Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 6 / 24 (50.000 ký tự/trang)
བྱས་པའི་སྦུབས་སམ། སྨྱུག་མ་ལས་བྱས་པའི་སྦུབས་ལ་ཆ་གསུམ་གྱི་བར་དུ་བུག་པ་གཉིས་བྱ་སྟེ། བསིལ་བར་གྱུར་
པའི་མི་བསྐྱོད་པ་སྟེང་གི་ཆ་དོར་བའི་བར་གྱི་ཆ་བླང་བར་བྱའོ། །སྨྱུག་སྦུབས་ལ་ནི་ཀེ་ཏ་ཀའི་ཡལ་གའི་ཕྱེ་མ་བཏབ་ནས། དེའི་སྟེང་དུ་མར་ཁུའི་ཆ་དང་འོག་ཏུ་ལན་ཚྭའི་ཆ་དང་བར་དུ་དག་པའི་ཆར་འགྱུར་རོ། །ཞི་བར་བྱེད་ཅེས་པ་གཟའ་ལ་སོགས་པ་ཞི་བའོ། །རྟག་ཏུ་བཞི་

མཉམ་གྱུར་པ་ནི། །ཞེས་པ་རྟག་ཏུ་གཞོན་ནུར་བྱེད་པའོ། །ཟླ་བ་ལ་རྒྱུ་བཏུང་བྱས་ཏེ། །ཞེས་པ་ཟླ་བས་ཟླ་བ་བཏུང་བར་བྱ་ཞེས་པ་ལྷག་མའོ། །དེའི་ཕྱིར་རྒྱུ་བ་ནི་ལུས་ལ་རྒྱུ་བའོ། །གང་གི་ཚེ་ཞེ་ན་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། ཟླ་བ་འབའ་
ཞིག་གམ། ཡང་ན་རྫས་གཞན་དང་ལྡན་པའོ། །དེ་ཉིད་གསུངས་པ་འདི་དག་ཅེས་པ་ལ་སོགས་པའོ། །གནག་དང་ཞེས་པ་དམར་པོ་མ་ཡིན་པའོ། །དྲི་མ་དྲི་མེད་རྣམ་པར་སྤངས། །ཞེས་པ་མར་ཁུ་དང་ལན་ཚྭའི་ཆ་དང་བྲལ་བའོ། །རབ་དང་ཞེས་པ་ལ་སོགས་པ་རང་
བཞིན་ཉིད་ཀྱིས་དེ་ལྟར་གྱུར་པ་བླང་བར་བྱའོ། །འདི་ནི་མདོར་བསྟན་པའི་རྒྱས་པར་བཤད་པའོ། །གོང་བུ་ནི་ལུས་ཏེ་དེའི་བཅིང་བ་ནི་བརྟན་པར་བྱེད་པའོ། །སྨན་རྣམས་ཀྱི་ཆོ་ག་གསུངས་པ། ཉ་ཞེས་པ་ལ་སོགས་པ་སྟེ་ཡང་དག་ལྡན་ཞེས་པ་ལྡན་པར་བྱས་ནས་སོ། །དེ་ཡི་ཞེས་
པ་དེ་ཡིས་སོ། །ལྔ་པོ་ཞེས་པ་དངོས་པོ་ལྔ་རྣམས་ཉིད་དེ་རྟོགས་ཤིང་ཞེས་པ་སྦྱངས་པ་དང་རྟོགས་པ་ལ་སོགས་པ་སྔོན་དུ་འགྲོ་བར་འགྱུར་རོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཉེ་བར་འཚེ་བ་དང་བྲལ་བའི་ཕྱོགས་འགའ་ཞིག་ཏུ་སྤྱིལ་པོ་བྱ་སྟེ། དད་པ་དང་གུས་པ་མཆོག་
དང་ལྡན་པའི་སློབ་བུ་གཅིག་པ་སྒྲུབ་པའི་གྲོགས་སུ་བྱས་ནས་སྦྱིན་པ་དང་ཡོན་ཕུལ་ལ། རང་ཉིད་སྤྱིལ་པོར་ཞུགས་ཏེ། གཏོར་མ་དང་མཆོད་པ་རྣམས་ཀྱིས་རང་གི་ལྷ་མཉེས་པར་བྱ་ཞིང་གཞན་ཐུབ་པར་བྱས་ལ་ཇི་སྲིད་ལོ་བདུན་གྱི་བར་དུ་རང་གི་ལུས་སྦྱང་བར་བྱའོ། །དེ་ལ་འདི་ནི་སྦྱང་
བའི་རིམ་པ་སྟེ། དགེ་བའི་ཉི་མ་ལ་བུ་རམ་ཅུང་ཟད་ཟོས་ནས། འབྲས་བུ་གསུམ་གྱི་ཐང་དང་ལན་ཚྭ་དང་རྒྱ་སྐྱེགས་ཀྱི་ཤིང་གི་འབྲས་བུ་ཕྱེ་མ་དང་ལྡན་པ་བཏུང་བར་བྱ་སྟེ། སྲིན་བུ་ལྷུང་ཞིང་དྲི་མ་དག་པར་འགྱུར་རོ། །དེ་ནས་ཀེ་ཏ་ཀའི་ཡལ་གའི་ཁུ་བ་དང་ཚ་བའི་མར་ཁུ་དང་ཧི་ལ་
མོ་ཙི་དང་རྒྱམ་ཚ་རྣམས་གཅིག་ཏུ་བྱས་ནས་འཐུངས་ཏེ། ཉི་མ་ལ་གདུང་ཞིང་ལུས་བཅག་པར་བྱ་སྟེ། ཤིག་དང་བྲལ་བར་འགྱུར་རོ། །དེ་དག་ཉིད་ཧི་ལ་མུ་ཙིའི་ཁུ་བ་དང་། ལྷན་ཅིག་འཐུང་ཞིང་དེ་ཁོ་ན་ལྟར་བཅག་པར་བྱ་སྟེ། ལུས་ཀྱི་ལན་ཚྭ་མེད་པར་འགྱུར་རོ། །ཧི་ལ་མུ་

ཙིའི་ཁུ་བ་རྒྱམ་ཚ་དང་བཅས་པ་འཐུང་ཞིང་གྲིབ་མ་ལ་བསྡད་ན། མཁྲིས་པ་མེད་པར་འགྱུར་རོ། །ཀ་ཏ་ཀའི་ཡལ་གའི་ཁུ་བ་དང་། ཏེ་ལ་ཀུ་ཙའི་ཁུ་བ་དང་བའི་འོ་མ་རྣམས་མཉམ་པར་གཅིག་ཏུ་བྱས་ནས་བཏུང་བར་བྱ་སྟེ། མར་ཁུ་མེད་པར་འགྱུར་རོ། །ཀུ་སྨཎྜའི་ཡལ་གའི་
ཁུ་བ་དང་རྒྱམ་ཚ་ལྡན་པ་བཏུང་བར་བྱ་སྟེ། མིག་ནད་མེད་པར་འགྱུར་རོ། །སྦྲང་རྩི་རྣར་བླུགས་ན་བད་ཀན་མེད་པར་འགྱུར་རོ། །སྦྱོར་བ་འདི་དག་ཀྱང་ཉི་མ་གཅིག་གམ་གཉིས་སུ་བཞག་ཅིང་རེ་རེ་ལ་ལན་གཉིས་རབ་ཏུ་སྦྱར་བར་བྱའོ། །དེ་ནས་རྡོའི་སྣོད་དུ་བཞག་པའི་གླ་རྩི་འབྲས་བུ་
གསུམ་དང་ལྡན་པ་ཉི་མ་སོ་སོར་བཏུང་བར་བྱའོ། །ཉ་དང་ཤ་དང་ཆང་དང་འོ་མ་དང་སྐྱུར་པོ་དང་བྲལ་བ་བཟའ་བར་བྱ་ཞིང་བུད་མེད་དང་འགྲོགས་པ་ཡང་སྤང་བར་བྱའོ། །དེ་ནས་རྡོ་རྗེ་གསུམ་དུ་བདུད་རྩི་ལྔའི་ཡ་གྱལ་ལམ། མཐའ་དག་ཆོ་གས་བརྟེན་པར་བྱའོ། །དེའི་རྗེས་ལ་སྨན་
སྤངས་ཏེ། སྨན་གྱི་དུས་ཁོ་ནར་བཟའ་བ་དང་སྤྱོད་པའི་བྱ་བས་ལོ་གསུམ་དུ་གནས་པར་བྱའོ། །དྲིལ་ཕྱིས་གསུངས་པ་བུདྡྷ་ཞེས་པ་ཙཀྲ་མརྡ་ཀའོ། །ཨ་ཀ་ར་ཞེས་པ་ཡུང་བའོ། །བལ་གུ་ཛེ་ཞེས་པ་སོ་མ་ར་ཛའོ། །གླ་རྩི་ཞེས་པ་མར་ཁུའི་ཆའོ། །ཙནྡན་ལྡན་ཞིང་ཕྱེ་མ་སྐམ་
པའོ། །ཙ་ར་ཞེས་པ་སྤང་སྤོས་སོ། །རྫས་འདི་རྣམས་གླ་རྩི་བཏགས་ནས་དྲིལ་ཕྱིས་བྱའོ། །གདུངས་པའི་རྟོག་པའི་ཆོ་ག་བྱ་བར་མི་ནུས་ན། བཅུད་ལེན་གྱི་ཆོ་ག་གསུངས་པ། འབྲས་བུ་གསུམ་ཞེས་པ་ལ་སོགས་པའོ། །བཅུད་ལེན་གྱི་ཆོ་ག་ལ་དྲང་བ་དང་རླུང་ལ་སོགས་པ་
ཡོངས་སུ་སྤང་བར་མི་བྱའོ། །ལོ་མ་སྐྱུར་པོ་དང་ཆང་དང་བུད་མེད་དང་འགྲོགས་པ་ནི་སྤང་བར་བྱའོ། །དེ་ལ་སྦྱོར་བ་བཞི་པ་ནི་གླ་རྩིའི་དབུས་ཀྱི་ཆ་ཇི་ལྟར་གསུངས་པའི་ཆོ་གས་བླངས་ཏེ་འབྲས་བུ་གསུམ་དང་ཙནྡན་གྱི་ཕྱེ་མ་དག་དང་སྦྱར་ལ་བཏུང་བར་བྱའོ། །འབྲས་བུ་གསུམ་དང་
ཙནྡན་གྱི་ཕྱེ་མ་དང་གླ་རྩི་རྣམས་ཀཱནྟའི་སྣོད་དུ་སྦྱངས་ཏེ་བླུགས་པར་བྱའོ། །རྡོའི་སྣོད་དུ་གླ་རྩི་བླུགས་ནས་འབྲས་བུ་གསུམ་གྱི་ཕྱེ་མ་སྟེང་དུ་བཏབ་སྟེ་སྐབས་སུ་བཏུང་བར་བྱའོ། །འདི་དག་ཀྱང་སྔ་དྲོ་བཞག་སྟེ་ཐུན་གཅིག་ལོན་པ་ན་བྱའོ། །འབྲས་བུ་གསུམ་དང་ཙནྡན་གྱི་

ཕྱེ་མ་ཞོ་རེ་ཉི་མ་སོ་སོར་བཟའ་བར་བྱའོ། །སྦྱོར་བ་བཞི་པོ་འདི་རྣམས་གང་ཡང་རུང་བའི་སྦྱོར་བ་བྱའོ། །ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།ཆང་ཞུས་པ་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཞན་
མ་བརྗོད་ཅེས་པ་འདིར་མ་བརྗོད་པ་མ་ཡིན་ཏེ་བྱ་བའི་རྒྱུད་ལ་སོགས་པར་རོ། །ཡེ་ཤེས་རྡོ་རྗེ་ཞེས་པ་རྡོ་རྗེ་སེམས་དཔའོ། །མཁའ་དབྱིངས་ནི་ཆོས་ཀྱི་དབྱིངས་སོ། །མནྡཱ་ར་དང་འོ་མའི་མཚོ་དག་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཙམ་ལ་བརྟེན་ནས་དཔེ་དག་གོ། །ཡང་ན་ཡེ་
ཤེས་རྡོ་རྗེ་དང་མཁའ་དབྱིངས་འདི་དག་ནི་ཐ་སྙད་གཞན་ནོ། །བདུད་རྩི་ལ་ཞེས་པ་རྒྱུ་མཚན་གྱི་བདུན་པའོ། །མནྡཱ་ར་ལས་བྱུང་བ་ཞེས་པ་མནྡཱ་ར་ལས་འབབ་པའོ། །ཀུན་ཞེས་པ་ཐམས་ཅད་དེ། ཆུ་བོར་འགྱུར་ཏེ་ཞེས་པ་ཆུ་བོ་རྣམ་པ་ལྔ་རྣམས་སོ། །དབུས་འགྲོ་བ་ཞེས་པ་དེ་རྣམས་ཀྱི་
དབུས་ནས་འགྲོ་བ་གང་གཱ་ཞེས་པའི་དོན་ཏོ། །འོ་མའི་རྒྱ་མཚོ་ཞེས་བྱ་སྟེ། །ཞེས་པ་འདི་དག་ཕྱི་རོལ་བསྟན་པའོ། །ཟླ་བའི་བཏུང་བའི་ཞེས་པ་ཟླ་བའི་བཏུང་བའི་རང་བཞིན་ནོ། །སྐུ་ཞེས་པ་ལུས་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་གནས་སོ། །ཇི་ལྟར་གནས་ཤེ་ན་གསུངས་པ།
རྣམ་སྣང་མཛད་མའི་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཧེ་རུ་ཀ་དང་རྣམ་སྣང་མཛད་མ་ཕན་ཚུན་འཁྱུད་ནས་གནས་པ་དག་ཆགས་པ་ཆེན་པོས་ཞུ་བར་གྱུར་ཞེས་པའི་དོན་ཏོ། །དེ་དག་ཉིད་གསུངས་པ། དཔའ་བོ་ཀུན་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་གཅིག་ཏུ་
གྱུར་པའི་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་ཀྱི་དངོས་པོའོ། །ཐམས་ཅད་གཅིག་ཏུ་གྱུར་པ་ཉིད་དེ་ཡང་ན་རྩ་ཐམས་ཅད་ཉིད་དོ། །བདུད་རྩི་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐར་པ་སྟེ། འདི་ཉིད་བཅོམ་ལྡན་འདས་མ་ཉོན་མོངས་པ་ལ་སོགས་པའི་བདུད་རྣམས་
ལ་མི་འཇིགས་པར་མཛད་པས་དྲག་པོའི་གཟུགས་ཅན་མའོ། །འདི་དག་གི་སྤྱི་བོའི་འཁོར་ལོ་ལས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་རྩ་ཐམས་ཅད་ཁྱབ་པར་བྱས་ཏེ། བདེ་བ་ཆེན་པོའི་རང་བཞིན་ཉིད་ཀྱིས་ཞུ་བའི་བྱང་ཆུབ་ཀྱི་སེམས་དང་བཅོམ་ལྡན་འདས་མ་གཉིས་དགའ་བ་ཆེན་པོ་སྐྱེད་

པར་བྱེད་པ་ཉིད་ལས་ཆང་གི་གཟུགས་ཅན་མའོ། །གང་གསུངས་པ། གང་ཞིག་ཐིག་ལེ་དཀར་པོའི་རྒྱུན་རྣམས་ཉིན་དང་མཚན་མོར་འབབ་པ་དེ་ནི་ཆང་མིན་མཱ་མ་ཀཱི། ཞེས་པ་དང་། འདི་ཉིད་དུ་ཡང་། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་
མར་དྲན། །ཞེས་པའི་ཚིག་ལས་དབྱེ་བ་མེད་པ་དེ་ཉིད་ཀྱི་ཕྱིར། འགའ་ཞིག་ཏུ་བཅོམ་ལྡན་འདས་ཀྱི་རང་བཞིན་གྱིས་བདེ་བ་དང་བྱང་ཆུབ་ཀྱི་སེམས་ཀྱང་བསྟན་ཏོ། །དེ་ཉིད་འགའ་ཞིག་ཏུ་སྐྱེས་པའི་རྟགས་དང་། བུད་མེད་ཀྱི་རྟགས་ཀྱིས་ཀྱང་སྟེ། བདེ་བ་ཙམ་ལ་ལྟོས་པས་མ་
ནིང་གིས་ཀྱང་བསྟན་ཏོ། །འཕྲོག་པ་ཞེས་པ་སྡུག་བསྔལ་ལ་སོགས་པའོ། །བྱེད་པ་ནི་དགའ་བ་ལ་སོགས་པའོ། །ལོངས་སྤྱོད་ནི་སེམས་ཀྱི་རང་བཞིན་ཉིད་ལས་སེམས་ཁོ་ན་བདེ་བ་ཆེན་པོའི་རང་བཞིན་ཏེ། དེའི་སྙིང་པོའི་བདུད་རྩི་དེ་བཞིན་ནོ་ཞེས་པའོ། །དེ་དང་དེ་དག་ཀུན་རྫོབ་
ཏུ་ལུས་ཀྱི་ནང་དུ་བདུད་རྩི་ཇི་ལྟ་བ་དེ་ལྟར་ཕྱི་རོལ་དུ་ཡང་ངོ་ཞེས་སྟོན་པ་ཐབ་ཁུང་ཞེས་པ་ལ་སོགས་པའོ། །དགོས་པ་གསུངས་པ་ཆང་མེད་ཅེས་པ་ལ་སོགས་པ་སྟེ་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའོ། །རྣམ་ཤེས་ནི་འཇིག་རྟེན་པའོ། །དེའི་ཕྱིར་ཡེ་ཤེས་རྣམ་ཤེས་ཕུན་སུམ་
ཚོགས་པ་ཞེས་པ་དང་། འགྲོ་བ་ཀུན་དུ་རྨོངས་པ་སྟེ། འདི་དག་གིས་འདིའི་རང་བཞིན་བསྒྲགས་པའོ། །ཁྱད་པར་གྱི་དགོས་པ་ཡང་གསུངས་པ། གནས་ཞེས་པ་ལ་སོགས་པ་སྟེ། གནས་ལ་སོགས་པར་ཕྱིན་ནས་མཆོད་པའི་དོན་དུ་འདི་མཆོག་གོ་ཞེས་པའི་དོན་ཏོ། །དེ་ཅི་འདི་
བསྟན་བཅོས་ཐམས་ཅད་ཀྱི་ཡང་དག་པའི་འདོད་པའམ་ཞེ་ན་གསུངས་པ་རྒྱུད་དང་ཞེས་པ་ལ་སོགས་པའོ། །ཀུན་སྤྱོད་ཀྱི་ཆོ་ག་ཉེ་བར་སྟོན་པ་གསུངས་པ། ལྷག་པར་ཞེས་པ་ལ་སོགས་པ་སྟེ། ལྷག་པར་བྱེད་པ་ནི་རྣལ་འབྱོར་པའི་བཏུང་བའི་དོན་དུའོ། །བླ་མ་དཔའ་བོ་དང་རྣལ་འབྱོར་མ་རྣམས་
སོ། །འདི་ལྟར་གསུངས་ཏེ་ལག་པ་གཡས་པར་ཧོཿཡིག་ལས་སྐྱེས་པའི་འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཧོཿཡིག་གིས་བྱིན་གྱིས་བརླབས་པ་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་རྫས་ཀྱི་སྣོད་ལ་ཧ་ཡིག་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཧ་ཡིག་གིས་བྱིན་

གྱིས་བརླབས་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྣམ་པར་བསྒོམས་པའི་ལག་པ་གཡོན་པས་བཀབ་ཅིང་རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧྲཱིཿཡིག་མི་བསྐྱོད་པའི་རང་བཞིན་བལྟས་ནས་ལན་གསུམ་དང་ལྔ་དང་བདུན་དུ་ཧ་ཧོཿཧྲཱིཿཞེས་པའི་སྔགས་བརྗོད་དེ། ཨོཾ་
ཨཱཿཧཱུཾ་ཞེས་པའི་སྔགས་རྫས་ཀྱི་སྟེང་དུ་རིམ་པས་གཡས་དང་གཡོན་དང་མདུན་དུ་གནས་པ་དེ་ཁོ་ན་ལྟར་བརྗོད་ཅིང་མཉེས་པར་བྱེད་པའི་ཆོ་གས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཉེས་པར་བྱས་ཏེ་རང་ཉིད་བརྟེན་པར་བྱའོ། །དེ་ལྟར་མ་བྱས་པར་བརྟེན་པའི་ཉེས་པ་གསུངས་པ།
ལྷ་གསུམ་ཞེས་པ་ལ་སོགས་པ་སྟེ། ལྷ་གསུམ་ནི་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་དང་མི་བསྐྱོད་པའི་བདག་ཉིད་ཨོཾ་ལ་སོགས་པའོ། །བླ་མ་ལ་འཁུ་བླ་མར་སྨོད། །སེམས་ཅན་འཁུ་ལ་ཞེས་པ་འདི་རྣམས་ལ་སྦྱིན་པར་མི་བྱ་སྟེ། འདི་རྣམས་དམ་ཚིག་ལ་གཞུག་
པར་མི་བྱའོ་ཞེས་པའི་དོན་ཏོ། །དམ་ཚིག་དང་ལྡན་པ་ལ་ནི་སླུ་བར་མི་བྱའོ་ཞེས་གསུངས་པ། རྣལ་འབྱོར་ཞེས་པ་ལ་སོགས་པའོ། །ཆོ་གས་བསྟེན་པའི་འབྲས་བུ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པའོ། །གཙོ་བོའི་དོན་དུ་རྣམ་པར་དབྱེ་བས་བསྟན་པའི་ཕྱིར་
གསུངས་པ། རྫས་ཞེས་པ་ལ་སོགས་པ་སྟེ་རྫས་ནི་སྐྱུ་རུ་ར་ལ་སོགས་པའོ། །རྩ་བ་ནི་སྨན་སྣ་ཚོགས་པ་རྣམས་ཀྱིའོ། །ཤིང་སྐྱེས་ཞེས་པ་ཨ་མྲ་ལ་སོགས་པའོ། །གཙོ་བོའི་ཆོ་ག་གསུངས་པ། མཐའ་ཡས་ཞེས་པ་ལ་སོགས་པའོ། །ཤི་གྲུ་ནི་ཤཽ་བྷཉྫ་ནའོ། །པཱསྠཱ་མ་
ཞེས་པ་སྲང་བཅུ་དྲུག་གོ། །འབྱུང་པོའི་མེ་ཏོག་ཅེས་པ་འབྱུང་པོའི་སྐྲ་ཞེས་པ་སྟེ་རབ་ཏུ་གྲགས་སོ། །མ་ལ་ཡ་ནི་ཙནྡན་ནོ། །ཤཱ་རི་བ་ཞེས་པ་ཨུཏྤལ་ཤཱ་རི་བ་སྟེ། ཨཙྪུ་ཨཏྟི་ཞེས་འཇིག་རྟེན་དུ་གྲགས་སོ། །ཀྲཱནྟ་ཞེས་པ་ཁྱབ་འཇུག་ཀྲཱནྟ་སྟེ། ལེགས་མཐོང་ཞེས་འགའ་ཞིག་
གོ། །རྐང་པའི་ཆ་ཡིས་ཞེས་པ་ཆུ་སྟེ་དྷ་ཏ་ཀི་ལ་སོགས་པ་རྣམས་ཀྱི་སྲང་བརྒྱད་རྣམས་ཞེས་པའི་དོན་ཏོ། །སེ་བྱ་ནི་ཨུ་ཤཱི་རའོ། །མཱ་ག་དྷ་ཞེས་པ་པི་པི་ལིང་ངོ་། །ཆུ་ནི་ཞེས་པ་སྲང་བཅུ་དྲུག་གོ། །ཙཀྲ་ནི་ལེགས་མཐོང་ངོ་། །བུང་བ་ཅན་ཞེས་པ་སྦྲང་རྩི་སྟེ། ཤི་གྲུའི་རྩ་བའི་

ཁུ་བ་རས་ལ་བཙགས་པ་སྦྲང་རྩིའི་བརྒྱད་འགྱུར་ལ་སྦྲང་རྩིའི་ལྷག་མར་བཙོ་བར་བྱའོ་ཞེས་པའི་དོན་ཏོ། །བརྒྱའི་ཆ་ཤས་ཀྱིས་ཞེས་པ་སྦྲང་རྩིའོ། །འབིགས་པ་ཞེས་པ་གཞུག་པའི་དོན་ཏོ། །སྦྲང་མ་ནི་སྦྲང་མ་ལས་ཏེ། དེ་ལས་གྲུབ་པ་ཞེས་པ་འདི་ནི་སྦྲང་རྩི་ཞེས་པའི་དོན་ཏོ། །
དེ་ཡང་བཞི་འགྱུར་ཏེ། སཽ་བྷཉྫ་ན་དང་རའི་ཆུ་སྦྲང་རྩིའི་ལྷག་མར་བཙོ་བར་བྱའོ། །རྣམ་པ་གཉིས་པ་ཞེས་པ་ཉིས་འགྱུར་ཏེ། ཏུ་ཧི་ན་ཞེས་པ་ཏུ་ཧི་ན་ག་བུར་ལ་སོགས་སོ། །གྲུབ་པ་རྐང་པའི་ལྷག་མ་ནི། ཞེས་པ་བཞི་ཆ་ལྷག་པའོ། །དྲིའི་རྫས་ཞེས་པ་བརྗོད་མ་ཐག་པའིའོ། །དེ་ཉིད་
ཀྱིས་ནི་རིམ་པ་འགྲུབ་པས་ཞེས་པ་འགྲུབ་སྟེ། ཟླ་བ་སོ་སོར་སྦྱར་བའོ། །ཡུལ་གྱི་རྗེས་འགྲོ་ཞེས་པ་ཆང་ཡུལ་གྱི་རྗེས་སུ་འགྲོ་བ་ཞེས་ཤེས་པར་བྱའོ། །ཡུལ་ནི་ཉེ་བར་མཚོན་པ་སྟེ། །དུས་ཀྱི་ཡང་སྟེ་དྲོད་ཆུང་བའི་ཡུལ་དང་དུས་སུ་ཉིན་གཅིག་ལ་ཚར་བའི་ཆང་མི་བྱའོ་ཞེས་དགོངས་
པའོ། །མཆོད་པ་ཞེས་པ་མཆོད་པ་རྣམས་ཏེ་ཇི་ལྟར་མར་དང་བྲལ་བའི་སྦྱིན་སྲེག་དང་། མི་རིགས་ཉིད་གཞན་དུ་སྲིད་མིན་ཞེས་པ་འདི་མི་རིགས་པ་སྟེ་གསུངས་པ་ལས་གཞན་དུ་འདིའི་མཆོད་པ་ལ་སོགས་པའི་བྱེ་བྲག་གི་རིགས་པ་སྲིད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གླེགས་
བམ་ཁ་ཅིག་ལས་གྲོལ་བ། །ཞེས་བརྗོད་དེ། གྲོལ་བ་ཉིད་གཞན་དུ་སྲིད་པ་མིན་ཏེ་ཆོས་དང་བྲལ་བ་ཞེས་པའི་དོན་ཏོ། །འབྲས་ལས་ཞེས་པ་འབྲས་ལས་ཡང་དག་པར་བྱུང་བའི་ཆང་། མཆོག་མ་ཡིན་ཞེས་པ་ལྷག་མའོ། །གང་དུ་ཞེས་པ་གང་དུ་ཡང་སྟེ་དེ་དམ་ཚིག་ཏུ་འགྱུར་བ་
མ་ཡིན་ནོ། །འབྲས་ལ་སོགས་པ་གཙོ་བོར་གྱུར་པའི་མྱོས་བྱེད་ནི་རོ་དང་ནུས་པ་དང་སྨིན་པ་ཁྱད་པར་དུ་འཕགས་པ་མ་ཡིན་པའི་ཕྱིར་དམ་ཚིག་ཏུ་འོས་པ་མ་ཡིན་ནོ། །དེའི་ཕྱིར་གསུངས་པའི་བྱེ་བྲག་རྣམས་བསྒྲུབ་པར་བྱའོ་ཞེས་དགོངས་པའོ། །གླེགས་བམ་ཁ་ཅིག་ལ་གཞན་དུ་
སྲིད་པ་ཞེས་བརྗོད་དོ། །དེའི་ཚེ་མྱོས་བྱེད་ལས་གཞན་གང་དུའང་དམ་ཚིག་སྲིད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དམ་ཚིག་ཡོངས་སུ་བསྐྱང་བ་དང་བླ་མ་མཉེས་པར་བྱེད་པ་ནི་མྱོས་བྱེད་དོ་ཞེས་སྟོན་པ་བདག་ཉིད་ཅེས་པ་ལ་སོགས་པའོ། །ལ་ལ་ཞེས་པ་རྣལ་འབྱོར་པས་དམ་

ཚིག་ཡོངས་སུ་བསྐྱང་བའི་བསོད་ནམས་དང་བླ་མ་མཉེས་པ་ལས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐོབ་པར་འགྱུར་ཏེ། དེ་ཡང་དམ་ཚིག་གི་རྫས་དང་བྲལ་བས་མ་ཡིན་ནོ་ཞེས་པས་གདོན་མི་ཟ་བར་དམ་ཚིག་གི་རྫས་གཙོ་བོར་བྱའོ་
ཞེས་ཁྱད་པར་གྱིས་བསྟན་པར་བྱས་པའོ། །དེ་ལ་འདི་ནི་བཙོ་བོའི་ཆོ་ག་སྟེ་ཡུལ་དང་དུས་དང་ནུས་པ་ཇི་ལྟ་བ་བཞིན་ཇི་ལྟར་གསུངས་པའི་སྨན་རྣམས་ཉེ་བར་བཞག་ནས། ཤེས་རབ་དང་བཅས་པའི་སྔགས་པས་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་རང་གི་ལྷག་པའི་
ལྷའི་རྣལ་འབྱོར་དང་ལྡན་པའི་མདུན་དུ་མཐའ་ཡས་དང་ནོར་རྒྱས་དང་། ཆུ་ལྷ་སྟེ་ཀླུའི་བདག་པོ་གསུམ་གྱི་རང་བཞིན་ཆུན་པོ་ལ་སོགས་པའི་གདན་གྱི་སྟེང་དུ་རྫ་མ་གུ་གུལ་གྱི་བདུག་པས་བདུགས་ཏེ། མེ་ཏོག་གིས་མཆོད་ལ། དེའི་ནང་དུ་ཤཽ་བྷཉྫ་ན་ལ་སོགས་པ་
གནུར་བའི་གོང་བུ་ཆུ་དང་བསྲེས་པ་བཅུག་ནས་རྫ་མའི་ནང་དུ་སྐད་ཅིག་ལ་དཔལ་རྡོ་རྗེ་ཕག་མོས་འཁྱུད་པའི་དཔལ་བདེ་མཆོག་འཁོར་དང་བཅས་པ་བདེ་བ་ཆེན་པོར་ཞུ་བར་གྱུར་པ་ལས་སྐྱེས་པའི་མཾ་ཡིག་ལས་བྱུང་བའི་ཆང་གི་ལྷ་མོ་ཇི་ལྟར་གསུངས་པའི་རང་བཞིན་ཅན་རྣམ་
པར་བསྒོམས་ཏེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་ཁུ་བའི་རང་བཞིན་ནམ་གཟུགས་ཉིད་ཀྱིས་གནས་པ་ལྷག་པར་མོས་ཤིང་སྤྲོ་བ་ལ་སོགས་པ་རྒྱུན་དུ་བྱའོ་ཞེས་པའོ། །ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།སྔགས་བཏུ་བ་ཞུས་པའི་ལན་
གདབ་པའི་ཕྱིར་གསུངས་པ། འདི་ལས་ཞེས་པ་ལ་སོགས་པའོ། །འདོད་པ་ཞེས་པ་བཅུ་གསུམ་པའོ། །དྲག་པོ་ཞེས་པ་བཅུ་གཅིག་པའོ། །བུ་ག་ཞེས་པ་དགུའོ། །ཐུབ་པ་ཞེས་པ་བདུན་ནོ། །མདའ་ཞེས་པ་ལྔ་པའོ། །གཟུགས་ཞེས་པ་གཅིག་སྟེ་འདི་ནི་མེའི་ཕ་རོལ་དུ་རྟོགས་
པར་བྱའོ། །མེ་ཞེས་པ་གསུམ་མོ། །མན་ངག་ལས་ཞེས་པ་རེའུ་མིག་བཅུ་གསུམ་གྱི་བདག་ཉིད་ཀྱི་ཕྲེང་བའི་རེའུ་མིག་དང་པོ་ནས་བརྩམས་ཏེ་ཞེས་པ་གདམས་ངག་གོ། །རེའུ་མིག་དང་པོའི་ཞེས་པ་རེའུ་མིག་གི་ཕྲེང་བ་དང་པོའི་སྡེ། ལྔ་པ་ཞེས་པ་རེའུ་མིག་ལྔ་པ་ན་གནས་པའོ། །དེ་ལ་

རེའུ་མིག་དང་པོ་ཉིད་གོང་དུ་ཡང་དག་སྦྱིན་པར་བྱ་ཞེས་པ་དེ་ཉིད་ལ་རེའུ་མིག་གི་ཕྲེང་བ་དང་པོའི་རེའུ་མིག་དང་པོ་ན་གང་གནས་པ་དེ་གོང་དུ་སྦྱིན་པར་བྱའི་ཞེས་པའི་དོན་ཏོ། །དེ་ལ་རེའུ་མིག་གཅིག་པ་ཉིད་ཅེས་ཁ་ཅིག་རྗོད་པ་ལའང་དེ་བཞིན་ནོ། །དེ་ལ་ཡོན་ཏན་དུ་བྱས་ཏེ་ཨོཾ་ཡིག་
ཏུ་འགྱུར་རོ། །དེ་ལ་རེའུ་མིག་བཅུ་གཅིག་པས་ཞེས་བརྗོད་པ་ནི་དེ་ལས་ཞེས་པ་དེ་ལ་སྟེ། རེའུ་མིག་ལས་བྲི་བའི་རིམ་པས་བགྲངས་པའི་བཅུ་གཅིག་པ་ན་གནས་པའི་ཨོཾ་ཡིག་སྟེ། དེའི་གོང་དུ་བཞག་པས་ལྷན་ཅིག་ཡོན་ཏན་དུ་བྱས་ཏེ། ཟླ་བ་ཕྱེད་པ་དང་། ལྷན་ཅིག་
པའི་ཨོཾ་ཡིག་ཏུ་འགྱུར་རོ། །མཚམས་སྦྱར་བ་ཉིད་ལས་སོ། །དེས་ན་དགུ་པའི་གྲངས་ཀྱི་རེའུ་མིག་གི་ཕྲེང་བའི་གསུམ་པ་མ་ཡིག་ཐིག་ལེའི་གཟུགས་ཟླ་བ་ཕྱེད་པའི་སྟེང་དུ་སྦྱིན་པར་བྱའོ། །ལྷག་མ་ནི་གོ་སླའོ། །འདིར་ཐོག་མར་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ཡི་གེ་བཅུ་
པའོ། །དེ་ནས་ཉེ་བའི་སྙིང་པོའི་སྔགས་ཡི་གེ་བདུན་པའོ། །དེ་ནས་ལྷ་མོའི་སྙིང་པོའི་སྔགས་ཡི་གེ་བཅུ་གསུམ་པའོ། །དེ་ནས་རྐང་པ་བཞི་པའི་སྔགས་ཏེ་འདི་དག་བཏུ་བ་ནི་བླ་མ་ལས་ཤེས་པར་བྱའོ། །དེ་ལྟར་སྦས་པའི་དགོངས་པ་གསུངས་པ། གླེགས་བམ་ཞེས་པ་ལ་
སོགས་པའོ། །སྔགས་བཏུ་བ་འདི་དག་གང་གི་ཚེ་བྱ་ཞེ་ན། གསུངས་པ། བཅུ་པ་ཞེས་པ་ལ་སོགས་པའོ། །སྔགས་དང་ལྷ་དག་ལ་དབྱེ་བ་ནི་དམ་ཚིག་ཉམས་པ་སྟེ་དེའང་མི་བྱའོ་ཞེས་གསུངས་པ། སྲོག་ནི་ཞེས་པ་ལ་སོགས་པའོ། །ཤེས་རབ་སྣོད་པ་སྤོང་བ་འཇིག་
རྟེན་པ་ལ་ཞེས་པ་ལ་སོགས་པའོ། །ཚིམ་དང་བཟའ་བ་གཡོན་པ་སྟེ། །ཞེས་པ་ལག་པ་གཡོན་པས་ཚིམ་པ་དང་བཟའ་བ་ཡང་ངོ་། །བྱམས་པ་ཆེན་པོ་སྤོང་བ་དགག་པ་རིགས་ལྔ་ཞེས་པ་ལ་སོགས་པའོ། །ཀུན་རྟོག་ཐམས་ཅད་ངེས་གྲོལ་ཞིང་། །ཞེས་པ་ཐོག་མ་
དང་བར་དང་ཐ་མ་དང་སྟོང་པའི་ཆོས་རྣམས་ཐམས་ཅད་ལ་ཐོག་མ་ལ་སོགས་པར་རྟོག་པ་དང་བྲལ་ལོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པ་ཕུང་པོ་ལྔ་དང་དེ་བཞིན་གཤེགས་པ་ལྔ་པོ་དག་དབྱེ་བར་མི་བྱའོ། །བླ་མ་ལ་མི་གུས་པ་དང་སྨོད་པ་སྤོང་བ། བླ་མ་ཞེས་

པ་ལ་སོགས་པ་སྟེ་ཐམས་ཅད་ཅེས་པ་ལ་སོགས་པ་བླ་མའི་ཁྱད་པར་རོ། །འདི་དག་གིས་རྩ་བའི་ལྟུང་བ་ཡོངས་སྤངས་ཤིང་། །ཞེས་པ་དབང་གི་ལེའུར་གསུངས་པའི་རྩ་བའི་ལྟུང་བ་བཅུ་བཞི་པོ་རྣམས་ཀྱིས་ཇི་ཙམ་བསྟན་པ་དང་། རྒྱུད་གཞན་དུ་གསུངས་པ་
ཐམས་ཅད་ཀྱང་ཤེས་པར་བྱའོ། །འདི་ལྟ་སྟེ། བླ་མ་དམ་པ་ལ་བརྙས་ཤིང་། །རྫོགས་སངས་རྒྱས་ཀྱི་བཀའ་ལས་འདས། །ཁྲོས་པས་སྤུན་གྱི་ཉེས་པ་བརྗོད། །བྱམས་པ་ཆེན་པོ་རྣམ་པར་སྤོང་། །བྱང་ཆུབ་སེམས་ནི་ཡོངས་སྤོང་དང་། །ཐེག་གསུམ་གཞན་ལ་སྨོད་པ་
དང་། །མ་སྨིན་པ་ལ་གསང་བ་སྒྲོགས། །སངས་རྒྱས་བདག་ཉིད་ཕུང་པོར་སྨོད། །རང་བཞིན་དག་པར་སོམ་ཉི་དང་། །གདུག་ལ་ཐོག་མཐའ་བར་དུ་བྱམས། །སྟོང་པར་དེ་དང་དེར་རྟོག་ཅིང་། །དད་དང་ལྡན་པའི་སེམས་སུན་འབྱིན། །དམ་ཚིག་ཇི་བཞིན་རྙེད་མི་བརྟེན། །
བུད་མེད་སྨོད་ཅེས་བཅུ་བཞིའོ། །འདི་རྣམས་གང་རུང་ལྟུང་བ་ལ། །སླར་ཡང་དབང་བསྐུར་གྱིས་དག་བྱ། །རྩ་བའི་ལྟུང་བའོ། །ཤེས་རབ་སྟོབས་ཀྱིས་དེ་བཟུང་ཞིང་། །དེ་བཞིན་བྱང་ཆུབ་སེམས་ཀྱང་བཟུང་། །གསང་བ་སྐལ་མེད་ལ་མི་སྦེད། །ཚོགས་ཀྱི་དཀྱིལ་
འཁོར་དུ་རྩོད་ཅིང་། །དད་ལྡན་ལས་གཞན་ཆོས་ཀྱི་གཏམ། །ཉན་ཐོས་རྣམས་ཀྱི་ཞག་བདུན་གནས། །བརྫུན་ཉིད་རྣལ་འབྱོར་པ་ང་རྒྱལ། །མ་དད་པ་ལ་ཆོས་སྟོན་པ། །ཞེས་པ་སྦོམ་པོའི་ལྟུང་བ་བརྒྱད། །ཉམས་པར་གྱུར་ན་བཤགས་བྱ་སྟེ། །ཆོ་ག་ལས་ནི་ཤེས་
པར་བྱ། །རྩ་བ་སྦོམ་པོའི་ལྟུང་བའི་རིམ། །ཞེས་པའོ། །ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།ཚར་བཅད་རྗེས་གཟུང་ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ཞེས་པ་བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་
སོ། །གདོལ་བའི་མེ་ལ་ཞེས་པ་གདོལ་པའི་ཁྱིམ་ནས་བླངས་པའི་མེ་ལའོ། །མཚན་ཕྱེད་ཅེས་པ་མཚན་ཕྱེད་ནའོ། །ཤ་ཟའི་མེ་ཞེས་པ་དུར་ཁྲོད་ཀྱི་མེའོ། །རླུང་གི་སྟེང་གི་ཕྱོགས་གནས་པ། །ཞེས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པའོ། །འདི་ལྟར་གསུངས་ཏེ། འགུགས་

པར་བྱེད་པར་འདོད་པས་རླུང་དུ་བལྟས་ཏེ། གཏོར་མ་བྱིན་ལ་བདེ་མཆོག་དམར་པོའི་རྣལ་འབྱོར་དང་ལྡན་པས་རོལ་པའི་སྟབས་ཀྱིས་གནས་ཏེ། རླུང་གི་དཀྱིལ་འཁོར་ལ་ཞོན་པའི་བསྒྲུབ་བྱ་ལ་སྙིང་གའི་ས་བོན་ལས་འཐོན་པའི་དུམ་སྐྱེས་མ་ལྕགས་ཀྱུ་དང་ཞགས་པའི་
ཕྱག་གི་ཞགས་པས་སྐེ་བཅིངས་ཏེ། ལྕགས་ཀྱུས་སྙིང་ཕུག་ནས་བཀུག་པར་བསྒོམ་ཞིང་ཛཿཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿཞེས་པ་སྤེལ་བའི་སྙིང་པོ་ལ་སོགས་པའི་ཇི་ལྟར་མངོན་པར་འདོད་པའི་སྔགས་བཟླས་པར་བྱ་སྟེ། གྲོ་ག་ལ་རང་གི་མིང་མེད་ཀྱི་ཁྲག་དང་གི་ཝང་དག་གིས་ཐང་
ཕྲོམ་གྱི་ཤིང་གི་བྲི་སྨྱུག་གིས་བསྒྲུབ་བྱའི་གཟུགས་མངོན་པར་བྲིས་ནས་རྨ་མེད་པ་དུམ་བུ་གཅིག་པ་མཛེས་པའི་ཐོད་པར་བཞག་ལ་རས་ཀྱིས་གཡོགས་ཏེ། དེའི་སྟེང་དུ་ཀ་ར་བཱི་ར་དམར་པོའི་མེ་ཏོག་སྔགས་རེ་རེ་བརྗོད་པ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱས་ན་འགུགས་པར་འགྱུར་རོ། །
དེ་ནས་གཞན་ཡང་ནི་བཀུག་པའི་རབ་ཏུ་སྦྱོར་བ་གཞན་ཡང་སྟེ་གོ་སླའོ། །བྷ་ག་མངོན་པར་བྲིས་ལ་ཞེས་པ་མདུན་དུ་ཞེས་པ་ལྷག་མའོ། །ལག་པ་གཡོན་པས་ཞེས་པ་མནན་ནས་ཞེས་ཤེས་པར་བྱའོ། །གྱེན་དུ་ལངས་པའི་ཚུབ་མ་ཞེས་པ་རླུང་གི་དཀྱིལ་འཁོར་ལའོ། །ཡི་
དྭགས་ཀྱི་གོས་ཞེས་པ་རོའི་གོས་སོ། །ནཱ་གའི་ཀོང་བུ་ཞེས་པ་ནཱ་ག་གེ་ཤ་རའི་ཤིང་ལས་བྱས་པའི་མར་མེའི་ཀོང་བུའོ། །ཞ་ཉེའི་ཀོང་བུ་ཞེས་ཁ་ཅིག་གོ། །གླང་པོ་ཆེའི་ལྕི་བ་ཞེས་པ་གླང་པོ་ཆེ་དང་ལྷན་ཅིག་པའོ། །ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ཉིད་
རྣམས་ཞེས་པ་ལ་སོགས་པ་བཞི་ཞུས་པའི་ལན་གདབ་པའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་སྒོམ་པ་ཞེས་པ་ལ་སོགས་པ་རྒྱལ་བ་ཞེས་པའི་བར་གྱིས་དེ་ཁོ་ན་བསྟན་ཏོ། །གཉིས་ཀྱིས་ཞེས་པ་ལ་སོགས་པ་ཧེ་རུ་ཀའི་དབྱིབས་ཞེས་པའི་བར་
གྱིས་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དང་སྙིང་རྗེའི་རྣམ་པར་དབྱེ་བ་བསྟན་ཏོ། །སྣང་བ་མེད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་དེ་དག་བཟུང་བའི་དངོས་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཀྱིས་རང་བཞིན་མེད་པའི་ཚུལ་རབ་ཏུ་བསྟན་ཏོ། །དེ་བཞིན་ཞེས་

པ་ལ་སོགས་པ་བཞི་ཞེས་པའི་བར་གྱིས་སླར་ཡང་། དེ་དག་ཉིད་ཀྱི་སྤྲོས་པ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་དང་བྲལ་བ་བདེ་བ་ཆེན་པོའི་སྐུའི་མཚན་ཉིད་ཀྱི་རང་བཞིན་རབ་ཏུ་བསྟན་ཏོ། །ངོ་བོ་ནི་དབང་བཞི་པའི་དོན་གྱི་རང་བཞིན་འོད་གསལ་གྱི་
རིམ་པ་མིང་གཞན་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ལྡོག་པའི་དབྱེ་བ་ལས་རྣམ་པར་ཕྱེ་བར་གསུངས་སོ། །ཇི་ལྟའི་ཞེས་པ་ཕྱིན་ཅི་མ་ལོག་པ་སྟེ་དེ་ཉིད་ནི་དངོས་པོ་མ་བཅོས་པ་སྟེ་རང་བཞིན་མེད་པའོ། །སྲིད་པའི་རང་བཞིན་ཉིད་བསྒོམ་པ། །ཞེས་པ་སྲིད་པ་ཉིད་བསྒོམ་
པའི་བདག་ཉིད་ཅན་ནོ། །དེའང་ངོ་བོ་ཉིད་ནི་དངོས་མེད་ཅེས་པ་རང་བཞིན་མེད་པའོ། །རང་བཞིན་མེད་པ་གང་ཞེ་ན་སྤྲོས་པ་དང་བྲལ་བ་སྟེ། རྣམ་པར་རྟོག་པའི་འཇུག་པ་ཐམས་ཅད་དང་བྲལ་བ་ཞེས་པའི་དོན་ཏོ། །གལ་ཏེ་ཕྱི་རོལ་གྱི་གཟུང་བ་བརྟགས་པ་རྣམས་དངོས་པོ་མེད་པར་
འགྱུར་མོད། རང་རིག་པའི་རང་བཞིན་ཉིད་ཀྱིས་སྤྲོས་པའི་གཟུགས་དང་སེམས་དག་ཇི་ལྟར་འགྱུར་ཞེ་ན། གསུངས་པ། རང་རིག་ཅེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པ་ཡང་ཁོ་ནའོ། །དོན་གྱི་བྱ་བ་བྱེད་པ་ནི་དངོས་པོ་ཉིད་དེ། དེའང་འདས་པ་དང་མ་འོངས་པ་དང་
ད་ལྟར་བྱུང་བའི་དབྱེ་བས་ཐ་དད་པའོ། །དེ་ལ་གང་འདས་པ་དེ་ནི་རྗེས་འགྲོ་མེད་པར་ཞིག་པའོ། །མ་འོངས་པ་ནི་མོ་གཤམ་གྱི་བུ་ལྟ་བུའོ། །ད་ལྟར་བྱུང་བ་ཡང་རང་བཞིན་མེད་པ་ཁོ་ནའོ། །གང་ལས་ཤེ་ན། གསུངས་པ་གཅིག་དང་ཞེས་པ་ལ་སོགས་པ་སྟེ། ད་ལྟར་
བྱུང་བའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱང་གཅིག་དང་གཅིག་མིན་གྱི་རང་བཞིན་དང་བྲལ་བ་ཁོ་ན་སྟེ། གང་གི་ཕྱིར་དེ་ཡང་ཆ་དང་བཅས་པའམ་ཆ་མེད་པར་འགྱུར། ཆ་དང་བཅས་པ་ཉིད་ན་རྡུལ་ཕྲ་རབ་ལས་ཆགས་པའི་སྐྱོན་ལས་གྲོལ་བ་མེད་དོ། །ཆ་མེད་པ་ཉིད་ན་
ནམ་མཁའ་དང་མཚུངས་པ་ཁོ་ནའོ། །སྐད་ཅིག་ཉིད་ལས་ཞེས་པ་སྔ་མ་ལས་ཏེ། རབ་སྐྱེས་ཞེས་པ་ཀུན་རྫོབ་ཏུའོ། །དེ་ཉིད་གསུངས་པ་རང་རིག་ཅེས་པ་ལ་སོགས་པ་སྟེ། རི་བོང་གི་རྭ་ལྟར་བཏགས་པ་འབའ་ཞིག་ནི་མ་ཡིན་ནོ། །ངག་གི་སྤྱོད་ཡུལ་ལས་འདས་པ་སྟེ་འདི་

དག་ཉིད་དེ་ཁོ་ན་དང་ཐམས་ཅད་པའི་སྟོང་པ་དང་འོད་གསལ་གྱི་རིམ་པ་དང་ཆོས་ཀྱི་སྐུ་ཞེས་པ་འདི་ཡི་རྣམ་གྲངས་ཅུང་ཟད་སྟོན་པ་ཀུན་མཁྱེན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ཅི་འདི་དག་བདེ་བའི་རང་བཞིན་མ་ཡིན་ནམ་ཞེ་ན། གསུངས་པ། འདི་ནི་ཞེས་པ་ལ་སོགས་པ་
སྟེ་སངས་རྒྱས་བདེ་བ་འབྱུང་བ་ནི་འདི་ལས་ཞེས་པ་སྟེ་སངས་རྒྱས་ཀྱི་བདེ་བ་འབྱུང་བའོ། །གང་ལ་ཞེས་པ་དོན་དམ་པའི་བདེན་པ་གང་ལས་ཏེ། ཆོས་ཐམས་ཅད་ཀྱི་རྟེན་ཉིད་ཀྱིས་བསྟན་ཏོ། །འགའ་ཞིག་ཏུ་ཞེས་པ་གཞན་འགའ་ཞིག་ཏུའོ། །བྱང་ཆུབ་གནས་ཞེས་པ་བྱང་ཆུབ་ཀྱི་
གནས་སོ། །དཔེ་མེད་སོ་སོར་མཉམ་པར་དེ་ཉིད་ཁོ་ན་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། རྒྱལ་བ་རྣམས་ཀྱིས་བསྟན་ཏོ། །དེ་ནི་བདག་གིས་གཞན་དུ་མ་བསྟན་ཏེ། འདིར་ནི་གསལ་བར་བྱས་ཞེས་དགོངས་པའོ། །གཉིས་ཞེས་པ་གཉིས་ནི་གཟུང་བ་དང་འཛིན་པ་དང་དངོས་པོ་དང་
དངོས་པོ་མེད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དང་ཀུན་རྫོབ་དང་དོན་དམ་པ་ཞེས་པ་ལ་སོགས་པའོ། །དེ་སྤངས་པ་གང་ལ་དེ་རབ་གསལ་བདེ་བ་ཆེན་པོའི་རང་བཞིན་གྱིས་རབ་ཏུ་མཚོན་པ་ཉིད་ཀྱི་ཕྱིར་གསལ་བ་ནི་སྤྲོས་པའི་དགའ་བའི་རླབས་གཞན་དང་གཞན་ཉིད་ལས་ཏེ།
ཡང་དག་རིག་ནི་དེས་སྐལ་པ་བཟང་སྟེ། ཡིད་འཕྲོག་ཅེས་པ་ཁྱད་པར་བསྡུས་པ་དེའི་སྐྱེས་བུའོ། །ཚོགས་ནི་བར་མེད་པའི་དགའ་བའོ། །རབ་སྤེལ་ནི་གང་ལ་སྤེལ་ནས་གནས་པ་དེ་བཞིན་དུ་དེའོ། །སྟོབས་མཆོག་སྟེ་མི་ལྡོག་པའི་རོས་རྫོགས་ཤིང་ཁྱབ་པ་མཁའ་དཀྱིལ་
ཏེ། ནམ་མཁར་སྒྲོ་མ་བཏགས་པ་དེ་བཞིན་དུ་དེའོ། །རྣམ་པ་དུ་མ་སྤྲོས་པ་རྣམས་ཀྱིས་ཏེ། རྣམ་པ་སྣ་ཚོགས་པའི་སྤྲུལ་པ་རྣམས་ཀྱིས་ཉེར་བསགས་ཁྱབ་པའོ། །མཐའ་དག་བར་སྣང་གནས་གྱུར་ཏེ། །ནམ་མཁའ་མ་ལུས་པ་སྐབས་འབྱེད་པས་གནས་པ་དེ་བཞིན་དུ་དེའོ། །
དེ་ལྟར་གྱུར་པའི་ཡིད་ལ་འཇིག་རྟེན་གསུམ་པོ་ལ་ཐིམ་པ་ལྟ་བུར་རབ་ཏུ་གསལ་ཞེས་པའི་དོན་ཏོ། །རང་བཞིན་ཞེས་པ་རང་བཞིན་ཏེ། །བརྗོད་ཞེས་པ་ལེའུ་གསུམ་པར་རོ། །དཀྱིལ་འཁོར་ཞེས་པ་འདི་ཉིད་ཡང་དག་རིག་ནི་ཆོས་ཐམས་ཅད་ཀྱི་ཡང་དག་པའི་བདག་ཉིད་ཅན་གྱི་

སྙིང་པོ་ལེན་བ་ཞེས་བྱ་སྟེ། ཕུང་པོ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཀྱིས་ཁྱད་པར་འཕགས་པའི་མཚན་ཉིད་འདིའི་ཞེས་པ་མཆོག་མཚན་ཉིད་དོ། །ཡང་ན་གང་རྣམ་པ་ཐམས་ཅད་ཀྱིས་ཁྱད་པར་དུ་འཕགས་པའི་མཚན་ཉིད་འདིས་ཞེས་པ་སྟེ།
རྣམ་པ་ཐམས་ཅད་མཆོག་མཚན་ཉིད། །མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཞིང་སྤྲས་པའི་སྐུའོ། །མཁའ་འགྲོ་མ་ཞེས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་རྣམས་ཏེ། དེ་ཉིད་འདིའི་རྩ་རྣམས་སོ། །འདི་དག་གིས་བྱང་ཆུབ་ཀྱི་
ཕྱོགས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་གི་རྡུལ་ཕྲ་རབ་ལས་ཡོངས་སུ་གྲུབ་པ་དེ་ནི་སྐུ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ཉིད་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ་ཐམས་ཅད་ཅེས་ཐམས་ཅད་ཀྱིའོ། །སྣང་བ་མེད་ཅེས་པ་བརྟན་པ་དང་སྲ་བ་ལ་སོགས་
པའི་སྣང་བ་ཉེ་བར་དམིགས་པ་མེད་པར་རྟོགས་པ་དེ་བཞིན་དུ་དེའོ། །སྐབས་མེད་ཅེས་པ་བུ་ག་ལ་སོགས་པ་དང་བྲལ་བའོ། །ལུས་པ་མེད་པ་ཞེས་པ་ལྷག་མ་མེད་ཅེས་པའི་དོན་ཏོ། །བག་ཆགས་ཀྱང་མ་ལུས་པ་ཉིད་ཀྱི་ཕྱིར་རོ། །གནས་མེད་ཅེས་པ་རྟེན་དང་བརྟེན་པའི་
དངོས་པོ་དང་བྲལ་བ་ཉིད་ལས་སོ། །ཅིའི་དོན་དུ་དེ་ལྟར་ཐོག་མར་ཉེ་བར་བསྟན་ཞེ་ན། གསུངས་པ། རང་བཞིན་ཞེས་པ་ལ་སོགས་པ་སྟེ་གང་ལ་ཞེས་པ་གང་ལས་སོ། །གཟུགས་མེད་ཅེས་པ་གཟུང་དུ་མེད་པའི་དབྱེ་བས་ཉེ་བར་དམིགས་པ་མེད་པ་ཉིད་ལས་ཏེ། བྱས་པའི་
དགའ་བ་ཞེས་པ་སྐྱེས་པའི་དགའ་བའོ། །དེ་བཞིན་སེམས་དེས་སེམས་མེད་ལ། །ཞེས་པ་བསམ་པ་དང་། རྟོག་པའི་སྤྲོས་པ་དང་བྲལ་བ་དེས་སེམས་མེད་པ་རྣམ་པར་མི་རྟོག་པའོ། །གསུངས་པ་ནི་བཅོམ་ལྡན་འདས་མར་སེམས་དེ་ནི་ཡོད་དེ་སེམས་གང་བསམ་གྱིས་
མི་ཁྱབ་པའོ་ཞེས་སོ། །གཅིག་ཅེས་པ་གཉིས་མེད་པའོ། །སྣ་ཚོགས་རྟོགས་པར་བྱེད་ཅེས་པ་ཕྱོགས་དང་དུས་མཐའ་དག་བསྟན་ཏོ། །འདི་དག་ཉིད་གསུངས་པ་དངོས་པོ་ཞེས་པ་ལ་སོགས་པ་སྟེ། གང་ལ་ཞེས་པ་གསུངས་པའི་མཚན་ཉིད་རྟོག་པ་དང་བྲལ་བའི་རང་བཞིན་

གང་ལ་ཡོད་པ་དེ་ནི་བཞི་པར་བརྗོད་དེ་རབ་ཏུ་གྲགས་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་གསལ་ཞེས་འབྲེལ་ལོ། །ཇི་ལྟར་བྱ་བ་དེ་དག་རྟོགས་ཤིང་ཁོང་དུ་ཆུད་པའི་ཆེན་པོ་དང་ལྡན་པ་གང་ལ་བདག་ཉིད་ཆེན་པོ་སྟེ་དེ་བཞིན་དུ་དེའོ། །ཡང་ཇི་ལྟར། ནམ་མཁའི་མཐའ་
ཀླས་ཁྱབ་པ་པོ། །ཞེས་པའོ། །ཡང་ཇི་ལྟར་འགྱུར་ན། དངོས་པོ་དང་དངོས་པོ་མེད་པ་དག་རྣམ་པར་དབེན་པས་སོ་སོའི་དངོས་པོ་དེ་དང་མི་ལྡན་པའོ། །ཡང་ཇི་ལྟར་འགྱུར་ན། མེ་ལོང་དང་མཚུངས་དཀྱིལ་འཁོར་སྤྲོ། །དྲི་མ་མེད་པའི་རྒྱུན་ཉིད་ཀྱིས། །འགྲོ་བ་རྣམ་པ་ཐམས་
ཅད་ཀྱི་གཟུགས་བརྙན་འཆར་བའི་རྒྱུན་ཉིད་ལས་མེ་ལོང་དང་མཚུངས་པའི་དཀྱིལ་འཁོར་སྤྲོ་བའོ། །རྣམ་པ་ཀུན་ཁྱབ་ཅེས་པ་རྣམ་པ་ཐམས་ཅད་ཀྱིས་ཁྱབ་པར་བྱེད་པ་ནི་འདིའི་ངང་ཚུལ་ལོ་ཞེས་བྱ་བའི་ཁྱད་པར་རོ། །ཡང་ན་རྣམ་པ་ཀུན་བྲལ་ཞེས་པ་སྟེ། ཐམས་ཅད་དུ་དེ་
དག་ཆགས་པ་དང་བྲལ་བ་ཉིད་དང་། དྲི་མ་དང་བྲལ་བ་ཉིད་ཀྱིས་ཞེས་དགོངས་པའོ། །ཡང་ཇི་ལྟར་འགྱུར་ན་ཐམས་ཅད་ཀྱི་བདེ་བ་རྣམས་ཀྱི་ཕུལ་དུ་བྱུང་བ་མཐར་ཐུག་པ་འགྲུབ་པས་གནས་ཏེ་གཞིའོ། །ཡང་ན་གང་ལ་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ལ་ལྟོས་པས་སོ། །
དེས་ན་དོན་འདི་ཡིན་ཏེ། གང་ཡོད་ན་དེ་ལྟར་ཡོན་ཏན་གྱི་རྣམ་པའི་ཚོགས་གྲུབ་པ་དེ་ཉིད་བཞི་པར་ཟད་པར་འབྲས་བུར་འགྱུར་བའི་ལྷན་ཅིག་སྐྱེས་པར་རིག་པར་བྱ་སྟེ། ཅིག་ཤོས་ནི་བསྟན་པ་ཙམ་མོ། །དེ་ཉིད་གསུངས་པ་ཡང་དག་ཅེས་པ་ལ་སོགས་པ་སྟེ་གོ་སླའོ། །ཟུང་འཇུག་
བསྒོམ་པའི་སྤྱོད་པ་གསུངས་པ། ཆགས་མེད་ཅེས་པ་ལ་སོགས་ཏེ་རིམ་པ་འདི་ཡང་གང་ལ་བརྗོད་པར་བྱ་ཞེ་ན། གསུངས་པ། དགེ་བ་ཞེས་པ་ལ་སོགས་པའོ། །འདིའི་རྣལ་འབྱོར་གྱིས་འདི་ལྟར་གྱུར་པ་རྟག་ཏུ་གོམས་པ་ཉིད་ཕྱི་རོལ་གྱི་བྱ་བ་མཐའ་དག་གི་འབྲས་བུ་ཐོབ་
པར་བྱེད་དོ་ཞེས་གསུངས་པ། དེ་བཞིན་ཞེས་པ་ལ་སོགས་པའོ། །ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།ཇི་ལྟར་གསུངས་པའི་དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་མེད་པས། བསྐྱེད་པའི་རིམ་པ་བསྒོམ་པས་ལྷའི་རྣམ་པ་བསྒོམ་པར་བྱའོ། །དེ་ཡང་

གཟུགས་བརྙན་མ་མཐོང་བ་ལས་མི་ནུས་སོ་ཞེས་པའི་དོན་གྱིས་འཕངས་པའི་ཐང་སྐུ་དང་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཁོ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ཡིན་ལ། བཟློག་པ་ནི་མཐོང་བ་དང་མ་མཐོང་བའི་སྐྱོན་གྱི་རྒྱུ་ཡིན་ཏེ། གང་འཆད་
པར་འགྱུར་བའི་རིང་བ་གསུམ་ནི་ཞེས་པ་ལ་སོགས་པའོ། །གཞན་དུ་ཡང་། མཚན་ཉིད་རྣམ་ལྡན་སྐུ་གཟུགས་ནི། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་དང་ཉེ་བའི་ཚད་ཀྱིས་མཛེས། །དེ་ལྟ་བུ་ལ་རབ་གནས་འགྱུར། །སྐུ་གཟུགས་བྱེད་པ་འཇིག་རྟེན་ན། །ཚད་དང་ཉེ་ཚད་
དམན་རྣམས་ཀྱིས། །ནད་དང་འཆི་དང་ནོར་འཇོམས་སོ། །དེ་བཞིན་གཉེན་དང་འབྲལ་བར་འགྱུར། །ཆ་ཤས་ཐམས་ཅད་མཛེས་གྱུར་ཞིང་། །ཐམས་ཅད་ཞི་བར་བྱེད་པའི་མཆོག །དམན་མིན་ལྷག་པ་མིན་པའི་སྐུ། །གསུངས་པའི་ཚད་ལྡན་མཆོད་པ་བྱ། །གཟུགས་དང་
དབྱིབས་ཀྱི་རང་བཞིན་དང་། །སྙིང་རྗེ་གདན་དང་རོལ་པ་དང་། །གནས་ཀྱི་ཁ་དོག་ཡང་དག་ལྡན། །དེ་ལ་ལྷ་ནི་ཉེ་བར་འགྱུར། །ཞེས་པའོ། །དེའི་ཕྱིར་ཐད་སྐུ་ལ་སོགས་པའི་མཚན་ཉིད་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཁྱོན་ཞེས་པ་དཀྱུས་དང་ཞེང་ངོ་། །ཚངས་
པའི་རི་མོ་གཟུགས་ཀྱི་སྔར། །ཞེས་པ་གཟུགས་བྱེད་པའི་དང་པོར་ཚངས་པའི་རི་མོ་ཞེས་པ་ཚངས་ཐིག་གོ། །ཆ་ལྔ་དག་ནི་གདན་ཡིན་ནོ། །ཞེས་པ་མཐོ་ལྔའི་རྒྱ་སྟེ་གཡས་བརྐྱང་གིས་གནས་སོ། །སྐུ་ནི་དུམ་བུ་གསུམ་ཅན་གྱི། །ཞེས་པ་དུམ་བུ་ནི་འཁྱོག་པ་སྟེ། སྐུ་གསུམ་
འཁྱོག་ཅེས་པའི་དོན་ཏོ། །དེ་ཉིད་གསུངས་པ། ཞལ་དང་མཉམ་པ་ཕྲག་པའོ། །ཞེས་པ་ཞལ་དང་ཕྲག་པ་གཉིས་ལ་ཡང་ཞེས་པའི་དོན་ཏོ། །དེའི་ཕྱིར་གདན་དང་སྐུ་དང་མགྲིན་པ་ཡང་འཁྱོག་པ་སྟེ། མགྲིན་པ་དང་སྐུ་ནི་ཞལ་དང་ཕྲག་པའི་རྟེན་ཉིད་ཀྱི་ཕྱིར་རོ། །ཚངས་པའི་ཐིག་བཏབ་
ལ་ཞལ་ལ་སོགས་པ་བགོ་བར་བྱའོ་ཞེས་པའི་དོན་གསུངས་པ། ཞལ་ཞེས་པ་ལ་སོགས་པ་སྟེ། སྐུ་གཟུགས་ཇི་སྲིད་པ་ཁྲུ་ལ་སོགས་པའི་ཚད་བྱ་སྟེ། དེའི་བཅུ་ཆ་དང་ཞལ་གྱི་ཁྱོན་དང་ཐལ་མོ་དང་། མཐོ་ཞེས་པ་རྣམ་གྲངས་སོ། །ཞལ་གྱི་ཡང་བཅུ་གཉིས་ཆ་དང་ཆ་ཆུང་དང་། སོར་དང་

སོར་མོ་ཞེས་པ་དོན་གཅིག་སྟེ། དེ་ཐམས་ཅད་དུ་ཆ་ཆུང་གི་རྣམ་པར་དབྱེ་བར་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ནི་སངས་རྒྱས་ཀྱི་གཟུགས་ཉིད་ལས་ཕྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་པའི་ཞལ་བྱའོ་ཞེས་སྐུ་གཟུགས་ཀྱི་མཚན་ཉིད་ལ་སོགས་པ་གསུངས་པ་ཤེས་པར་
བྱའོ། །བཅུ་གཉིས་ཆ་ཞེས་པ་ནི་སངས་རྒྱས་ལས་གཞན་ཐམས་ཅད་ལ་ཐུན་མོང་བ་ཉིད་དུ་གསུངས་པའོ། །སོར་མོ་བཞི་ནི་མགྲིན་པ་ལའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་མགྲིན་པ་སོར་མོ་བཞིའོ། །དབུ་དང་སྐྲ་མཚམས་དེ་ཉིད་ལྟར། །ཞེས་པ་དབུའི་གནས་དང་སྐྲའི་མཐོ་དམན་ཡང་དེ་ཉིད་
ལྟར་ཞེས་ཏེ་ཆ་ཆུང་བཞི་པ་ཞེས་པའི་དོན་ཏོ། །སྙན་གཉིས་དག་ལའོ་ཞེས་པ་སྙན་གཉིས་དག་ཀྱང་སྲིད་དུ་དེ་ཁོ་ན་ལྟར་ཕྱེད་དང་བཅས་པའི་ཆ་ཆུང་བཞི་དག་གོ། །དེ་ཉིད་གསུངས་པ། ལེགས་པར་མཚན་ཞེས་པ་མཚན་ཉིད་མཆོག་ཅེས་པའི་དོན་ཏོ། །ཞལ་ནི་ཆ་གསུམ་རྣམས་ཀྱི་
སྟེ། །ཞེས་པ་ཞལ་ནི་ཆ་གསུམ་སྟེ། །ཆ་ཆུང་བཞི་བཞི་རྣམས་ཀྱི་ཆ་རེ་རེའོ། །དེ་ལ་ཆ་གཅིག་དཔྲལ་བའོ། །གཉིས་པ་ཤངས་སོ། །གསུམ་པ་ཞལ་ལོ། །ཞལ་ནི་ཤངས་ཀྱི་འོག་ནས་ཨོ་སྐོའི་བར་ལ་ཐ་སྙད་བྱས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ཕྱེད་དང་བཅས་པའི་
སོར་མོ་བཞི་རུ་འགྱུར་ཏེ། ཕྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་ཀྱི་ཞལ་ཉིད་ལས་སོ། །སྨིན་མའི་མཐའ་དང་ཞལ་སྟེང་གི་ཞེས་པ་སྨིན་མའི་འོག་གི་གནས་དང་ཞལ་གྱི་སྟེང་དུ་རྒྱར་སོར་མོ་གཉིས་ཏེ་སྤྱན་གྱི་ཞེང་ཞེས་པའི་དོན་ཏོ། །སོར་མོ་བཞི་རུ་བཅད་པ་ཞེས་པ་མིག་
ཐད་ཀར་སོར་མོ་བཞི་བཅད་པས་ཞེས་པའི་དོན་ཏོ། །དབུས་ཀྱི་ནོར་ལྷའི་ཆ་ལས་ཐལ་མོ་གཉིས་ཞེས་པ་རྒྱར་ཆ་ཆུང་བརྒྱད་པའི་མགྲིན་པའི་མཐའ་ནས་ཕྲག་པ་གཉིས་ཀྱི་ཐད་ཀར་ཞལ་རེ་རེ་སྟེ་སོ་སོར་ཆ་ཆུང་གཉིས་གཉིས་ཀྱི་ཤ་འབུར་བའི་ཆ་སྤངས་ནས་ཞེས་པའི་དོན་ཏོ། །ལྷའི་
ཆ་ལ་ཞེས་ཀློག་པ་ལ་ཡང་ལྷ་ནི་ནོར་ལྷ་ཁོ་ནའོ། །སྙིང་ག་དང་ནི་ལྟེ་བའི་གནས། ཞེས་པས་མགྲིན་པའི་རྩ་བ་ནས་སྙིང་ག་དང་སྙིང་ག་ནས་ལྟེ་བའི་གནས་ལ་ཐལ་མོའི་ཚད་དོ། །ནུ་མའི་བར་ནི་ཐལ་མོ་སྟེ། །ཞེས་པ་ནུ་མ་དག་གི་བར་ཐལ་མོ་གཅིག་གོ། །ནུ་མ་དག་ལས་

བྲང་མཐིལ་བཞིན། །ཞེས་པ་ནུ་མ་དག་ལས་སྟེང་དུ་མཆན་ཁུང་དག་གི་བར་དུ་བྲང་ནི་མགྲིན་པ་དང་ལྟེ་བའི་བར་གྱི་ཐལ་མོ་བཞིན་ཞེས་པ་ཆ་ཆུང་ཉི་ཤུ་རྩ་ལྔ་ཞེས་པའི་དོན་ཏོ། །ཡང་ན་ནུ་མ་དག་ལས་རྒྱབ་ཏུ་མངོན་པར་ཕྱོགས་པར་ལོགས་ལ་དྲང་པོར་ཐལ་མོ་
གཅིག་གོ། །ཕྱག་ནི་ཐལ་མོ་གསུམ་པ་སྟེ། །ཞེས་པ་ཕྱག་དག་ནི་མཆན་ཁུང་ནས་ནོར་བུའི་འཆིང་བ་བཅུ་ཇི་སྲིད་པ་སྟེ། སོ་སོ་སོ་སོར་རེ་རེར་ཐལ་མོ་གསུམ་གྱི་ཕྱག་དག་གོ། །ཐལ་མོས་འདིའི་ཕྱག་མགོ་གཉིས། །ཞེས་བྱ་བ་ཕྱག་མགོ་གཉིས་སོ་སོར་ཐལ་མོའི་ཚད་དུ་འགྱུར་
རོ། །སོར་མོ་བཞི་དང་ལྡན་པ་ཡི། །བརླ་དང་བྱིན་པ་ཡང་དག་ལྡན། །ཞེས་པ་པུས་མོའི་ལྷ་ང་སོར་མོ་གསུམ་དོར་ནས་པུས་མོའི་སྟེང་དང་འོག་ཏུ་མཚམས་ཆ་ཆུང་གཉིས་གཉིས་དག་དང་ལྷན་ཅིག་བརླ་དང་བྱིན་པ་ལ་ཡང་དག་ལྡན་ཏེ། ཕྱག་གཉིས་ཀྱི་ཚད་དང་ལྡན་ཞེས་པའི་དོན་
ཏོ། །དེས་ན་བརླའི་རྩ་བ་ནས་ཇི་སྲིད་བྱིན་པའི་རྩེ་མོ་ལ་ཆ་ཆུང་ལྔ་བཅུ་རྩ་བདུན་དུ་འགྱུར་རོ། །ཆ་ཤས་སོར་མོ་བཞི་ཡིན་ཏེ། །ཞེས་པ་ཆ་ཆུང་གཉིས་གཉིས་ཤ་འབུར་བ་ཉིད་ཀྱི་ཆ་ཤས་ཆ་ཆུང་བཞི་དག་གོ། །ཡང་ན་ལོང་བུ་ལས་འོག་ཏུ་རྟིང་པའི་ཆ་ཆུང་བཞི་བྱའོ། །དེ་ཉིད་བཞིན་
དུ་ཞབས་མཐིལ་ལོ། །ཞེས་པ་ཞབས་ཀྱང་དེ་ཉིད་ཐལ་མོའི་ཚད་དེ་རྟིང་པའི་སོར་མོ་དྲུག་དོར་ནས་ཞེས་པའི་དོན་ཏོ། །མཐིལ་དང་ཐལ་མོ་བཅུ་གཉིས་ཀྱི། །ལྷ་ཡི་གཟུགས་ནི་བྲི་བ་ལ། །ཞེས་པ་ལ་ཐུན་མོང་བའི་ལྷའི་གཟུགས་སུ་བྲི་བ་ལ་ཐལ་མོ་ཆ་བཅུ་གཉིས་སུ་འགྱུར་རོ་ཞེས་
པའི་དོན་ཏོ། །ཡང་ན་རལ་པའི་ཐོར་ཚུགས་དང་། །གདན་དང་ལྷན་ཅིག་ཐལ་མོ་བཅུ་གཉིས་པའི་ལྷ་བྲི་བར་བྱའོ་ཞེས་པ་ལྷག་མའོ། །གདན་ལ་ཐལ་མོ་དང་ཆ་ཆུང་གང་བྱ་བ་དེ་གསུངས་པ། སོར་མོ་བཞི་ཡི་ལྷག་མ་ནི། །ཞེས་པ་ལྷག་མ་སོར་མོ་བཞི་དོར་ནས། འཇིགས་བྱེད་
དུས་མཚན་མོར་བརྗོད་པའི་གདན་སོར་བརྒྱད་རྣམས་ཀྱིས་མཐོ་བར་བྱའོ་ཞེས་པའི་དོན་ཏོ། །དོར་བའི་ཆ་ཆུང་བཞི་ལ་ཅི་བྱ་ཞེ་ན། གསུངས་པ། གདན་དང་གདན་གྱི་འབྲེལ་པ་ཡི། །གཉིས་ཀྱི་སོར་དང་སོར་མོའོ། །ཞེས་པ་གདན་ཉི་མ་དང་སྣ་ཚོགས་ཆུ་སྐྱེས་གཉིས་སོར་

གཅིག་དང་གསུམ་མཐོང་བ་དག་གིས་འབྲེལ་པ་ཞེས་པའི་དོན་ཏོ། །ཡང་ན་འདི་ལ་བཅོམ་ལྡན་འདས་མི་བསྐྱོད་པ་བཞུགས་པའི་ཕྱིར་གདན་ནི་རལ་པའི་ཅོད་པན་ནོ། །གདན་ལ་འདིའི་གདན་ཞེས་པ་གདན་དང་གདན་ཏེ། གཙུག་གི་ནོར་བུ་སོར་གཉིས་མཐོ་བའོ། །དེས་
འབྲེལ་པའི་རལ་པའི་ཅོད་པན་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་རལ་པའི་ཅོད་པན་གྱི་ཁྱད་པར་གྱིས་གསུངས་པ། སྙིང་པོར་ཟླ་བའི་དཀྱིལ་འཁོར་ཏེ། ཞེས་པ་ཟླ་བ་ཚེས་པས་བརྒྱན་པའི་རལ་པའི་ཅོད་པན་ནོ། །ཐལ་མོ་བཅུ་གཉིས་མཚན་ཉིད་དོ། །ཞེས་པ་ཐལ་མོའི་མཚན་ཉིད་ཆ་བཅུ་
གཉིས་ཞེས་པ་སྔ་མ་རྣམས་ཉིད་ཀྱི་དོན་ཉེ་བར་སྡུད་པའོ། །ཡང་ན་གང་གདན་གྱི་མཐའ་ནས་རལ་པའི་མཐར་ཐལ་མོ་བཅུ་གཉིས་བཅོམ་ལྡན་འདས་ཀྱི་མཚན་ཉིད་དོ། །ཟབ་མོའི་ས་བཅུ་གཉིས་རྣམ་པར་དག་པའོ། །དམའ་བ་ཞེས་པ་དམའ་བ་དང་མཐོ་བ་དང་། སྦོམ་པ་ཡན་ལག་
དང་ཉིང་ལག་ཐམས་ཅད་རོལ་པ་ཕུན་སུམ་ཚོགས་པ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་ཞེས་པ་དེ་ཐལ་མོའི་ཚད་ཀྱི་ཁོངས་སུ་གཏོགས་པ་ཉིད་དོ། །སླར་ཡང་ཇི་ལྟར་གསུངས་པའི་ཐལ་མོའི་ཚད་སྤངས་ནས་རང་གི་འདོད་པས་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་པའོ། །
ཕྱག་གཉིས་དག་གིས་མཚུངས་པ་ཡི། །ཞེས་པ་ཕྱག་གཉིས་ཀ་ཡང་དབྱིབས་མཉམ་པོ་དག་བྱའོ་ཞེས་པའི་དོན་ཏོ། །སྤང་བར་བྱ་བ་ཞེས་པ་ཞི་བའི་ལྷ་འདྲི་ན་ཆ་ཆུང་གཉིས་གཉིས་སྤང་བར་བྱའོ་ཞེས་པ་མདོར་བསྟན་པའོ། །དེ་ཡང་ཞེས་པ་དེའི་ཡང་ངོ་། །རྟག་ཏུ་ཕྱལ་ནི་དགའ་བར་
བྱ། །ཞེས་པ་ཕྱལ་ནི་མངོན་དུ་ཕྱོགས་པས་དགའ་ཞིང་དང་བ་འདྲེན་པ་ཞེས་པའི་དོན་ཏོ། །མདོར་བསྟན་པ་ངེས་པར་སྟོན་པ་དོར་བར་བྱ་བ་ཞེས་པ་ལ་སོགས་པ་སྟེ། མཚམས་དང་མཚམས་ལ་སོ་སོར་ཆ་ཆུང་གཉིས་གཉིས་ཆད་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ལ་
སོགས་པ་ཞི་བའི་ལྷ་རྣམས་ལ་སྐུའི་སྟོད་དང་སྨད་དག་གི་ཆ་ཆུང་ཕྱེད་དང་བཅས་པ་གཉིས་གཉིས་བྲི་བ་ལས་ཆ་ཆུང་ཉི་ཤུ་ལྷག་པ་བརྒྱའི་ཚད་ཀྱི་སྐུར་འགྱུར་རོ་ཞེས་དགོངས་པའོ། །ཁྲོ་བོ་ལ་སོགས་པའི་མཚན་ཉིད་གསུངས་པ། ཁྲོ་བོ་ཞེས་པ་ལ་སོགས་པ་སྟེ་ཐལ་མོ་བཅུ་ཞེས་པ་

གདན་གྱི་མཐའ་ནས་ཇི་སྲིད་སྐྲའི་ཞགས་པའི་མཐར་ཤེས་པར་བྱའོ། །ཐུང་ཞིང་གསུས་པ་འཕྱང་བའི་ལྷ་ནི་ཐལ་མོ་བརྒྱད་པ་ཞེས་གསུངས་སོ། །རོལ་པའི་ཁྲོ་བོའི་ལྷ་ནི་ཐལ་མོ་བཅུ་པ་ཉིད་དོ། །གཟུགས་མཛེས་ཡིད་དུ་འོང་བ་ནི། །ཞེས་པ་ཡིད་འཕྲོག་པའི་གཟུགས་
ཉིད་དེ། ཐལ་མོ་དགུ་ཞེས་པ་སྐུ་ཐལ་མོ་དགུ་པ་བྱའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་མོ་རྣམས་དང་འཕགས་མ་སྒྲོལ་མ་ལ་སོགས་པ་རྣམས་ཀྱང་ཐལ་མོ་དགུ་པ་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ་རིམ་པ་ཞེས་པ་ལ་སོགས་པ་སྟེ། རིམ་པ་འདིས་ལྷ་
རྣམས་ཐམས་ཅད་བྲི་བར་བྱའོ་ཞེས་དགོངས་པའོ། །འདིར་བསྡུས་པའི་དོན་འདི་ཡིན་ཏེ། ཇི་སྲིད་སྐུ་གཟུགས་བྱེད་པ་དེ་སྲིད་ཀྱི་ཚད་ཀྱི་ཚངས་ཐིག་བཏབ་ནས། དེའི་བཅུ་ཆ་ལ་ཐལ་མོར་རྣམ་པར་གཞག་ཅིང་། སླར་དེ་ཕྱེད་དང་བཅས་པའི་ཆ་ཆུང་བཅུ་
གཉིས་སུ་བྱས་ལ་དེའི་ཆ་གཅིག་ནི་ཆ་ཆུང་དུ་ངེས་པར་བྱ་སྟེ། དེའི་དབུས་སུ་དཔངས་སོར་བཞིའོ། །འདི་ཡང་ཆ་ཆུང་དང་སོར་དང་སོར་མོ་ཞེས་པ་རྣམ་གྲངས་ཏེ། དེའི་བརྒྱད་ཆ་འདི་ནས་ཞེས་ཐ་སྙད་བྱའོ། །དེ་བཞིན་དུ་དབུའི་འོག་ནས་དཔྲལ་བ་ཆ་ཆུང་བཞིའོ། །དེའི་
འོག་ནས་ཤངས་ཆ་ཆུང་བཞིའོ། །དེའི་འོག་ཏུ་ཨོ་སྐོའི་མཐར་ཕྱེད་དང་བཅས་པའི་ཆ་ཆུང་བཞིར་བགོ་བར་བྱའོ། །དེ་ནས་དཔྲལ་བ་ལ་ནི་ཚངས་ཐིག་གི་ལོགས་གཉིས་སུ་སོར་བཞི་བཞི་ཉིད་ཀྱིས་ཐད་ཀར་སོར་བརྒྱད་དེ། སོར་དགུ་ཞེས་ཁ་ཅིག་གོ། །དཔྲལ་བའི་མཐའི་ཆ་ལས་འཕྲེད་ལ་སོང་
བའི་སྨིན་མ་དག་ནི་ཚངས་པའི་ལོགས་གཉིས་ནས་རྐང་པས་དམན་པའི་ཆ་ཆུང་རེ་རེའི་མཐར་དཔྲལ་བའི་ཆ་ཆུང་བསྣན་ལ་གཞུ་ལྟ་བུ་འཁྱོག་པ་ཇི་ལྟར་མཛེས་པ་སྟེ། དཀྱུས་ལ་ཆ་ཆུང་བཞི་དང་སྦོམས་སུ་དབུས་ལ་ནས་གཉིས་སོ། །དེའི་འོག་ཏུ་ཚངས་པའི་ལོགས་གཉིས་ནས་ཆ་ཆུང་
ཕྱེད་ཕྱེད་དོར་ཏེ། མིག་འགེབས་པགས་པ་ཤའི་རང་བཞིན་མིག་ཤུགས་སུ་བརྗོད་པ་ནང་གི་གྲྭ་དང་ཕྱིའི་གྲྭ་ལ་ལྟོས་པའི་རིམ་པས། དབུས་སུ་རྐང་པ་དམན་པའི་སོར་གཅིག་མཐོ་བ་ཉིད་ཀྱི་པདྨའི་འདབ་མ་ལྟ་བུ་སྟེང་དུ་ཞེང་གི་ཚད་དང་འཕྲེད་ལ་དཀྱུས་ཀྱི་ཚད་དག་གིས་ཆ་ཆུང་

གསུམ་དང་བཞིའི་དབུས་སུ་སྨིན་མའི་བར་གྱིས་སོར་གཉིས་དོར་ནས་མིག་ལམ་གྱི་ཐིག་གོ། །མིག་དག་ནི་ཚངས་པའི་ལོགས་གཉིས་ནས་ཆ་ཆུང་ཕྱེད་ཕྱེད་ཀྱི་མཐའ་ནང་གི་གྲྭ་དང་ཕྱིའི་གྲྭ་དག་སོ་སོའི་ཆ་ཆུང་ཕྱེད་དག་དང་ལྷན་ཅིག་ཆ་ཆུང་བཞི་པ་འཕྲེད་ལ་སོང་བའོ། །དེ་ལ་སྣ་དང་ཉེ་བ་ནི་ནང་གི་གྲྭ་
སྟེ། དེ་ལ་ཅིག་ཤོས་ནི་ཕྱིའི་གྲྭའོ། །འདི་གཉིས་ཀྱང་དཀར་པོ་ཟླུམ་པོའི་རྩ་བ་སྟེ། དེ་དོར་ནས་དཀར་པོ་ཟླུམ་པོ་རྒྱ་སོར་གསུམ་དང་སོར་གཉིས་སོ། །དེའི་དབུས་སུ་མཐོང་<ཆགས་,ཆག་>འགྱུར་དུ་ཏཱ་ར་ཞེས་རྒྱ་སྐད་<སར་,སོར་>བཞག་ཡོད། མིག་ཏུ་བརྗོད་པ་ནག་པོ་ཟླུམ་པོ་ཀུན་ནས་ཆ་ཆུང་གཅིག་གོ། །དེའི་དབུས་སུ་ཆ་ཆུང་གི་ལྔ་ཆས་པུ་ཏ་ལིའོ། །རྣོ་མིག་
མིང་གཞན་མུ་ཁྱུད་ཀྱང་པུ་ཏ་ལི་དང་མཉམ་པའོ། །མིག་ལམ་གྱི་རྟེན་གྱི་གཟུགས་ནི་མིག་གིས་མུད་ག་བརྗོད་པ་ཆ་ཆུང་བཞི་ཆས་མཐོ་བའོ། །མིག་འབུར་ནི་དཔངས་སུ་སྨིན་མའི་དབུས་ཀྱི་འོག་གི་ནང་གི་ཆ་ལས་བརྩམས་ཏེ། མིག་ལམ་གྱི་རྩ་བའི་མཐར་ཐུག་པ་ལས་འབུར་བའི་སྒྲའི་
བརྗོད་བྱ་སོར་གཉིས་སོ། །འདིར་ཉམས་དང་རྗེས་སུ་མཐུན་པའི་ཚུལ་བཙུམས་པ་དང་བགྲད་པ་ལ་སོགས་པའོ། །ཡང་ན་སངས་རྒྱས་ཐམས་ཅད་བསམ་གཏན་གྱིས་གཟིགས་པའི་སྤྱན་གྱི་ཞེང་ནས་གཉིས་དང་དཀྱུས་ནས་དྲུག་ལྷག་པའི་སོར་གཉིས་ཏེ་གཞུའི་རྣམ་པའོ། །བྱང་
ཆུབ་སེམས་དཔའ་རྣམས་ཀྱི་ཞེང་ནས་བཞི་དང་། དཀྱུས་ནས་ཉི་ཤུ་སྟེ་ཨུཏྤ་ལ་ལྟ་བུའོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་ནི་རྩ་བའི་ཞལ་གྱི་སྤྱན་གྱི་ཞེང་ནས་བཅུ་དང་། དཀྱུས་ནས་བཅུ་བཞི་སྟེ་ཟླུམ་པའོ། །ཁྲོ་བོའི་ལྷ་རྣམས་གཞན་གྱི་ཡང་ངོ་། །གཡས་པ་དང་གཡོན་
པའི་ཞལ་གྱི་སྤྱན་ནི་སླར་ཞེང་སོར་མོ་གཅིག་དང་དཀྱུས་སོར་མོ་གཉིས་ཏེ་པདྨ་ལྟ་བུའོ། །ནུབ་ཀྱི་ཞལ་གྱི་སྤྱན་ཞེང་ནས་དྲུག་དང་། དཀྱུས་ནས་བཅོ་བརྒྱད་དེ་ཉའི་ལྟོ་བའི་རྣམ་པའོ། །སྒེག་པའི་རོ་གཙོ་བོར་གྱུར་པའི་བུད་མེད་ཀྱི་ཡང་ངོ་། །མིག་དག་གི་བར་དུ་སྣའི་རྩ་བ་རྒྱ་དང་དཔངས་
ཀྱང་ཆ་ཆུང་གཅིག་གོ། །རྩེ་མོ་ནི་རྒྱར་སོར་གཉིས་དང་དཔངས་སུ་ཕྱེད་དང་བཅས་པའི་སོར་མོའོ། །སྣའི་བུ་ག་དག་ནི་འཕྲེད་ལ་ཆ་ཆུང་ཕྱེད་ཕྱེད་པ་དཔངས་ཆ་ཆུང་རེ་རེའོ། །བུ་ག་གཉིས་ཀྱི་དབུས་སུ་སྣའི་རྒྱུད་ཐད་ཀར་ཆ་ཆུང་ཕྱེད་དོ། །སྣའི་རྩེ་མོ་ནི་ཟླུམ་པོ་འཁྱོག་པའི་ཚད་ཀྱིས་ནས་

དང་བཅས་པའི་སོར་གཅིག་གོ། །སྣ་བུག་གཉིས་ནི་སོ་སོ་ནས་གཉིས་རྒྱས་པའོ། །སྣའི་འོག་ཏུ་ཡང་མཆུ་ནི་སྣའི་མཐའ་ནས་བརྩམས་ཏེ་འཐོན་པ་དང་། སོའི་རྩ་བ་ནས་རྔམས་སུ་ཡང་ཆ་ཆུང་གཅིག་གོ། །འཕྲེད་ལ་རྒྱར་ཚངས་པའི་ལོགས་གཉིས་ནས་ཆ་
ཆུང་རེ་རེའོ། །མཆུའི་སྟེང་དུ་དབུས་དམའ་བ་ཉིད་ཀྱིས་རྐང་པས་དམན་པའི་ཆ་ཆུང་སྟེ་གོཙྪི་ཁ་ཏི་ལྟ་བུའོ། །གོཙྪིའི་འོག་ཏུ་ཚངས་ཐིག་དང་མཉམ་པའི་ཡ་མཆུའི་རྩེ་མོར་ཐད་ཀའི་རྒྱར་ཆ་ཆུང་གཉིས་ཏེ་དབུས་ཅུང་ཟད་མཐོ་བའོ། །དེའི་འོག་ཏུ་དེ་ལྟ་བུའི་མ་མཆུ་སྟེ། འཕྱར་བ་དང་རྔམས་
དག་ཆ་ཆུང་རེ་རེ་ཉིད་དང་ཐད་ཀའི་རྒྱར་ཆ་ཆུང་གཉིས་ལས་དབུས་སུ་ནི་ཚངས་ཐིག་དང་མཉམ་པ་ཅུང་ཟད་དམའ་བ་རི་མོར་བརྗོད་པའོ། །མཆུ་གཉིས་ཀྱི་མཐའ་གཉིས་ཀྱི་ཆ་དག་ཏུ་ཁ་འགྲམ་ཆ་ཆུང་རེ་རེ་སྟེ་ནས་གཅིག་རྒྱས་པའོ། །མཐའ་མར་ནི་ནས་ལས་ཅུང་ཟད་ལྷག་པ་རྒྱས་པ་
སྟེ་བསྡུས་པས་ཞལ་སོར་བཞིའོ། །འདིར་མིག་འབྲས་དང་ཨོ་སྐོ་དང་ཁ་འགྲམ་གྱི་ཐིག་མཉམ་པར་བྱའོ། །དེ་བཞིན་དུ་མིག་གི་ནང་གི་གྲྭ་དང་སྣའི་བུ་ག་དག་ཀྱང་ངོ་། །མ་མཆུའི་འོག་ཏུ་ཨོ་སྐོ་སོར་གཉིས་རིང་བའོ། །མགྲིན་པའི་རྩ་བ་ལས་འཐོན་པ་དང་ཁ་འགྲམ་གཉིས་ཀའི་མཐའི་
མཉམ་པའི་ཐིག་གི་མཐར་ཐུག་པར་ཁྱབ་པ་སྟེ་འཕྲེད་ལ་སོར་བཞིའོ། །ཨོ་སྐོའི་རྩེ་མོར་ནི་འཕྲེད་ལ་རྒྱར་སོར་གཉིས་ཁོ་ནའོ། །ཨོསྐོའི་འཕྲེད་ལ་ཁྱབ་པའི་མཐའ་མ་ལས་རྣ་བའི་རྩ་བ་ཇི་སྲིད་པ་ཁའི་ཆ་འགྲམ་པའི་སྒྲའི་བརྗོད་པར་བྱ་སྟེ། སྲིད་དུ་སོར་དྲུག་དང་ཞེང་ལ་ཕྱེད་དང་བཅས་
པའི་སོར་གཉིས་སོ། །རྣ་བའི་མཐའ་ནས་བརྩམས་ཏེ་འགྲམ་པའི་རྒྱའི་གནས་ཀྱི་མཐའ་མ་ལ་ཟླུམ་པོ་ཇི་སྲིད་མཁུར་ཚོས་ཀྱི་དཀྱུས་དང་ཞེང་དག་སོར་བཞིའོ། །མཁུར་ཚོས་ཀྱི་རྣམ་གྲངས་ཇི་སྲིད་སྣའི་རྒྱའི་མཐར་མིག་གི་འོག་ནས་ཟླུམ་པོའི་ཆ་སྟེ་དེ་ཡང་སོར་གསུམ་པ་ཀུན་ནས་སོར་
གཅིག་མཐོ་བའོ། །འགྲམ་པའི་རྩ་བ་ནས་རྣ་བའི་སྲིད་དུ་སོར་ཕྱེད་དང་བཅས་པ་བཞི་སྟེ། ཇི་ལྟར་སྨིན་མའི་འཁྱོག་པོ་དང་མཉམ་པའི་ཐིག་རྣ་བའི་རྩེ་མོར་གྱུར་པ་དེ་ལྟར་བྱ་ཞིང་ཐད་ཀར་སོར་གཉིས་རྒྱས་པའོ། །དེ་ལ་བེར་ཀ་རིས་ཀྱི་རྣམ་པ་རྣ་བའི་འཁྱིལ་པའི་འོག་མིག་གི་ཟུར་

ནས། ཕྱེད་དང་བཅས་པའི་སོར་ལྔ་ན་གནས་པ་ཟ་འགྲམ་གྱི་མཐའ་ནས་འཐོན་པ་མེ་ཏོག་ཁ་ཕྱེ་བའི་རྣམ་པའི་འདབ་མའི་ཐད་ཀའི་རྒྱ་དང་འཕྱར་བ་ལ་ཡང་ཆ་ཆུང་ཕྱེད་དང་སྲིད་དུ་ཆ་ཆུང་གཅིག་གོ། །དེའི་འོག་ཞགས་པའི་རྩ་བའི་སྟེང་དུ་ཀ་ཀཱ་ནི་རྣ་བའི་འདབ་མ་ལྟ་བུའོ། །དེའི་ཕ་
རོལ་དུ་རྣ་བའི་བུ་ག་ཆ་ཆུང་ཕྱེད་དེ་འཕྱར་བ་ལ་ཆ་ཆུང་གཅིག་གོ། །དེ་ལས་ལྷག་མ་ཆ་ཆུང་གཅིག་པ་རྡོ་གཞོང་ལྟ་བུ་དཔངས་དང་འཕྱར་བ་དང་རྒྱ་ལ་ཡང་ཆ་ཆུང་གཅིག་ཉིད་དོ། །ཀ་ཀཱ་ནིའི་སྟེང་དུ་གྱེན་གྱི་ཚད་ཀྱིས་སོར་གཉིས་པ་རྒྱར་སོར་གཅིག་པ་བུ་གའི་རྣམ་པ་རྡོ་གཞོང་ལྟ་
བུ་ལས་ཕ་རོལ་རྣ་བའི་འདབ་མར་བརྗོད་པ་ལས་ཚུ་རོལ་དུ་རྣ་བའི་ཆ་ཤས་ཤ་ཀུ་ལི་ཞེས་པ་ཐད་ཀར་ནས་གཉིས་དང་རྒྱས་པ་རྡོ་གཞོང་བསྐོར་བ་ལྟར་གནས་པ་རྡོ་གཞོང་ལྟ་བུའི་སྟེང་དུ་ཡང་གྱེན་གྱི་ཚད་ཀྱི་ཕྱེད་དང་བཅས་པའི་སོར་མོ་དང་རྒྱ་རྐང་པ་དང་བཅས་པའི་སོར་གཅིག་བྱའོ། །རྣ་
བའི་འཁྱིལ་པ་ནི་རྣ་བ་ལ་བསྐོར་བ་པགས་པའི་རང་བཞིན་བེར་ཀ་རིས་ལྟ་བུ་ཞེང་དང་དཔངས་ལ་ཆ་ཆུང་བཞི་ཆའོ། །ལྷག་པའི་ཆ་ལས་རྣ་བའི་རྒྱབ་འཕྱར་བ་ལ་ཕྱེད་དང་བཅས་པའི་སོར་མོའི་སྙན་ཤལ་རྣ་བའི་ཐིག་ལེ་ནི་ཇི་ལྟར་མཛེས་པ་མངོན་དུ་ཕྱོགས་པ་རྒྱ་ཆ་ཆུང་ཕྱེད་དང་བཅས་
པའོ། །རྣ་བའི་འདབ་མ་ཡང་དེ་ལྟར་རོ། །མདུན་དུ་ཕྱོགས་པའི་རྣ་བ་དག་གིས་བར་གྱི་དབུ་ལ་སོར་བཅོ་བརྒྱད་དོ། །རྒྱབ་ལ་ནི་སོར་བཅུ་བཞིའོ། །བཅོམ་ལྡན་འདས་ནི་ཞལ་བཞི་ཉིད་དང་ཞལ་གསུམ་ཉིད་ལ་ཡང་རྒྱབ་ཀྱི་ཆ་མེད་པར་རིག་པར་བྱ་སྟེ། བསྡུས་པས་དབུ་བསྐོར་བ་ལ་
ཆ་ཆུང་སུམ་ཅུ་རྩ་གཉིས་སོ། །དེའི་ཕྱིར་ཟླུམ་པོའི་དབུས་ཀྱི་ཐིག་དྲང་པོ་དེ་ཆ་གསུམ་ཉིད་ཀྱིས་ཏེ། ཅུང་ཟད་ལྷག་པའི་ཕྱེད་དང་བཅས་པའི་ཆ་ཆུང་བཅུར་འགྱུར་རོ། །དེ་ནས་འདྲི་བ་ལ་ཡང་སྐུ་གཟུགས་ཀྱི་ཞལ་ལ་ཐད་ཀར་རྣ་བ་ནས་རྣ་བའི་མཐར་ཆ་ཆུང་ཇི་སྙེད་པ་དེ་སྙེད་ཁོ་ནར་འགྱུར་
རོ། །དབུ་ནི་སླར་གདུགས་ཀྱི་རྣམ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུའི་དབུས་ཀྱི་གཙུག་ཏོར་ལ་དཔངས་དང་རྒྱར་ཡང་སོར་བཞིའོ། །གཙུག་ཏོར་དཔྲལ་བ་དག་གི་བར་ལ་སོར་བརྒྱད་དོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་གཙུག་ཏོར་དབུས་སུ་བྱས་ཏེ། སོར་བཅུ་

གཉིས་ཀྱིས་རལ་པའི་ཐོར་ཚུགས་སོ། །དཔའ་བོ་རྣམས་ཀྱི་སོར་བརྒྱད་དམ་སོར་བཅུ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ངོ་། །ཞལ་ནི་བསྡུས་པ་རྣམ་པ་བཞི་སྟེ་ཁྱིམ་བྱའི་སྒོ་ང་དང་ཏིལ་དང་ཟླུམ་པོ་དང་གྲུ་བཞིའི་རྣམ་པ་ཉིད་ཀྱིས་སོ། །དེ་གསུངས་པ། ཁྱིམ་
བྱའི་སྒོ་ང་ཏིལ་རྣམ་པ། །གྲུ་བཞི་དང་ནི་ཟླུམ་པོར་བཅས། །ཐུན་མོང་སྐུ་རྣམས་ཐམས་ཅད་ཀྱི། །ཞལ་གྱི་དབྱིབས་ནི་རྣམ་བཞིའོ། །སྐྱེས་བུ་ཆེན་པོ་ལྷ་མོ་ཡིས། །ཁྱིམ་བྱའི་སྒོ་ང་ཏིལ་གྱི་དབྱིབས། །མཛེས་ཤིང་བལྟ་ན་སྡུག་པ་ཡི། །ཞལ་ནི་རྣམ་པ་གཉིས་ཉིད་བྱ། །ཡི་དྭགས་
འབྱུང་པོ་ཤ་ཟ་དང་། །ཁྲོ་བོ་རྣམས་ཀྱི་རྣམ་འགྱུར་དབྱིབས། །ཟླུམ་པོ་དང་ནི་གྲུ་བཞི་སྟེ། །ཞལ་ནི་གཉིས་དག་བྱ་བ་ཡིན། །ཞེས་པའོ། །དེ་ལ་ཞལ་གྱི་གནས་ལྔར་བྱས་པའི་མཚན་ཉིད་ལ་ནས་བཞི་དོར་ནས་བཅུ་གཉིས་སུ་བགོས་ཏེ་རྒྱར་འོག་གི་ཟུར་དག་ལ་གཅིག་དང་ཕྱེད་དང་བཅས་
པ་གཅིག་དང་། གཅིག་དང་གཉིས་དང་ཕྱེད་དང་བཅས་པ་གཉིས་ཀྱི། ཆ་སྤངས་པ་བསྐོར་བ་ལས་བཅོམ་ལྡན་འདས་བདེ་མཆོག་གི་རྩ་བ་དང་གཡོན་པ་དང་གཡས་པ་དང་ནུབ་ཀྱི་ཞལ་རྣམས་སོ། །གཡས་པའི་ཞལ་ནི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་
ཞལ་ལྟ་བུར་ནས་བཞིར་ལྷག་པའི་ཁྱིམ་བྱའི་སྒོ་ང་ལྟ་བུའོ། །རྡོ་རྗེ་ཕག་མོ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱི་ནུབ་ཀྱི་ཞལ་ལྟ་བུར་ཏིལ་གྱི་གཟུགས་ཀྱི་རྣམ་པའོ། །མཁའ་འགྲོ་མའི་རྩ་བའི་ཞལ་ལྟ་བུར་ཟླུམ་པོའི་རྣམ་པའོ། །ལཱ་མ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་
མ་རྣམས་ཀྱི། གཡོན་གྱི་ཞལ་ལྟ་བུར་གྲུ་བཞིའོ། །ཞལ་གྱི་འོག་ཏུ་མགྲིན་པ་སོར་བཞི་ཐད་ཀར་སོར་བརྒྱད་དེ་དབུས་ལ་ཀུན་དུ་བསྐོར་བས་སོར་ཉི་ཤུ་རྩ་བཞིའོ། །དེ་ཡང་གཉེར་མ་གསུམ་དང་ལྡན་པ་སྟེ། དེ་ལ་གཉེར་མ་དང་པོ་སོར་གཉིས་སོ། །གཉིས་པ་རྐང་པ་དང་བཅས་པའི་
སོར་གཅིག་གོ། །གསུམ་པ་རྐར་པས་དམན་པའི་སོར་གཅིག་གོ། །གཉེར་མ་དང་པོ་ནི་ཕྲག་པའི་རྩ་བར་ཏེ། ཇི་ལྟར་དེ་ལས་ཀྱང་གྱེན་དུ་མགྲིན་པ་སོར་བཞི་ཉིད་དུ་འགྱུར་བ་དེ་ལྟར་བྱའོ། །མགྲིན་པའི་མཐའ་ནས་ཐད་ཀར་ཕྲག་པ་སོར་བརྒྱད་དོ། །དེ་ལས་ཐད་ཀར་དཔུང་མགོ་

སོར་བཞི་སྟེ་ཕྲག་པར་བརྗོད་པའོ། །འདི་གཉིས་ཀ་ཡང་ཤ་འབུར་བས་ཟླུམ་ཞིང་ཤ་རྒྱས་པ་ཉིད་ཀྱི་ཕྲག་པ་ཐད་ཀར་སོར་དྲུག་སྟེ་དེ་བཞིན་དུ་མཆན་ཁུང་གི་སྟེང་དུ་ཡང་ངོ་། །མཆན་ཁུང་གི་འོག་ནས་ཕྱག་དག་ལ་སྲིད་དུ་ཐལ་མོ་བཞིའོ། །དེ་ལ་མཆན་ཁུང་གི་རྩ་བ་
ནས་བརྩམས་ཏེ་གྲུ་མོའི་ཆ་ནི་ཆ་ཆུང་ཉི་ཤུའོ། །གྲུ་མོ་ལས་འོག་ནོར་བུ་འཆིང་བུ་ལས་གོང་དུ་ལག་ངར་ཆ་ཆུང་བཅུ་དྲུག་གོ། །ནོར་བུ་འཆིང་བུའི་འོག་ཏུ་ལག་པའི་འདབ་མ་ཆ་ཆུང་བཅུ་གཉིས་སོ། །གྲུ་མོ་དང་ནོར་བུ་འཆིང་བུ་དག་སོ་སོར་ཆ་ཆུང་རེ་རེ་དག་གོ། །དཔུང་པ་
དང་ལག་ངར་དང་ནོར་བུ་འཆིང་བ་རྣམས་ཀྱིས་བསྐོར་བའི་ཚད་ནི་རིམ་པས་ཆ་ཆུང་ཉི་ཤུ་དང་བཅུ་དྲུག་དང་བཅུ་གཉིས་རྣམས་སོ། །ལག་པའི་འདབ་མ་ལ་ནི་ནོར་བུ་འཆིང་བ་ནས་སོར་མོའི་རྩ་བའི་བར་གྱི་ཆ་ལ་ལག་མཐིལ་ཞེས་བྱ་སྟེ། ཐད་ཀའི་ཞེང་དང་སྲིད་དུ་ཡང་ཆ་ཆུང་བདུན་ནོ། །
མཛུབ་མོ་དང་མཐེ་བོང་གི་བར་གྱི་མཐའ་ནས་བརྩམས་ཏེ་རྒྱར་ལག་པའི་མཐར་ཐུག་པའི་ཆ་ཆུང་ལྔའོ། །དེ་ལ་དུང་དང་འཁོར་ལོ་ལ་སོགས་པའི་དབྱིབས་ཀྱི་རི་མོ་བྱའོ། །ལག་མཐིལ་ནས་སྟེང་དུ་སོར་མོ་དབུ་མ་སྲིད་དུ་ཆ་ཆུང་ལྔའོ། །དེ་ལས་ཚིགས་ཕྱེད་དམན་པ་མཛུབ་
མོའོ། །གུང་མོ་ལས་སོར་ཕྱེད་ཀྱིས་དམན་པའི་མིང་མེད་དོ། །དེ་ལས་ཚིགས་གཅིག་དམན་པ་མཐེའུ་ཆུང་ངོ་། །ཐམས་ཅད་ཚིགས་གསུམ་པ་སྟེ་ཇི་ལྟར་མཛེས་པའོ། །ཚིགས་ཕྱེད་ཀྱིས་སེན་མོའོ། །མཐེ་བོང་ནི་ནོར་བུའི་འཆིང་བ་ལས་ཆ་ཆུང་བཞི་རིང་བ་སྟེ་བསྐོར་བ་
ལའང་བཞིའོ། །ཚིགས་གཉིས་པའི་ཚིགས་ཀྱི་ཕྱེད་སེན་མོའོ། །དེ་ལྟར་མཐེ་བོང་ཇི་ལྟ་བ་བཞིན་བྱ་སྟེ། འདི་ལས་མཛུབ་མོ་ཆ་ཆུང་གསུམ་ལྷག་པར་འགྱུར་རོ། །དེའི་ཕྱིར་མཐེ་བོང་གི་རྩ་བ་ནས་མཛུབ་མོའི་རྩ་བའི་ཆ་ཆུང་གསུམ་དུ་རྣམ་པར་གཞག་གོ། །མཐེའུ་ཆུང་ནི་སླར་
ནོར་བུ་འཆིང་བ་ལས་སོར་ལྔ་བར་ན་གནས་པར་རོ། །ལག་པའི་རྩེ་མོའི་མཐའ་སྐོར་ཡང་སོར་བཅུ་གཉིས་སོ། །སོར་མོ་རྣམས་ཀྱིས་ནི་མཐར་སྐོར་དུ་རྩ་བ་ལས་རང་གི་དཀྱུས་ཀྱི་སུམ་ཆ་ཆད་པའོ། །དབུས་ལ་རྩ་བའི་ཚིགས་ཀྱི་སུམ་ཆ་ཆད་པའོ། །རྩེ་མོ་ལ་དབུས་ཀྱི་ཚིགས་ཀྱི་

སུམ་ཆ་ཆད་པའོ། །འདི་དག་གི་རྩ་བ་ནས་བརྩམས་ཏེ་རིམ་གྱིས་ཕྲ་བ་ཤིན་ཏུ་ཟླུམ་པའི་སོར་མོ་ཇི་ལྟར་མཛེས་པར་བྱའོ་ཞེས་བརྗོད་པར་འགྱུར་རོ། །མགྲིན་པ་ནས་སྙིང་གར་ཕྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་ཏེ། སྙིང་ག་ནས་ལྟེ་བའི་བར་དུ་ཡང་
དེའོ། །ནུ་མིའི་ཟླུམ་པོ་ལས་ནུ་རྡོག་ཏུ་གྲགས་པ་ནས་ཙམ་གྱི་རྒྱ་ལས་གཞན་དེ་ལྟ་བུའི་ནུ་མ་ཟླུམ་པོ་ཇི་སྲིད་པར་ཡང་དེ་བཞིན་ནོ། །འདིར་ནུ་རྡོག་གི་ལོགས་ཟླུམ་པོར་བརྗོད་པའི་རྒྱ་ལ་ཀུན་དུ་ནས་བཞིའོ། །ནས་གཉིས་ཀྱི་རྒྱའོ་ཞེས་ཁ་ཅིག་གོ། །ནུ་མ་ལས་སྟེང་དུ་མཆན་ཁུང་
གི་རྩ་བར་སོར་དྲུག་གི་བར་རོ། །མཆན་ཁུང་ལས་སྟེང་དུ་ཕྲག་པའི་མཐར་ཐུག་པའི་ཆ་ལ་ཆ་ཆུང་དགུའོ། །མཆན་ཁུང་ནས་མཆན་ཁུང་གི་བར་དུ་བྲང་སོར་ཉི་ཤུ་རྩ་ལྔའོ། །མཆན་ཁུང་གི་རྩ་བ་ལ་ནི་འཕྲེད་ལ་དྲང་པོར་སོར་བརྒྱད་དོ། །ཀུན་ནས་བསྐོར་བའི་ཚད་ནི་བྲང་དང་མཆན་
ཁུང་གི་རྩ་བ་མཉམ་པ་ལ་སོར་དྲུག་ཅུ་རྩ་དྲུག་གོ། །མཆན་ཁུང་གི་འོག་གི་ཆ་ལོགས་ཀྱི་སྒྲར་བརྗོད་པ་དེ། ཐད་ཀའི་རྒྱར་རྒྱབ་ནས་ནུ་རྡོག་གི་བར་ཆ་ཆུང་བཅུ་གཉིས་སོ། །ལོགས་གཉིས་ཀར་གནས་པའི་རྒྱར་ནུ་མའི་རྩ་བ་དང་མཉམ་པ་ལས་ཕྱེད་དང་བཅས་པའི་ཆ་ཆུང་ཉི་ཤུ་རྩ་གཉིས་སུ་
བརྗོད་དོ། །ཀུན་ནས་བསྐོར་བས་སོར་དྲུག་ཅུ་རྩ་དགུའོ། །སྙིང་གའི་མཐར་ཐུག་པ་ལས་རྒྱར་ཆ་ཆུང་ཉི་ཤུ་སྟེ། དེ་བཞིན་དུ་རྒྱབ་ལའོ། །ལོགས་གཉིས་ལས་སོ་སོར་ཆ་ཆུང་བཅུའོ་ཞེས་དེ་བསྐོར་བས་ཆ་ཆུང་དྲུག་ཅུའོ། །གསུམ་པའི་ཕྱོགས་ཀྱི་ཅུང་ཟད་ཟླུམ་པ་ཉིད་དབུས་ལ་ཆ་ཆུང་བཅོ་
ལྔ་སྟེ་བསྐོར་བ་ལ་ནི་ཆ་ཆུང་བཞི་བཅུ་རྩ་ལྔའོ། །ལྟེ་བ་དང་མཉམ་པ་ལ་ནི་མཐའ་སྐོར་ཆ་ཆུང་བཞི་བཅུ་རྩ་དྲུག་གོ། །ལྟེ་བའི་སྟེང་དུ་ཅུང་ཟད་འཕྲེད་ལ་ནུ་མའི་ཐད་ཀར་ཇི་སྲིད་ནུ་རྡོག་གི་བར་ལ་སོར་བཅུ་དྲུག་གོ། །མགྲིན་པའི་གཤོང་མོ་ནས་ནུ་རྡོག་ལ་སོར་བཅུ་གཉིས་སོ། །ལྟེ་བ་ནི་
ཀུན་ནས་ཆ་ཆུང་གཅིག་པ་གཡས་སུ་འཁྱིལ་པ་ཆ་ཆུང་གཅིག་ཟབ་པའོ། །ལྟེ་བའི་འོག་ཏུ་སོར་བརྒྱད་དོར་ནས། རྐེད་པ་ཐད་ཀའི་རྒྱར་ཆ་ཆུང་བཅོ་བརྒྱད་དེ། ཆ་ཆུང་བཅུ་དགུ་པ་ཞེས་ཁ་ཅིག་གོ། །བསྐོར་བས་ནི་སུམ་འགྱུར་རོ། །ལྟེ་བ་ནས་ཕོ་མཚན་གྱི་བར་ལ་ཞལ་གཅིག་གོ། །

ཕོ་མཚན་ལ་ནི་དཀྱུས་དང་མཐའ་སྐོར་དུ་ཡང་ཞལ་ཕྱེད་དོ། །འབྲས་བུ་དག་ནི་སྲིད་དུ་ཆ་ཆུང་ལྔ་དག་དང་། རྩ་བའི་རྒྱར་ཐད་ཀར་ཆ་ཆུང་བཞི་དག་གོ། །གཉིས་པོ་འདི་དག་ཡིད་ཁོ་ནས་སྤྲུལ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་མདོམས་ཀྱི་གསང་བ་སྦུབས་སུ་ནུབ་པའི་ཕྱིར་རོ། །རྒྱབ་
ཏུ་ནི་འཕོངས་ཚོས་དག་ཀུན་ནས་ཆ་ཆུང་བཞི་དག་གོ། །འཕོངས་ཚོས་འབུར་བའི་ཟླུམ་པོ་སོར་བརྒྱད་དེ། སོར་གསུམ་ཞེས་ཁ་ཅིག་གོ། །འབྲས་བུའི་རྩ་བ་ནས་པུས་མོའི་མཐར་ཐུག་པའི་བརླ་ཆ་ཆུང་ཉི་ཤུ་རྩ་ལྔ་སྟེ་དེའི་རྩ་བ་བསྐོར་བ་ལ་སོར་སུམ་ཅུ་རྩ་དྲུག་གོ། །དབུས་ལ་སོར་སུམ་ཅུ་རྩ་
གཉིས་སོ། །པུས་མོ་སོར་ཉི་ཤུ་རྩ་བརྒྱད་དོ། །པུས་མོའི་སྟེང་དང་བྱིན་པ་དག་གི་མཚམས་སྦྲེལ་བའི་གནས་ཀྱི་དུམ་བུ་སོར་གསུམ་གྱི་ཚད་དོ། །འདིའི་སྟེང་དང་འོག་ཏུ་ཡང་བརླ་དང་བྱིན་པ་དག་འབྲེལ་པའི་མཚམས་དག་ལ་ཆ་ཆུང་གཉིས་གཉིས་སོ། །དེའི་འོག་ཏུ་བྱིན་པ་ཇི་སྲིད་ལོང་
བུའི་བར་ཏེ་ཆ་ཆུང་ཉི་ཤུ་རྩ་ལྔའོ། །དེའི་དབུས་ལ་མཐའ་སྐོར་ཆ་ཆུང་ཉི་ཤུ་རྩ་གཅིག་གོ། །རྩེ་མོ་ནི་ཆ་ཆུང་བཅུ་བཞིའོ། །འདི་དག་གིས་བརླའི་རྩ་བ་བསྐོར་བའི་ཆ་ཆུང་སུམ་ཅུ་རྩ་དྲུག་ནས་ཇི་སྲིད་བྱིན་པའི་རྩེ་མོ་ཆ་ཆུང་བཅུ་བཞིའི་རིམ་གྱིས་གཞོལ་བར་བྱའོ་ཞེས་བརྗོད་པར་འགྱུར་རོ། །
དེ་གསུངས་པ། བརླ་ཡི་རྩ་བ་དེ་དབུས་དང་། །པུས་མོའི་སྟེང་དང་པུས་མོའི་གནས། །དེ་ཡི་འོག་དང་བྱིན་པའི་ཟླུམ། །བྱིན་མཇུག་དང་ནི་ལོང་བུའི་སྟེང་། །རེ་རེ་བྲིའོ་ཐལ་མོ་ནས། །ཇི་སྲིད་སོར་ལྔ་གནས་པའི་བར། །དེ་ལྟར་དེ་དག་རྣམས་ཀྱི་རྒྱ། །སུམ་འགྱུར་བསྐོར་བ་དག་
ལའོ། །ཞེས་སོ། །བྱིན་པའི་རྩེ་མོ་ནས་ལོང་བུ་དཀྱུས་དང་ཞེང་ལའང་ཆ་ཆུང་གཉིས་ཏེ་དེ་ཡང་མི་མངོན་པའོ། །ལོང་བུ་ལ་མདུན་དུ་འཐོན་པའི་ཞབས་ཆ་ཆུང་གཉིས་སོ། །རྩེ་མོ་ལ་ཐད་ཀའི་རྒྱར་དེའི་ཕྱེད་དོ། །དབུས་ལ་ཆ་ཆུང་ལྔའོ། །རྩ་བར་རྟིང་པའི་གནས་ལ་ཆ་ཆུང་བཞིའོ། །
མཐེ་བོང་གི་རྩ་བར་ཞབས་ཀྱི་དཔངས་སོར་གཉིས་སོ། །དབུས་སུ་ལོང་བུའི་འོག་ནས་རྟིང་པའི་དཔངས་ཆ་ཆུང་བཞིའོ། །དེའི་ཕྱིར་འབྲས་བུའི་རྩ་བ་ནས་ཇི་སྲིད་རྟིང་པའི་རྩེ་མོའི་བར་སྐུ་སྨད་སོར་དྲུག་ཅུ་རྩ་གསུམ་མོ། །འབྲས་བུའི་རྩ་བ་ནས་སྟེང་དུ་ཇི་སྲིད་གཙུག་ཏོར་གྱི་རྩ་བའི་སྐུ་

སྟོད་སོར་དྲུག་ཙུ་རྩ་གསུམ་མོ། །མཐེའུ་ཆུང་གི་རྩ་བ་ནས་ཇི་སྲིད་རྟིང་པའི་རྩ་བའི་བར་ལ་དཔངས་ཆ་ཆུང་གཅིག་པའོ། །ཞབས་ཀྱི་རྩ་བ་ནས་འཐོན་པའི་རྟིང་པ་ཆ་ཆུང་དྲུག་གོ། །དེའི་ཕྱིར་བསྡུས་པས་ཞབས་ཀྱི་དཀྱུས་སོར་མོ་བཅོ་བརྒྱད་དོ། །ཞབས་ཀྱི་
རྩ་བ་ལས་མཐའ་སྐོར་དུ་ཡང་དེ་བཞིན་ནོ། །དེ་ལ་མཐེ་བོང་གི་ཚིགས་གཉིས་པ་ཚིགས་ཕྱེད་ཀྱི་སེན་མོ་སྟེ་མཐའ་སོར་ལྔ་དང་སོར་གསུམ་དུ་རིང་བའོ། །མཐེ་བོང་དང་དཀྱུས་མཉམ་པར་མཛུབ་མོའོ། །མཛུབ་མོའི་བཅུ་དྲུག་ཆ་ཆད་པ་གུང་མོའོ། །གུང་མོའི་བརྒྱད་ཆ་ཆད་པ་
མིང་མེད་དོ། །དེའི་བརྒྱད་ཆ་ཆད་པ་མཐེའུ་ཆུང་ངོ་། །མཐེའུ་ཆུང་ལ་སོགས་པའི་སོར་མོ་ནི་བཞི་པོ་སྟེ། ཚད་ནི་རང་གིས་དཀྱུས་བསྐོར་བས་སོ། །འདི་དག་ནི་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་དང་དཔལ་བདེ་མཆོག་གི་མཚན་ཉིད་དེ། བྱང་ཆུབ་སེམས་དཔའ་དང་དཔའ་
བོ་རྣམས་ཀྱི་ཡང་འདི་དག་ཁོ་ནའོ། །འོན་ཀྱང་ཐལ་མོ་བཅུ་རྣམས་ལ་ཡང་ཐལ་མོ་སོ་སོར་ཆ་ཆུང་ཕྱེད་ཕྱེད་དོར་ནས་ཆ་ཆུང་གཉིས་པའི་ཐལ་མོས་ཐལ་མོ་བཅུའི་རྣམ་གཞག་བྱའོ། །ཡང་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ལ་སོགས་པ་ནི་སོར་བཅུ་གཉིས་ཀྱི་ཐལ་མོས་ཐལ་མོ་
དགུའོ། །ལྷའི་བུད་མེད་རྣམས་ཀྱི་ཡང་སྟེ། དབང་པོ་དང་ཉེ་དབང་དང་ཆུ་ལྷ་དང་དབང་ཕྱུག་དང་རླུང་དང་ཚངས་པ་དང་གཟའ་ཞི་བ་དང་ཀླུ་རྣམས་ཐུང་ཞིང་། གསུས་པ་འཕྱང་བའི་ཁྲོ་བོ་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ནི་ཐལ་མོ་བརྒྱད་པ་སྟེ། ཐགས་བཟངས་རིས་དང་
ལུས་ངན་དང་བདེན་བྲལ་དང་གཤིན་རྗེ་དང་མེ་ལྷ་དང་གཟའ་དྲག་པོ་རྣམས་ཀྱང་ངོ་། །རོ་ལངས་ནི་ཐལ་མོ་བཅུ་གཉིས་སོ། །དེ་ལ་ཞི་བ་རྣམས་ནི་ཞལ་ཁྱིམ་བྱའི་སྒོ་ང་ལྟ་བུའོ། །དྲག་པོ་རྣམས་ནི་ཞལ་གྲུ་བཞིའོ། །ལྷག་མ་རྣམས་ནི་སྔར་བཞིན་ཏེ། འདི་དག་གི་རྗེས་སུ་འབྲངས་
ནས་དེ་ཉིད་ལ་ཆ་ཆུང་གི་རྣམ་པར་གཞག་པར་བྱས་ལ། མཁས་པ་རྣམས་ཀྱིས་རང་གིས་དཔགས་ལ་སྐུའི་དཔྱི་དང་ཡན་ལག་རྣམས་ཇི་ལྟར་མཛེས་པའི་སྦོམ་པ་དང་གྲིམས་པ་དང་རོལ་པ་ལ་སོགས་པ་རྟོགས་པར་བྱའོ། །བཅོམ་ལྡན་འདས་མའི་ཆ་ཆུང་ལྔ་བཅུ་རྩ་བཞིའི་སྐུའི་

ཕྱེད་སྔ་མ་དང་ཕྱི་མ་དག་གོ། །སྐྲའི་རྩ་བ་ནས་ལྟེ་བའི་མཐར་ཐུག་པ་ལ་ཆ་ཆུང་བཞི་བཅུ་རྩ་གཉིས་ཏེ། ལྟེ་བ་དང་མཉམ་པའི་མཐའ་སྐོར་ལ་ཆ་ཆུང་བཞི་བཅུ་རྩ་དྲུག་གོ། །ནུ་མའི་རྩ་བ་ལ་ནི་ཆ་ཆུང་ཉི་ཤུ་རྩ་བརྒྱད་དོ། །དེ་ལྟར་རྗེས་སུ་འབྲངས་ཏེ་འགྲམ་པ་དང་ཤངས་དང་མགྲིན་
པ་དང་ཕྲག་པ་དང་དཔུང་པ་དང་མཆན་ཁུང་དང་ཕྱག་དང་བརླའི་རྩ་བ་ལ་སོགས་པ་རྣམས་ལ་གསུངས་པའི་བཅོམ་ལྡན་འདས་ཀྱི་ཆ་ཆུང་གི་མཚན་ཉིད་ལས་ཅུང་ཟད་ཕྲ་ཞིང་ཡངས་པ་ཇི་ལྟར་མཛེས་པའོ། །གསུངས་པ་ཡང་། སྤྱན་དང་སྤྱན་ལ་མཉམ་བླངས་ཏེ། །བྱིན་པ་བརླ་དང་རྐེད་
པའི་གནས། །དབུས་སུ་དཀྱུས་ལས་ཡང་དག་བཟུང་། །ཆ་ལས་ཐད་ཀར་དེ་བཞིན་སོར། །ནུ་མ་གཉིས་དག་རབ་ཏུ་བརྟག །ཟླུམ་མཁྲེགས་མཐོ་ཞིང་རྒྱས་པ་དག །རྒྱས་པ་ཉིད་ལས་ཞལ་གྱི་སོར། །བཟུང་བྱ་མཐོ་ཚད་ལས་རབ་བརྟག །སྣ་ཡི་མཐོ་བ་ཡང་དག་བཟུང་། །
སྨིན་མ་ཟུང་ལ་གནས་དགོད་བྱ། །རྩ་བར་སྦོམ་པོའི་དོན་ལྷ་མོ། །མདུན་ནས་སྔར་བཞིན་ཇི་ལྟ་བར། །འགྲམ་པ་དག་ལ་རྩ་བའི་ཕྱོགས། །རྒྱས་པ་ཉིད་ལ་སོར་མོ་བཟུང་། །རྣམ་གཉིས་བགོས་ཏེ་དགོད་པར་བྱ། །དེ་བཞིན་དཔྲལ་བ་ཞལ་ལའོ། །མཁུར་ཚོས་མཐོ་བ་ཆ་
ཤས་དྲུག །བཟུང་ནས་མིག་དག་ལ་དགོད་བྱ། །དཀྱུས་ལས་ཐད་ཀར་དེ་ཕྱེད་ཀྱང་། །རྣ་བ་དག་འཕྱང་དེ་བཞིན་སོར། །སྐྲ་ཡི་རྩ་བ་སྤང་བར་བྱ། །དཔྲལ་བའི་ཆ་ནི་བཞི་པ་སྟེ། །ཆ་ཤས་གཉིས་ནི་རབ་ཏུ་བྱ། །དབང་རྟེན་ཚད་ལ་དམན་པའོ། །མཛེས་མ་དབང་རྟེན་ཕྱེད་ཀྱིས་
དམན། །ཕྲག་པ་དག་ནི་རབ་ཏུ་བྱ། །མགྲིན་པ་སོར་མོ་ཆད་པར་ཡང་། །ཐད་ཀར་བྱ་སྟེ་སྟེང་དུ་དགོད། །ལག་ངར་གཉིས་ཀྱི་ཆ་དག་ལས། །བཟུང་སྟེ་སོར་གཉིས་རིམ་པ་ལས། །བརླ་དང་པུས་མོ་བྱིན་པ་ལས། །རྒྱས་པ་རུ་ནི་རབ་བརྟག་བྱ། །ཞབས་དག་མཐོ་བ་ཉིད་ལ་
ཡང་། །ཞབས་དག་མཐིལ་དང་མཉམ་དེ་བཞིན། །ཆ་གཉིས་ཡང་དག་བཟུང་ནས་ནི། །དཔུང་པའི་དཀྱུས་ལས་ཡང་དག་བསྐྱེད། །འཕོངས་ཚོས་རྒྱས་ཤིང་ཟླུམ་པ་དག །སོར་མོ་རྣམས་ལས་རང་ཚད་བྱ། །ཆ་ཤས་བདུན་ནི་ཡང་དག་བཟུང་། །དཀྱུས་ལ་དེ་རྣམས་ཉིད་

བརྟག་བྱ། །ལྷག་མ་ཇི་ལྟར་བསྟན་པ་འདིར། །བུད་མེད་ཚད་དུ་ཡོངས་བརྟག་བྱ། །ཕྲག་པ་མཐོ་ཞིང་ལོགས་མཛེས་པ། །རབ་ཏུ་དངས་ཤིང་འཇམ་པའི་མདངས། །མ་མཆུ་པིམ་པ་མིག་ཡངས་མ། །བུད་མེད་དུ་ནི་ཡོངས་སུ་གྲགས། །ཞེས་པའོ། །
འཁྱོག་པོ་ཞེས་པ་འཁྱོག་པོའོ། །ཞོམ་པ་ཞེས་པ་ཕྲ་བའོ། །མིག་ཡོན་ཞེས་པ་མིག་དག་འཁྱོག་པ་ཉིད་དོ། །སྣ་ཉམས་ན་ཞེས་པ་སྣའི་ཚད་དག་ཉམས་པ་སྟེ་རྣ་བ་དག་དང་མཆུ་དང་དཔྲལ་བ་རྣམས་ཀྱི་ཡང་ངོ་། །ངེས་པར་བདག་ཅེས་པ་ངེས་པར་རྣལ་འབྱོར་པ་རྣམས་ཀྱི་བདག་
ཉིད་དོ། །སྟེང་དུ་གཟིགས་པའི་དབུགས་ཞེས་པ་མིག་དག་དང་སྣའི་བུ་ག་དག་སྟེང་ཉིད་དུའོ། །སྟོབས་གཞན་ཐ་དད་གྱུར་རྣམས་ཀྱིས། །ཞེས་པ་སྦོམ་ཕྲ་དང་འདུག་སྟངས་ཕྱིན་ཅི་ལོག་ནའོ། །རང་གི་གདན་ལས་ཞེས་པ་རང་གི་གདན་འཁྲུགས་ནའོ། །ནང་ཚོམས་ཞེས་པ་བྲང་
ལ་སོགས་པའི་ཚད་ཕྱིན་ཅི་ལོག་ཏུ་གྱུར་ན་ཉེས་པ་མང་པོར་རབ་ཏུ་གྲགས་སོ། །ཡོན་པོའི་མིག་ནི་ཚད་ཉམས་པ་སྟེ་མཚན་མ་དང་ཕྱག་རྒྱ་ཕྱིན་ཅི་ལོག་པ་ལ་ཡང་ངོ་། །ཁྱད་པར་གྱིས་དུལ་ཞིང་ལེགས་པར་བསླབས་པའོ། །ལེགས་པར་མཉམ་པར་གཞག་སྟེ་བྲི། །ཞེས་པ་འདྲི་བ་
ན་ལེགས་པར་མཉམ་པར་གཞག་པར་འགྱུར་བའོ། །མཚན་ཉིད་ཐམས་ཅད་ཅེས་པ་ལ་སོགས་པ་ནི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། གཟུགས་མཛེས་པའི་ཆོ་ག་ཞེས་པའི་དོན་ཏོ། །སྐུ་གཟུགས་ལ་ཉམས་ཀྱང་བྱའོ། །ཞེས་གསུངས་པ་ཞི་བ་ཞེས་པ་ལ་སོགས་པ་སྟེ།
ཉམས་གང་གཅོ་བོར་གྱུར་པའི་ལྷ་དེ་ཁོ་ན་ལྟར་བྲི་བར་བྱ་ཡིས། བཟློག་པ་ནི་མ་ཡིན་ནོ་ཞེས་པ་དགོངས་པའོ། །ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།རྣལ་འབྱོར་པ་རིམ་པ་གཉིས་ཀ་ལ་གནས་པ་དག་གི་ཡང་ཤེས་རབ་དེ་ཉིད་བསྟེན་པར་བྱའོ། །དེ་ཡང་མ་མཉེས་ན་
དངོས་གྲུབ་སྦྱིན་པར་མི་འགྱུར་རོ་ཞེས་པས་དེ་ཡོངས་སུ་མཉེས་པའི་ཕྱིར་སྟོན་པས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །པདྨའི་བཅིང་བས་ཞེས་པ་པདྨའི་གདན་གྱི་བཅིངས་པས་སོ། །རེག་པ་པདྨ་ལྟ་བུ་ཞེས་པ་ཡན་ལག་ཤིན་ཏུ་འཇམ་པའོ། །རི་ལུའི་རྣམ་པའི་རེག་

པ་ཞེས་པ་པདྨའི་ནང་དུའོ། །བ་ལང་ལྕེ་རྣམས་ཞེས་པ་པདྨའི་ནང་དུ་རྩུབ་པའོ། །ཚིགས་བཅད་སྙན་ངག་གཙང་སྦྲ་དག །ཅེས་པ་ཚིགས་བཅད་ལ་སོགས་པ་ཚིག་དང་དོན་གཙང་བ་ལ་ཆགས་པ་ཞེས་པའི་དོན་ཏོ། །ཕྱག་རྒྱ་བསྟེན་པའི་རྣལ་འབྱོར་པས་རླུང་དང་སེམས་ཀྱི་ཡང་དག་པར་
རྒྱུ་བ་མཚོན་པར་བྱའོ་ཞེས་པའི་སྐབས་འདིར་ལེའུ་ལྔ་དང་མཐུན་པར་གསུངས་པའི་འཕོ་བའི་དབྱེ་བ་འཁོར་ལོ་བཞིའི་མཚན་ཉིད་ཀྱི་ཁྱད་པར་སྟོན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ནང་གི་བདག་ཉིད་ནི་རླུང་དང་བྱང་ཆུབ་ཀྱི་སེམས་དག་གི་འཕོ་བ་ཕྲ་བའོ། །དེ་ཡང་གཏུམ་
མོའི་རྣལ་འབྱོར་དང་བྲལ་བས་མཚོན་པར་དཀའོ་ཞེས་དེ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། སྤྱི་བོར་ཞེས་པ་ལ་སོགས་པ་སྟེ་སྤྱི་བོར་ཞེས་པ་གཙུག་ཏོར་ལའོ། །ཆང་གནས་ཞེས་པ་བདེ་བ་ཆེན་པོའི་འཁོར་ལོ་ལའོ། །ཕྱི་རོལ་ཏུ་ཞེས་པ་དེའི་འོག་གོ། །བྱང་ཆུབ་ཅེས་པ་བྱང་ཆུབ་ཀྱི་
སེམས་ཀྱི་བདག་ཉིད་ཅན་ཆ་བཅོ་ལྔའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རྫོགས་པའི་རང་བཞིན་ནོ། །རྣལ་འབྱོར་མ་ཞེས་པ་ཆ་བཅུ་དྲུག་པ་བཅོམ་ལྡན་འདས་མ་ཞེས་པའི་དོན་ཏོ། །ལོགས་གཉིས་སུ་ཞེས་པ་དེའི་ལོགས་གཉིས་སུ་ཨཱ་ལི་ཀཱ་ལིའི་རང་བཞིན་ལ་ལ་ནཱ་དང་ར་ས་ནཱའོ། །
འབྲས་བུ་ཞེས་པ་ཕྱི་མ་ཕྱི་མ་འབྲས་བུ་དང་སྔ་མ་སྔ་མ་རྒྱུ་སྟེ་དགའ་བ་བཞིའོ། །གཙོ་བོ་ཉིད་ཀྱིས་ནི་ལྷན་སྐྱེས་དགའ་བའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གཉིས་མེད་མཆོག་གི་དབང་ཕྱུག་མོ་དེ་ཡང་རྣམ་པ་གཉིས་སོ་ཞེས་གསུངས་པ་ཀུན་རྫོབ་ཅེས་པ་ལ་སོགས་པ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབབ་
པ་ཀུན་ད་ལྟར་དཀར་བའོ། །སྒྲིབ་མེད་ཅེས་པ་དོན་དམ་པ་སྟེ་རྟོག་པ་མེད་པ་བདེ་བ་ཙམ་གྱི་རང་བཞིན་ནོ། །དེ་གཉིས་ཀའི་ཐུན་མོང་གི་རང་བཞིན་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྟེན་ནོ། །རྡོ་རྗེ་འཛིན་པ་ཞེས་པ་བྱང་ཆུབ་
ཀྱི་སེམས་རྡོ་རྗེའོ། །དེ་ལས་ཞེས་པ་དེ་ཉིད་ལས་སོ། །ཚངས་པའི་སྒོ་ང་ཞེས་པ་དབུས་སུ་ཤིན་ཏུ་སྟོང་པ་ཉིད་ལས་སོ། །རང་བྱུང་ཡེ་ཤེས་ཀྱི་ནི་འདི་ཀུན་རྫོབ་ཏུ་རྟེན་དང་བརྟེན་པའི་དངོས་པོའོ། །པདྨ་ལ་ཞེས་པ་པདྨར་རོ། །གནས་སུ་ཞེས་པ་གནས་ལའོ། །སྟོང་ཕྲག་བདུན་

ཅུ་རྩ་གཉིས་རྣམས་ལ་ཞེས་པ་དྲུག་པའི་དོན་ལ་བདུན་པའོ། །ཐམས་ཅད་ཅེས་པ་ཐམས་ཅད་ཀྱི་སྟེ་ཀུན་རྫོབ་དང་དོན་དམ་པས་གཙོ་བོར་གྱུར་པ་འདི་བསྟན་པའི་ཕྱིར་བཅོམ་ལྡན་འདས་དེ་རྣམས་ལ་ཕྱག་འཚལ་ལོ། །དེ་ཉིད་གཙོ་བོར་སྟོན་པ་གང་གིས་ཞེས་པ་
ལ་སོགས་པའོ། །ཡང་ན་འདི་ནི་བཤད་པ་དང་འཆད་པར་འགྱུར་བའི་ལམ་གོམས་པའི་རིམ་པའི་རིགས་པའོ། །དོན་དམ་པ་ལ་ནི་ཁྱད་པར་དུ་སྟོན་པ། དངོས་པོ་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་ཚིག་གཅིག་དང་གཅིག་མ་ཡིན་པའི་རང་བཞིན་
དང་བྲལ་བའི་མཚན་ཉིད་ཀྱིས་རྣམ་པར་དཔྱད་པས་གང་ཞིག་བསྐུལ་བའི་ཤེས་རབ་དེ་ཉིད་རླུང་སྟེ། དེས་བསྐྱོད་པས་འབར་བར་འབྱེད་པར་འགྱུར་བ་གཏུམ་མོ་གསལ་བ་དང་། རབ་ཏུ་གསལ་བ་དག་སྡུག་བསྔལ་དང་བཏང་སྙོམས་དང་མུན་པའི་གཉེན་པོར་གྱུར་པ། བདེ་བ་ཆེན་པོ་
འབར་བའི་མཚོན་ཆས་རྣམ་པར་འཕྲོ་ཞིང་ཐམས་ཅད་དུ་རྒྱས་པར་གྱུར་པས་ཡང་དག་རིག་ཅིང་དྲི་མེད་དེ་ཉིད་དོ། །འདི་གང་གི་ཚེ་གསལ་བར་འགྱུར་ཞེ་ན་གསུངས་པ། བསྲེགས་ཞེས་པ་ལ་སོགས་པ་སྟེ་ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པ་ནུབ་པར་གྱུར་ནའོ། །དེ་ཉིད་གསུངས་པ།
དམིགས་པ་མེད་པ་ཡང་དག་རིག །ཅེས་པ་གང་ཞིག་འདི་ལྟར་དེ་ལས་ནམ་མཁའི་དཀྱིལ་འཁོར་ཁྱབ་པའི་དངོས་པོ་མཐའ་དག་རོ་མཉམ་པར་བསྒོམས་པའི་གོ་འཕང་དང་ལྡན་པ་ནི་བདུད་རྩིའོ། །དམིགས་པ་དང་བཅས་པ་ནི་ཕྱོགས་གཅིག་ལ་གནས་པ་དང་ཉམས་པར་འགྱུར་བ་
ཞེས་པ་དགོངས་པའོ། །ཐོག་མར་ཕྱི་རོལ་གྱི་དགའ་བའི་ཆོ་ག་དང་། ཤེས་རབ་ཉིད་ཀྱིས་ཞུ་བར་འགྱུར་བ་རིག་པར་བྱའོ་ཞེས་དེའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཐིག་ལེའི་གཟུགས་ཞེས་པ་ཐིག་ལེའི་གཟུགས་ཅན་ནོ། །ཇི་ལྟ་བ་དེ་ཉིད་བཞིན་ཞེས་ཏེ། ཁྱད་པར་
ནི་གཡོན་པ་ཞེས་པ་དཀར་པོའི་ཕྱོགས་ལ་མཐེ་བོ་ནས་སྤྱི་བོར་ལུས་ཀྱི་གཡོན་ལ་བརྟེན་ནས་འཛེག་པར་བྱེད་ཅིང་། ནག་པོའི་ཕྱོགས་ལ་ནི་སྤྱི་བོ་ནས་མཐེ་བོང་དུ་ལུས་ཀྱི་གཡས་ལ་བརྟེན་ནས་འབབ་པར་བྱེད་དེ། དེ་ཉིད་རིམ་པ་ཇི་ལྟ་བར་འཕེལ་བ་དང་ཟད་པའི་སྦྱོར་བ་ལས་ཟླ་བ་དང་ཉི་

མའི་ཐ་སྙད་ཀྱི་ཆའོ། །རིམ་པ་ཇི་ལྟ་བར་འཕེལ་བ་དང་མཚོན་པར་དཀའ་བ་ཉིད་ཀྱིས་ཕྲ་བའི་རང་བཞིན་ནོ། །འགྲིབ་པའི་ཚུལ་ཉིད་ཀྱིས་རགས་པའི་རང་བཞིན་ཞེས་པ་རྣམ་པར་གཞག་པར་བྱའོ། །ཁུ་བ་དང་འདོད་པ་དང་ཚེས་ཀྱི་རིམ་པས་གནས་ཉེ་བར་བལྟས་ཏེ། གནས་དེ་དང་དེ་
རྣམས་སུ་ཡི་གེ་དེ་དང་དེ་རྣམས་ལ་ཉི་མ་ལ་གནས་པའི་ཟླ་བ་དང་ཐིག་ལེ་དང་འབར་བ་དང་བཅས་པ་མགོ་གྱེན་ལ་བསྟན་པ་བསྒོམ་སྟེ། འོ་བྱེད་པ་དང་། ཉེད་པ་དང་། སེན་མོས་འདེབས་པ་ལ་སོགས་པ་རྣམས་ཞུ་བར་བྱའོ་ཞེས་པའོ། །གལ་ཏེ་ཟླ་བའི་ཆ་དང་འཕོ་བ་བཅུ་དྲུག་ཇི་ལྟར་
ཞེ་ན། གསུངས་པ་བྱང་ཆུབ་ཅེས་པ་ལ་སོགས་པའོ། །འདི་དག་གི་ཚེས་ཀྱི་དབྱེ་བ་ལས་ནང་གི་གནས་ཀྱི་དབྱེ་བ་དང་སྣ་བུག་འཕོ་བའི་དབྱེ་བས་ཀྱང་འཕོ་བ་རྣམ་པ་གཉིས་གསུངས་པ་སྟེ་རགས་པ་དང་ཕྲ་བའི་རང་བཞིན་ནོ། །རླུང་དང་ལྷན་ཅིག་སོ་སོར་སྟེང་དང་འོག་ཏུ་ཁུ་བའི་
གཟུགས་ཉིད་ཀྱིས་གཡོན་དང་གཡས་ལ་ཟླ་བ་ཡང་དག་པར་རྒྱུའོ། །དེ་ཡང་མཉམ་པར་གཞག་པ་རྣམས་ཀྱིས་རྒྱུ་བ་མཚོན་པར་དཀའོ་ཞེས་པ་ཕྲ་བའོ། །གལ་ཏེ་འཕོ་བ་བཅུ་དྲུག་ཇི་ལྟར་ཞེ་ན། གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཟླ་བ་དང་ཉི་མ་དག་འཛིན་
པར་འགྱུར་རོ། །དེ་ཉིད་གང་ལས་ཤེ་ན། གསུངས་པ། ཐིག་ལེ་འགོག་དང་ནམ་མཁའ་འགོག །ཅེས་པ་རླུང་གི་ཕྱི་རོལ་དུ་རྒྱུ་བ་དང་ནང་དུ་འཇུག་པས་ཟླ་བ་སྐམ་པར་བྱེད་དེ། དེའི་ཕྱིར་དེའི་ཆོ་གས་རྒྱུ་བའི་རྩའི་བུ་ག་ཟུམ་པར་བྱེད་དོ། །སྦྱོར་བ་འདི་དག་དང་ལྡན་པས་འཕོ་བ་བཅུ་དྲུག་
ཤེས་པར་བྱ་ཞེས་པ་ཉེ་བར་བསྡུས་པའོ། །ཡང་ན་གང་ཇི་ལྟར་གསུངས་པའི་འཕོ་བ་བཅུ་དྲུག་མཆོག་ཏུ་ངེས་པའི་རྣལ་འབྱོར་པའི་ཟླ་བ་དང་ཉི་མ་དག་འགག་པར་འགྱུར་རོ། །དེ་ནས་ཐིག་ལེ་འགག་གོ། །དེ་ནས་ནམ་མཁའ་ཞེས་པ་རྣམ་པར་ཤེས་པ་འགག་ཅིང་སྤྲོས་པའི་རྒྱུ་ཉེ་བ་མེད་པ་བདེ་བ་
ལ་ཐིམ་པར་འགྱུར་རོ། །གཏན་ཚིགས་འདི་དང་ཡང་དག་ལྡན། །འཕོ་བ་བཅུ་དྲུག་རྣམ་པར་གཞག །ཅེས་པའོ། །དེ་ཉིད་གསུངས་པ་རྣམ་པར་མི་རྟོག་པ་ཞེས་པ་ལ་སོགས་པ་སྟེ། མངོན་འདོད་ཡེ་ཤེས་གཟུགས་ཅན་ཏེ། །ཞེས་པ་འདི་དག་ཁོ་ན་རྣམ་པར་རྟོག་པ་དང་བྲལ་བའི་བདེ་བ་