ་བ་ལྟ་བུ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པའོ། །རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་གསེར་གྱི་མདོག་ཅན་མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པའོ། །མགྲིན་པའི་རྒྱབ་ཀྱི་སྟེང་དུ་སྣང་བ་མཐའ་ཡས་པདྨ་རཱ་ག་ ལྟ་བུ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །རྣ་བ་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་མ་ར་ཀ་ཏ་ལྟ་བུ་མི་འཇིགས་པའི་ཕྱག་རྒྱས་བཞུགས་པའོ། །དེ་ལྟར་ལྷ་མོ་སྣང་བའི་ཡང་ངོ་། །ལྷ་མོ་བཞི་པོའི་རིན་པོ་ཆེའི་ཅོད་པན་གྱི་སྟེང་དུ་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་ པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའོ། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་ལྷ་མོ་སྤྲོས་པའི་སྦྱོར་བས་ནམ་མཁའི་ངོས་ཁྱབ་པ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་པར་བྱའོ། །དེ་ནས་གསང་བའི་མཆོད་པ་དང་དཔའ་བོ་ལྔའི་མཆོད་པ་ཆོ་ག་ དང་ལྡན་པས་ཡང་དག་པར་མཆོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཚིགས་སུ་བཅད་པ་གསུམ་གྱིས། ལྷ་མོ་བཞིའི་ཞལ་ནས་བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་ལྔ་ཡི་དབུ་རྒྱན་བསྟེན། ། གང་གི་སྲིད་གསུམ་སྙིང་པོ་སྟེ། །དང་པོ་སངས་རྒྱས་བཅོས་རང་བཞིན། །དེ་ཡི་སྤྱོད་པ་མཁའ་དང་མཉམ། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཡང་། །གང་གི་ཆོས་རྣམས་རང་བཞིན་ཉིད། །རྡོ་རྗེ་སེམས་དཔའ་ལ་རབ་འདུད། །སྲིད་གསུམ་ཆོས་རྣམས་ནུས་པ་ཡི། །རྡོ་རྗེ་སེམས་ ལ་འདུད་བྱེད་པ། །བསོད་ནམས་ཀྱང་ཡིན་མཐའ་ཡས་སོ། །རྡོ་རྗེ་སེམས་དཔའ་ལ་རབ་འདུད། །ཐོབ་བྱའི་ཆོས་ཀྱི་ཆེན་པོ་ཉིད། །དེ་ནས་མཆོག་གི་བདེ་བ་ཡང་དག་པར་གཏད་པས་བདག་དང་དཀྱིལ་འཁོར་ཇི་སྲིད་འདོད་པ་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་ གོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་པས་འགྲོ་བ་རྣམས་དེའི་བདག་ཉིད་དུ་བྱས་ཤིང་སེམས་ཀྱིས་སྣ་ཚོགས་པ་དེ་བསམ་པར་བྱའོ། །ཡང་དེ་རྣམས་བསྡུས་ཏེ་སེམས་གཅིག་གི་རང་བཞིན་དུ་བལྟའོ། །རྒྱུད་འདིར་ཏིང་ངེ་འཛིན་གསུམ་གྱི་ཐ་སྙད་མེད་ཅིང་འདིར་ཏིང་ངེ་ འཛིན་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བ་གཅིག་ཉིད་དོ། །བསྒོམས་པས་སྐྱོ་བར་གྱུར་ན་སྔགས་བཟླས་པར་བྱ་སྟེ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ནང་དུ་སོང་བ་སྙིང་པོའི་སྔགས་ཧཱུཾ་ངམ། ཉེ་བའི་སྙིང་པོའི་སྔགས་ཨ་ནུ་རཱ་ག་སྙིང་པོའམ། གཉིས་ཀའི་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ ངམ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཞེས་བྱ་བའི་ཡི་གེ་བཅུ་བདུན་པའམ་གཞན་ཇི་སྙེད་པའི་སྔགས་དང་རིག་པ་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་མདོར་བསྡུས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་ཐམས་ ཅད་བདོག་པ་ཀུན། །རྡོ་རྗེ་འཛིན་པ་ཆེན་པོའི་གནས། །དགེ་བ་འདི་ཡིས་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །རྫོགས་པའི་བྱང་ཆུབ་གང་སྤྱོད་དང་། །རྫོགས་སངས་རྒྱས་ཀྱིས་གང་ཡིན་པ། །བྱང་ཆུབ་རྡོ་རྗེས་གང་བསྔགས་པའི། །སྤྱོད་པ་དེ་དང་བདག་ལྡན་ ཤོག །དེ་ནས་རང་གི་སྙིང་གའི་འོད་ཟེར་གྱིས་དམ་ཚིག་གི་དཀྱིལ་འཁོར་བཀུག་ལ་དེར་ནུབ་པར་བསྒོམ་པར་བྱའོ། །དེ་ནས་ལངས་པ་ན་བདག་ཉིད་རང་གི་ལྷའི་ང་རྒྱལ་དང་འབྱུང་བ་ཆེན་པོ་བཞི་པ་ཇི་ལྟར་བདེ་བར་གནས་པར་བྱའོ། །འདིའི་བསྒོམ་པ་ནི་ཐུན་མཚམས་དང་ པོའོ། །མཚམས་གཞན་དུ་སྐད་ཅིག་ལ་བདག་ཉིད་རིག་མ་དང་བཅས་པའི་རང་གི་ལྷའི་ངོ་བོར་ཐམས་ཅད་རྫོགས་པར་དམིགས་པར་བྱས་ལ་རང་གི་སྙིང་གའི་སྔགས་ལ་རིམ་པས་ལྷ་མོ་བཞི་ཕྱུང་ལ་གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་ བརླབ་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །དེ་ལྟར་ཐུན་ཐ་མ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་དག་པར་མཆོད་ཅིང་། ཡོན་ཆབ་ཕུལ་ལ་ཨོཾ་བཛྲ་མུཿཞེས་བྱ་བ་འདིས་གཤེགས་སུ་གསོལ་བར་བྱའོ། །བདག་ཉིད་བསྲུང་བ་བྱས་ལ་དམ་ཚིག་གི་དཀྱིལ་འཁོར་རང་གི་ སྔགས་སུ་ནུབ་པར་གྱུར་པར་བསྒོམ་པར་བྱའོ། །གཉིད་ཀྱི་དུས་སུ་སྣང་བ་མེད་པ་མཐའ་ཡས་པའི་ཡེ་ཤེས་སྔོན་དུ་བྱས་ལ་ཉལ་བར་བྱ་ཞིང་ལྷ་མོ་བཞིའི་གླུས་བསྐུལ་བས་གཉིད་ལས་ལངས་པར་བྱའོ། །དེ་ལྟར་ཉི་མ་རེ་རེར་བྱ་བ་ནི་ཇི་སྲིད་དངོས་གྲུབ་ཀྱི་ མཚན་མ་མཐོང་བ་དེ་སྲིད་ཅེས་བྱའོ། །ཐུགས་གཙོར་བྱེད་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་སྟོན་པར་བྱེད་པའི་ལེའུའོ། །ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་འགྲེལ་པ་ནམ་མཁའ་དང་མཉམ་པ་ལས་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །། གསུང་གི་དཀྱིལ་འཁོར་བཤད་པར་བྱ་སྟེ། གསུང་ནི་ཤེས་རབ་ཡིན་ཞིང་ཐུགས་ནི་ཐབས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ནི་གསུང་གི་དཀྱིལ་འཁོར་རོ། །དེ་ཡང་ཤེས་རབ་གཙོར་གྱུར་པ་དེའི་ཕྱིར། ལྷ་མོ་སྣང་བའི་སྐབས་དབྱེ་བ་གསུངས་པ། གཉིས་སྐྱེས་ ཞེས་བྱ་བ་ལ་སོགས་པ་ལ། གཉིས་སྐྱེས་ནི་བྲམ་ཟེའོ། །དེ་རྣམས་དང་གཏུམ་མོ་རང་བཞིན་མཚུངས་ཏེ། རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་དང་། དེ་རྣམས་ཐ་དད་པར་བྱེད་པའི་རྣམ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དཔེ་འདི་སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་ཀྱི་རང་བཞིན་ ཏེ། རང་བཞིན་གསལ་བ་ཙམ་ཉིད་ནི་ནམ་མཁའ་དང་མཉམ་པའོ། །དངོས་པོ་རྣམས་ཀྱི་རང་བཞིན་ནི་དུ་མ་དང་གཅིག་གི་རང་བཞིན་སྣང་བས་གྲུབ་ལ་མི་གསལ་བའི་བདག་ཉིད་ལ་སྣང་བ་མི་རུང་བ་མ་ཡིན་ནམ། དེ་ཇི་ལྟར་གཅིག་པ་ཉིད་དུ་བརྗོད་པར་བྱ་ཞིང་སྣ་ཚོགས་པར་བརྗོད་པར་མི་བྱ་ཞེ་ན། གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་གི་རང་བཞིན་ནི་སེམས་ཙམ་ཉིད་དོ། །དེའི་ཡོད་པར་གནས་པ་ནི། དོན་དམ་པ་ཉིད་ཀྱི་ཕྱིར་རོ། །དུ་མ་ནི་མ་ཡིན་ཏེ། བརྟགས་པའི་ཕྱིར་རོ། །རྡོ་རྗེ་འཛིན་གྱིས་གསུངས་པ། མཚུངས་པའི་རང་བཞིན་ནི་དེར་ཡིན་ནོ། །དཔེ་ གཞན་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱི་དང་བྲམ་ཟེ་གཅིག་པའི་རང་བཞིན་ནོ། །རུས་པ་དང་ཆ་ལུགས་ཀྱི་ལག་གདུབ་དང་། རྣ་རྒྱན་ལ་སོགས་པ་སྒྱུ་མ་སྟེ། ཡང་དག་པ་མ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་གོ་འཕང་ཞེས་བྱ་བ་ནི་རྡོ་རྗེའི་གོ་འཕང་བརྟན་པའི་ངོ་བོ་ སེམས་ཙམ་ཉིད་དོ། །དེར་བྲམ་ཟེ་དང་ཁྱི་ལ་སོགས་པ་བདེན་ཏེ་དོན་དམ་པར་རོ། །ཡང་དེ་ལ་མཚུངས་པའི་རང་བཞིན་གང་གིས་མཐོང་ཞེ་ན། ངས་མཐོང་ཞེས་བྱ་བ་གསུངས་ཏེ། ངས་མཐོང་བའོ། །དཔེ་གཞན་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ནི་ལྷ་མོ་སྣང་བས་ སོ། །དེ་ཞེས་བྱ་བ་ནི་དེའི་གཅིག་པའི་རང་བཞིན་གྱིས་སོ། །སྦྱོར་བའི་རང་བཞིན་ཞེས་བྱ་བ་ནི་སྦྱོར་བ་ནི་ཏིང་ངེ་འཛིན་ཏོ། །དེར་ཞེས་བྱ་བ་ནི་རྣལ་འབྱོར་དེར་རོ། །ཐམས་ཅད་ཁྱོད་ཅེས་བྱ་བ་ནི་ཐམས་ཅད་ཉིད་དོ། །ལྷ་མོ་བཞི་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའི་དངོས་པོས་གཅིག་ གི་རང་བཞིན་ཡིན་ལ། བརྒྱན་པ་ནི་རབ་ཏུ་བསྒོམ་པར་བྱ་བ་དང་ཡང་དག་པར་སྟོན་པར་བྱེད་པའོ། །བསྟན་པ་ནི་སྐུ་ཡིས་ཏེ། སྐུ་གཅིག་གིས་ཞེས་བྱ་བའི་དོན་ཏོ། །མཚུངས་པ་ཞེས་བྱ་བ་ལ་སོགས་པ་ལ། །མཚུངས་པའི་རང་བཞིན་ནི་ཕྱེད་ཞུ་བ་ཉིད་ཀྱི་ཕྱིར་རོ། །གཅིག་ཡིད་ནི་གཅིག་གིས་ སྔགས་སོ། །རྡོ་རྗེ་རྣམ་སྤངས་ནི་རྡོ་རྗེ་སེམས་དཔའ་རྣམ་པར་སྤངས་པའོ། །འགྲོ་བ་གཅིག་ནི་གཅིག་པུ་ཉིད་དོ། །གལ་ཏེ་ཡབ་དང་ཡུམ་དག་གར་སོང་ཞེ་ན། དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཞུ་ཞིང་རིག་པ་དེར་ཞེ་སྡང་དང་དེའི་རང་བཞིན་དག་ནི་མི་བསྐྱོད་པ་དང་རིག་ མའོ། །ཡན་ལག་ཕྱེད་པའི་ཞེས་བྱ་བ་ནི་ལུས་ཕྱེད་ཀྱིའོ། །ཆོས་ནི་རྡོ་རྗེ་སེམས་དཔའི་འོ། །ནུས་པ་ནི་རབ་ཏུ་བསྒོམ་པའོ། །གཞན་ཕྱེད་གང་གིས་ཤེ་ན། རྡོ་རྗེ་བུ་མོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བུ་མོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་བཙུན་མོ་སྟེ། ལྷ་མོ་སྣང་བ་མའོ། །དེར་ ཞེས་བྱ་བ་ནི་ཆོས་རབ་ཏུ་བསྒོམ་པར་རོ། །སྟེར་བར་ནི་རྣལ་འབྱོར་མའོ། །རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །གཅིག་གི་རང་བཞིན་ནི་སྐུ་གཅིག་པ་སྟེ་དེ་ཉིད་དང་ལྡན་པ་རང་སྣང་བ་ཉིད་ཀྱིས་གཡོན་གྱི་ཕྱེད་གང་བའི་ཕྱིར་རོ། །གང་གི་དུས་སུ་འབྱུང་བ་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། རྡོ་རྗེ་ནི་ཆོས་ཞུ་བའིའོ། །སྒྲ་བསྒྲགས་པ་ནི་ལྷ་མོ་བཞིའི་གླུ་འདིས་སོ། །བསྔགས་པ་ནི་བསྟོད་པ་བྱས་པ་ཇི་སྲིད་དེ་སྲིད་དུ་དེའི་རྗེས་ཐོགས་ཉིད་དུའོ། །ཅི་ཆོས་རབ་ཏུ་བསྒོམ་པ་ཞེས་བྱ་བ་ལ་འཇུག་གམ། དེ་ནས་བསྐུལ་བའི་ལྷ་མོ་བཞི་པོ་གར་སོང་ཞེ་ན། ལྷའི་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། ལྷ་ནི་རྡོ་རྗེ་སེམས་དཔའོ། །གཡོན་པའི་ཕྱེད་ནི་ལྷ་མོ་སྣང་བ་མའི་ཆ་ཡིས་གཅིག་གི་རྣམ་པར་མཐོང་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའ་བདག་གིས་བསྒོམ་པར་བྱ་བ་མ་ཡིན་ནམ། འདིར་ཡང་ལྷ་གཞན་ཏེ་བུད་མེད་ཀྱང་མ་ སྐྱེས་པ་ཡང་མ་ཡིན་ནོ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཉིད་དེ་ཡིན་ནོ། །བསྟོད་པ་ནི་བསྒོམ་པར་བྱའོ། །ཚིག་ཚད་མར་བྱེད་པ་ནི་ངའིའོ། །གང་གི་ཕྱིར་ཡང་བཅོམ་ལྡན་འདས་དེ་ཉིད་དོ་ཞེས་བྱ་བར་དགོངས་སོ། །འདི་སྐད་དུ་གསུངས་ པ་ཡིན་ཞེ་ན། བླ་ན་མེད་པ་རྣམ་པ་བདུན་ལ་སོགས་པའི་རིམ་པས་ནམ་མཁའ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ལ། ཨོཾ་ཡིག་གིས་སྟོང་གསུམ་གྱི་ཚད་ཀྱི་སྐུ་བཅོམ་ལྡན་འདས་མ་ཙུན་དཱ་བསམ་པར་བྱའོ། །དེའི་པདྨའི་ལྟེ་བར་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སྐྱེས་ པའི་གཞལ་ཡས་ཁང་བསྒོམ་པར་བྱའོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་མི་བསྐྱོད་པ་རང་སྣང་བའི་རིག་མས་ཡང་དག་པར་འཁྱུད་པར་བསམ་པར་བྱའོ། །སངས་རྒྱས་ཐམས་ཅད་བཅུག་ཅིང་ཞུ་བས་པདྨའི་ནང་དུ་སོང་ ནས་སྣང་བ་དེ་ཉིད་ཀྱིས་ཐབས་དང་ཤེས་རབ་ཞུ་ཞིང་རོ་མཉམ་པར་གྱུར་པར་བལྟའོ། །ལྷ་མོ་བཞིའི་གླུ་བཞིས་བསྐུལ་བས་ཆོས་ཞུ་བ་ཡང་དག་པར་བསྡུས་ཏེ། ཟླ་བའི་དཀྱིལ་འཁོར་ལ་དབུས་སུ་འབྱུང་བ་ཧཱུཾ་ཡིག་དམར་པོ་ལས་སྐྱེས་པ། སྣ་ཚོགས་རྡོ་རྗེ་དང་དེའི་ལྟེ་བར་ས་བོན་བསམ་མོ། ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་གཡས་པའི་ཕྱེད་ཀྱིས་ལྷ་མོ་སྣང་བ་མའི་གཟུགས་འཛིན་པ་པདྨ་རཱ་ག་ལྟ་བུ་གཡོན་གྱི་ཕྱེད་ལ་ནུ་མ་འབུར་བ་དང་། གཡོན་གྱི་དཔྲལ་བར་སྐྲ་འཁྱིལ་པས་བརྒྱན་པ་རལ་པའི་ཐོར་ཚུགས་ཅན་རྣམ་པ་སྣ་ཚོགས་པས་བརྒྱན་པའི་ན་བཟའ་དང་སྒེག་ པའི་ཉམས་དང་ལྡན་པ་བསམ་མོ། །ལྷ་མོ་བཞི་པོ་དེ་ཉིད་ཀྱི་གཡོན་གྱི་ཕྱེད་དུ་ཞུགས་ཤིང་རོ་གཅིག་པར་གྱུར་པར་བསམ་མོ། །ལྷག་མ་རྣམས་སངས་རྒྱས་ལྔའི་དབུ་རྒྱན་ལ་སོགས་པ་ཅི་རིགས་པར་སྔ་མ་བཞིན་ནོ། །གསུང་གི་དཀྱིལ་འཁོར་སྟོན་པར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་ བྱའོ། །ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་འགྲེལ་པ། ནམ་མཁའ་དང་མཉམ་པ་ལས་གསུང་གི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།སྐུའི་དཀྱིལ་འཁོར་བཤད་པར་བྱ་སྟེ། དེ་ལ་ལུས་ཀྱིས་ལུས་རྒྱས་པར་བྱེད་པས་མཆོག་གི་དམ་ཚིག་ནི། གླང་པོ་ཞེས་བྱ་བ་ལ་ སོགས་པས་གསུངས་ཏེ། མཁའ་མཉམ་རང་བཞིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་སོ། །ཡོ་གིས་ཞེས་བྱ་བ་ནི་ཀྱེ་རྣལ་འབྱོར་པས་སོ། །བསྒོམས་སེམས་ལྡན་པ་ནི་རྩེ་གཅིག་པའི་ཡིད་དོ། །རྩེ་གཅིག་ཡིད་ནི་རྡོ་རྗེ་འཛིན་པར་གཅིག་པའི་ཡིད་དེས་འགྲུབ་ པའོ། །གཟུགས་དང་མཚུངས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་རྣམ་པའོ། །ལ་ལ་གཟུགས་དང་མཉམ་པ་ཞེས་ཟེར་ཏེ། དེ་ལ་དོན་ནི་གཟུགས་ཐུན་མོང་པས་ཞེས་བྱའོ། །དེ་ནས་ལྷ་མོ་ཞི་བ་མས་ཚིགས་སུ་བཅད་པ་བཞིས་དེ་བཞིན་ཉིད་གསུངས་ཏེ། དེ་བཞིན་ཉིད་ཀྱི་ རང་བཞིན་ཡིན་པའི་ཕྱིར་རོ། །གྱིས་ཞེས་བྱ་བ་ནི་གྱིས་ཤིག་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུ་སྟེ། ཇི་ལྟར་བཤད་པར་བྱ་བ་བཞིན་དུའོ། །ཆོས་མཉམ་ཞེས་བྱ་བ་ནི་ཆོས་མཚུངས་པའོ། །ཤེས་པ་ཞེས་བྱ་བ་ནི་ཡང་དག་པར་ཏེ། ཡང་དག་པར་ཤེས་པའོ། །མང་པོ་ཡིན་ ཡང་གཅིག་གི་ཚིག་ཏུ་བྱས་པའོ། །དེ་ལྟར་རྣམ་སྤྱད་པ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་སྤྱོད་ཅིང་ངེས་པའོ། །ལྷ་འདི་ཞེས་བྱ་བ་རྡོ་རྗེ་སེམས་དཔའོ། །རྣམ་པར་སྣང་མཛད་ནི་རྟག་པའོ། །ལྷ་མོ་རྣམ་པ་ལྔ་སྟེ། དེ་རྣམས་རང་བཞིན་གཅིག་པའོ། །མི་བསྐྱོད་པ་ཞེས་བརྗོད་པར་བྱ་བ་མ་ཡིན་ ནམ། རྣམ་པར་སྣང་མཛད་ནི་མ་ཡིན་ནོ་ཞེ་ན། མཚུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་མཉམ་པའི་རྣལ་འབྱོར་པས་རོ་གཅིག་པའི་ཆོས་ཀྱི་སྐུ་འགྲུབ་པའོ། །དེ་ལྟ་བས་ན་འདིར་ནི་མ་ཡིན་ཏེ། སེམས་དཔའ་ལས་ནི་མི་བསྐྱོད་པ་ལས་སོ། །བསྒོམ་པ་ནི་སྐྱེ་བའོ། ། འོ་ན་གང་ཡིན་ཞེ་ན། རྣམ་པར་སྣང་མཛད་ལས་ཏེ། རབ་ཏུ་གྲུབ་པའི་ངེས་པའི་ཆས་མཉམ་པ་ཉིད་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་རྣམ་པར་སྣང་མཛད་ལས་སྐྱེས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། སྐུའི་དཀྱིལ་འཁོར་ཉིད་དོ། །མཇུག་བསྡུ་བ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། འདི་རྣམས་གཅིག་གི་རང་བཞིན་དུ་བསམ་པར་བྱའོ། །ཇི་ལྟར་བྱ་ཞེ་ན། སྔ་མ་བཞིན་དེ་ཙུན་དཱའི་པདྨའི་ལྟེ་བར་རྣམ་པར་སྣང་མཛད་ལས་ཏེ། གྱུར་པ་ལས་གཞལ་ཡས་ཁང་གི་དབུས་སུ་པདྨའི་གདན་ལ་རྣམ་པར་སྣང་ མཛད་དང་། དེའི་སྣང་པ་དག་གི་བདེ་བ་ལས་བྱུང་བ་དང་དེ་དག་ཞུ་བའོ། །བཞེངས་པའི་ལྷ་མོ་བཞིས་ཞུ་བའི་རྗེས་ཐོགས་ལ་ཞུ་བ་མཁྲེགས་པའི་དངོས་པོ་ལས་སྐྱེས་པ་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་བསྒོམ་པ་ལས་སོ། །གཅིག་ གི་རང་བཞིན་ནི་ཆོས་ཀྱི་སྐུ་ལས་སོ། །རྡོ་རྗེའི་ཚུལ་ནི་རྡོ་རྗེའི་ཐེག་པ་ལའོ། །དེ་ལྟ་མོད་ཀྱི་རྣལ་འབྱོར་གནས་ཀྱི་དོན་ཅི་ཡིན་ཞེ་ན། ཙུན་དཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ནི་གང་ཆོས་རྣམས་ཐམས་ཅད་ཀྱིའོ། །རང་བཞིན་ནི་ངོ་བོ་སྟེ་སྟོང་པ་ཉིད་ཡིན་ལ། དེ་ནི་ཙུན་དཱའོ། ། དེར་རྡོ་རྗེ་སེམས་དཔའ་ཅི་བྱེད་ཅེ་ན། དེར་ཞེས་གསུངས་ཏེ། རྣལ་འབྱོར་གྱི་གནས་སུའོ། །གཟུགས་ལྡན་གྱི་སྐུ་དང་བཅས་པ་ཡིན་པའོ། །མཐོང་བ་གཅིག་གི་རང་བཞིན་ནི་དངོས་པོ་རྣམས་ཀྱིའོ། །བསྒོམ་ཞེས་བྱ་བ་ནི་སྒོམ་པར་བྱེད་པ་སྟེ། རྣམ་པར་སྣང་མཛད་དང་རྟག་པའོ། ། ལྷ་མོ་རྣམས་ཀྱི་ཞེས་བྱ་བ་ནི་ལྷ་མོ་རྣམས་སོ། །བདེན་པ་ནི་བདེན་པ་རྡོ་རྗེ་ཅན་ནོ། །དེའི་སྐྱེ་བ་ནི་སྐུ་ཡིས་སྐྱེ་ཞིང་སྐུའི་རྟག་པ་ཉིད་དོ། །དེའི་ཕྱིར་དེ་ཉིད་བསྐྱེད་པ་བསྟན་པར་བྱའོ། །ཇི་ལྟར་ཡིན་ཞེ་ན། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཞེས་བྱ་བ་ནི། ཆོས་ཞུ་བ་བསྡུས་པ་ལས་སྐྱེས་པ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའོ། །རྡོ་རྗེ་ནི་རྡོ་རྗེ་འཛིན་པའི་སྔགས་ཀྱི་ས་བོན་ཧཱུཾ་ཡིག་དཀར་པོའོ། །རྡོ་རྗེ་རྣམ་སྒོམ་གཅིག་ཡིད་ཀྱིས། །ཞེས་པ་ནི་སྔགས་དེས་སོ། །རྩེ་གསུམ་ ཞེས་བྱ་བ་ནི། ཕྱོགས་རེ་རེར་རྩེ་གསུམ་སྟེ། རྩེ་མོ་བཅུ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །འབར་བ་ཞེས་བྱ་བ་ནི་འབར་བ་ལས་སོ། །དབུས་གནས་པ་ཞེས་བྱ་བ་ནི་དབུས་སུ་གནས་པར་བྱེད་པའོ། །རྡོ་རྗེའི་རང་བཞིན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྐུའོ། །དེ་ལྟར་བདག་གིས་ཞེས་ བྱ་བ་ནི་དེ་ལྟར་ང་ཡིས་སོ། །རྡོ་རྗེའི་གཞུང་ནི་རྡོ་རྗེ་འཛིན་པས་བསྐྱེད་པའོ། །ཆོས་ཞེས་བྱ་བ་ནི་ཆོས་རྣམས་ཀྱིའོ། །ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། ནམ་མཁའ་དང་མཉམ་པ་ལས་སྐུའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།ཆོས་ཀྱི་སྐུ་ཉིད་ལས་ལྷ་བསྐྱེད་པ་ མ་ཡིན་ནམ་ཅིའི་ཕྱིར་སྔགས་ཀྱིས་ཡིན་ཞེ་ན། དངོས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་མེད་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །དངོས་པོ་ནི་ལུས་སོ། །བསྒོམ་པ་མིན་པ་ནི་བརྗོད་པ་མེད་པའོ། །རྨི་ལམ་ལས་ཀྱང་སད་པར་བྱེད་པ་སྐྱེ་བ་མེད་པ་ཉིད་རྣམ་པར་རྟོག་པ་ ལ་མི་རྒྱུག་པ་དེ་བཞིན་དུ། ཆོས་ཀྱི་སྐུ་ལས་ཀྱང་ལྷ་བསྐྱེད་པ་ནི་སྔགས་དང་བྲལ་བས་མ་ཡིན་ནོ། །ཁྱོད་ཅེས་བྱ་བ་ནི་བུད་མེད་ལ་བོད་པའོ། །བསྒོམ་པར་བྱ་བ་དང་། ངེས་པར་སྤྱད་པར་བྱ་བ་སྟེ། བསྒོམ་བྱ་ནི་སྔགས་སོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་ཏེ། སྔགས་ཞེས་བྱ་བའི་དོན་ཏོ། །ཆོས་ ལ་སྤྱོད་པ་ཞེས་བྱ་བ་ནི། ཆོས་ལ་ངེས་པར་སྤྱོད་པར་བྱེད་པའོ། །སེམས་ལས་ཞེས་བྱ་བ་ནི་སྔགས་ཀྱིས་བར་དུ་ཆོད་པའི་རྣམ་པར་མི་རྟོག་པ་ལས་སོ། །བསྒོམ་པ་ནི་ལུས་སོ། །སེམས་ལས་དངོས་ལ་ཞེས་བྱ་བ་ལ་སོགས་པས་ནི། རིག་པ་གཞན་སྨྲས་པ། སེམས་ལས་ཞེས་བྱ་བ་ནི་སྤྲོས་པ་ མེད་པ་ལས་སོ། །དངོས་ལ་ནི་ལུས་ཀྱིའོ། །གཞུང་ལུགས་མེད་པ་ནི་ཐར་པའོ། །དེ་ནི་ཞེས་བྱ་བ་ནི་རྒྱུ་དེ་ཡིས་སོ། །བསྒོམ་པར་བྱ་བ་ནི་སྔགས་སོ། །མེད་པ་གང་ཡིན་ཞེ་ན། དངོས་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ནི་ལུས་སོ། །དེའི་རང་བཞིན་ནི་སེམས་ཀྱིའོ། །གཞུང་ ལུགས་མིན་པ་ནི་ཐར་པ་དང་འགལ་བའི་ཕྱིར་རོ། །རིག་པ་ཇི་ལྟ་བུ་ཞེ་ན། གང་སེམས་ཀྱི་ནམ་མཁའ་དང་མཉམ་པའི་རང་བཞིན་རྣམ་པར་ཤེས་པ་རྣམས་ཀྱི་གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བ་མེད་ཅིང་ས་བོན་དང་བཅས་པར་ཡོངས་སུ་ཟད་པའི་ཕྱིར་དང་། ཚོགས་བསགས་པའི་ ཤུགས་ཀྱིས་སོ། །གལ་ཏེ་དེ་ཡང་དེ་ཉིད་ལུས་ཅན་དུ་གྱུར་པ་ཡིན་ནམ་ཞེ་ན། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོལ་བར་བྱེད་པའི་སེམས་ཀྱི་ཁྱད་པར་གྱིས་དག་ཅིང་ཕྱིར་མི་ལྡོག་པར་ཟད་པའོ། །གང་ལས་ཞེས་སྔ་མ་བཞིན་ཏེ། སྔ་མ་ཇི་ལྟ་བ་བཞིན་ནོ། །གྲོལ་ བའི་སྔོན་དུ་འཁྲུལ་པ་དང་། འཁྲུལ་པའི་རྒྱུ་མཚན་སྣང་བ་ཡོད་པས་སོ། །དེ་ནས་ཅི་ཡིན་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེའི་ལུས་ལ་སོགས་པའི་ཕྱིར་མི་ལྡོག་པར་ཟད་པ་སྒོམ་པར་བྱེད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་འགལ་ བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སེམས་ཀྱི་རྣམ་པ་རང་བཞིན་དུ་ཡོད་ལ། དེ་ལྟ་བས་ན་སེམས་རྣམ་པར་དག་པ་ཡང་ལུས་ཀྱི་རྣམ་པར་སྐྱེའོ། །འདིར་འགྲུབ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དངོས་མེད་ཅེས་བྱ་བ་ནི་དེ་ཡང་ལུས་མེད་པའོ། །ཚུལ་ནི་དོན་དམ་པའོ། ། མི་འགྲུབ་པ་ནི་ཕྱི་རོལ་དང་སེམས་ཀྱི་བདག་ཉིད་ཀྱི་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ནི་ནམ་མཁའི་རང་བཞིན་ཉིད་དེ་རྣམ་པ་བརྫུན་པ་ཉིད་ཀྱི་ཕྱིར་རོ། །བརྫུན་པར་སྣང་བ་ཡང་འཁྲུལ་པ་ཡིན་གྲོལ་བའི་སེམས་ལ་འཁྲུལ་པ་ ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེའི་ལུས་གང་ཞེ་ན། དེའི་ཕྱིར་ཞུ་བ་ཆོས་ཀྱི་སྐུ་ལས་གཞན་ཉིད་དེའི་རྒྱུ་མཐུན་པར་གྱུར་པ་རྣམ་པར་ཤེས་པ་ལུས་ལ་སོགས་པར་སྣང་བ་སྐྱེས་ཤིང་རང་གི་རྣམ་པ་བརྫུན་པ་ཉིད་ཀྱིས་བདག་ཉིད་ཀྱང་སྒྱུ་མ་ལྟ་བུར་ཡོངས་སུ་གཅོད་པ་ཞེས་བྱ་བར་ དགོངས་སོ། །མཇུག་བསྡུ་བ་ནི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་མི་རྟོག་པ་ལས་རྣམ་པར་རྟོག་པའོ། །དེ་ལྟ་བས་ན་ལུས་ཞེས་བྱ་བ་སྟེ། རིག་པ་འདིས་སོ། །དབུས་ནི་བར་དུའོ། །གོ་འཕང་ནི་ས་བོན་གྱི་སྔགས་ལ་དཔྱོད་པའོ། །དེ་ལྟར་སྔགས་ཀྱིས་བར་ དུ་ཆོད་པའི་སེམས་ལས་རྣམ་པར་རྟོག་པ་སྒོམ་པར་བྱེད་པ་སྟེ་ལུས་སོ། །དེ་ལྟར་ན་རྡོ་རྗེ་སེམས་དཔའ་པ་སྐྱེད་པར་བྱ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྣ་ཚོགས་པའི་རང་བཞིན་ནོ། །སེམས་ཅན་ཐམས་ཅད་ཡོངས་བསྒོམ་བྱ། །བྱས་ནས་ཐར་པའི་རང་བཞིན་ནོ། །ཞེས་ གསུངས་པ་དེ་ཡང་ཐར་པ་སྟེ། སེམས་ཙམ་དུ་རོ་གཅིག་པའོ། །དེ་ཡང་ཇི་ལྟ་བུ་ཞིག་བསྒོམ་པར་བྱ་ཞེ་ན། གསལ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བ་ནི་རང་བཞིན་གྱིས་དག་པས་སོ། །དྲི་མ་མེད་པ་ནི་གློ་བུར་གྱི་དྲི་མ་ཟད་པས་སོ། །ཆུ་དང་ཆོས་མཐུན་པས་ཆུ་ སྟེ། ཤིན་ཏུ་སྦྱངས་པའི་བདེ་བ་ཞུ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་བསྐྱེད་པ་དེར་རོ། །མྱུར་བ་ནི་མྱུར་བར་རོ། །བསྒོམ་ཞེས་བྱ་བ་ནི་བསྒོམ་དེ་སྟེ། དེས་ལུས་བྱས་པའོ། །དེར་ངས་ཞེས་བྱ་བ་ནི་བདག་གི་དེར་རོ། །སྨྲས་པ་གང་ལས་འདས་པ་ནི་བསྟན་ པར་བྱ་བ་མ་ཡིན་པར་བསྟན་པའོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་བསྟན་པ་སྟེ་དངོས་ཞེས་བྱ་བ་ནི་རང་གི་ལུས་སོ། །དེར་ཞེས་བྱ་བ་ནི་དེར་ཡིན་པའོ། །རྡོ་རྗེའི་ཆུ་ནི་ཆང་ངོ་། །དེ་ལྟར་ན་རང་བཞིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་རང་ བཞིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པའོ། །ཆོས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དང་དགེ་འདུན་རྡོ་རྗེ་ཆུའི། །འདི་རྣམས་ཀྱི་ནི་མཚུངས་རང་བཞིན། རྡོ་རྗེའི་ཆུ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཆོས་ཏེ་འཕགས་པའི་ལམ་ཡིན་པའི་ཕྱིར་རོ། །དེ་ཉིད་དགེ་ འདུན་ཏེ། འཕགས་པའི་གང་ཟག་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །ཞག་ལ་སོགས་པ་མཚུངས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཉིད་དོ། །རབ་ཏུ་གསལ་བ་ཙམ་ཉིད་ཀྱི་ཕྱིར་དང་། ཆོས་རྣམས་ཀྱི་རྣམ་པ་བརྫུན་པ་ཉིད་ཀྱི་ཕྱིར་རོ། །ཀྱེ་ལྷ་མོ་བསྒོམ་པར་བྱ་བ་ནི་གོམས་པ་འམ། བསམ་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་ས་ཞེས་བྱ་བ་ལྷག་མའོ། །བཟའ་དང་སྟོན་མོ་མལ་སྟན་ལ་སོགས་དེ་རྣམས་ཐམས་ཅད་ཅེས་བྱ་བ་ལ་འདི་རྣམས་ཐམས་ཅད་ཀྱིའོ། །གང་ཞིག་ཏིང་ངེ་འཛིན་དུ་གསུངས་པ་ནི་ཆོས་ཞུ་བ་ལས་བྱུང་བ་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པའོ། །དེ་ལྟར་རང་ བཞིན་ནམ་གཅིག་གི་རང་བཞིན་གང་ཡིན་པ་སྟེ། བྱང་ཆུབ་ཀྱི་སེམས་སོ། །དེ་བས་ན་བསྐྱེད་པའི་གཟུགས་རྡོ་རྗེ་སེམས་དཔའ་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་རྟོགས་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པས་སོ། །གསུམ་ པ་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའི་རང་བཞིན་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱེད་པ་ནི་བལྟ་བའོ། །དོན་དམ་པ་ཉིད་ཇི་ལྟ་བུ་ཞེ་ན། ཆོས་ཀུན་དངོས་མེད་དེ་ནམ་མཁའ་དང་མཉམ་པའི་ཡེ་ཤེས་སོ། །རང་བཞིན་ནི་རང་གི་ངོ་བོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྣམ་པ་དང་བཅས་པ་ མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །དེས་སྒྱུ་མའི་རང་བཞིན་ཉིད་དུ་གསུངས་ཏེ། དེ་ལྟར་ཡོངས་སུ་གཅོད་པའི་ཕྱིར་རོ། །མཁའ་མཉམ་ཡིན་ཏེ། གཟུགས་བཅས་སྣང་བ་ན་གང་གི་ཕྱིར་ནམ་མཁའ་དང་མཉམ་པ་ ལས་གཟུགས་ཅན་དུ་རབ་ཏུ་སྣང་བའོ། །གཞན་དག་ནི་རྐང་པ་བཞི་པ་མེད་ཅིང་རྐང་པ་གསུམ་པ་ཡིན་ནོ་ཞེས་ཟེར་ཞིང་སྒྱུ་མའི་ཞེས་བྱ་བ་ལ་སོགས་པས་འབྲས་བུ་གསུངས་པ་ཆོས་ཀྱི་རང་བཞིན་དང་སྒྱུ་མའི་རང་བཞིན་དཔྱད་པས་སོ། །རྡོ་རྗེ་ནི་ཆོས་ཀྱི་སྐུའོ། །བྱ་བ་ནི་སྔར་གྱི་ཚོགས་ཀྱིས་ འཇུག་པ་སྟེ། དེ་ངེས་པར་ཐོབ་པའི་ཆེད་དུའོ། །ཕྱིན་ཅི་ལོག་གི་ངེས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་པ་ནི་གཟུགས་ལ་སོགས་པའི་རང་བཞིན་གང་འདོད་པ་དེ་ནི་ཡོད་པའི་རང་བཞིན་ནོ། །དེའི་མེད་པའི་ཚུལ་ནི་ཆོས་ཀྱི་སྐུའོ། །དེས་ན་འདི་སེམས་ཉིད་དུ་འདོད་ན། དེའི་ཡང་ཐུགས་ཀྱི་སྙིང་པོ་འདི་ལ་གནས་ཏེ་རིག་པའོ། །གང་གི་ཕྱིར་སྒྱུ་མ་ལྟ་བུ་ཉིད་རྣམ་པ་བརྫུན་པའི་ཕྱིར་རོ། །སྤྲོ་བ་དང་བསྡུ་བའི་དབང་དུ་བྱས་ཏེ། དེ་ལྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་རི་རབ་ཧཱུཾ་དང་མཉམ་པར་བྱེད་པ་ནི་མཐོ་བ་དང་། རྒྱ་ཆེ་བ་དང་། རབ་ཏུ་ གསལ་བ་རྣམས་ཀྱིས་སོ། །རྒྱ་ཆེ་བ་མ་ཡིན་པ་དང་། མཐོ་བ་མ་ཡིན་པ་དང་། མི་གསལ་བ་ནི་རྣམ་པར་གཡེང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །མུན་པ་མ་ཡིན་པ་ནི་མུན་པ་དང་གཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནས་དེའི་སེམས་བསྐྱེད་པར་བྱ་སྟེ། སངས་རྒྱས་དག་པ་ ཞེས་པ་ནི་སངས་རྒྱས་ཀྱི་དག་པ་ཉིད་འབའ་ཞིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་པས་ཁྱབ་པའི་ཕྱིར་རོ། །དེ་ནས་སེམས་སྐྱོ་བར་གྱུར་ན་དེ་སྔགས་པས་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ནས་རྡོ་རྗེ་འཛིན་པའི་རང་བཞིན་རང་གི་སེམས་དཔྱོད་པར་བྱེད་ པའོ། །བསྡུས་པ་དེར་སྔགས་པས་དྲན་པར་བྱ་ཞིང་བསམ་པར་བྱའོ། །ཕྱིས་རི་རབ་དང་མཉམ་པར་འབར་བ་ནི་སྣང་བ་གོང་བུའི་གཟུགས་ཀྱིས་ཏེ། དེར་སྣང་བ་ནི་ཕུང་པོས་སོ། །རྡོ་རྗེ་སེམས་དཔའི་སྐུའི་ངོ་བོས་དེ་ལ་གཡོ་བ་ནི། དེའི་སྐུ་བྱེ་བ་བརྒྱ་ཕྲག་སྟོང་གིས་གང་བའི་ཕྱིར་རོ། ། ཕྱི་ནས་ཡང་སྤྲོས་ནམ་མཁའི་ངོ་བོ་ནི། །རྡོ་རྗེ་འཛིན་པའི་སྐུ་རྣམས་ཀྱི་རིམ་པས་བསྡུས་པའི་ཕྱིར་རོ། །དེ་ལྟར་སྤྲོ་དང་བསྡུ་བའི་རང་བཞིན་ནོ་ཞེས་བྱ་བ་ནི་མཇུག་བསྡུས་པའོ། །དེ་བཞིན་གཤེགས་པ་བསྡུས་པ་ལས། དེ་བཞིན་གཤེགས་པ་ཉིད་སྤྲོ་བར་རིགས་སོ་ཞེ་ན། འགྲུབ་པ་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་འགྲུབ་པ་ནི་སེམས་དེ་ལའོ། །རོ་མཉམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པས་སོ། །དེ་ལྟ་བས་ན་སྤྲོ་བ་དང་བསྐྱེད་པ་ཡང་རྡོ་རྗེ་འཛིན་པས་སོ། །སྤྲོ་བའི་དུས་བསྟན་པ་ནི་སྔགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟན་པ་ལ་སྤྲོ་བར་བྱ་བ་ནི་རྣལ་འབྱོར་པས་སོ། །མི་བརྟན་ཉིད་ལས་སྤྲོ་བ་མིན། །ཞེས་བྱ་བ་ནི། མི་བརྟན་པ་ལས་འདིས་སྤྲོས་ན། །འབྲས་བུ་མེད་ཅིང་འཁྲུགས་པ་མེད། །འབྲས་བུ་ཐོབ་པ་མེད་ཅིང་འཁྲུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདིར་དངོས་གྲུབ་ཐོབ་པར་སླ་བ་ཞེས་བྱ་ བ་གསལ་བར་བྱ་བའི་ཕྱིར། །ཚིགས་སུ་བཅད་པ་དྲུག་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་བདེན་པ་ནི་སྒྲ་ཇི་ལྟ་བ་བཞིན་དུ་ང་ཡིས་གསུངས་པ་སྟེ། འདིར་ཞེས་བྱ་བ་ལྷག་མའོ། །དངོས་གྲུབ་ནི་རང་བཞིན་གྱི་དངོས་གྲུབ་ཀྱི་ཕྱིར་རོ། །ཐེག་པ་ནི་ བྱང་ཆུབ་ཀྱི་ལམ་མོ། །ངོ་བོར་ལྡན་པ་ནི་དེ་ཁོ་ན་ཉིད་དང་ལྡན་པའོ། །རང་བཞིན་གྱིས་གྲུབ་པ་ནི་འདིར་ཐེག་པ་ཡིན་ན། བདག་གི་སེམས་འདི་དྲི་མ་ཅན་ཡིན་ནོ་ཞེ་ན། སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་སུན་མ་ཕྱུང་མཁའ་མཉམ་པ་ནི་རང་བཞིན་གྱིས་ དག་པའི་ཕྱིར་རོ། །མཉམ་པ་ནི་དེའི་རང་བཞིན་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཡིན་ཞེ་ན། གང་ཞིག་དྲི་མ་ཅིས་ཀྱང་གོས་པ་མེད། །ཅེས་བྱ་བ་གསུངས་ཏེ། དྲི་མ་རྣམས་ཀྱིས་སོ། །དེའི་རང་བཞིན་ནི་གློ་བུར་བ་ཡིན་པའི་ཕྱིར་ནམ་མཁའ་ལ་དུ་བ་དང་། མུན་པ་དང་སྤྲིན་ དང་ཁུག་རྣ་བཞིན་ནོ། །རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པས་ལྷ་རྣམས་ཀྱི་སྟོབས་གསུངས་པ། ཀྱེ་རྣལ་འབྱོར་པས་བཅོམ་ལྡན་འདས་མ་འདི་ཙུན་དཱ་དང་པོའི་རང་བཞིན་ནོ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་མ་བསྒོམས་པས་རྡོ་རྗེ་ཡིར་ནི་འགྱུར་བ་སྟེ། འགྱུར་བ་ནི་འགྱུར་བར་ བྱེད་ཅིང་སྐྱེ་བའོ། །དེ་ནས་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ན། རྡོ་རྗེ་འཛིན་པས་ཅི་ཞིག་བྱེད་ཅེ་ན། ཞལ་ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་རྣམས་ནི་ལྷ་དང་སྟེ། །རྡོ་རྗེ་འཛིན་པ་དང་གཅིག་ཁོ་ནའི་རང་བཞིན་ནོ། །དེའི་ཡང་ འདི་རྣམས་ལྟ་བུར་གྱུར་པའོ། །སངས་རྒྱས་རྣམས་དོན་ཅི་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་སངས་རྒྱས་རྣམས་ཉིད་ཡིན་ཞིང་། གཙོ་བོ་དང་སྙིང་པོ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ནི་རྩ་བ་སྟེ་སངས་རྒྱས་ རྣམས་ཀྱི་སྐུ་གཉིས་སྡུད་པར་བྱེད་པ་དང་། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཆོས་ཀྱི་སྐུའི་དེ་ཉིད་རྩ་བའོ། །དེ་ནི་དེ་ལྟར་རྡོ་རྗེ་འཛིན་པས་སྡུད་པ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་བྱིན་གྱིས་རློབ་པར་བྱེད་ཅེས་བྱ་བ་ནི་ལྷ་རྣམས་ཀྱི་སྟོབས་སོ། །བསམ་པའི་སྟོབས་དང་སྔགས་ཀྱི་སྟོབས་ ནི་ཡིད་ཀྱི་ཕན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱི་ཕན་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བསམ་པའོ། །དེའི་བསྒོམ་པ་ནི་གསུམ་པའི་གཅིག་གི་ཚིག་གི་བསྒོམ་པ་སྟེ། དེ་ཡིས་དངོས་གྲུབ་ངེས་པའོ། །ཧཱུཾ་ཡིག་གིས་ཀྱང་ཕན་པར་བྱ་བའི་དོན་དུའོ། ། དེའི་ཕྱིར་སྐྱིལ་མོ་ཀྲུང་ཐ་དད་པ་མེད་པས་རྒྱུན་མི་འཆད་པར་བདག་ཉིད་རྣལ་འབྱོར་གོམས་པར་བྱ་ཞེས་བསྟན་པའི་ཕྱིར། སྙིང་གར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་བརླན་བ་དང་། བདག་རྐང་པ་ན་བ་ཞེས་བྱ་བ་འདི་བརླ་དང་རྐང་པར་རྣམ་པར་རྟོག་པའོ། །དོན་མེད་ པ་ནི་འབྲས་བུའི་བགེགས་ཡིན་པའི་ཕྱིར་རོ། །ཡང་ན་རྨོངས་པ་སྟེ་མི་ཤེས་པ་རབ་ཏུ་སྐྱེ་བའི་ཕྱིར་རོ། །དེའི་སྙིང་གར་མི་བྱ་སྟེ། །སྙིང་གར་སྦྱོར་བ་བྱེད་པ་མ་ཡིན་ནོ་བགེགས་ཡོད་པ་མ་ཡིན་ནམ་དེ་ལས་གང་དངོས་གྲུབ་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་དང་མེ་དང་གཤིན་རྗེ་དང་། བདེན་བྲལ་ལ་སོགས་པ་ཕྱོགས་བཅུའི་འབྱུང་པོ་འཁོར་དང་བཅས་པ་བགེགས་བྱེད་པ་ནི་འཇིག་རྟེན་གསུམ་མོ། །དེའི་འཁོར་ལོ་ནི་ཚོགས་སོ། །རྡོ་རྗེ་འབར་བ་རྣམས་ཀྱིས་དེ་བསལ་བའོ། །སྙིང་གའི་རྡོ་རྗེ་ལས་བྱུང་བ་སྤྲོས་ཤིང་འབར་བ་རྡོ་རྗེའི་ རྣམ་པའི་འོད་ཟེར་ནི་རྡོ་རྗེའི་འོད་དེ། དེ་རྣམས་ཀྱིས་བསལ་བ་ནི་སེལ་བར་བྱེད་པའོ། །དེ་ལྟ་བས་ན་འདིར་བགེགས་མེད་ཅིང་རབ་ཏུ་སྐྱེ་བ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཁྲོ་བོའི་ལྷའི་རྣལ་འབྱོར་གྱིས་བགེགས་རྣམས་བཅོམ་ཞིང་རྒྱལ་བ་ཡིན་ནམ་ཞེ་ན། སྤྲོ་བྱ་སྟེ་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པས་སྤྲོ་ནམ་མཁའི་དཀྱིལ་དུ་ནི། བྱེ་བ་སྟོང་གི་ཁྲོ་བོའི་ལྷ་རྣམས་སོ། །རྡོ་རྗེ་གཅིག་གི་རང་བཞིན་གྱིས། །ཞེས་བྱ་བ་ལ་རྡོ་རྗེ་འཛིན་པ་དང་། ཐ་མི་དད་པར་མོས་པས་སོ། །ཡང་ན་ཡང་དག་བསྡུ་བར་ངེས་པ་ནི་དེ་རྣམས་རྡོ་རྗེའི་རང་བཞིན་གྱིས་ སོ། །འདིར་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་དོན་གཙོ་བོ་ཡིན་པའི་ཕྱིར་དེ་ཉིད་བསྟན་པར་བྱ་སྟེ། དེ་ལྟ་བས་ན་དེ་ཉིད་མཇུག་བསྡུ་བར་བྱ་བའི་ཕྱིར་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དོ། །དེའི་བྱང་ཆུབ་ཀྱི་ཚུལ་ནི་བྱང་ཆུབ་ ཀྱི་དེ་ཁོ་ན་ཉིད་དེ། དྲི་མ་རྣམས་མེད་པའོ། །དེས་ན་དེ་རྣམས་ཀྱི་ཟད་པ་དང་དེའི་རང་བཞིན་མི་ཟད་པ་ལས་བྱང་ཆུབ་ཐོབ་པར་སླའོ། །བྱང་ཆུབ་ནི་མཐའ་ཡས་པའི་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་ནམ་དེ་ཇི་ལྟར་དེ་ཁོ་ན་ཉིད་ཡིན་ཞེ་ན། བྱང་ཆུབ་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་ཚུལ་གྱི་དེ་ཁོ་ན་ཉིད་སེམས་ཀྱི་རང་བཞིན་ཉིད་དོ། །སེམས་ཀྱི་དེ་བཞིན་ཉིད་དོ། །དེ་ཉིད་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་མ་ཡིན་ཏེ། དེ་རྣམས་དེའི་རྫས་ཡིན་ཞིང་རང་གི་ནི་མ་ ཡིན་ནོ། །གལ་ཏེ་དེ་གཉིས་ཀའི་དེ་བཞིན་ཉིད་དང་དེ་ཁོ་ན་ཡིན་ན་དེ་ཡང་སྟོང་པ་ཉིད་གཉིས་མེད་པའོ། །དུས་ཐམས་ཅད་དུ་གཉིས་པོ་མེད་པའི་ཕྱིར་ཤིན་ཏུ་མེད་པ་ཡིན་ཏེ། རི་བོང་གི་རྭ་བཞིན་ནོ། །དངོས་པོ་ཤིན་ཏུ་མེད་པ་ནི་རང་བཞིན་ཡང་མ་ཡིན་ནོ། །དེ་མངོན་སུམ་དུ་ཡོད་ པ་ཡང་མ་ཡིན་ཏེ། མི་གསལ་བའི་བདག་ཉིད་ཀྱི་ཕྱིར་རོ་ཞེ་ན། གཉིས་ཀའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་ནི་གཉིས་ཀའོ། །དེ་དག་གི་རང་བཞིན་ནི་དེ་བཞིན་ཉིད་དོ། །དེའི་སེམས་ཀྱི་ཚུལ་ནི་དོན་དམ་པ་སྟེ། གཉིས་དང་བྲལ་ བའི་སེམས་ཉིད་དང་། གཉིས་ཀྱིས་སྟོང་པ་ཉིད་དོ། །གལ་ཏེ་དེ་ལྟ་ན་སེམས་ཉིད་སྟོང་པ་ཉིད་ཡིན་ན། སེམས་ནི་དང་པོ་ཉིད་ནས་འཁྲུལ་པའོ། །དེ་ཉིད་དེའི་རང་བཞིན་ཡིན་ན་བྱང་ཆུབ་འཁྲུལ་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ་བག་ཆགས་དང་ བཅས་པའི་འཁྲུལ་པ་ཐམས་ཅད་ཡོངས་སུ་སྤངས་པའི་མཚན་ཉིད་ཀྱི་ཕྱིར་བྱང་ཆུབ་པོ་ཞེས་བྱ་བ་གསུངས་པ། སེམས་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་གློ་བུར་བ་ནི་འཁྲུལ་པའི་རྒྱུ་མཚན་དྲི་མའོ། །རང་བཞིན་སེམས་ནི་མཁའ་དང་མཉམ་པ་སྟེ། རྣམ་པ་མེད་པ་ ཉིད་ཀྱི་ཕྱིར་རེས་འགའ་ནུབ་པ་ཡང་རེས་འགའ་མེད་པ་ཉིད་དུ་ཡོངས་སུ་གཅོད་པའི་ཕྱིར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། རྗེས་ལ་ཐོབ་པའི་སེམས་ཀྱི་གནས་སྐབས་རྣམས་སུ་གོ་རིམས་བཞིན་ནོ། །གང་གི་ཕྱིར་གློ་བུར་གྱི་དྲི་མ་དེ་ཉིད་སྤངས་ན་བྱང་ཆུབ་ཐོབ་པར་ སླ་བའོ། །དེ་ལ་གློ་བུར་གྱི་དྲི་མ་དག་པ་བསྒྲུབ་པར་བྱ་ཞིང་རང་བཞིན་གྱིས་དག་པ་ནི་གྲུབ་པ་ཉིད་དོ། །རྒྱུད་གཞན་རྣམས་དང་། ལེའུ་གཞན་རྣམས་ཀྱི་དོན་ཐུན་མོང་བ་དེ་གསལ་བར་བྱེད་པའི་ལེའུའོ། །དཔལ་དང་ལྡན་པའི་ནམ་མཁའ་མཉམ་པའི་རྒྱུད་ལ་བདག་གི་ཚིག་གིས་ མཆོད་བྱས་པས། །བསོད་ནམས་ཐོབ་པ་ཡོངས་སུ་གྱུར་ལས་སྟོན་ཀའི་ཟླ་བའི་ཟེར་བཞིན་འོད་ཟེར་མཛེས། །སྣ་ཚོགས་དོན་དུ་ནུས་པ་ཡིན་ཏེ་ཡོན་ཏན་འོད་ཟེར་གང་ལ་སྦྱོར་བ་རྣམས། །དེ་ཡིས་མྱུར་བར་རྒྱལ་བ་རྣམས་ཀྱི་ནམ་མཁའ་དང་མཉམ་མི་མཉམ་ཚངས་པར་འགྲོ། །དཔལ་ ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ནམ་མཁའ་དང་མཉམ་པ་ལས་ལེའུ་ལྔ་པའོ།། །།ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཤཱུ་ནྱ་ཏཱ་སཱ་མ་དྷི་དང་། ལོ་ཙཱ་བ་ དགེ་སློང་ཤེས་རབ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སམྦཱ་ར་ནཱ་མ་ཤ་ཏ་ཨཥྚ་ཀཱཾ་སྟོ་ཏྲ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ ལྟར་འབར་བའི་འཇིགས་པའི་སྐུར་ལྡན་པ། །ཁྲོས་པས་འཇིགས་མཛད་མཚོ་སྐྱེས་སྔོན་པོའི་སྐུ་མདོག་བཞིན། །ཉི་མའི་དཀྱིལ་འཁོར་སྟེང་བཞུགས་ཁ་ཊྭཱཾ་ག་དང་ནི། །རྡོ་རྗེ་བསྣམས་ཤིང་ཨོཾ་ཨོཾ་ཡི་གེ་དག་པ་ཡིས། །ཚངས་པ་དང་ནི་ཁྱབ་འཇུག་དྲག་པོའི་ལྷ་དག་གི། ། མགོ་རྣམས་བཅད་མཛད་ནས་ནི་དབུ་ལ་རྣམ་བརྒྱན་པ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཊ་ཊ་ཡི་གེ་འཁོར་ལྡན་པ། །མི་ཡི་སེངྒེ་ཟིལ་མནན་ནས་ནི་འཇིགས་མཛད་པ། །ཐུགས་རྗེ་ཆེན་པོས་སྤྲུལ་པའི་འཁོར་ལོའི་ཚུལ་བསྐྱེད་པ། །ཛཿཧཱུཾ་བཾ་ཧོཿ དཔལ་མོའི་ནུ་མ་རབ་ཏུ་མནན། །བདེ་ བར་གཤེགས་པས་དབུ་གཙུག་ལ་ནི་རྣམ་བརྒྱན་པ། །ལྷ་རྣམས་ཀུན་གྱི་དབུ་གཙུག་ཞབས་ཀྱིས་མནན་མཛད་པ། །ཨ་ལ་ལ་ཡི་སྒྲས་ནི་བགེགས་རྣམས་སྐྲག་མཛད་པ། །ཅང་ཏེའུ་འཁྲོལ་ཞིང་ཁྱབ་འཇུག་དྲག་པོའི་པགས་པ་བསྣམས། །རྡོ་རྗེ་ལྷ་མོ་རྣམས་ཀྱི་འཁོར་ ལོས་སྒྱུར་མཛད་པ། །ཧུ་ལུ་ཧུ་ལུ་ཛི་ཛི་ཏྲཾ་ཏྲཾ་ཛཾ་ཛཾ་སྒྲོགས། །རྒྱུ་མས་བརྒྱུས་པའི་མགོ་པོའི་ཕྲེང་བའི་རྒྱན་ལྡན་པ། །རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་འཇིགས་བྱེད་གླུ་ལེན་པ། ཀྲུཾ་ཀྲུཾ་དང་ནི་ཧུ་ལུ་ཧུ་ལུས་མྱོས་མཛད་པ། །རྡོ་རྗེ་མཁའ་འགྲོ་རྣམ་པར་བརྒྱན་པ་ཡི། །དུར་ཁྲོད་དུ་ནི་ གར་དང་ཧ་ལ་ཧ་ལའི་སྒྲས། །གནོད་སྦྱིན་རྣམས་ནི་རབ་ཏུ་སྐྲག་པར་མཛད་པ་དེས། །རྡོ་རྗེ་མཁའ་འགྲོ་མ་ཡི་གླུས་ནི་རབ་བསྐུལ་བ། །ཤ་དང་ཁྲག་དང་རྒྱུ་མ་ནང་ཁྲོལ་གསོལ་བར་མཛད། །ཧཾ་ཧཾ་ཨ་ཨའི་སྒྲས་ནི་ལྷ་རྣམས་གསལ་མཛད་པ། །ཐོད་པ་ཀླད་པས་བཀང་ནས་གསོལ་ ཕྱིར་ཕྱག་ན་བསྣམས། །ཀ་ཧ་ཀ་ཧའི་བཞད་སྒྲས་འཁོར་བ་འཇིགས་མཛད་པ། །མི་བཟད་དུར་ཁྲོད་རྣམས་ཀྱི་རུས་པའི་རྒྱན་ལྡན་པ། །རྡོ་རྗེ་ཧ་ཧར་བཞད་པས་ཁམས་གསུམ་རྒྱལ་མཛད་པ། །ཧ་ཧ་ཧི་ཧི་ཛ་ཛའི་ཡི་གེས་སྡིགས་མཛུབ་མཛད། །ཧ་ཧ་བཞད་པས་རི་བོ་རྩེ་ནས་ བསྒྱེལ་མཛད་པ། །རྣལ་འབྱོར་མ་དང་དཔའ་རྣམས་ཧྲི་ཧྲི་སྒྲོགས་པས་འབོད། །མི་ཡི་སེང་གེ་རྩེ་གསུམ་གྱིས་འགུགས་སེམས་ཅན་དོན་མཛད་པ། །མཆེ་བ་གཙིགས་པའི་ཞལ་བཞི་སྐུ་མདོག་སྔོན་པོར་ལྡན། །བྲུཾ་བྲུཾ་སྒྲོགས་ཤིང་ཕྱག་རྒྱ་ཆེན་པོར་བསྐྱེད་མཛད་པ། །རྡོ་རྗེ་གློག་ སྟོང་འགྱུ་བའི་ལྗགས་ནི་ཕྱུང་ནས་ཀྱང་། །རྡོ་རྗེ་དྲིལ་བུ་མདའ་དང་གཞུ་ལ་ཀྲཾ་ཀྲཾ་སྒྲོགས། །གཡོན་བརྐྱང་བ་དང་སྦྲུལ་རྣམས་ཀྱིས་ནི་དབུ་བརྒྱན་ཅིང་། །བསྐལ་པ་གྲངས་མེད་སེམས་ཅན་དོན་མཛད་མི་འདོར་བ། །ཧ་ན་ད་ཧ་ཕཊ་ཕཊ་སྒྲོགས་ཤིང་སྐྱོབ་མཛད་ པ། །རྣལ་འབྱོར་སྟོབས་ཀྱིས་རྒྱལ་བའི་མཛད་པ་རྣམས་མཛད་པ། །དངོས་དང་དངོས་མེད་མིན་ཞིང་བསྒོམ་དང་རྡོ་རྗེ་ཅན། །ཙ་ཊ་ཙ་ཊ་གྲཾ་གྲཾ་ཁཾ་ཁཾ་སྒྲོགས་མཛད་པ། །སངས་རྒྱས་སྐུ་གསུང་ཐུགས་ཀྱི་སྤྲོས་པ་སྟོང་པ་ཉིད། །རོལ་པའི་ལྟ་བས་དྲི་མ་མ་ལུས་བྲལ་བ་དང་། །གོ་ལུ་ གོ་ལུ་ཛཾ་ཛཾ་ཡཾ་ཡཾ་སྒྲོགས་པས་ཞི་བ་དང་། །མཁའ་དང་མཉམ་པའི་ཏིང་འཛིན་བཞུགས་པའི་མཐུ་མངའ་བ། །མཾ་མཾ་སྒྲས་ནི་བདེ་བ་ཆེན་པོའི་བདག་ཉིད་ཅན། །ཐུགས་རྗེ་ཆེན་པོས་རྗེས་འབྲེལ་སེམས་ཅན་མི་གཏོང་བའི། །བརྟན་གཡོའི་རང་བཞིན་ཧེ་རུ་ཀ་དཔལ་ཕྱག་འཚལ་ བསྟོད། །མཁའ་འགྲོའི་དམ་ཚིག་ཨཱ་ལི་ཀཱ་ལིའི་སྦྱོར་བ་སྟེ། །རིགས་ལྔའི་བདེ་གཤེགས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ལྷ་དང་དྲང་སྲོང་རྣམས་ནི་ཕྱག་འཚལ་བརྗོད་པ་ཡིས། །ཧེ་རུ་ཀ་དཔལ་གསང་བའི་སྐུ་འཛིན་དེར་ངེས་འགྱུར། །དཔལ་ལྡན་འཁོར་ལོ་སྡོམ་པའི་ མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་གརྦྷ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཚེ་བྱེད་དང་ནི་རི་ཡི་བུ་མོ་གཉིས་ཀ་ཞབས་ཀྱིས་ མནན་དང་ལྷ་གསུམ་དབང་ཕྱུག་ནི། །ཚངས་པ་ལ་སོགས་དབང་ཕྱུག་མཛད་དང་གླང་ཆེན་གོས་དང་སྟག་ལྤགས་སྦྲུལ་དང་རྒྱུ་མ་འཛིན། །ཕྱག་རྒྱ་ལ་འཁྱུད་རྒྱུ་མས་སྤྱི་བོར་མདུད་མཛད་མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་པ་ནི། །ནམ་མཁའ་གསལ་བའི་སྐུ་འདྲ་བདེ་བའི་མཆོག་ ལ་བཏུད་ནས་དེ་ཡི་སྒྲུབ་པ་བྲི་བར་བྱ། །དང་པོ་རེ་ཞིག་མལ་ནས་ལངས་ཏེ། གདོང་པ་དག་པ་ལ་སོགས་པ་བྱ་བ་ཐམས་ཅད་རྣལ་འབྱོར་དབང་པོས་བྱས་ནས། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་འབྱུང་པོའི་ཚོགས་ཀྱིས་འདྲེས་པར་འགྱུར་བ་དང་། གཡོ་བའི་ཀེང་རུས་ དང་ལྡན་པའི་འཇིག་རྟེན་གསུམ་པོ་དུར་ཁྲོད་ཀྱི་དབུས་སུ་འཇམ་པའི་སྟན་ལ་འདུག་སྟེ། ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པ་བྱས་ནས། གནས་དང་བདག་དང་རྣལ་འབྱོར་གྱི་བསྲུང་བ་བརྩམ་པར་བྱའོ། །དུས་གསུམ་དང་ཁམས་གསུམ་གྱི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ། །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །དེ་བཞིན་དུ་མིག་དག་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ ཞེ་སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །དེ་བཞིན་དུ་སའི་ཁམས་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། །མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་མའོ་ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྣམ་པར་དག་པའོ། །དེ་ནས་རྡོ་རྗེའི་ར་བ་བསམ་པར་བྱ་སྟེ། མཛུབ་མོ་གཡོན་པ་བསྒྲེང་བ་སྙིང་གར་བཞག་ནས་སུམྦྷའི་སྔགས་བརྗོད་པར་བྱའོ། །ཨོཾ་སུམྦྷ་ ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཞེས་ཤར་ལ་སོགས་པའི་ཕྱོགས་ལ་དགོད་པར་བྱའོ། །སྟེང་དུ་མདའི་དྲ་བ་དགོད་དོ། །ཡི་གེ་ཧཱུཾ་གིས་སྣ་ཚོགས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པར་བྱ་ སྟེ། དེ་ལྟར་རྡོ་རྗེའི་ར་བ་བསྒོམ་པར་བྱའོ། །མདུན་དུ་ཡཾ་རཾ་གྱི་ས་བོན་ཡོངས་སུ་གྱུར་ནས། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཀཾ་ལས་སྐྱེས་པའི་བི་མུ་མ་ར་ཤུ། གོ་ཀུ་ད་ཧ་ནའི་རྫས་ཀྱིས་ཡོངས་སུ་གང་བ་བསྒོམ་པར་བྱའོ། །ལུགས་ལས་བཟློག་པའི་ཡི་གེ་གསུམ་གྱིས་ སྦྱང་བ་དང་སྤེལ་བ་དང་འབར་བ་བྱ་སྟེ། ཡི་གེ་ཧོ་ཡིས་བདུད་རྩིར་བྱས་ཏེ། སླར་ཡང་རིམ་པ་དེ་ཉིད་ཀྱིས་མངོན་པར་བསྔགས་ནས། ཕྱི་ནས་ལུས་པོ་བྱུག་པར་བྱའོ། །དེ་ནས་གནོད་སེམས་དང་བརྣབ་སེམས་དང་། མི་དགའ་བ་དང་། འདོད་ཆགས་པ་ལ་སོ་སོར་ཕྱོགས་ སུ་གྱུར་པ་ནི་གྲངས་ཇི་ལྟ་བས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ནི་བསྒོམ་པར་བྱ་ཞེས་བྱ་བ་ནི། བདག་དང་གནས་དང་རྣལ་འབྱོར་གྱི་བསྲུང་བའོ། །དེ་ནས་རིན་པོ་ཆེའི་རི་ལ་གནས་པ་རང་གི་གཟུགས་དང་འདྲ་བ་རང་གི་གྲིབ་མ་འདོད་ པའི་ཡོན་ཏན་ཐམས་ཅད་དང་། བདག་ཉིད་ཀྱི་གཟུགས་ཀྱིས་མཆོད་པར་བྱས་ཏེ། ཕྱི་ནང་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་དོན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཧེ་ཞེས་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །ཧ་ཞེས་ནི་སྐྱེས་པ་དང་ཉམས་པ་སྤང་པའོ། ། ཨ་ཞེས་ནི་ཡོངས་སུ་འདོད་པ་རྣམ་པར་གྲོལ་བའོ། །ར་ཞེས་ནི་བདེ་བ་ཐམས་ཅད་དང་ཡང་དག་པར་ལྡན་པའོ། །ཨུ་ཞེས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ནོ། །ཀ་ཞེས་ནི་རྟོག་པ་དང་བྲལ་བའོ། །ཨ་ཞེས་ནི་ཆོས་ཐམས་ཅད་དང་པོ་ནས་མ་སྐྱེས་པ་སྟེ་མིང་གི་ཡི་གེ་དོན་འདི་ཉིད་ དོ། །ཨོཾ་ཧྲཱིཿཧཱུཾ་གི་གཟུགས་ཡོངས་སུ་གྱུར་པ་འགྲོ་བའི་ལུས་དང་ངག་དང་སེམས་ཡོངས་སུ་བཀུག་ནས་རང་གི་ལུས་དང་ངག་དང་སེམས་ལ་ཞུགས་པར་བྱས་ཏེ། རང་གི་སེམས་ཀྱི་གཟུགས་ཀྱིས་ཡོངས་སུ་གྱུར་ནས་ཡི་གེ་གསུམ་པོ་ནི་ནཱ་དའི་རང་བཞིན་སེམས་ཙམ་སྔགས་ཀྱི་ རིམ་པ་ནི་ཐིག་ལེ་དང་ནཱ་དའི་རང་བཞིན་གྱིས་ནམ་མཁའ་ལ་ཞུགས་པར་བྱ་སྟེ། བདག་ཉིད་བརྟན་པ་དང་གཡོ་བའི་བདག་ཉིད་ནམ་མཁའ་དང་འདྲ་བར་བལྟ་བར་བྱའོ། །དེ་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུས་གསུམ་ཅན་ནི་རྟེན་དང་ བརྟེན་པ་རྫོགས་པ་དང་མ་རྫོགས་པའི་སེམས་ཀྱི་ཁམས་ཀྱི་གཟུགས་གཅིག་ཏུ་དཔལ་ལྡན་ཧེ་རུ་ཀའི་འཁོར་ལོ་བསྒོམ་པར་བྱ་སྟེ། དེ་ལ་རིམ་པ་འདི་ཡིན་ནོ། །ནམ་མཁའི་ཁམས་ལ་ཕྱོགས་ཀྱི་ཡུམ་རྣམ་པ་གཅིག་གི་རང་བཞིན་མ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ཆེན་པོ་ བསྒོམ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ཧཾ་ཡོངས་སུ་གྱུར་པའི་ནམ་མཁའི་དཀྱིལ་འཁོར་ཏེ། ནང་དུ་ནི་སྤྱི་གཙུག་གི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་དེའི་སྟེང་ན་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡིན་ལ་ནང་དུ་ནི་དཔྲལ་བའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་རཾ་ཡོངས་ སུ་གྱུར་པའི་མེའི་དཀྱིལ་འཁོར་ཡིན་ལ། ནང་དུ་ནི་མགྲིན་པའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པའི་ཆུའི་དཀྱིལ་འཁོར་ཡིན་ལ། ནང་དུ་ནི་སྙིང་གའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་ལཾ་ཡོངས་སུ་གྱུར་པའི་སའི་དཀྱིལ་འཁོར་ཡིན་ལ་ནང་དུ་ནི་ལྟེ་བའི་པདྨའི་ ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལྷུན་པོ་བཟང་པོ་ཡིན་ལ་ནང་དུ་ནི་གསང་བའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་ཏཾ་ཡོངས་སུ་གྱུར་པ་རིན་པོ་ཆེའི་རི་བོ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་བདག་ཉིད་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་ནམ་མཁའ་ ལ་སྣ་ཚོགས་པདྨ་ཡིན་ལ། ནང་དུ་ནི་རྡོ་རྗེ་ནོར་བུར་ལྟེ་བ་དང་བཅས་པའི་རྩ་བརྒྱད་དོ། །ཕྱི་རོལ་དུ་ནི་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཡིན་ལ། ནང་དུ་ནི་དུས་ཀྱི་མེའོ། །ཕྱི་རོལ་དུ་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དཀའ་ཟློག་དང་། དབང་ཕྱུག་ཆེན་པོ་ཡིན་ལ། ནང་དུ་ནི་ཁུ་བ་ དང་རྡུལ་ཏེ། དེ་ལྟར་བཅོམ་ལྡན་འདས་ཧེ་རུ་ཀའི་གདན་བསྒོམ་པར་བྱས་ནས། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་གདན་བསྒོམ་པར་བྱའོ། །དེ་ནས་སྣ་ཚོགས་པདྨའི་ཤར་གྱི་འདབ་མའི་བདག་གི་གདན་ལ་ཨཱ་ཡོངས་སུ་གྱུར་པའི་ཡི་དགས་ཡིན་ལ། ནང་དུ་ནི་ལྟེ་བའི་པདྨའི་དཀྱིལ་ འཁོར་འབབ་པའི་རྩ་དྲུག་ཅུ་དང་། ཐུན་མཚམས་ཀྱི་རྩ་བཞིའོ། །དེ་རྣམས་ལ་ཤར་གྱི་རྩའི་སྲོག་རླུང་འགོག་པའོ། །དེ་ལྟར་ལྷོའི་འདབ་མའི་གཞན་གྱི་གདན་ལས་ཡོངས་སུ་གྱུར་པའི་ཡི་དགས་ཡིན་ལ། ནང་དུ་ནི་ལྷོའི་རྩའི་སྲོག་འགོག་པའོ། །ནུབ་ཀྱི་སྔགས་ཀྱི་གདན་ལ་ཡི་གེ་ མ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩ་བའི་སྲོག་འགོག་པའོ། །བྱང་གི་དེ་ཁོ་ན་ཉིད་ཀྱི་གདན་ལ། ཡི་གེ་ཏ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པའོ། །མཚམས་ལ་ཨ་ཨཱ་ཨཾ་ཨཿཞེས་ནི་ས་བོན་རྣམས་ཀྱིས་དྲི་ཆེན་ དང་དྲི་ཆུ་དང་། ཁྲག་དང་། ཤའི་ཐོད་པ་རྣམས་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་འཁོར་ལོའི་གདན་གྱི་ངེས་པའོ། །དེ་ནས་ས་འོག་གི་མེ་དང་རླུང་གི་དཀྱིལ་འཁོར་གྱི་ནང་དུ་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་སྡུག་བསྔལ་མི་བཟད་པའི་དམྱལ་བ་ཆེན་པོའི་དུར་ཁྲོད་བརྒྱད་དེ། ཤར་ཕྱོགས་ ཀྱི་དུར་ཁྲོད་མདུང་གིས་ཕུག་པ་ལ་ཡི་གེ་ཤུ་ཡོངས་སུ་གྱུར་པའི་ཡི་དགས་ཡིན་ལ། ནང་དུ་ནི་ཁའི་རྩའི་སྲོག་འགོག་པའོ། །ལྷོའི་དུར་ཁྲོད་རོ་བསྲེགས་པ་ལ་ཤ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་སྣ་བུག་གཡས་པའི་རྩའི་སྲོག་འགོག་པའོ། །ནུབ་ ཀྱི་དུར་ཁྲོད་རྣག་གི་དྲིལ་བུ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་བཤང་བའི་རྩའི་སྲོག་འགོག་པའོ། །བྱང་གི་དུར་ཁྲོད་རུལ་བའི་དྲི་ལ་ཡི་གེ་ཀླི་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་སྣ་བུག་གཡོན་པའི་རྩའི་སྲོག་འགོག་པའོ། །དབང་ལྡན་དུ་བྱིས་པའི་རོ་ལ་ཡི་གེ་ བ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རྣ་བ་གཡོན་པའི་རྩའི་སྲོག་འགོག་པའོ། །རླུང་གི་སྦྲུལ་གྱི་མཆེ་བས་བཏབ་པ་ལ། ཡི་གེ་ས་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་རྣ་བ་གཡས་པའི་རྩའི་སྲོག་འགོག་པའོ། །བདེན་བྲལ་གྱི་མི་བཟད་པའི་གཡུལ་དུ་ཡི་གེ་གྷོ་ལས་ སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མིག་གཡས་པའི་རྩའི་སྲོག་འགོག་པའོ། །མེའི་དུར་ཁྲོད་ལྷག་མ་ལ་ཡི་གེ་ཨུ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མིག་གཡོན་པའི་རྩའི་སྲོག་འགོག་པའོ། །ཞེས་ནི་ཁྱི་གདོང་མ་ལ་སོགས་པའི་དུར་ཁྲོད་བརྒྱད་ཀྱི་གདན་རྣམས་སོ། ད་ནི་ཐུགས་ ཀྱི་འཁོར་ལོའི་གདན་བརྒྱད་དེ། དེར་ནམ་མཁའི་ཐུགས་ཀྱི་འཁོར་ལོའི་ལྷུན་པོའི་ཕྱོགས་བརྒྱད་ལ་ཤར་གྱི་རྩིབས་པུལླཱི་རར་ཡི་གེ་པུ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་སྙིང་གའི་ཆོས་ཀྱི་འཁོར་ལོའི་ཤར་གྱི་རྩའི་སྲོག་འགོག་པ་སྟེ། ལུས་ཀྱི་དཀྱིལ་འཁོར་གྱི་སྤྱི་བོར་ དགོད་པར་བྱའོ། །ལྷོ་རུ་ཛཱ་ལནྡྷ་རར་ཡི་གེ་ཛཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རྩ་གཡས་པའི་སྲོག་འགོག་པ་སྟེ། སྤྱི་གཙུག་ཏུ་ཛཱ་འགོད་པའོ། །ནུབ་ཀྱི་ཨུ་ཌྱན་དུ་ཡི་གེ་ཨུ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པ་སྟེ། རྣ་བ་གཡས་པའི་ སྟང་དུ་ཡི་གེ་ཨོ་དགོད་པའོ། །བྱང་གི་ཨརྦུ་དར་ཡི་གེ་ཨ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པའི་ལྟག་པར་ཡི་གེ་ཨ་དགོད་པའོ། །ཞེས་པ་ནི་གདན་གྱི་ས་བོན་དགོད་པའོ། །དབང་ལྡན་གྱི་རྩིབས་ཀྱི་གོ་དཱ་ཝ་རཱིར་གོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་དབང་ལྡན་གྱི་རྩའི་སྲོག་འགོག་པ་སྟེ། རྣ་བ་གཡོན་པའི་སྟེང་དུ་ཡི་གེ་གོ་དགོད་པའོ། །རླུང་གི་རྩིབས་ཀྱི་རཱ་མེ་ཤྭ་རིར་རཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རླུང་གི་རྩའི་སྲོག་འགོག་པ་སྟེ། སྨིན་མའི་དབུས་སུ་ཡི་གེ་རཱ་དགོད་པའོ། །བདེན་བྲལ་གྱི་དེ་བཱི་ཀོ་ཊར་ཡི་ གེ་དེ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བདེན་བྲལ་གྱི་རྩའི་སྲོག་འགོག་པ་སྟེ། མིག་གཉིས་ལ་དེ་དགོད་པའོ། །མེའི་མཱ་ལ་བར་ཡི་གེ་མཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ཆོས་ཀྱི་འཁོར་ལོའི་མེའི་རྩའི་སྲོག་འགོག་པ་སྟེ། དཔུང་པ་གཉིས་ཀྱི་རྩ་བར་ཡི་གེ་མཱ་དགོད་པའོ། ། ཞེས་པ་ནི་ཆོས་ཀྱི་འཁོར་ལོ་ཉེ་བའི་གདན་གྱི་ངེས་པའོ། །སའི་དཀྱིལ་འཁོར་གྱི་ལྷུན་པོའི་ཕྱོགས་བརྒྱད་ཀྱི་གསུང་གི་དཀྱིལ་འཁོར་གྱི་ཤར་གྱི་རྩིབས་ཀྱི་ཀཱ་མ་རཱུར་ཡི་གེ་ཀཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་ཕྱི་རོལ་གྱི་ཟླུམ་པའི་རྩ་སུམ་ཅུ་ རྩ་གཉིས་ཏེ། ནང་གི་ཟླུམ་པའི་རྩ་བརྒྱད་དོ། །དེ་ལས་ཤར་གྱི་རྩའི་སྲོག་འགོག་པ་སྟེ། མཆན་ཁུང་གཉིས་ལ་ཡི་གེ་ཀཱ་དགོད་པའོ། །ལྷོའི་ཨོ་ཏྲེར་ཡི་གེ་ཀོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་གཡས་ཀྱི་རྩའི་སྲོག་འགོག་པ་སྟེ། ནུ་མ་གཉིས་ལ་ཡི་གེ་ཨོ་དགོད་པའོ། ནུབ་ཀྱི་ཏྲི་ཤ་ཀུ་ནེར་ཡི་གེ་ཏྲི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པ་སྟེ། ལྟེ་བར་ཡི་གེ་ཏྲི་དགོད་པའོ། །བྱང་གི་ཀོ་ས་ལར་ཡི་གེ་ཀོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པ་སྟེ། སྣའི་རྩེ་མོར་ཡི་གེ་ཀོ་དགོད་པའོ། །ཞེས་ནི་ གསུང་གི་དཀྱིལ་འཁོར་ཀྱི་ཞིང་དང་། ཉེ་བའི་ཞིང་གི་གདན་གྱི་ངེས་པའོ། །དེ་ནས་དབང་ལྡན་གྱི་ཀ་ལིང་ཀར་ཡི་གེ་ཀ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མགྲིན་པ་གསུང་གི་འཁོར་ལོའི་དབང་ལྡན་གྱི་རྩའི་སྲོག་འགོག་པ་སྟེ། ཁར་ཀ་དགོད་པའོ། །རླུང་གི་ལམྦཱ་ཀ་ར་ཡི་གེ་ ལཾ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རླུང་གི་རྩའི་སྲོག་འགོག་པའོ། །མགྲིན་པར་ཡི་གེ་ལཾ་དགོད་པ་སྟེ། བདེན་བྲལ་གྱི་ཀཱཉྩིར་ཡི་གེ་ཀཱཾ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བདེན་བྲལ་གྱི་རྩའི་སྲོག་འགོག་པ་སྟེ། སྙིང་ཤར་ཀཱཾ་དགོད་པའོ། །མེའི་ཧི་མཱ་ལ་ཡར་ ཡི་གེ་ཧི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མེའི་རྩའི་སྲོག་འགོག་པ་སྟེ། ཆུ་སོར་ཧི་དགོད་པའོ། །ཞེས་ནི་གསུང་གི་འཁོར་ལོ་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་འདུན་སའི་དང་ཉེ་བའི་འདུན་སའི་གདན་གྱི་ངེས་པའོ། །དེ་ནས་ས་འོག་རྒྱ་མཚོའི་དཀྱིལ་ འཁོར་གྱི་ལྷུན་པོའི་ཕྱོགས་བརྒྱད་ཀྱི་སྐུའི་འཁོར་ལོའི་ཤར་གྱི་རྩིབས་ཀྱི་པྲེ་ཏ་པུ་རིར་ཡི་གེ་པྲེ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་དཔྲལ་བར་ལྷན་ཅིག་སྐྱེས་པའི་འཁོར་ལོའི་ཕྱི་རོལ་གྱི་ཟླུམ་པོའི་རྩ་བཅུ་དྲུག་སྟེ། ནང་གི་ཟླུམ་པོའི་རྩ་བརྒྱད་དོ། །དེ་ལས་ཤར་གྱི་རྩའི་སྲོག་འགོག་པ་ སྟེ། མཚན་མར་པྲེ་དགོད་པའོ། །ལྷོའི་གྲྀ་ཧ་དེ་བར་ཡི་གེ་གྲྀ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རྩ་གཡས་པའི་སྲོག་འགོག་པ་སྟེ། བཤང་བའི་ལམ་དུ་ཡི་གེ་གྲྀ་དགོད་པའོ། །ནུབ་ཀྱི་སཽ་རཱཥྚ་ར་ཡི་གེ་སཽ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པ་སྟེ། བརླ་གཉིས་ལ་སཽ་དགོད་པའོ། །བྱང་གི་སུ་ཝརྞ་དྭཱི་བར་ཡི་གེ་སུ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པ་སྟེ། བྱིན་པ་གཉིས་ལ་སུ་དགོད་པའོ་ཞེས་ནི་སྐུའི་འཁོར་ལོའི་འདུས་པ་དང་། ཉེ་བའི་འདུས་པའི་གདན་གྱི་ངེས་པའོ། །དེ་ནས་ཕྱི་རོལ་དུ་དབང་ ལྡན་གྱི་རྩིབས་ཀྱི་ན་ག་རར་ཡི་གེ་ན་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་དབང་ལྡན་གྱི་རྩའི་སྲོག་འགོག་པ་སྟེ། རྐང་པའི་སོར་མོ་རྣམས་ལ་ཡི་གེ་ན་དགོད་པའོ། །རླུང་གི་སིན་དྷུའི་ཡུལ་དུ་ཡི་གེ་སི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རླུང་གི་རྩའི་སྲོག་འགོག་པ་སྟེ། རྐང་ པའི་བོལ་ལ་སི་དགོད་པའོ། །བདེན་བྲལ་གྱི་མ་རུར་ཡི་གེ་མ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བདེན་བྲལ་གྱི་རྩའི་སྲོག་འགོག་པ་སྟེ། རྐང་པའི་མཐེ་བོང་གཉིས་ལ་མ་དགོད་པའོ། །མེའི་མཚམས་ཀྱི་ཀུ་ལུ་ཏཱར་ཡི་གེ་ཀུ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མེའི་མཚམས་ཀྱི་ རྩའི་སྲོག་འགོག་པ་སྟེ། པུས་མོ་གཉིས་ལ་ཡི་གེ་ཀུ་དགོད་པའོ་ཞེས་ནི་སྐུའི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོའི་དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་ཀྱི་གདན་གྱི་ངེས་པའོ། །རོའི་གདན་རྫོགས་པར་བྱེད་པའི་ས་བོན་གྱི་ཡི་གེ་འདི་རྣམས་ཀུན་ནི་རྣལ་འབྱོར་པས་རྩའི་ གདན་གྱི་ཉི་མའི་དཀྱིལ་འཁོར་རྣམས་འབྱུང་བར་བསྒོམ་པར་བྱའོ། །དེ་ནས་ཨུ་མ་དང་དབང་ཕྱུག་ཆེན་པོའི་སྟེང་དུ་ཆའི་ཟླ་བས་སྒྲ་གཅན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲོས་པའོ། །དེར་ཡེ་ཤེས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རོའི་སྟེང་དུ་ཉི་མའི་གདན་བཞིའོ། །དུར་ཁྲོད་ཀྱི་ ཕྱོགས་མཚམས་ལ་ཉི་མའི་གདན་བརྒྱད་དོ། །ཐུགས་དང་གསུང་དང་སྐུའི་འཁོར་ལོའི་ཕྱོགས་དང་། མཚམས་ཀྱི་རོ་རྣམས་ཀྱི་སྟེང་དུ་ཟླ་བའི་གདན་ཉི་ཤུ་རྩ་བཞི་བསྒོམ་པར་བྱའོ། །དེ་ནས་ནམ་མཁའ་ལས་ཐིག་ལེ་དང་། ནཱ་ད་བཀུག་ནས་སྙིང་པོ་ཡེ་ཤེས་ཀྱི་འཁོར་ལོའི་པདྨའི་ལྟེ་ བའི་སྟེང་དུ་ཡེ་ཤེས་ལྔའི་བདག་ཉིད་ཡི་གེ་ཧཱུཾ་གི་ས་བོན་གྱི་ཚོགས་སྤྲོ་བར་བྱའོ། །ཡེ་ཤེས་ཀྱི་པདྨའི་ཤར་ལ་སོགས་པའི་ཕྱོགས་ལ་ཀཱ་ཀཱ་ཀཾ་ཀཿདུར་ཁྲོད་ཀྱི་ཕྱོགས་ལ་ཡོན་ཏན་གྱི་དབྱེ་བས་ནི། ཀ་ཀཱ་ཀཾ་ཀཿབྱ་བའོ། །མཚམས་རྣམས་ལ་ཧ་ཧཱ་ཧཾ་ཧཿཞེས་བྱའོ། །སྟོང་པའི་ཆོས་ ལས་བཞེངས་ནས་ཡེ་ཤེས་ཀྱི་འཁོར་ལོ་དང་། དུར་ཁྲོད་བརྒྱད་ནི་བཅུ་གཉིས་ཀྱི་བདག་ཉིད་དུ་འགྱུར་རོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་རྣམས་ལ། ཀེ་ཀེ་ཀོ་ཀླེ་ཞེས་བྱའོ། །མཚམས་རྣམས་ལ་ཀི་ཀྲྀ་ཀུ་ཀླྀ་ཞེས་བྱའོ། །གསུང་གི་འཁོར་ལོའི་ཕྱོགས་རྣམས་ལ་ཡོན་ཏན་གྱི་དབྱེ་ བས་ཀེ་ཀར་ཀོ་ཀལ་ཞེས་བྱའོ། །མཚམས་རྣམས་ལ་ཀེ་ཀཱར་ཀོ་ཀཱ་ལ་ཞེས་བྱའོ། །སྐུའི་འཁོར་ལོའི་ཕྱོགས་རྣམས་ལ་ཡཎ་ཨ་འདི་ཤས་ནི་ཀྱ་ཀྲ་ཀླ་ཀྭ་ཞེས་བྱའོ། །རླུང་དང་མེ་དང་ཆུ་དང་སའི་ཆོས་ཀྱིས་བཞེངས་ནས་སྙིང་རྗེ་ཆེན་པོའི་རང་བཞིན་འཁོར་ལོ་གསུམ་གྱི་གསལ་བྱེད་ ནི། ཉི་ཤུ་རྩ་བཞིའི་བདག་ཉིད་དུ་འགྱུར་རོ། །ཡང་ན་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་རང་གི་མིང་གི་ཡི་གེས་བསྐྱེད་པའོ། །དེ་ནས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་པ། ཡི་གེ་ཧཱུཾ་མགོན་པོ་དང་བཅས་པ་རྡོ་རྗེ་སེམས་དཔའི་རང་བཞིན་འོད་ཟེར་གྱི་ཚོགས་སྤྲོས་པས་མ་ ལུས་པའི་ནམ་མཁའི་ཁམས་རྫོགས་པར་བྱེད་པའོ། །དེའི་འོད་ཟེར་རྣམས་ཀྱིས་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་བཀུག་ནས་དེ་ལ་ཞུགས་པར་བྱས་ཏེ། ཡོངས་སུ་གྱུར་ནས་བདག་ཉིད་ནི་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཁ་དོག་ སྔོན་པོ་ཞལ་བཞི་པ་སྤྱན་གསུམ་པའོ། །ཕྱག་བཅུ་གཉིས་པ། དྲག་པོ་དང་དཀར་མོའི་སྟེང་དུ་གཡས་བརྐྱང་བར་བཞུགས་པ་དབུ་སྐྲ་སེར་སྐྱ་སྟེང་དུ་འབར་བ། ཕྱག་རྒྱ་ལྔས་སྐུ་རྣམ་པར་བརྒྱན་པ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། སྐུ་ལ་ཐལ་བས་བྱུགས་པ། མགོ་བོའི་ཕྲེང་བས་མཛེས་པ། སྦྲུལ་གྱི་ཚངས་སྐུད་དང་ལྡན་པ། རྡོ་རྗེ་ཕག་མོས་སྐུ་ལ་འཁྱུད་པའོ། །འཁྱུད་པའི་ཕྱག་གཉིས་ཀྱི་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པ། གཡས་པའི་ཕྱག་རྣམས་ལ་ ཌ་མ་རུ་དང་། དགྲ་སྟ་དང་། གྲི་གུག་དང་། རྩེ་གསུམ་འཛིན་པའོ། །གཡོན་པ་རྣམས་ཁ་ཊྭཱཾ་ག་དང་། ཐོད་པ་དང་རྡོ་རྗེ་ཞགས་པ་དང་། ཚངས་པའི་མགོ་བོ་འཛིན་པའོ། །རྩ་བའི་ཞལ་ནི་ནག་པོའོ། །གཡས་པ་ནི་པདྨ་རཱ་ག་དང་འདྲ་བའོ། །ནུབ་ཏུ་ནི་གསེར་ཞུན་མ་ལྟ་བུའོ། །གཡོན་ པ་ནི་ཁ་བ་དང་། ཀུནྡ་དང་ཟླ་བ་དང་འདྲ་བའོ། །ཤིན་ཏུ་འཇིགས་པའི་ཞལ་གྱི་མཆེ་བ་གཙིགས་པ། སྤྱི་བོ་ཟླ་བ་ཕྱེད་དང་ལྡན་པ་སྣ་ཚོགས་རྡོ་རྗེས་ཅོད་པན་མནན་པ་བལྟ་བར་བྱའོ། །རྡོ་རྗེ་ཕག་མོ་ནི་ཁ་དོག་དམར་པོའམ། བཅོམ་ལྡན་འདས་ཀྱི་ཁ་དོག་དང་མཚུངས་པ་ ཕྱག་གཉིས་པ། ཞལ་གཅིག་པ་གྲི་གུག་དང་ཐོད་པ་འཛིན་པ། ཞལ་གདངས་པ། ཞལ་གྱི་མཆེ་བ་གཙིགས་པ་དང་། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྒེག་པའི་རོ་དང་ཡང་དག་ལྡན། །ཁྲག་གི་རོ་ཡིས་བརྒྱལ་ཉིད་དོ། །དེ་ལྟར་བདག་ཉིད་ནི་ཡེ་ཤེས་ ཀྱི་པདྨའི་ལྟེ་བ་ལ་གདན་ཐམས་ཅད་ཀྱིས་རྫོགས་པ་ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་རྣལ་འབྱོར་པས་བལྟ་བར་བྱ་སྟེ། ནང་དུ་ན་ལྷན་ཅིག་སྐྱེས་པའི་དགའ་བའོ། །རྡོ་རྗེ་ཕག་མོ་ནི་དེའི་འོད་ཟེར་གྱི་འོད་ཐམས་ཅད་མཁྱེན་པ་ཉིད་དུ་སྟེ། ཟླ་བའི་མཚན་མ་དང་འདྲ་བར་དབྱེར་ མེད་པའི་ཆོས་ཅན་མའོ། །ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཅོམ་ལྡན་འདས་ཧེ་རུ་ཀར་བརྗོད་དོ། །འདིར་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཡེ་ཤེས་ཀྱི་ཞལ་བཞི་པའོ། །དེ་ལྟར་བཅོམ་ལྡན་འདས་ ཞལ་བཞི་པ་སྟེ། སྐུ་དང་གསུང་དང་ཐུགས་དང་། ཡེ་ཤེས་ཀྱི་ཞལ་གྱི་བདག་ཉིད་ཞལ་བཞི་པའོ། །ཞལ་བཞི་པོ་དེ་རྣམས་ཀྱི་རང་བཞིན་གྱིས་བྱང་དང་ལྷོ་དང་། ཤར་དང་གཞན་ནི་འཁོར་ལོའི་རྩིབས་ལ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་ཡང་དག་པར་གནས་སོ། །ཕྱི་ རོལ་གྱི་རི་རབ་ཀྱི་སྟེང་སྣ་ཚོགས་པདྨའི་ལྟེ་བ་ལ་རིགས་ལྡན་མ་རྡོ་རྗེ་ཕག་མོ་སྟེ། ནང་དུ་ནི་གསང་བའི་པདྨའི་རྩ་བའི་གདན་ལའོ། །ཕྱི་རོལ་དུ་ལུས་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་པདྨའི་ཤར་གྱི་འདབ་མ་ལ་ཁ་དོག་སྔོན་པོ་རྡོ་རྗེ་མཁའ་འགྲོ་མ་སྟེ། ནང་དུ་ནི་སྙིང་གའི་པདྨའི་བདག་ གི་གདན་ལའོ། །ལྷོའི་འདབ་མ་ལ་ཚོར་བ་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་ཁ་དོག་དམར་པོ་ལཱ་མ་སྟེ། ནང་དུ་ནི་མགྲིན་པའི་པདྨའི་གཞན་གྱི་གདན་ལའོ། །ནུབ་ཀྱི་འདབ་མ་ལ་སེམས་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་རྒྱུ་མཐུན་ལ་སོགས་གསེར་ཞུ་བ་དང་འདྲ་བ་ དུམ་སྐྱེས་མ་སྟེ། ནང་དུ་ལྟེ་བའི་པདྨའི་སྔགས་ཀྱི་གདན་ལའོ། །བྱང་གི་འདབ་མ་ལ་