Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 8 / 24 (50.000 ký tự/trang)
ཀྱི་ལུས་ཀྱི་རྡོ་རྗེའི་སྒོ་ནས་ཤེས་རབ་ལ་ཐིམ་པའི་བྱང་ཆུབ་སེམས་ཀྱི་སྙོམས་པར་ཞུགས་པ་འཇུག་ཅིང་འདུས་ཏེ། སྔགས་དང་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པས་ན་སྒྲུབ་པ་པོའི་ཕྱག་རྒྱར་འབྲེལ་པ་སྟེ། བྱང་ཆུབ་ཀྱི་སེམས་གཅིག་གི་
སེམས་སུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་གཅིག་ཉིད་དུ་འགྱུར་ཞེས་པའི་ཐ་ཚིག་གོ། །ཆད་པ་དང་དངོས་པོ་མེད་པར་དེ་ལ་འཇུག་པས་ན་ཐེ་ཚོམ་མེད་དོ། །དགའ་བ་དང་ལྡན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་མཚོན་པའི་སྐད་
ཅིག་གི་སྐད་ཅིག་ལ་ཐོབ་པའོ། །དཔའ་བོ་ནི་བཅོམ་ལྡན་འདས་སོ། །ཀུན་ནི་ལྷན་ཅིག་སྐྱེས་པ་རོ་གཅིག་པའི་སྣ་ཚོགས་དེས་མཁྱེན་ཅིང་ཀུན་ཀྱང་མཁྱེན་པས་ཀུན་མཁྱེན་ནོ། །དེ་ནི་གཞན་དང་དངོས་པོ་མེད་པའོ། །འཇིག་རྟེན་གསུམ་སྤྱོད་པ་ནི་འཇིག་རྟེན་གསུམ་གྱི་བདག་ཉིད་རྩ་བའི་འཁོར་
ལོ་ཡན་ལག་དང་། ཉིང་ལག་རྐང་པའི་མཐིལ་ནས་སྤྱི་བོར་ཐུག་གི་བར་གྱི་ལུས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་བདེ་བ་ཆེན་པོ་ཕྱག་རྒྱ་དང་བཅས་པའོ། །ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །ཐམས་ཅད་དུ་ནི་ཆོས་ཀྱི་དབྱིངས་རིག་པས་ནི་ཆོས་ཀྱི་སྐུའོ། །རབ་ཏུ་དགའ་
བའི་ཡིད་ཅེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའོ། །ཐམས་ཅད་དུ་ཐམས་ཅད་ཀྱི་དོན་བྱེད་པ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །འཇིག་རྟེན་གསུམ་གྱི་མངའ་བདག་ནི་བསྙེན་བཀུར་བའོ། །རྩོད་པ་ཐམས་ཅད་ཇི་སྲིད་དུ་སྤང་བར་བྱ་བའོ། །གང་གི་ཕྱིར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་

ཤེས་པས་མངོན་པར་སངས་རྒྱས་ནས་མཁྱེན་ཅིང་མཁྱེན་པས་ཞེས་པ་ཁ་ཅིག་གིའོ། །ས་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་རགས་སོ། །རེངས་པ་ནི་འདིར་སྐྱེས་པ་ལས་སོ། །འདིའི་ཞེས་པ་ནི་དེ་བཞིན་དུ་རེངས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་གཞན་ཡང་
རེངས་པར་བྱེད་པའི་སྔགས་རྒྱུ་བ་དང་བཅས་པ་གསུམ་ལ་སོགས་པ་རེངས་པར་བྱེད་དོ། །ས་གཞི་བཞིན་དུ་མི་གཡོ་བའོ། །སྔགས་ཀྱི་མཐུས་སོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གནས་པར་སྔགས་དགོད་པར་བྱའོ། །ཁ་ཞེས་བྱ་བ་ལ་
སོགས་པ་ནི་ལྐུགས་པར་བྱ་བ་བསྒྲུབ་པར་བྱ་བའི་ཁར་རོ། །ཕྱིར་རྒོལ་བའི་རིག་པ་འགུགས་པ་ནི་ལྕེ་ལའོ། །དགའ་བའི་ཚུལ་གྱིས་སྔགས་བསྒྲུབ་བྱའི་ལུས་ལའོ། །བདག་གི་ནི་བདག་ཉིད་དེ། ཡིད་བཞིན་གྱི་ནོར་བུ་ནི་སྔགས་སོ། །ཐམས་ཅད་དུ་བདག་ཀྱང་ཡིད་
བཞིན་དུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའོ། །བརྟུལ་ཞུགས་བཟང་པོ་ནི་ལྷུང་བ་མེད་པའོ། །ཆུ་བོ་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་པ་ལ་གནོད་པར་བྱེད་པའོ། །འཇུག་པ་ལ་སོགས་པ་ནི་རང་བཞིན་དུ་འགྱུར་ཏེ་རྡོ་རྗེ་སེམས་དཔའ་དག་ཏུ་འགྱུར་ཞིང་ཉེ་བར་
འདུག་སྟེ་བསྲུང་བའི་དོན་ཏོ། །སྔགས་པ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་རབ་འབྱམས་མིང་བརྟེན་པའི་སྔགས་བྲི་བར་བྱའོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་ལྔ་པའོ། །འཁྱམ་དུ་གཞུག་པ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཅིངས་ཏེ། རླུང་གི་གཟུགས་བརྙན་གྱི་སྙིང་
གར་སྙིང་པོ་སྔགས་ཀྱིས་བརྟེན་པའི་མིང་བྲིས་ཏེ་འཁོར་ལོར་བཅུག་ལ་སྙིང་པོ་ཕྱིན་ཅི་ལོག་ཏུ་བཟླས་སོ། །ཡི་གེ་དྲུག་པས་ཕོ་ཉ་མོ་རྣམས་ཀྱིས་འཕྱན་ཞིང་ཁྱེར་བར་བལྟའོ། །རླུང་གི་དཀྱིལ་འཁོར་ནི་རླུང་གིས་བསྒྲུབ་བྱ་བསྲེག་གོ། །སྙིང་པོ་ནི་སུམྦྷ་ལ་སོགས་པའི་སྔགས་
ཀྱིས་སོ། །གང་ལ་ཞེས་བྱ་བ་ནི་དེ་བཞིན་དུ་སྙིང་གར་ངེས་པར་བཅུག་ནས་བརྒྱ་རྩ་བརྒྱད་བཟླས་ཏེ། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ལ་སོགས་པ་བསམ་གཏན་དེ་བཞིན་དུ་བྱའོ། །ཟླ་བ་ཕྱེད་པ་བྱ་སྟེ་བསྟན་པ་ལྟར་བྲི་ཞིང་ཟླ་བ་ཕྱེད་པ་ལ་བསྒྲུབ་བྱའི་མིང་དང་སྔགས་བྲིའོ། །དེ་ཉིད་

ཀྱིས་ཞེས་པ་ནི་ལས་ཀྱིས་སྔགས་སུན་འབྱིན་པར་བྱེད་པ་འཆི་བར་འགྱུར་རོ། །ཁྲག་འཛག་པ་ཞེས་བྱ་བ་ནི་ཁ་ཅིག་གོ། །བདག་ཉིད་ཀྱི་དངོས་གྲུབ་ཡིད་ལ་འདོད་པ་སྟེ། དེ་རྣམས་དེ་བཞིན་གཤེགས་པ་ལ་སོགས་པའི་སྤྱན་སྔར་བླ་མ་དང་སངས་རྒྱས་ལ་སོགས་པ་ལ་
གནོད་པར་བྱེད་པ་ཐོས་པར་འོ་དོད་འབོད་པར་བྱ་ཞིང་ལས་བྱའོ། །སྟོང་པ་ཆེན་པོ་ནི་དུར་ཁྲོད་དེ་དེར་ལས་བརྩམ་མོ། །འདི་དེ་ལྷ་ཉིད་དང་ལྷན་ཅིག་ཏུ་བྱའོ། །འཇིག་རྟེན་སྤྱོད་པ་ནི་དབང་ལ་སོགས་པའོ། །མཁས་པ་ནི་སྦྱོར་བ་ལ་མཁས་པའོ། །སུམ་ཅུ་དྲུག་པའོ། །རང་གི་
མིང་ནི་མཐའ་ཡས་ལ་སོགས་པའི་སོ་སོའི་མིང་གི་དང་པོ་དང་ཐ་མར་སོ་སོའི་སྔགས་སོ། །ལྔ་པའི་གཉིས་པ་ནི་ཕའོ། །ལྔ་པ་ནི་ཨུའོ། །བཅུ་དྲུག་པ་ནི་ཨཿའོ། །དེ་རྣམས་ལ་ཕུཿའོ། །དང་པོའི་མཐར་ནི་ཞེས་པ་ནི་ཕུཿཨ་ནནྟ་ཕུཿཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །
དེས་ཆུ་བོའི་འཇིམ་པ་ལ་ནི་གདེངས་ཀ་བདུན་པའི་ཀླུ་བརྒྱད་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་པདྨ་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་བྲིའོ། །དེ་རྣམས་ལ་རེ་རེའི་སྙིང་ག་རྣམས་སུ་དེའི་མིང་བརྟེན་པའི་ཧེ་རུ་ཀའི་སྙིང་པོའི་སྔགས་དཀྱིལ་རྣམས་སུ་བྲི་བར་བྱའོ། །དེ་ནས་རས་ལ་སོགས་པ་
ལས་བྱས་པ་དེ་ཀླུ་རྣམས་ཀྱི་སྙིང་གར་བཅུག་ལ་དེ་ཀླུ་གནས་པའི་མཚོ་ལས་སྐྱེས་པའི་འདབ་མ་བརྒྱད་པོ་རྣམས་ལ་གཞག་པར་བྱའོ། །དེ་ནས་ཉི་མ་བདུན་དུ་དེ་མཆོད་པར་བྱའོ། །ཡུལ་ནི་ཕྱོགས་སོ། །ཁ་དོག་ཅེས་པ་ནི་རང་རང་གི་མདོག་གོ། །དུར་ཁྲོད་ཀྱི་རས་ལ་དེ་དང་འདྲ་
བ་ཉིད་ཀྱི་དེའི་འཁོར་ལོ་བྲིས་ནས་སྦུ་གུའི་ནང་དུ་བཅུག་ནས་བསྲོ་བར་བྱའོ། །དང་པོ་ཐོག་མར་གང་བྱུང་ནས་མཐའ་མར་ཅི་ཞེ་ན། དང་པོ་དང་མཐའ་མའི་བར་གྱི་གཟའ་ཟླ་བ་ལ་སོགས་པའི་མཐར་མཇུག་རིངས་སོ། །དང་པོར་ཡི་གེ་ཨོཾ་མོ། །རང་རང་དེའི་དང་དེའི་མིག་དང་ཁྲོ་
བོའི་སྙིང་པོའི་མཐར་སྭཱ་ཧཱ། དེ་ནས་ཨོཾ་ཨཱཿདརྱ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །དེ་ནས་གྲགས་པ་འདི་རྣམས་ཀྱང་ཡི་གེ་ཨོཾ་དང་པོ་དང་། རང་གི་མིང་དང་། ཧཱུཾ་ཧཱུཾ་སྭཱ་ཧཱ་མཐའ་མའི་སྔགས་དེ་གྲགས་པའོ། །ཁྲོ་བོ་ནི་ཡི་གེ་ཧཱུཾ་ངོ་། །དེ་དང་ལྡན་པ་དང་ནི་རང་གི་མིང་

ངོ་། །བསྟན་བཅོས་ནི་བདག་ཉིད་ཕག་མོའི་རྣལ་འབྱོར་པ་དཀྱིལ་འཁོར་གྱི་བདག་པོས་ཕྱི་རོལ་དང་ནང་གི་སྦྱིན་སྲེག་བྱའོ། །དེ་ནས་དེ་རྣམས་ཀྱི་ཐབ་ཁུང་དུ་ཕྱག་མཚན་གྱི་གཙོ་བོ་དང་རང་གི་སྔགས་ཀྱིས་བྲིས་ལ་ཕྱི་རོལ་གྱི་སྦྱིན་སྲེག་གིས་བསྒྲུབ་བྱ་ཅི་བགྱི་
བའི་བར་དུ་འགྱུར་རོ། །ཞལ་བཞི་ནི་སུམྦྷ་ལ་སོགས་པའི་སྔགས་སོ། །དེ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅིངས་ལ་བདག་ཉིད་བསྲུང་བར་བྱའོ། །དེ་ནས་མར་སྤགས་པའི་འབྲས་བུ་སྦྱིན་སྲེག་བྱའོ། །ཁྲི་ཕྲག་གཉིས་དང་དགུ་བཅུ་རྩ་བརྒྱད་བྱའོ། །དེ་ནས་དེ་མཉེས་
ཤིང་ཡེ་ཤེས་དེའི་མཆོག་དང་ལྷན་ཅིག་ཏུ་མ་བྲལ་བར་ཐམས་ཅད་མཁྱེན་པ་དེ་རྣལ་འབྱོར་པས་མཉེས་པར་འགྱུར་རོ། །ཀུན་ཞེས་བྱ་བ་ལ་སོགས་པ་ནི་མཉེས་པའི་ཁྱད་པར་ཏེ་ཀུན་མཁྱེན་ཡེ་ཤེས་དེ་ནི་མཆོག་གོ། །རང་གི་སྔགས་དང་ཕྱག་རྒྱ་དེས་རྟོགས་པ་ནི་ཁ་ཅིག་གིའོ། །དྲུག་
ཅུ་རྩ་བཞི་ནི་ཕྱི་རོལ་དང་ནང་གི་བྱེ་བྲག་གིས་མཆོད་པར་བྱའོ། །གཞིའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ནི་སྣ་ཚོགས་རོ་གཅིག་པར་བསྟན་པའི་ཕྱིར་རོ། །དེ་ཉིད་རང་བྱུང་ཡེ་ཤེས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྡའོ། །བདག་ཉིད་ཀྱང་དེར་འགྱུར་ཞིང་
དེའི་སྟོབས་ཀྱིས་འགྱུར་རོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བདུན་པའོ། །མཆོག་ནི་མཆོག་ཏུ་འབྱུང་བའོ། །ཕོ་ཉ་མོ་དབང་ཕྱུག་ནི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་ཕག་མོའོ། །ཞལ་བཞིར་འགྱུར་བ་ནི་ཡི་གེ་ཧཱུཾ་ངོ་། །ལས་ཀྱི་དབྱེ་བ་ལས་ཁ་དོག་གི་དབྱེ་བའོ། །
སུམྦྷ་བ་ལ་སོགས་པའི་སྔགས་ཞེས་པ་ནི་ཁ་ཅིག་གིའོ། །གོས་ཆེན་ཕྱོགས་ཀྱི་གོས་ཅན་ནམ། །མི་ལ་སོགས་པའི་པགས་པ་འམ། །རོ་གཏུམས་པའི་རས་སོ། །དུར་ཁྲོད་ལས་འབྱུང་བ་ནི་ཕྱག་དར་ཁྲོད་དོ། །དབང་ཆེན་ནི་རྒྱུས་པའོ། །སྦྲང་ཆེན་ནི་མར་ཁུ་ཆེན་པོའོ། །
ཐམས་ཅད་དུར་ཁྲོད་ནི་རང་གི་ལུས་ཏེ་དེ་ཉིད་ལ་ལྷན་ཅིག་སྐྱེས་པ་ནི་གནས་ཤིང་ནང་གི་ཤེས་རབ་སྟེ་དུར་ཁྲོད་ཅེས་བྱ་བའི་ཕྱག་རྒྱས་བསྟན་ཏོ། །ཁམས་གསུམ་པ་ཐམས་ཅད་ཀྱང་དུར་ཁྲོད་དེ་བདག་མེད་པས་སོ། །དེའི་འདི་ཤིན་ཏུ་རྣམ་པ་སྣ་ཚོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་སྣ་ཚོགས་པའི་ཕྱག་རྒྱའི་ཕྱག་རྒྱའོ། །ཕྱི་རོལ་ལམ་ནང་གི་གོས་ཆེན་ལ་སོགས་པ་བརྟེན་པ་དེ་རྣལ་འབྱོར་པ་འདིའི་ཕྱག་རྒྱའོ། །ནང་གི་འཁོར་ལོ་བཞི་ཡིན་ནོ་ཞེས་པ་ཁ་ཅིག་གོ། །དགོངས་པ་ཅིར་འགྱུར་ཞེ་ན། གསུངས་པ། ཇི་སྲིད་དུ་རྡུལ་ཕྲ་རབ་ཀྱི་དངོས་པོ་
གྲངས་མེད་པའི་བར་དུ་ནི་ཤེས་པར་འགྱུར་ཞེས་པའི་དོན་ཏོ། །རྡུལ་ཕྲ་རབ་ཀྱི་གྲངས་སུ་ཡང་དགྲ་བོ་དགུག་གོ། །ཞགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་གིའོ། །བསྒྲུབ་བྱའི་མགོ་ལ་གནས་ནས་སྦྱིན་སྲེག་བྱས་པས་འཆི་བར་འགྱུར་རོ། །དེ་བཞིན་དུ་གྲུབ་པའི་རྣལ་འབྱོར་
མ་ལ་སོགས་པས་ཀྱང་མགོ་ལ་བཞུགས་ནས་སྦྱིན་སྲེག་བྱ། བསམ་གཏན་བྱའོ། །སྙིང་པོའི་སྔགས་ཀྱིས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། རང་གི་སྙིང་ག་ནས་རྣལ་འབྱོར་མ་རྣམས་སྤྲོས་ཏེ་གང་དུ་གང་གི་གཟུགས་བརྙན་ལ་གཞུག་པ་སྟེ། ཕྱག་རྒྱ་ཀུབ་ཛི་ཀ་བསྒོམ་པ་ལ་སོགས་
པས་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །ཕྱག་རྒྱའི་རྣལ་འབྱོར་མ་ཀུབ་ཛི་ཀ་ཞེས་པ་གཞན་ནོ། །འདིས་གསུངས་པ། བསྡུ་བ་ནི་རེངས་པར་བྱེད་པའོ། །འདིས་ཕོ་ཉ་མོ་གཞན་དེའི་རང་བཞིན་གྱིས་འཇིག་རྟེན་འཇིག་པར་བྱེད་དོ་ཞེས་པ་ཁ་ཅིག་གིའོ། །ཡུལ་ཐམས་ཅད་དང་ཡུལ་ཅན་གྱི་ལྡོག་
པ་ཐམས་ཅད་མི་དམིགས་པའོ། །ཀུབ་ཛི་ཀའི་ཕྱག་རྒྱ་དེས་འཁོར་གསུམ་བསྡུས་ཞེས་པ་གཞན་གྱིའོ། །སྔར་བསྟན་པའི་རིམ་པར་ཕྱེ་བ་བཅུ་དགུ་པས་གསུངས་པའི་ཆོ་ག་ནི་ནིམ་པའི་འདབ་མ་དང་ཁུ་བས་སྦགས་ནས་སྦྱིན་སྲེག་བྱའོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་
རྩ་བརྒྱད་པའོ། །ཆོ་ག་ནི་བདག་ཉིད་སྒྲུབ་ཅིང་ཕྱོགས་བཅིང་བ་ལ་སོགས་པའོ། །ཤིན་ཏུ་རྣམ་པར་དག་པ་ནི་སྔགས་ཀྱི་ལུས་ལ་སོགས་པའོ། །རྫ་རྔ་བྲིས་པ་དེའི་དཀྱིལ་དུ་ཐད་ཀར་རི་མོ་དྲུག་དྲུག་བྱའོ། །རྫ་རྔའི་ཆ་ཆིངས་མ་རི་མོ་ཐག་པ་རི་མོ་གཅིག་སྟེང་དུ་བྲི་བར་བྱའོ། །
དེའི་རྗེས་སུ་རི་མོ་དགུས་བཅིངས་ལ་ཞེས་པ་བཅིངས་ཤིང་བསྡམས་པའོ། །ཡི་གེ་རིམ་གྱིས་དང་མཉམ་པོར་ཏེ་མི་མཉམ་པ་ཡང་མ་ཡིན་ནོ། །སྟེང་དུ་རི་མོ་བརྒྱད་ཐད་ཀར་ཀུན་ནས་ཟླུམ་པོར་རི་མོ་སྦྱིན་ནོ། །རྫ་རྔའི་བྱ་བ་ལ་སོགས་པ་གཞན་ཤིན་ཏུ་མང་བར་ཡོད་དོ། །ཡི་གེ་ར་ནི་རེ་

ཕའོ། །དབྱངས་ཀྱི་ལྔ་པ་ནི་ཡི་གེ་ཨུའོ། །འདིས་རུ་ཞེས་པར་འགྱུར་རོ། །ཨོཾ་ཧེ་ཧེ་རུ་ཡི་གེ་བཞི་པ་ལ་ལྟོས་ནས་ལྔ་པ་རུ་ཞེས་པ་ཁ་ཅིག་གིའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་སེམས་དཔའིའོ། །ཨོཾ་ཧཱི་ཧྲཱིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། རྣམ་པར་སྣང་
མཛད་ཀྱིའོ། །ཨོཾ་ཨཱ་རོ་ལི་ཀ་སྭཱ་ཧཱ། པདྨ་གར་གྱི་དབང་ཕྱུག་གིའོ། །ཨོཾ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཕཊ། ཧེ་རུ་ཀའི་འོ། །ཨོཾ་ཁ་སོལྐཱ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཉི་མའིའོ། །ཨོཾ་བྷོ་བྷོ་ག་བཾ་ཨ་ན་ཡ་ཧཱུཾ་ཕཊ། རྟ་མཆོག་གི་སྔགས་སོ། །འདི་དག་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་དགུ་པའིའོ། །
ཀུན་དུ་མཚོན་པ་ནི་སྔགས་བཀོད་པས་སོ། །ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །དགོད་པར་བྱ་བ་ནི་བཟླ་བར་བྱ་བའི་དོན་དུའམ། རྣལ་འབྱོར་པ་གློ་བུར་དུ་འོངས་པ་ལ་བརྡ་བསྟན་པར་བྱའོ། །ལག་པ་ལ་ཕག་མོ་དང་སྙོམས་པར་ཞུགས་པའི་ཧེ་རུ་ཀའོ། །ལག་པའི་
རྒྱབ་ཏུ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་བསམ་པར་བྱའོ། །བརྡ་བྱས་ན་མཉམ་པ་གོའོ། །དཔའ་བོ་དང་རྣལ་འབྱོར་མ་ཕྱོགས་ཀྱི་རིམ་པས་ལྷོ་དང་། ཤར་དང་། བྱང་དང་། ནུབ་ཀྱི་ཕྱོགས་རྣམས་སུའོ། །ཕྱོགས་དང་བྲལ་བ་ནི་རིམ་པས་བདེན་བྲལ་དང་། རླུང་ལྷ་དང་། དབང་ལྡན་
དང་། མེའི་མཚམས་རྣམས་སུ་སྣོད་ལ་སོགས་པའི་སྣོད་རྣམས་སུ་བཏུང་བ་ལ་སོགས་པ་བྱའོ། །ཡང་གསུངས་པ། ལུགས་འབྱུང་ལུགས་ལས་བཟློག་པས་གོ་རིམས་ཀྱིས་ཐོད་པ་དབུལ་བར་བྱའོ། །དུས་ནི་རྣལ་འབྱོར་མའོ། །དྲུག་ནི་རིམ་པར་ཕྱེ་བ་བཞི་བཅུ་རྩ་གཅིག་པ་
ལས་གསུངས་པའི་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པའོ། །ཉིས་འགྱུར་ཞེས་པ་ནི་བསྟན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །མཆོད་པ་ནི་བཀོད་པའི་འཁོར་ལོ་དང་བཅས་པའི་བཅོམ་ལྡན་འདས་མཆོད་པར་
བྱའོ། །ཙཱ་རུ་ནི་བཟའ་བ་དང་སྟོན་མོའི་ལས་གཞན་བདེ་མཆོག་གི་བདག་ཉིད་ཀྱིས་འཁོར་ལོ་སྣོད་གཉིས་ཀྱི་ལྷག་མ་ཙཱ་རུའོ། །ཚེས་ནི་བཅུ་པའོ། །ཚེས་གྲངས་ནི་བཅོ་ལྔ་པའོ། །དུས་རིམ་པ་ཟླ་བ་ཀུན་དུ་རྫོགས་པའི་ཐིག་ལེ་དང་ཙཱ་རུའི་ཐིག་ལེ་དུས་ཀྱི་རིམ་པས་ཀུན་དུ་

རྫོགས་ནས་ཧེ་རུ་ཀ་ཉིད་ཀྱི་དཀྱིལ་འཁོར་ཐིག་ལེ་གཟུགས་སོ། །ནང་དུ་ནི་ལུས་ཀྱི་ནང་དུ་སྟེ་ཡི་གེ་ཧའི་ཐིག་ལེའོ། །ཤེས་རབ་ཀྱི་བདེ་བ་ཞུ་བའི་དུས་སུ་ལག་པའི་མཆོད་པ་ལ་རབ་ཏུ་འཇུག་པར་བསྟན་ཏོ། །ལག་པས་མཆོད་པ་མཐེ་བོང་གཡོན་པ་ལ་སོགས་པས་བཟའ་བའོ། །
རྣལ་འབྱོར་གྱི་དབང་ཕྱུག་ནི་གསང་བ་ཤེས་རབ་པོ། །དུས་དྲུག་གི་སྒྲའི་བརྗོད་བྱ་ནི་རྣལ་འབྱོར་མ་ཉིས་འགྱུར་དུ་སྒྲའི་བརྗོད་བྱ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་འདུས་ནས་དཀྱིལ་འཁོར་བྱ་བ་སྟེ་བཅུ་གཉིས་པ་རྣམས་རྣལ་འབྱོར་བ་དང་རྣལ་འབྱོར་མ་ཞེས་བྱ་བའི་
དོན་ཏོ། །བཅུ་གཉིས་ཀྱི་གྲངས་ལ་རྣལ་འབྱོར་མ་བཅུ་གཉིས་པོ་རྣམས་དང་བཅུ་གསུམ་གྱི་བདག་ཉིད་ཅན་ཧེ་རུ་ཀའི་དཀྱིལ་འཁོར་དུ་སོན་པའི་ལྷའི་གྲངས་མཁའ་འགྲོ་མའི་བརྡ་བསྟན་ནོ། །སྲིང་མོའི་སྒྲའི་བརྗོད་བྱ་ནི་རྣལ་འབྱོར་མའོ། །འདི་དག་ནི་རིམ་པར་ཕྱེ་བ་བཞི་བཅུ་པའོ། །བཞི་
ནི་འཁོར་ལོའི་སྐད་ཅིག་གི་དགའ་བའོ། །འཇིག་རྟེན་པ་ཐམས་ཅད་ལ་གྲགས་པའི་དུས་ལ་སོགས་པ་ཡང་རྫོགས་ལྡན་ལ་སོགས་པར་བསྟན་ཏེ། དེ་རྣམས་ལ་མཁའ་འགྲོ་མ་འབྱུང་སྟེ། ཐམས་ཅད་ཀྱི་མ་ལ་སོགས་པའི་སྒྲའི་བརྗོད་བྱ་ནི་འདིར་རྣལ་འབྱོར་མ་སྟེ་དེ་རྣམས་དེར་བརྟེན་
པས་ཡོན་ཏན་འགྲུབ་པར་འགྱུར་རོ། །མ་ནི་བླ་མའི་ཤེས་རབ་མ་དབང་ལྔ་བསྐུར་བའོ། །སྲིང་མོ་ནི་ལྷན་ཅིག་ཏུ་མཉན་པའི་བླ་མས་དབང་དྲུག་བསྐུར་བའོ། །བུ་མོ་ནི་བདག་ཉིད་ཀྱིས་སྔགས་ལ་སོགས་པ་བྱིན་ཏེ་འདུས་བྱས་ནས་དབང་བདུན་བསྐུར་བའོ། །གཞན་གྱིས་དབང་བསྐུར་ཞིང་བདག་
ཉིད་ལ་མཉན་པ་ནི་ཆུང་མ་སྟེ་བདག་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་དབང་བསྐུར་བའོ། །དཔའ་བོ་ཐབས་ནི་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཡེ་ཤེས་རྗེས་སུ་འདོད་པའོ། །ཚངས་པ་ལ་སོགས་པ་ནི་ཐམས་ཅད་ཀྱིས་གྲུབ་པ་མཆོད་པའོ། །བཞི་མཆོག་གི་མཆོག་ནི་མཁའ་འགྲོ་མ་ཕག་
མོའི་རིག་པ་དང་དེའི་སྔགས་གཅིག་གོ། །རྒྱལ་པོ་ཧེ་རུ་ཀའི་རིག་པ་དང་དེའི་སྔགས་གཉིས་སོ། །སྔགས་ལ་སོགས་པ་དང་དམ་ཚིག་དང་སྡོམ་པ་ནི་གསུམ་པའོ། །རྣལ་འབྱོར་གྱི་ཡེ་ཤེས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ནི་རིན་པོ་ཆེའི་བཞི་པའོ། །

དཀྱིལ་འཁོར་ཞེས་པ་དེར་སྐྱེས་བུའི་པདྨའི་ལག་པས་བཏུང་བ་ལ་སོགས་པ་དབུལ་ལོ། །བདག་ཉིད་ཀྱང་དེ་བཞིན་ཉིད་དུ་བླང་ངོ་། །དེ་བཞིན་དུ་མཆོད་པ་དང་བཅས་ན་ང་མཆོད་པ་ཡིན་ནོ། །རྣལ་འབྱོར་པ་ལྷན་ཅིག་ཏུ་དཔའ་བོ་ཐམས་ཅད་དེ་ལས་གཉིས་མེད་དུ་གནས་
པ་ཡིན་ནོ། །དེར་འདུས་ནི་ངའི་སྐུ་ཇི་ལྟར་མཆོད་པ་དེ་བཞིན་དུ་ཐམས་ཅད་ལ་མཆོད་པ་བྱའོ། །གང་ཞིག་བདག་ཉིད་གཉིས་སུ་མེད་པ་འདོད་ན་སྐྱེ་བོའི་བདག་ཉིད་དུ་འདུས་ཏེ་ཐམས་ཅད་དུ་གནས་ལ་གཞན་ཐམས་ཅད་སྤངས་པའོ། །གཞན་ཐམས་ཅད་གོ་སླའོ། །རིམ་པར་ཕྱེ་བ་ཞེ་
གཅིག་པའོ། །ཟླ་བ་གཅིག་ནི་བསྒོམ་པ་དང་བཟླས་པ་ལ་སོགས་པ་བྱའོ། །དེ་ནས་མཚན་མར་རྣལ་འབྱོར་མས་སྟོན་ནི་བདག་ཉིད་ཀྱང་གཞན་ནས་འོངས་ཕྲད་དེ་དངོས་སུ་མཐོང་བར་འགྱུར་རོ། །འབྲས་ཀྱི་ཕྱེ་མ་ལས་གཟུགས་བརྙན་བྱས་ཏེ། གྲོ་ག་ལ་སོགས་པ་ལ་བསྒྲུབ་བྱའི་མིང་
དང་སྔགས་འཁོར་ལོ་བྲིས་ཏེ་གཞུག་པར་བྱའོ། །དེའི་ལུས་ལ་ཙནྡན་དམར་པོ་བྱུགས་ཏེ་མཆོད་ནས་སྔགས་ཀྱི་བཟླས་པ་ལ་སོགས་པ་བྱའོ། །དེ་ནས་དེ་དབང་དུ་བྱས་པར་འགྱུར་རོ། །ཡང་ན་བསྒྲུབ་བྱ་བཀུག་ལ་དེའི་ཁྲག་བཏུང་ཞིང་ཟོས་པས་མཁའ་སྤྱོད་ཀྱི་གནས་དངོས་གྲུབ་པོ། །
དཀྱིལ་འཁོར་གྱི་དུས་སུ་མཆོད་པའི་ཁྱད་པར་རོ། །བྱ་བའི་དམ་ཚིག་ཧེ་རུ་ཀའི་གཟུགས་ཀྱི་ཕྱི་རོལ་དང་ནང་གི་སྦྱིན་སྲེག་བྱ་སྟེ་ཆང་དང་ཤའི་སྦྱིན་སྲེག་བྱ་ཞིང་དུར་ཁྲོད་དུ་གཏོར་མ་བཏང་ངོ་། །རྟོགས་པ་ནི་བཅོམ་ལྡན་འདས་ཀྱི་སྐུའི་བདག་ཉིད་དུ་བསྡུས་པའོ། །རྣལ་འབྱོར་བཞི་ནི་
རྫོགས་པའི་ཕྱག་རྒྱ་བསྡུས་པའོ། །ཐམས་ཅད་ནི་ཇི་སྲིད་བྱ་བར་འགྱུར་རོ། །དེ་ཉིད་གསུངས་པ། རང་གི་བྱ་བ་ལ་སོགས་པའི་རིམ་པས་ཕྱེ་བའི་མཐའ་མས་སོ། །ལྷའི་རྣལ་འབྱོར་གཅིག་དང་བཅས་པའི་རྣལ་འབྱོར་རོ། །འདི་ལས་གཞན་ཅུང་ཟད་ཀྱང་རྣལ་འབྱོར་ཡོད་པར་བྱ་བ་
མ་ཡིན་ནོ། །རྣལ་འབྱོར་བཞི་དང་ཕྱག་རྒྱ་དང་སྐུ་དང་སྔགས་དང་ཕྱག་མཚན་འདུས་པར་རང་གི་ཕྱག་རྒྱའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་བྱེ་བྲག་གི་ཐིག་ལེ་དང་ནཱ་དའི་གཟུགས་བསྟན་ཅིང་བལྟས་ལ། སྦྱོར་བ་མེད་ཅིང་རང་བཞིན་མེད་པ་དེའི་མཚན་

ཉིད་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ། །ཕྱག་རྒྱ་ཆེན་པོ་ནི་ལ་ལར་ཚིག་སྟེ་དེའི་ནི་སྤང་བ་ཉིད་ཀྱི་དོན་ཏེ་ཞེས་པ་ནི་ཁ་ཅིག་གིའོ། །ལས་ཀྱི་དབྱེ་བས་དགེ་བ་ལ་སོགས་པ་ལ་ཞི་བ་ལ་སོགས་པའི་དོན་ཏོ། །ལྟེ་བ་དང་སྙིང་ག་ལ་སོགས་པར་ཧཱུཾ་གི་ཡི་གེ་དམིགས་པ་དངོས་
པོའི་བྱེ་བྲག་གི་དབང་གིས་འཕར་བ་ལ་སོགས་པར་བརྗོད་དེ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །མི་འདོད་པ་སྤངས་པ་ནི་ཐར་པ་དང་ཞི་བ་དང་གསོད་པ་དང་མངོན་སྤྱོད་དོ། །དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ནི་འཕང་བའི་ངེས་པ་མེད་པ་ཡང་ངོ་། །བཤད་པ་སྤྲིན་ཞེས་པ་ནི་རིང་བའོ། །བ་
ལང་ཞེས་པ་ནི་ཐུང་བའོ། །ཇི་ལྟར་བ་ལང་རྣམས་ཨུ་ཟེར་ཞིང་མཇིང་པ་བཀུག་ནས་འཐུང་ཞིང་ཆགས་པ་ཅན་དལ་གྱིས་འདོན་པར་འགྱུར་རོ། །ཇི་ལྟར་སྦྲུལ་རྣམས་ཕུ་ཞེས་ཟེར་ཞིང་དེ་མ་ཐག་ཏུ་རྣམ་པར་གཅོད་དོ། །རྣམ་པར་ཤེས་པ་ནི་པུ་ལུ་སྟེ་བརྒྱད་དོ། །དབང་དུ་བྱ་བའི་
དོན་དུ་གསང་ཆེན་དུ་བརྗོད་དོ། །ཕྱི་རོལ་ལམ་ནི་ཕྱི་རོལ་གྱི་ལམ་ལ་ཕྱོགས་པའོ། །ཐབས་ནི་སྲི་ཞུ་དང་བཀུར་སྟི་ཉེ་བར་དམིགས་པའི་མཚན་ཉིད་དོ། །མཚན་མ་སྟོན་ཅིང་རྟོགས་པ་མངོན་པའི་ཐབས་ཏེ་ཆུའི་དོང་དུ་ཆུ་འདུ་བ་ལ་སོགས་པ་བཞིན་ནོ། །གཟུང་བའི་ཡུལ་ཏེ་ཧེ་རུ་
ཀའི་རྣམ་པ་ལས་ཀྱི་རབ་འབྱམས་སོ། །དེའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་སྟེ། ལམ་བསྒོམ་པ་ལ་སོགས་པའི་རིམ་པའོ། །བསྟན་བཅོས་ཉེ་བར་སྟོན་པ་ལ་སོགས་པར་གོ་བར་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །བསྟན་བཅོས་ཀྱི་མཚན་ཉིད་སྟོན་པའི་ཐབས་སོ། །འདི་དག་ནི་རིམ་
པར་ཕྱེ་བ་བཞི་བཅུ་རྩ་གཉིས་པའོ། །ཉོན་ཞེས་པ་ནི་བཅོམ་ལྡན་འདས་ལའོ། །ངས་ནི་ཕག་མོས་བཤད་པའོ། །བཤད་པ་ནི་རྒྱས་པར་མངོན་པར་བརྗོད་པ་འབུམ་པའོ། །འདིར་ཡང་ཀ་བ་གཅིག་ལ་སོགས་པ་ནི་དཀྱིལ་འཁོར་གྱི་གཞལ་ཡས་ཁང་ངོ་། །གཞན་དུ་ན་ཡང་ལྟེ་བའི་
ནང་ན་གནས་སོ། །དེ་ལ་པདྨའོ། །དེ་ལ་པདྨའི་སྟེ་བཅོམ་ལྡན་འདས་རང་བཞིན་མེད་པ་ཆ་མེད་པའི་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཆའི་རྣམ་པའང་ལུས་ཀྱི་ཐིག་ལེ་དང་ནཱ་ད་ལ་སོགས་པའོ། །ཉོན་མོངས་པ་མེད་པ་ཞེས་པ་ནི་ཁ་ཅིག་གིའོ། །གོས་པ་མེད་པ་ནི་རང་བཞིན་མེད་པ་དངོས་པོ་

མེད་པ་ཞེས་པ་ཁ་ཅིག་གིའོ། །ཕག་མོ་རྣམ་པར་སྦྱར་བ་དང་ལྡན་པ་ཁར་འཁྱུད་པ་སྟེ་བཅོམ་ལྡན་འདས་ཉིད་ལ་ཡང་དག་པར་ཕྱོགས་པ་བྷ་ག་དང་། ལ་ལ་ཉིད་ནི་ལྟེ་བའི་པདྨར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་སོ། །ཤེས་པ་ནི་འདིར་དམ་པའི་
ཆོས་ལ་ཕྱོགས་པའི་སྒོ་ནས་དང་བ་སྐྱེད་པའི་སྒོ་ནས་གཙོ་བོའི་ལུས་སོ། །དང་པོ་ལ་སོགས་པ་ནི་འདིར་རབ་ཏུ་སྒྲུབ་པར་བྱེད་པའོ། །རླུང་མ་ལུས་པ་བཀག་སྟེ། སེམས་དང་སེམས་ལས་འབྱུང་བ་འགོག་པ་ནམ་མཁའ་ཀུན་ཁྱབ་ཀྱི་ཏིང་ངེ་འཛིན་ནོ། །དེའི་གཟུགས་ནི་གོང་བུ་གཞོམ་དུ་
མེད་པའི་ལུས་ཐིག་ལེ་དང་ལྡན་པ་ཞུ་བའོ། །དེ་ནས་དེ་ཡང་གོང་དུ་ཐིག་ལེ་དང་ནཱ་ད་ཡང་དེ་ཙམ་མོ། །དེ་ནས་ཡང་ཐམས་ཅད་མི་དམིགས་ཤིང་དམིགས་སུ་མེད་པའི་སེམས་ཙམ་མོ། །དེ་ཡང་སེམས་ཞེས་བྱ་བའི་ཆོས་ཀྱི་དབྱིངས་སོ། །རིམ་པར་ཕྱེ་བ་བཞི་བཅུ་རྩ་གསུམ་པའོ། །དེ་ལ་
ནི་པདྨའོ། །དེ་བཞིན་ནི་གཞོམ་དུ་མེད་པའི་སྒྱུ་འཕྲུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་དང་དེ་བཞིན་ཉིད་ཡིན་པའི་ཕྱིར་ཡང་ངོ་། །སྣ་ཚོགས་པའི་སྒྱུ་འཕྲུལ་གྱིས་གཟུགས་ཅན་ཞེས་པ་ནི་ཁ་ཅིག་གིའོ། །མགོ་བོའི་ཟླ་བ་ནི་རང་གི་སྙིང་གར་རོ། །ལྟེ་བ་ཞེས་པ་ལ་སོགས་པ་ནི་སྔོན་
དུ་འགྲོ་བའི་རྣལ་འབྱོར་ཉིད་རྫོགས་པའོ། །པདྨ་སུམ་ཅུ་རྩ་གསུམ་གྱི་འདབ་མ་ཟེ་བ་དང་ལྡན་པའོ། །ཟླ་བ་ལ་གནས་ཤིང་གཞོམ་དུ་མེད་པའི་བྱང་ཆུབ་ཀྱི་སེམས་གཡོན་ནས་འཇུག་པའི་ཨཱ་ལི་དང་། དེའི་ཕྱི་རོལ་གྱི་གཡས་སུ་བསྐོར་བའི་ཀཱ་ལི་དག་ནི་ཐབས་དང་ཤེས་རབ་ཡིན་ཏེ། ཁ་སྦྱོར་དུ་
བྱས་ནས་འོག་དང་སྟེང་དུ་ཕྱོགས་ཤིང་ཡང་དག་པར་ལྡན་པའི་བསྐོར་བའོ། །དེ་སྟོང་པ་ཉིད་དེ་ཉིད་ལ་བལྟའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོའི་པདྨ་དང་ཟླ་བ་རྣམས་སོ། །དག་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རྣམ་པར་དག་པའི་ཨཱ་ལི་ཀཱ་ལི་གཡོ་བས་
ཉི་མ་སྣ་བུག་ནས་འཆར་བ་དང་ནུབ་པར་བལྟའོ་ཞེས་པ་ནི་ཁ་ཅིག་གིའོ། །དག་པ་ནི་མདོར་བསྟན་ཏེ། འདིར་རྣལ་འབྱོར་པའི་ཉི་མ་དང་ཟླ་བའི་ཕྱི་རོལ་དུ་ཤར་ནས་རྒྱུ་ཞིང་སྣར་ནུབ་པའོ། །སེམས་གཡོ་བ་མེད་ཅིང་རླུང་རྒྱུ་བའི་དངོས་པོ་མེད་པའོ། །སྣ་རྩེ་ནི་ཀུན་འདར་མ་བྱ་རོག་གི་གདོང་ཅན་གྱི་

ཐིག་ལེ་ཡུངས་ཀར་ཙམ་མོ། །རྒྱུ་བ་ནི་བརྟེན་པའོ། །མི་རྒྱུ་བ་ནི་རྟེན་ནོ། །སྒྲ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ངེས་པར་བསམ་གཏན་བྱས་པའི་རིམ་པ་འདིས་བྱང་ཆུབ་མཐོང་ཞིང་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཉོན་མོངས་པས་ནི་སྔོན་དུ་མངོན་པར་ཕྱོགས་པར་
བྱས་པའོ། །དེ་ནས་རང་གི་ངང་གིས་བྱ་བས་ཉོན་མོངས་པ་སྤངས་ཤིང་རྣལ་འབྱོར་གྱི་ཡུལ་གྱི་བདེ་བའི་ཚོགས་ཞེས་པ་ཁ་ཅིག་གིའོ། །རྣལ་འབྱོར་པ་མཚོན་པ་ནི་མཚན་མའོ། །འདོད་པ་ན་སྤྱོད་པའི་ལྷ་མོ་གང་གིས་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་ཉམས་སུ་མྱོང་བར་བལྟ་ཞིང་
གནས་བཟང་པོར་གནས་པ་ཉིད་དུ་དམིགས་པར་བྱའོ། །གཟུགས་ན་སྤྱོད་པའི་ལྷ་མོ་གང་གི་དགའ་བའི་ཟས་ལ་སོགས་པ་སེམས་ལས་བྱུང་བའི་བསམ་གཏན་ནོ། །གཟུགས་མེད་པ་ན་སྤྱོད་པ་གང་གི་ཡང་སྙོམས་པར་འཇུག་པ་ལ་སོགས་པའི་ཟས་ལ་སྙོམས་པར་འཇུག་པའོ། །ནམ་
མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པའི་འདུ་ཤེས་དང་གསུམ་སྲིད་པའི་རྩེ་མོ་སེམས་ལས་བྱུང་བ་དང་ཡིད་ཀྱི་ཆོས་ཀྱི་དབྱིངས་སུ་ཡིད་ཀྱི་ཤེས་པ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །ཆོས་ཀྱི་དབྱིངས་ནི་འོད་གསལ་ལོ། །སངས་རྒྱས་ནི་ཟུང་འཇུག་གི་མངོན་པར་བྱང་ཆུབ་པའོ། །
རྩེ་གཅིག་དུ་བསམ་ཞིང་ནཱ་ད་དེ་ཙམ་ཡང་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །དེ་ནི་རྟོག་པ་ཐམས་ཅད་ལས་འདས་པ་ཕྲ་མོའི་ཡེ་ཤེས་སུ་འགྱུར་རོ་ཞེས་པ་ཁ་ཅིག་གིའོ། །སེམས་མེད་ཅེས་བྱ་བ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པར་བཤད་པའོ། །དོན་དམ་པར་རྡུལ་མེད་དོ། །རྡུལ་ཕྲ་རབ་
ཀྱི་ཕྲ་མོ་གང་ལ་དཀྱིལ་འཁོར་གྱི་འཁོར་ལོའོ། །ས་བོན་ནི་གཞོམ་དུ་མེད་པ་ལ་སོགས་པའི་གཟུགས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རང་བཞིན་དུ་བསམ་ཞིང་བལྟས་པས་ལྷའི་མིག་དང་། རྣ་བ་དང་། སྣ་དང་། གཞན་གྱི་སེམས་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་
ཤེས་པ་དང་ལྔའོ། །དྲུག་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱས་པའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ཟད་པ་མཁྱེན་ཅིང་མངོན་པར་ཤེས་པར་ངེས་པར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་ཟད་པ་འདི་བཞིན་དུ་ཟག་པ་ཟད་པ་ཞེས་པ་ནི་ཟད་པའི་ཤེས་པས་མཐོང་ན་

ཟད་པའི་ཤེས་པ་མངོན་པར་ཤེས་པའོ། །ཡང་མི་སྐྱེ་བར་འགྱུར་བ་ཞེས་པ་ནི་མངོན་པར་ཤེས་པའི་དོན་གྱིས་ན་ཡང་མི་སྐྱེ་ཞིང་ཟད་པའི་མངོན་ཤེས་ཏེ་འདིར་ནི་ཟད་པ་ནི་དངོས་པོ་མེད་པའོ། །དེ་ཡང་སླར་མི་སྐྱེ་བ་ནི་མངོན་སུམ་དུ་རྣམ་པར་ཤེས་པ་བརྒྱད་དོ། །ཀུན་
ཤེས་ནི་སྤྲུལ་པ་ཀུན་བྱེད་པ་སྟེ་སྤྲུལ་པ་དང་ཡེ་ཤེས་ཀྱི་སྐུ་དང་། ཆོས་ཀྱི་སྐུའོ། །སྟོབས་ཀྱི་རྩེ་བ་མཐོང་བ་ནི་སྐུ་བལྟ་བས་ཆོག་མི་ཤེས་པ་དང་། དཔག་བསམ་གྱི་ཤིང་བཞིན་དུ་རྣམ་པར་རྟོག་པ་མེད་པར་ཡང་འགྲོ་བའི་དོན་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཡོངས་སུ་ལྷག་མ་
ཞེས་བསྟན་ཏོ། །བྱུང་བ་ནི་རྫོགས་པའོ། །སྐྱེ་བའི་ཆོས་སྟོན་ཅིང་རྟག་ཏུ་གང་ཡང་རྣམ་པར་མ་ཆད་པའི་དངོས་པོའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་གསུངས་པ། ཇི་སྲིད་དུ་རིགས་ཐམས་ཅད་ཀུན་དུ་འཛིན་པར་བྱེད་པ་ལུས་ཀྱི་རྣམ་པར་གཡེང་བ་ནི་ཟློས་གར་རོ། །ངག་
གི་རབ་འབྱམས་ཧཱུཾ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་ལ་སོགས་པའི་སྒྲ་བརྗོད་པའི་མཐའི་དངོས་པོ་ལྔ་པོ་རྣམས་རང་རང་གི་སྔགས་ཀྱི་ས་བོན་ལས་རྫོགས་པའི་ཕྱག་རྒྱ་དང་ལུས་གང་དག་དེ་དག་གིས་སྔགས་དང་ཕྱག་རྒྱའོ། །རང་གི་ས་བོན་ལ་སྐུ་རྫོགས་པར་བསྐྱེད་དོ། །བྱེ་བྲག་ཏུ་གསུངས་པ་དཔལ་
ཁྲག་འཐུང་དང་། རྡོ་རྗེ་དང་། སངས་རྒྱས་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་མཁའ་འགྲོ་མའི་འོ། །གོ་འཕང་ནི་ཐབས་དང་ཤེས་རབ་ཀྱི་ཁྱད་པར་ལ་གནས་ཤིང་དེ་ལ་རྣམ་པར་ཞུགས་པའོ། །པདྨ་འདབ་མ་བཞི་ནི་པདྨ་བཞིའོ། །འཁོར་ལོ་ནི་གཞལ་ཡས་ཁང་དུ་པདྨ་འདབ་མ་བཞི་
པ་ལ་མཁའ་འགྲོ་མ་བཞིའོ། །ལྟེ་བ་ལ་མཁའ་འགྲོ་གཅིག་འཁོར་རོ། །འདི་དག་ནི་བཞི་བཅུ་རྩ་བཞི་པའོ། །བསྟན་པའི་རྫས་ཀྱི་ནད་པ་འདྲ་བའི་གཟུགས་བྱའོ། །ཇི་སྲིད་པ་ནི་ནད་པའི་ཚད་དུ་སྐྲ་ཡང་དེ་སྲིད་ཀྱི་ཚད་དུ་བུ་མོས་བཀལ་བའི་སྐུད་པ་དུམ་བུ་དུམ་བུར་གཏུབས་ལ་འདྲ་
གཟུགས་ཀྱི་སྐུ་བྱའོ། །ནད་པ་ལ་རས་ལ་སོགས་པ་བླ་རེ་དང་མེ་ཏོག་ལ་སོགས་པས་མཛེས་པར་ལྡན་པའི་བག་ཅ་བཅས་ལ། དེ་ལ་རོ་བཞིན་དུ་འདྲ་གཟུགས་མདུན་དུ་གཞག་གོ། །དེ་ནས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། ཕྲེང་བ་

དང་དཀྱིལ་འཁོར་པ་མཐའ་དག་གི་སྔགས་རྣམས་དགོས་པ་བསྙེན་ལ། དེའི་ང་རྒྱལ་དུ་ཤུགས་ཕྱུང་ལ་བསྐུལ་བར་བྱའོ། །དེའི་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །རང་འདོད་པའི་ལྷའི་ས་བོན་གྱིས་བྱིན་གྱིས་བརླབས་ལ་དཔའ་བོ་དྲུག་གི་གོ་བསྐོན་པ་དང་། ཕག་མོའི་ཡི་གེ་
དྲུག་པའི་གོ་ཆ་དང་། རྗེ་བཙུན་དང་རྗེ་བཙུན་མའི་སྔགས་གཉིས་ཀྱིས་བསྲུངས་ལ་གོས་སར་པ་དམར་པོ་བགོ་བར་བྱའོ། །སྙིང་པོའི་སྔགས་ཀྱི་མེ་ཏོག་དང་ཕྲེང་བའི་ཁྱད་པར་དང་བཅས་པ་དང་། བདུག་པ་ཡང་གཞག་གོ། །དེ་ནས་དེའི་ས་བཏང་བར་གང་ཅི་ཡང་རུང་བའི་རྒྱན་ལ་
སོགས་པ་དེ་རྣམས་ཐམས་ཅད་དེའི་མདུན་ལོགས་སུ་གཞག་གོ། །དེ་ནས་ཞུགས་པ་དབྱུང་བར་བྱའོ། །ཡི་དྭགས་འགྲོ་བ་ནི་བག་ཚའི་ལས་སོ། །ཀྱེ་ཀྱེ་ཤིང་ངོ་། །གང་གི་ཕྱི་རོལ་གྱི་ལག་གདུབ་ལ་སོགས་པས་སློབ་དཔོན་ལ་ལག་གདུབ་ལ་སོགས་པས་བརྒྱན་པའོ། །སྐྱེད་པ་བཅིངས་ནས་
མཚོན་ཆ་རལ་གྲི་ཐོགས་ནས་གཙུག་ཏོར་བཅིངས་ལ་གོ་བགོ་བ་ལ་སོགས་པ་བྱས་ལ། དཔའ་བོ་ལ་སོགས་པ་རྣམས་ཀྱིས་བསྐོར་ནས་འགྲོའོ། །གདོད་མ་ལ་སོགས་པ་དུར་ཁྲོད་ནི་རྙིང་པར་རོ། །དེ་ནས་ཡི་གེ་ཧཱུཾ་བརྗོད་པར་བྱ་ཞིང་བྱ་བ་བྱེད་པ་སོང་ཤིག་པའོ། །དེ་ནས་ཞི་བའི་སྦྱིན་སྲེག་ཀྱང་
བྱའོ། །དཀྱིལ་འཁོར་ཡང་བཞེངས་པར་བྱའོ། །དེ་ཕྱོགས་དང་ཕྱོགས་དང་བྲལ་བ་བརྒྱད་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་དགོད་པར་བྱའོ། །དཀྱིལ་དུ་འདྲ་གཟུགས་མགོ་ལྷོར་བསྟན་ལ་སྔགས་སློབ་དཔོན་གྱིས་མཚན་པའོ། །འདྲ་གཟུགས་བྱས་པའི་གོ་ཆ་ལ་སོགས་པ་
ཕྱུང་ལ་ནད་པའི་ལུས་ལ་དགོད་དོ། །དེ་ཡང་སུམྦྷ་ལ་སོགས་པས་བསྲུང་བ་བྱས་ལ། བསྒྲུབ་བྱ་དཀར་པོར་ནད་ལས་ཐར་པར་བལྟ་བ་བྱས་ལ་ནད་ལས་ཐར་ན་འདི་བཞིན་དུ་འགྱུར་ཞེས་པའོ། །གཡོན་བརྐྱང་ནི་སློབ་དཔོན་ནོ། །བསྲུང་བ་ནི་བསྲུང་བྱ་ལ་གཡོགས་པའོ། །འདྲ་བ་ནི་ལུས་སོ། །
འདྲ་གཟུགས་དེ་བརྒལ་བར་བྱ་བ་ལྷ་སྦྱིན་གྱི་སྡུག་བསྔལ་གཅོད་པ་ནི་ཤི་བ་ཉིད་ལ་དེ་རལ་གྲིས་གཏུབས་ལ་དབང་པོ་དང་གཞན་ཤར་གྱི་ཁྭ་གདོང་ལ་སོགས་པའོ། །མ་མོ་བརྒྱད་པོ་རྣམས་ལ་དེ་དུམ་བུ་དུམ་བུར་གཏུབས་ལ་ཞི་བའི་དོན་དུ་སྙིང་པོ་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་

གནས་དེར་བཞུགས་པའི་ཡོ་བྱད་ཐམས་ཅད་སློབ་དཔོན་ལ་དབུལ་བར་བྱའོ། །ནད་ལས་ཐར་པ་ནི་ཞི་བའོ། །དེ་ནས་དེར་ཞུགས་པ་ཐམས་ཅད་ཁྲུས་བྱས་ཏེ། གཏོར་མ་བཏང་ལ། དང་པོར་རེ་ཞིག་དེས་ཟར་གཞུག་གོ། །གཞན་དང་གཞན་ལ་སོགས་པ་ཡང་
ཟར་གཞུག་གོ། །གོས་ལ་སོགས་པས་མཉེས་པར་བྱའོ། །དེ་ནས་ཞི་བར་བྱས་པར་འགྱུར་རོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་ལས་རིམ་པར་ཕྱེ་བ་བཞི་བཅུ་རྩ་ལྔའི་དཀའ་འགྲེལ་ལོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་ཡི་གེ་ཅུང་ཟད་ཅེས་བྱ་
བའི་འགྲེལ་པ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ་རྫོགས་སོ།། །།མངོན་འབྱུང་ཧེ་རུ་ཀ་ཡི་དཀའ་འགྲེལ་བྱས་པས་བསོད་ནམས་གང་བསགས་པ། །དེ་ཡིས་སྣ་ཚོགས་ཀུན་ནས་ཧེ་རུ་ཀ་དཔལ་འབྱུང་བར་ཤོག །ཀྱེ་མ་བླ་མ་སློབ་མའི་སྐྱེ་བོས་བསྟེན་ཅིང་ཀྱེ་མ་བླ་མའི་ཐུགས་རྗེས་སློབ་
མ་ལའོ། །གང་ཞིག་མངོན་པར་འབྱུང་བ་ཟབ་མོའི་རྒྱུད་ཀྱི་བཀའ་འགྲེལ་ཟླ་བའི་གཞོན་ནུས་བྱས། །ལྷོ་ཕྱོགས་ཨོ་ཌི་བི་ཥའི་ཡུལ། །བྷ་ཚ་མ་ཡི་གྲོང་ཁྱེར་དུ། །གསོ་སྦྱོར་སྨན་གྱི་རིགས་སུ་འཁྲུངས། །རྗེ་བཙུན་ཡི་གེ་པ་ཡི་རིགས། །མཁས་པའི་མཁས་པས་
བསྔགས་པ་ཡི། །རཀྵི་ཏ་པའི་ཞལ་སྔས་བསྒྱུར།། །།རྒྱ་གར་གྱི་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨྨ་བློ་གྲོས་ཀྱིས་དཔལ་བི་ཀྲ་མ་ཤཱི་ལར་བསྒྱུར་རོ།། །།༄༅༅། །རྒྱ་གར་སྐད་དུ། ཡོ་གི་ནཱི་སཾ་ཙཱརྱ་ནི་བནྡྷཾ། བོད་སྐད་དུ།
རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་བཤད་སྦྱར། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྟག་ཏུ་བདེ་བའི་སེམས་ནི་ཐུགས་ཀྱི་མགོན་པོ་གཅིག་པོ་སྟེ། །ནང་གི་ངོ་བོར་བདེན་ཞིང་མི་བདེན་ཤིན་ཏུ་མི་གསུང་བ། །སྲིད་ལ་ཕན་པའི་དོན་དུ་གང་གིས་སྐུ་ནི་སྤྲུལ་མཛད་དེ། །སྡུ་གུ་མཛེས་
མའི་ཕྱག་གིས་འཁྱུད་པས་འགྲོ་ལས་རྒྱལ་གྱུར་ཅིག །རྒྱུད་འདིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་གླེང་གཞིའི་ཚིག་ཅིའི་ཕྱིར་མེད་ཅེས་རྒོལ་བ་ལ། བཅོམ་ལྡན་འདས་ནི་རྟག་ཏུ་གནས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་མ་ཡིན་ནོ་ཞེས་སློབ་དཔོན་

ཁ་ཅིག་གསུང་ངོ་། །ཡང་གསུངས་པ། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཞེས་བྱ་བས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་སྲིད་ན་སྡུད་པ་པོས་གླེང་གཞིའི་ཚིག་རྗོད་པར་བྱེད་དོ། །དེ་བཞིན་དུ་མདོ་ལས་ཀྱང་། དགེ་སློང་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས་འདི་སྐད་བདག་
གིས་ཐོས་པའི་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ངའི་ཆོས་བསྡུ་བར་གྱིས་ཤིག་ཅེས་སོ། །གཞན་ཡང་རྒྱུད་གཞན་གྱིས་གླེང་གཞིའི་ཚིག་རྒྱུད་འདིར་དྲང་བར་བྱ་སྙམ་དུ་སེམས་སོ། །དང་པོར་རེ་ཞིག་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་བ་དང་། དགོས་པ་
དང་། དེའི་དགོས་པ་རྣམས་ཉེ་བར་མཐོང་ནས་རྟོག་པ་དང་ལྡན་པ་རྣམས་འཇུག་པར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདི་སྐད་དུ། ཉན་པོ་ཐོས་ལ་འཇུག་བྱའི་ཕྱིར། །དོན་སྒྲུབ་འབྲེལ་པ་གྲུབ་པ་དང་། །འབྲེལ་པ་དགོས་པར་བཅས་པ་ནི། །བསྟན་བཅོས་ཀྱི་ནི་
དང་པོར་བརྗོད། །ཅེས་སོ། །དེ་ལ་དེ་ནས་ཞེས་བྱ་བ་ནས་བརྩམས་ནས། ཀུན་དུ་སྤྱོད་པ་ཞེས་བྱ་བའི་གཞུང་གི་ཚོགས་ཐམས་ཅད་ནི་རྗོད་བྱེད་དོ། །གང་ཞིག་དེའི་བརྗོད་བྱ་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་མའི་ངོ་བོ་ཉིད་ནི་བརྗོད་པར་བྱ་བའོ། །བརྗོད་བྱ་དང་རྗོད་བྱེད་དག་
གི་དངོས་པོའི་མཚན་ཉིད་དང་། ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ནི་འབྲེལ་པའོ་ཞེས་བྱ་བ་ནི་གཞན་གྱིའོ། །དགོས་པ་ནི་ཀུན་དུ་སྤྱོད་པའི་དོན་གུས་པས་རྒྱུན་མི་འཆད་པར་དུས་རིང་བར་གོམས་པར་བྱེད་པའོ། །དགོས་པའི་དགོས་པ་ནི་དཔལ་བདེ་མཆོག་འཁོར་ལོའི་གོ་
འཕང་ཐོབ་པར་བྱེད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདིར་ཚིག་ཕྲད་ཀྱི་ཚོགས་སོ། །དེ་ལ་དེ་ནས་ཀྱི་སྒྲ་ནི་རྗེས་ཐོགས་དང་། རིམ་པ་སྟོན་པ་སྟེ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་ཐོགས་ལ་རིམ་པ་འདིས་འོག་ནས་འཆད་པར་འགྱུར་བའི་དོན་ཏོ། །
ཡང་དག་བཤད་བྱ་བ་ཞེས་པ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའོ། །ཀུན་དུ་སྤྱོད་པའི་ཆོ་ག་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པ་ནི་རབ་ཏུ་སྤྱོད་པ་སྟེ། རྣལ་འབྱོར་མ་རྣམས་དང་རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་རོ། །དེའི་ཆོ་ག་ནི་ཆོ་ག་རྣམ་པར་གཞག་པའོ། །གོང་ན་མེད་

པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པས་ན་མཆོག་གོ། །སྟོན་ཅིག་ཅེས་བྱ་བའི་སྟོན་པ་ནི་འདིར་གསལ་བར་བྱེད་པ་སྟེ། དེ་ཡང་སེམས་ཅན་རྣམས་ལ་སྟོན་ཅིག་ཅེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཉིད་ཀྱིས་ན་ཕྱག་ན་རྡོ་རྗེས་སྡུད་པ་པོ་མཛད་དོ། །
འདི་ཞེས་བྱ་བ་ནི་འདིར་ཐུགས་ལ་གནས་པར་བྱས་པའི་ཀུན་དུ་སྤྱོད་པའི་ཆོ་གའོ། །ཅིར་གྱུར་པ་ཞེ་ན། འཁོར་ལོ་གསུམ་བདག་འདི་བསྒོམ་པ། །རྣལ་འབྱོར་ལམ་ལ་རྣམ་གནས་པ། །ཞེས་པ་ནི། འཁོར་ལོ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་དེའི་རྣལ་འབྱོར་ནི་སྒོམ་པའོ། །
དེ་ཉིད་ཀྱི་རིམ་པས་སྒྲུབ་བྱེད་ཉེ་བར་གནས་པར་བྱེད་པའི་ཕྱིར་ལམ་སྟེ། དེའི་ཚུལ་གྱིས་རྣམ་པར་གནས་པའོ། །སླར་ཡང་ཅིར་འགྱུར་ཞེ་ན་གསུངས་པ། སྦས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྦས་པ་ནི་མ་དད་པ་རྣམས་ལ་མི་གསལ་བར་བྱས་པའོ། །གང་ཞེས་པ་ནི་གང་ཞིག་ལའོ། །དེ་
བཞིན་ཞེས་པ་ནི་དེ་བཞིན་དུ་ཡོད་ཀྱང་སྟེ། ལམ་ཉིད་དུ་ཡོད་ཅེས་པའི་དོན་ཏོ། །རྒྱུད་དུ་ཞེས་པ་ནི་མངོན་པར་བརྗོད་པ་འབུམ་པར་རོ། །ཇི་ལྟར་སྦས་ཤེ་ན། གསུངས་པ། ལུགས་འབྱུང་ལུགས་ལས་བཟློག་པར་གནས། །ཞེས་པ་སྟེ། རིམ་པ་དང་རིམ་པ་ལས་བཟློག་པ་གཉིས་སུ་
བརྗོད་པའི་ཕྱིར་རོ། །དེ་ནི་སྦས་པ་ཞེས་བྱ་བའི་དོན་ཏོ། །རིམ་པ་དང་རིམ་པ་ལས་བཟློག་པ་གཉིས་སུ་མདོར་བསྟན་པ་ལ་སོགས་པ་དེ་ལས་གསུངས་པ་དེ་འདིར་བསྟན་པའི་ཕྱིར་རོ། །མདོར་བསྟན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་བསྟན་པ་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ་
མདོའོ། །ཇི་ལྟར་བསྟན་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བརྗོད་པ་སྟེ། བཤད་པ་ཞེས་བྱ་བ་ནི་མ་ལུས་པར་བསྟན་པས་འབྲེལ་པའི་རང་གི་ངོ་བོ་ཡིན་ནོ། །རྒྱས་བཤད་ཅེས་བྱ་བ་ནི་རང་གི་ངོ་བོ་མི་གསལ་བ་གསལ་བར་སྟོན་པ་རྒྱས་བཤད་ནི་འགྲེལ་བཤད་དོ། །མ་ལུས་ཉིད་ཅེས་པ་ནི་
འདི་གསུམ་མོ། །བརྡ་ཡི་ཆོ་ག་རྒྱས་པ་ཡིན། །ཞེས་པ་ནི། བརྡའི་ཆོ་ག་ཆོས་མང་པོ་ཞེས་པའི་དོན་ཏོ། །ཕན་ཡོན་གང་ཡིན་ཞེ་ན། གསུངས་པ། གང་ཞིག་ཅེས་པ་ལ་སོགས་པ་སྟེ། གང་ཞིག་ཅེས་པ་ནི་ཀུན་དུ་སྤྱོད་པའི་ཆོ་གའོ། །ཤེས་པ་ཙམ་གྱིས་ནི་ཞེས་པ་ནི་བསྒོམས་

པའི་སྟོབས་ཀྱི་རིམ་པས་ཁྱད་པར་དུ་ཤེས་པ་ཙམ་གྱིས་མངོན་དུ་བྱས་པར་འགྱུར་རོ། །སྒྲུབ་པ་པོ་ནི་བདེ་མཆོག་གི་བདག་ཉིད་དོ། །གྲུབ་པ་ནི་སངས་རྒྱས་ཉིད་དོ། །ཐོབ་པ་ནི་བརྙེས་པའོ། །ད་ནི་རྒྱུད་ཀྱི་དོན་བསྟན་པའི་ཕྱིར་གསུངས་པ་སུམ་ཅུ་རྩ་བདུན་ཞེས་པ་ལ་སོགས་པ་སྟེ། སུམ་ཅུ་རྩ་
བདུན་རྣལ་འབྱོར་གྱིས་ཞེས་པ་ནི། བཅོམ་ལྡན་འདས་དང་བཅས་པའི་ལྷ་སུམ་ཅུ་རྩ་བདུན་དང་སྦྱར་རོ། །བྱང་ཆུབ་ཕྱོགས་ཞེས་པ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འཇིག་རྟེན་དུ་ནི་བསྒོམ་བྱར་བཤད། །ཅེས་པ་ནི་ཐབས་ཀྱི་ངོ་བོ་ཉིད་ཡིན་
པའི་ཕྱིར་རབ་ཏུ་བསྒོམ་པར་བྱ་བ་ཡིན་པར་འཇིག་རྟེན་ལ་རབ་ཏུ་གྲགས་པར་གྱུར་པའོ། །ཐབས་ཉིད་ཇི་ལྟར་ཡིན་ཞེ་ན། འདིར་གསུངས་པ། ཧེ་རུ་ཀ་དཔལ་འགྲོ་བའི་མཆོག །ཅེས་པ་སྟེ། དཔལ་ཧེ་རུ་ཀ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། རབ་ཏུ་གཏུམ་མོ་ལ་སོགས་པ་
གཞན་ཡང་རིག་པར་བྱའོ། །གང་གི་ཕྱིར་འདི་རྣམས་འགྲོ་བའི་གཙོ་བོར་གྱུར་པ་བསྒོམ་པར་བྱ་བ་ཡིན་པས་ན་དཔལ་ཧེ་རུ་ཀ་ལ་སོགས་པའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཏེ། དེའི་ཕྱིར་ཐབས་ཉིད་ཡིན་ནོ་ཞེས་དགོངས་སོ། །ད་ནི་སྒོམ་པའི་རིམ་
པ་བསྟན་པའི་ཕྱིར་གསུངས་པ་དེ་ལ་ཐོག་མར་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མར་ཞེས་པ་ནི་སྒོམ་པ་རྩོམ་པའོ། །རྣལ་འབྱོར་གྱི་དབང་ཕྱུག་གིས་ཞེས་བྱ་བ་ནི། སྐད་ཅིག་གིས་ལྷག་པར་མོས་པས་དཔལ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པས་སོ། །ཕུང་པོ་ལྔ་ལ་ལྷའི་ང་རྒྱལ་
ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕུང་པོ་ལྔ་ལ་ལྷའི་ང་རྒྱལ་དུ་བྱེད་པའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི་གོ་སླའོ། །ཁམས་ཞེས་བྱ་བ་ནི་ཁམས་གསུམ་ཐམས་ཅད་ལྷའི་རྣམ་པར་བསྟན་པའོ། །སའི་ཁམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་
མཇུག་བསྡུ་བའོ། །འདི་ནི་ངེས་པར་བསྟན་པ་དང་པོའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་གང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་སྦྱར་བར་བྱ་བ་དེ་ཀུན་ཀྱང་གང་ཞེ་ན་ཞེས་པ་ནི་སྦྱར་བར་བྱ་བ་སྟེ་ཞེས་པ་ལ་སོགས་པའོ། །རྫུ་འཕྲུལ་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་འདིས་

རྫུ་འཕྲུལ་བསྐྱེད་པ་སྟེ། འདུན་པ་ཉིད་རྫུ་འཕྲུལ་རྐང་པ་སྟེ། འདུན་པའི་རྫུ་འཕྲུལ་རྐང་པའོ། །དེ་ལྟར་གཞན་ལ་ཡང་ངོ་། །དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །འདི་ནི་ངེས་པར་བསྟན་པ་གཉིས་པའོ། །དེ་ལ་དེ་རྣམས་ཀྱི་ཞེས་བྱ་བ་ལ་
སོགས་པ་ནི། ད་ནི་འདི་ཀུན་གྱིས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལྷའི་ངོ་བོ་ཉིད་དུ་གོ་བར་བྱའོ། །དེ་ཀུན་ནི་གོ་སླའོ། །འདི་ནི་ངེས་པར་བསྟན་པ་གསུམ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་གཉིས་མེད་ཅེས་བྱ་བ་ནི། དཔལ་བདེ་མཆོག་གི་བདག་ཉིད་ཀྱི་རྣལ་
འབྱོར་པ་དཔའ་བོ་ཁཎྜ་ཀ་པཱ་ལ་ལ་སོགས་པ་རྣམས་དང་ལྷན་ཅིག་གཉིས་མེད་ནི་གཅིག་པའོ། །གཉིས་མེད་པ་ཉིད་ཇི་ལྟར་ཡིན་ཞེ་ན། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ཡན་ལག་ཅེས་བྱ་བ་ནི་མདོར་བསྟན་པའོ། །ཡན་ལག་ཀུན་གྱི་ཆ་ཤས་གནས། །ཞེས་བྱ་བ་ནི་རྒྱས་
པར་བསྟན་པའོ། །སོ་དང་སེན་མོ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྒྱས་པར་བསྟན་པ་ཡིན་ནོ། །འདི་ནི་ངེས་པར་བསྟན་པ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟར་ནང་གི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་
ཤེས་པར་བྱ་བ་ཞེས་སྦྱར་རོ། །རྣམ་དགོད་ཇི་ལྟར་སྦྱར་བ་ནི། །ཞེས་བྱ་བ་ནི། དེ་མ་ཐག་ཏུ་ལྷ་མོ་རྣམས་ཀྱི་དགོད་པ་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་ལྷ་རྣམས་དགོད་པ་ལ་འཇུག་པར་བྱ་བའི་ཕྱིར། རྟེན་དང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། རྟེན་དང་བརྟེན་པའི་ཚུལ་གྱིས་འཁོར་ལོ་སྟེ། དེར་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་གྱུར་པར་བསམ་མོ་ཞེས་དགོངས་སོ། །ཤེས་པས་ཞེས་བྱ་བ་ལ་སོགས་པ་ནི། དེར་དཀྱིལ་འཁོར་བཞི་རྣམ་པར་བསྒོམ་པར་བྱའོ། །གང་ཞིག་
ཆོ་ག་ཞེས་བྱ་བ་ནི་གང་ཆོ་ག་བཞིན་ནོ། །བླ་མ་བརྒྱུད་རིམ་ཇི་བཞིན་དུ། །ཞེས་པ་ནི། དེ་དང་དེ་རྣམས་བླ་མའི་གདམས་ངག་གི་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རི་ཞེས་བྱ་བ་ལ་སོགས་པ་ནི་དེ་མ་ཐག་ཏུ་བསྟན་པའི་རླུང་གི་དཀྱིལ་འཁོར་ལ་སོགས་

པ་བཞིའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ཀྱི་སྟེང་དུ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་ལ་ཞེས་པའི་དོན་ཏོ། །དེ་ཡི་དབུས་བཞུགས་དཔའ་བོ་ནི། །ཞེས་པ་ནི་དེའི་ལྟེ་བའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའི་
དཀྱིལ་འཁོར་ལ་གནས་པའི་ནམ་མཁའི་ཕྱོགས་ན་གནས་པའི་ནཱ་ད་ལས་སྐྱེས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དཔའ་བོའི་དབང་ཕྱུག་གཽ་རཱི་དང་། དེའི་བདག་པོ་གཡས་བརྐྱང་བས་མནན་པ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་
སོགས་པའི་ཚིགས་སུ་བཅད་པ་འདིས་ཤར་ལ་སོགས་པའི་ཕྱོགས་དང་འདབ་མ་རྣམས་སུ་མཁའ་འགྲོ་མ་ལ་སོགས་པ་རྣམས་གཡོན་སྐོར་གྱིས་དགོད་པར་བྱའོ་ཞེས་བརྗོད་དོ། །ཕྱག་གཉིས་པ་ལ་ཞལ་གཅིག་པ་སྟེ། དེ་ཐམས་ཅད་ཞལ་གཅིག་པ་ཕྱག་གཉིས་པར་ཞེས་བྱ་བའི་དོན་ཏོ། །
སྣ་ཚོགས་གཟུགས་དང་སྒེག་མོའི་ཞེས་པ་ནི་གཟུགས་སྣ་ཚོགས་པ་དང་སྒེག་པའོ། །མཚམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡི་གེ་པུ་སོགས་ཡང་དག་སྦྱར། །ཞེས་པ་ནི། པུལླཱིར་མ་ལ་ཡ་ལ་སོགས་པ་བློས་དམིགས་པར་བྱའོ། །ཡུལ་དང་ཡུལ་དུ་གནས་པ་ཡིན། །
ཞེས་བྱ་བ་ནི་པུལླཱི་ར་མ་ལ་ཡ་ལ་སོགས་པ་དེ་རྣམས་སུ་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་དང་ལྷན་ཅིག་པ་ཐོད་པའི་དུམ་བུ་ལ་སོགས་པའོ། །སྤྱན་དྲངས་ཞེས་བྱ་བ་ནི་དགུག་པའོ། །འཁོར་ལོའི་དབུས་གནས་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་འཁོར་ལོ་
གསུམ་གྱི་དབུས་སུ་བཞུགས་པར་མཛད་པའོ། །མཆོད་ཅེས་པ་ནི་བསྒོམ་པའོ། །རྟག་ཏུ་ཞེས་པ་ནི་ཐུན་མཚམས་སོ་སོར་རོ། །པུ་ཞེས་བྱ་བ་ལ་སོགས་པ་ལ། པུ་ལ་སོགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །པུལླཱི་ར་མ་ལ་ཡ་ཞེས་པ་ནི་རྒྱས་པར་བཤད་པའོ། །དེ་ལྟར་ཀུན་
ལ་སྦྱར་ཏེ། ཐམས་ཅད་དུ་གོ་སླའོ། །ཕྱོགས་སུ་ཞེས་པ་ནི་ཕྱོགས་ཀྱི་སྒོ་རྣམས་ཀྱི་ཕྱོགས་སུའོ། །མཚམས་ཞེས་བྱ་བ་ནི་ཕྱོགས་མཚམས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་ཇི་བཞིན་བསྟན་པའི་དཀྱིལ་འཁོར་རོ། །ཕྱི་དང་ནང་གི་བདག་ཉིད་ཅེས་བྱ་བ་ནི་ཕྱི་རོལ་

དང་ནང་གི་བདག་ཉིད་དོ། །དམིགས་ཞེས་པ་ནི་དམིགས་པར་བྱའོ། །དུས་ཇི་ཙམ་དུ་ཞེ་ན། གསུངས་པ་ཇི་སྲིད་དུ་ངེས་པར་རྟོགས་པའི་སྤྱོད་ཡུལ་དུ་ཞེས་པ་ནི་ཇི་སྲིད་མྱ་ངན་ལས་འདས་པ་སྤྱོད་ཡུལ་དུ་མ་གྱུར་གྱི་བར་དུ་ཞེས་བྱ་བའི་དོན་ཏོ། །འདི་ནི་ངེས་
པར་བཤད་པ་ལྔ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བདག་པོ་སོགས་ཀུན་གྱི་མཚན་མ་ཕྱག་རྒྱའི་ཚོགས་རྣམས་དང་ཞེས་པ་ནི་ལྷ་ཐམས་ཅད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་སོ། །སོགས་པའི་སྒྲས་རྡོ་རྗེ་ཕག་མོ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །དེ་རྣམས་ཀྱི་
ཕྱག་མཚན་དང་བཅས་པའི་ཕྱག་མཚན་གྱི་ཚོགས་ངེས་པར་བྱ་ཞེས་པ་གཞན་དུ་སྦྱར་རོ། །བརྗོད་ཅེས་པ་ལྷག་མའོ། །རང་མདོག་ཕྱག་མཚན་བཞུགས་ཚུལ་རྣམས། །ཞེས་པ་ནི་ལྷ་ཐམས་ཅད་ཀྱི་བདག་པོའི་སྐུ་མདོག་ལ་སོགས་པ་ཡང་ངོ་། །རྒྱུད་དུ་སྦས་པ་ཞེས་བྱ་བ་ནི་རྒྱས་པའི་
རྒྱུད་དུ་སྦས་པ་འདིར་བརྗོད་ཅེས་དགོངས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་གཉིས་ཡང་དག་འཁྱུད་པ་དང་། །ཞེས་བྱ་བ་ནི་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་སོ་ཞེས་པ་ལྷག་མའོ། །གཡས་ཀྱི་ལྷག་མར་ཞེས་བྱ་བ་ནི་ཕྱག་
གཡས་ཀྱི་ལྷག་མ་རྣམས་སུ་ཕྱག་མཚན་འདི་རྣམས་བསྣམས་ཞེས་པའི་དོན་ཏོ། །ཐོད་པ་ཁྲག་གིས་བཀང་བ་ཞེས་བྱ་བ་ནི། ཁྲག་གིས་བཀང་བའི་ཐོད་པའོ། །མགོ་བོ་ནི་ཚངས་པའི་མགོ་བོའོ། །གཡོན་གྱི་ལྷག་མར་ཞེས་བྱ་བ་ནི་སྔར་གྱི་བཞིན་དུ་ཕྱག་གཡོན་གྱི་ལྷག་མ་རྣམས་
ཀྱི་ཕྱག་མཚན་རྣམས་བཤད་དོ། །བཅུ་གཉིས་ཀྱིས་ནི་བརྒྱན་པ་ཡིན། །ཞེས་བྱ་བ་ནི་ཕྱག་མཚན་བཅུ་གཉིས་པོ་བསྣམས་པ་འདིས་ཕྱག་བཅུ་གཉིས་བརྒྱན་པར་གྲགས་པའི་བཅོམ་ལྡན་འདས་སྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཐོད་པའི་ཕྲེང་བའི་མཆོད་ཕྱིར་ཐོགས། །བརྒྱ་ཕྱེད་
པར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི། བརྒྱ་ཕྱེད་པའི་མགོ་བོའི་ཕྲེང་བ་འཕྱང་པའོ། །མཆོད་ཕྱིར་ཐོགས་ཞེས་པ་ནི་མཆོད་ཕྱིར་ཐོགས་འཆང་བའོ། །བཅོམ་ལྡན་འདས་ཡུམ་ནི་མདུན་དུ་བཞུགས་ཞེས་པ་ནི། བཅོམ་ལྡན་འདས་མ་མདུན་ན་བཞུགས་པ་ལ་གཟིགས་ཞེས་པ་

ལྷག་མའོ། །འཁྱུད་པ་ཡིས་ནི་ཐོད་པ་དག །གདུག་པའི་བདུད་ཀྱི་ཁྲག་བཀང་བསྣམས། །ཞེས་པ་ནི་འཁྱུད་པའི་ཕྱག་རྒྱ་གཡོན་པ་ན་གདུག་པའི་ཁྲག་དང་རྒྱུ་མས་བཀང་བའི་ཐོད་པ་བསྣམས་པའོ། །གཡས་པས་རྟག་ཏུ་སྡིགས་མཛུབ་དང་། །མ་རུངས་པ་ཡི་གྲི་གུག་
བསྣམས། །ཞེས་བྱ་བ་ནི་ཕྱག་གཡས་པ་ན་གདུག་པ་ཅན་ལ་བསྡིགས་པའི་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་རྟག་པར་ཀུན་དུ་བསྣམས་པའོ། །ཐོད་དུམ་བརྒྱན་པའི་སྐེ་རགས་ཅན། །ཞེས་བྱ་བ་ནི་ཐོད་པ་དུམ་བུར་བྱས་པའི་སྐེ་རགས་ཀྱིས་རྐེད་པའི་ཕྱོགས་བརྒྱན་པའོ། །གཉིས་
ཀ་ཁ་སྦྱར་ཚུལ་གྱིས་བཞུགས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་མའི་སྐུ་སྙོམས་པར་ཞུགས་ཤིང་ཁ་སྦྱར་བ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་སོགས་ཞེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པའོ། །བཞི་པོ་ཞེས་བྱ་བ་ནི་བཞི་པོ་རྣམས་སོ། །ཁ་ཊྭཱཾ་ག་སྣོད་
ཅེས་བྱ་བ་ནི་ཐམས་ཅད་ཀྱི་གཡོན་ན་ཁ་ཊྭཱཾ་ག་དང་བཅས་པའི་ཐོད་པ་འཆང་བའོ། །མཚོན་ཆ་རྣམས་ཞེས་བྱ་བ་ནི་དེ་བཞིན་དུ་གཡས་ན་གྲི་གུག་གོ། །སྐུ་ལ་སྤྱན་གསུམ་ཕྱག་རྒྱ་ལྔ། །སོགས་ཞེས་བྱ་བ་ནི་སྐུ་ལ་ཇི་ལྟར་རིགས་པས་ཕྱག་རྒྱ་ལྔ་འཆང་བའོ། །སོགས་པའི་སྒྲས་དཔུང་རྒྱན་
ལ་སོགས་པ་ཡོངས་སུ་གཟུང་ངོ་། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྐྲ་གྲོལ་བས་མཛེས་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི། །ཞེས་བྱ་བ་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན། །ཞེས་བྱ་བ་ནི་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་ལྔ་འཆང་
བའོ། །སོགས་པའི་སྒྲས་དཔུང་རྒྱན་དང་ཞབས་གདུབ་ལ་སོགས་པ་གཟུང་ངོ་། །ཕྱག་གཉིས་ཞལ་གཅིག་ཅེས་བྱ་བ་ནི། ཞལ་གཅིག་པ་ཕྱག་གཉིས་པའོ། །རལ་པའི་ཅོད་པན་དར་གྱིས་བཅིངས། །ཞེས་བྱ་བ་ནི་དང་པོའི་མང་པོའི་ཚིག་གོ། །རྡོ་རྗེ་དྲིལ་བུས་ལེགས་འཁྱུད་ཅིང་།
ཆགས་པ་ཆེན་པོ་རྗེས་ཆགས་པས། །ཞེས་པ་ནི་ཆགས་པ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་དོན་དུ་རྗེས་སུ་ཆགས་པའོ། །ཆགས་པ་ཆེན་པོས་དེའི་རྗེས་སུ་ཆགས་པའི་རྒྱུ་དེའི་ཕྱིར་ན་འཁྱུད་པར་བཞུགས་པའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་

ཡིན་ནོ་ཞེས་དགོངས་པའོ། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་སྤྱི་གཙུག་ནོར་བུ་དང་བཅས་པའི་ཕྱག་རྒྱ་ལྔ་ལ་སོགས་པ་འཆང་བའོ་ཞེས་བྱ་བའི་དོན་ཏོ། །འོག་པག་དག་གིས་བརྒྱན་ཞེས་བྱ་བ་ནི་རྐེད་པའི་ཆ་ལ་སྟེ། སྐ་རགས་ཀྱིས་བརྒྱན་པའོ། །རྣལ་འབྱོར་སྣོད་དང་
བཅས་པས་འཁྱུད། །ཅེས་བྱ་བ་ནི་གཡོན་གྱིས་ཐོད་པ་བསྣམས་པའོ། །ཧེ་རུ་ཀ་དཔལ་ལ་སོགས་ཀུན། །ཞེས་བྱ་བ་ནི། དཔལ་ཧེ་རུ་ཀ་ལ་སོགས་པའོ། །ཀུན་ཞེས་བྱ་བ་ནི་ཐམས་ཅད་དོ། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །ཞེས་བྱ་བ་ནི་དང་པོའི་མང་པོའི་ཚིག་གོ། །
དཔལ་ཧེ་རུ་ཀའི་ཁྱད་པར་གང་ཞེ་ན་གསུངས་པ། མགུར་ཆུ་ཞེས་པ་ལ་སོགས་པའོ། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་བཤད། །ཅེས་བྱ་བ་ནི་རིམ་པ་འདིས་མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། གཉིས་པོ་དང་བཅས་པའི་མགུར་ཆུ་ལ་སོགས་པ་ཕྱག་
རྒྱ་དྲུག་གིས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཕྱིན་དྲུག་རྣམ་དག་པས། །ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡིན། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱག་རྒྱ་དྲུག་གིས་བཅོམ་ལྡན་འདས་ཀྱི་སྐུ་བརྒྱན་པ་ཡིན་ནོ་ཞེས་དགོངས་པའོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །
ཡི་གེ་གསུམ་གྱི་དངོས་གྲུབ་ཀྱི། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཡི་གེ་གསུམ་གྱི་ངོ་བོ་ནི་དེའི་གཟུགས་ཀྱིས་བསྐྱེད་པའོ། །དེ་ལས་སྐྱེས་པའི་ངོ་བོ་ནི་ཡི་གེ་ཧཱུཾ་གི་རྣམ་པ་སྟེ། ཡི་གེ་གསུམ་གྱི་ངོ་བོའོ། །དེ་བས་ན་དེའི་ཕྱིར་ན་བསྐྱེད་པ་ཞེས་གོ་བར་བྱའོ། །ངོ་བོར་བདག་ཉིད་བསྒོམ་བྱ་ཞིང་། །
ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་ངོ་བོར་བདག་ཉིད་བསྒོམ་པར་བྱའོ། །དངོས་གྲུབ་འདོད་པས་གཞན་མི་བྱ། །ཞེས་བྱ་བ་ནི་སངས་རྒྱས་འདོད་པའི་རྣལ་འབྱོར་པས་དགོས་པ་ཅིའི་ཆེད་དུ་དངོས་པོ་གཞན་དང་གཞན་སྒོམ་ཞེས་ཆེ་བའི་བདག་ཉིད་བརྗོད་དོ། །ཕན་ཡོན་གསུངས་པ་དེའི་བསོད་
ནམས་ཞེས་བྱ་བ་ལ་སོགས་པ་སྟེ། འགྱུར་བ་ནི་འགྱུར་བའོ། །དེའི་ཞེས་བྱ་བ་ནི་བདེ་མཆོག་གི་རྣལ་འབྱོར་པའོ། །ལྕེ་ནི་ཞེས་བྱ་བ་ནི་མདོར་བསྟན་པའོ། །བརྒྱ་སྟོང་ཞེས་བྱ་བ་ནི་རྒྱས་བཤད་དེ་ཁ་སྟོང་གིས་ཀྱང་ཞེས་པའི་དོན་ཏོ། །བརྗོད་པར་བྱ་ཞེས་བྱ་བ་ནི་ལྷག་མའོ། །དེའི་བསོད་

ནམས་ཞེས་བྱ་བ་ནི་དེའི་བསོད་ནམས་སོ། །སྒྲུབ་པའི་ཞེས་བྱ་བ་ནི་སྒྲུབ་པའོ། །ཡོན་ཏན་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་ཆེན་པོར་རོ། །ཁྭ་གདོང་ལ་སོགས་རྣམ་པ་བཞི། །ཞེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པ་བཞིའོ། །ཐམས་ཅད་ཀྱང་ནི་སྒོ་སྐྱོང་སྟེ། །ཞེས་བྱ་བ་ནི་འདི་
དག་ཐམས་ཅད་སྒོ་བཞི་ཀ་ན་བཞུགས་པའོ་ཞེས་བྱ་བའི་དོན་ཏོ། །གཤིན་རྗེ་བརྟན་སོགས་ཞེས་བྱ་བ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་བཞིའོ། །མཚམས་བཞིར་ཞེས་བྱ་བ་ནི་མཚམས་བཞི་རྣམས་སོ། །དེའི་ཞབས་གཉིས་ཞེས་བྱ་བ་ནི་གཡས་བརྐྱང་བས་སོ། །གཟུགས་
གཉིས་ལྡན་ཞིང་ཡིད་འཕྲོག་མ། །ཞེས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་པའི་ལྷ་མོ་བཞི་སོ་སོའི་ཡིད་འཕྲོག་པའི་གཟུགས་གཉིས་གཉིས་སོ་ཞེས་པའི་དོན་ཏོ། །མཁའ་འགྲོ་མ་བསྐྱེད་ཇི་བཞིན་དུ། །ཞེས་པ་ནི་མཁའ་འགྲོ་མ་ལ་སོགས་པའི་མདོག་ཇི་ལྟ་བར་གནས་པ་ཞེས་པ་ལྷག་
མའོ། །ཁྭ་གདོང་ལ་སོགས་དབྱེ་བ་ཉིད། །ཅེས་བྱ་བ་ནི་དེ་བཞིན་དུ་ཁྭ་གདོང་མ་ལ་སོགས་པའི་སྐུའི་བྱེ་བྲག་ཀྱང་སོ་སོར་གནས་ཞེས་པའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །མ་ལུས་འཁོར་ལོར་གནས་ཞེས་བྱ་བ་ནི་མ་ལུས་པར་འཁོར་ལོ་ལ་གནས་པ་
རྣམས་སོ། །མདོག་དབྱེའི་ཆོ་གའི་རིམ་བཞིན་ནོ། །ཞེས་པ་ནི་དང་པོའི་དོན་ཏེ། འདི་ནི་མཚོན་པ་སྟེ། ཕྱག་གཉིས་ཀྱང་རིག་པར་བྱའོ། །འདི་ནི་ངེས་པར་བསྟན་པ་དྲུག་པའོ།། །།དེ་ནས་གོ་ཆ་གཉིས་པོ་ནི། །ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་
མའི་གོ་ཆའི་སྔགས་དྲུག་ཚན་གཉིས་སོ། །ཇི་ལྟར་ཞེ་ན། གསུངས་པ། རྒྱུད་དུ་སྦས་པ་ངེས་བཤད་བྱ། །ཞེས་བྱ་བ་ནི་དྲུག་པ་གཉིས་པོ་དེས་ངེས་པར་བརྒྱན་པ་ནི་རྒྱས་པའི་རྒྱུད་དུ་སྦས་པ་སྟེ། གང་གིས་དེའི་ངེས་པར་གྱུར་པའི་རྒྱུད་དེར་སྦས་པ་རྒྱུད་འདིར་གསལ་བར་བསྟན་པར་བྱ་
བའི་དོན་ཏོ། །ཡན་ལག་ཅེས་བྱ་བ་ནི་ཆོས་ཀྱི་བརྡ་སྟེ། ཡན་ལག་ཐམས་ཅད་དོ། །སྦྱར་ཞེས་བྱ་བ་ནི་ཨོཾ་ཧ་ལ་སོགས་པས་སྙིང་ག་ལ་སོགས་པ་རྣམས་སུ་སྦྱར་བར་བྱའོ་ཞེས་དགོངས་སོ། །དང་པོ་རྡོ་རྗེ་སེམས་དཔའ་སྟེ། །ཞེས་བྱ་བ་ནི་སྙིང་གར་རྡོ་རྗེ་སེམས་དཔའ་དངོས་སུ་འམ་

ལྷག་པར་མོས་པས་བལྟ་བར་བྱའོ་ཞེས་དགོངས་སོ། །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་དང་། རྡོ་རྗེ་ཕག་མོ་ལ་སོགས་པ་རྗེས་ཐོགས་སུ་ཡོངས་སུ་བསམ་པར་རིག་པར་བྱའོ། །ཡན་ལག་ནི་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དོ། །དཔའ་བོ་གཉིས་
མེད་རྣལ་འབྱོར་མ། །ཞེས་བྱ་བ་ནི་དཔའ་བོ་དང་ལྷན་ཅིག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱིས་སྙོམས་པར་འཇུག་པའོ། །དེ་གང་ལ་ཡོད་པ་དེ་ལ་དཔའ་བོ་གཉིས་སུ་མེད་པའི་རྣལ་འབྱོར་མ་ཞེས་དགོངས་པའོ། །འདི་ནི་ངེས་པར་བསྟན་པ་བདུན་པའོ།། །།དེ་ནས་ཞེས་བྱ་བ་
ལ་སོགས་པ་ལ་གོ་ཆ་གཉིས་ཞེས་པ་ནི་བསྟན་མ་ཐག་པ་ཡིས་སོ། །དམ་ཚིག་ཅེས་བྱ་བ་ནི་དཔལ་བདེ་མཆོག་བདག་ཉིད་རང་གི་སྐུའི་གནས་ཇི་ལྟ་བར་གོ་བ་གོ་ཞེས་པ་ལྷག་མའོ། །ཡེ་ཤེས་འཁོར་ལོ་རྣམ་བསྒོམས་ནས། །ཞེས་བྱ་བ་ནི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་
ཀྱི་འཁོར་ལོ་སྤྱན་དྲངས་ཏེ། མདུན་དུ་བསྒོམ་པའོ། །གཞུག་བྱ་ཞེས་བྱ་བ་ནི་གཞུག་པར་བྱའོ། །མྱུར་བ་ཞེས་བྱ་བ་ནི་མཆོད་ཡོན་དང་ཞབས་བསིལ་ལ་མི་ལྟོས་པའོ། །སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ནི་འོག་ནས་འཆད་པར་འགྱུར་བའི་སྔགས་དང་ཕྱག་རྒྱ་གཉིས་སོ། །སྦྱོར་བ་
ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །རྐང་པ་མནན་པ་ཞེས་བྱ་བ་ནི་རྐང་པ་གཡོན་པས་གཡས་པ་མནན་པའོ། །སྟེང་དུ་བལྟ་ཞེས་བྱ་བ་ནི་གཡོན་ངོས་ཀྱིས་གྱེན་དུ་བལྟ་བའོ། །སྟེང་དུ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ནས་ཕེཾ་གྱི་སྒྲ་བསྒྲགས་ལ་ཞེས་བྱ་བ་ནི་ཡི་གེ་ཕེཾ་གྱི་སྔགས་བརྗོད་པའོ། །
ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །ཅེས་པ་ནི་སྔགས་འདིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྔགས་ཀྱིས་ཡང་དག་བསྐུལ་བ་དང་། །
ཞེས་པ་ནི་སྔགས་འདི་ཉིད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བསྐུལ་བར་བྱའོ། །སྐད་ཅིག་དེ་ལ་སྤྱན་དྲང་བྱ། །ཞེས་པ་ནི་འཆད་པར་འགྱུར་བའི་ཕྱག་རྒྱས་སྐད་ཅིག་གིས་སྤྱན་དྲང་ངོ་ཞེས་པའི་དོན་ཏོ། །བྱ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཞེས་བྱ་བ་ནི་ཕྱག་རྒྱའོ། །དཔྲལ་བའི་ཕྱོགས་ཀྱི་དབུས་

ཞེས་པ་ནི་དཔྲལ་བའི་དཀྱིལ་དུའོ། །གཅུ་ཞིང་གཅུ་ཞིང་བསྐོར་བ་ཞེས་བྱ་བ་ནི་བསྒྱུར་ཞིང་བསྒྱུར་ཞིང་བསྐོར་བའོ། །ད་ནི་སྙོམས་པར་འཇུག་པ་བསྟན་པ་ནི། སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ་ཅེས་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་ཅེས་བྱ་བ་ནི་སྔགས་སྔོན་དུ་འགྲོ་
བས་སོ། །དཔའ་བོ་རྣལ་འབྱོར་མ་ཞེས་བྱ་བ་ནི་དཔྲལ་བའི་དཀྱིལ་དུའོ། །ལྷ་དང་ལྷ་མོ་གཉིས་མེད་ཅེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྒྱུ་མཚན་ནོ། །སྣ་རྩེ་ཞེས་བྱ་བ་ནི་པདྨའི་སྣ་རྩེར་རོ། །མཚན་གྱི་ལྟེ་བར་ཞེས་བྱ་བ་ནི་རྡོ་རྗེའི་ལྟེ་བར་རོ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཅེས་བྱ་བ་ནི་
བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་མའི་ལྟེ་བ་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་བྱའོ་ཞེས་པའི་དོན་ཏོ། །རྣལ་འབྱོར་སངས་རྒྱས་མཁའ་འགྲོ་མ། །ཞེས་པ་ནི་རྡོ་རྗེ་
ཕག་མོའོ། །ལྕེ་ཞེས་བྱ་བ་ནི་ལྕེའོ། །ཨ་ཝ་དྷཱུ་ཏཱི་གཉིས་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་ཀྱིས་སོ། །དཔའ་བྱིན་བརླབ་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལྟེ་བ་ལ་སོགས་པ་རྣམས་སུའོ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། །ཞེས་
བྱ་བ་ནི། འདི་ཐམས་ཅད་བྱས་ནས་དཔའ་བོ་དང་བཅས་པའི་རྣལ་འབྱོར་མ་སྙོམས་པར་འཇུག་པ་བསྒོམ་མོ་ཞེས་པའི་དོན་ཏོ། །སྙོམས་པར་ཞུགས་པའི་དགོས་པ་གསུངས་པ། །དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཞེས་པ་ནི་དཔའ་བོ་ལྟ་བུའོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་རྣལ་
འབྱོར་མ་ལྟ་བུའོ། །རབ་ཏུ་དགའ་བའི་ཆེད་དུ་ཐབས་དང་ཤེས་རབ་གཉིས་མེད་ཅེས་དགོངས་པའོ། །མ་ལུས་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཉིད་དོ། །འདི་གསུངས་པ་ཡང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་བདེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་
དགའ་བ་དེའོ། །ཐབས་ཞེས་བྱ་བ་ནི་བསྐྱོད་པའི་མཚན་ཉིད་ཀྱིས་བྱ་བའོ། །ཀུན་རིག་ཅེས་བྱ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དེ། ལྷན་ཅིག་སྐྱེས་པ་སྤྱིས་གསུམ་ཆར་ཡང་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོའོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་སྐྱེས་པའི་

ཆེ་བའི་བདག་ཉིད་གསུངས་པ། ས་སྟེངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་སྟེངས་ནམ་མཁའ་སྟེ་གཟུགས་དང་གཟུགས་མེད་དོ། །གཟུགས་གཅིག་ཅེས་བྱ་བ་ནི་གཅིག་གི་རང་གི་ངོ་བོའོ། །སྐད་ཅིག་གིས་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །ལྷན་
ཅིག་སྐྱེས་པའི་དགའ་བའི་སྟོབས་ཀྱིས་ས་སྟེངས་ལ་སོགས་པ་བདེ་མཆོག་གི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒོམ་པ་བདག་གིས་བཤད་པའི་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་གཉིས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་སྒོམ་པར་བཤད་པ་ཉིད་དོ། །བསྡུ་བ་ཞེས་པ་ནི་
སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་བདག་ཉིད་ལ་གཞུག་པར་བྱའོ། །དེ་གཉིས་བཤད་པ་ཞེས་བྱ་བ་ནི་རྒྱས་པའི་རྒྱུད་དུ་ཆོ་ག་ཇི་ལྟར་བསྟན་པ་སྟེ། དེ་ནི་བསྟན་ཞེས་བྱ་བ་ནི་ལྷག་མའོ། །བསྡུ་བ་ཉིད་གསུངས་པ་གཡོན་ཞེས་པ་ལ་སོགས་པ་སྟེ། བསྐོར་བ་ཞེས་བྱ་བ་ནི་བསྐོར་བའོ། །
མཁའ་འགྲོ་མ་ཡི་བདེ་བ་དེ། །ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་སྔགས་དང་ཕྱག་རྒྱས་མཉེས་པར་བྱའོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་རྒྱ་འདིས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་གཞུག་པར་བྱ་ཞེས་བྱ་བར་
དགོངས་པའོ། །འདི་ནི་ངེས་པར་བསྟན་པ་བརྒྱད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་པར་ཞེས་པ་ནི། སྤྲོ་བ་དང་བསྡུ་བས་འགྲོ་བའི་དོན་བྱེད་པའི་ཆེད་དུ་ལྷའི་སྐུའི་བདག་ཉིད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །ཤེས་བྱ་ཞེས་བྱ་བ་ནི་ལྷག་མའོ་ཞེས་བྱ་བ་དང་། ལོངས་སྤྱོད་
རྫོགས་པར་འདོད་པ་ཉོན། །ཞེས་པ་ནི་དེ་ནས་འོག་ནས་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པར་འགྱུར་བའི་རིམ་པ་འདིས་མཉེས་པར་བྱ་བ་ཉོན་ཞེས་པར་སྦྱར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཐེག་པ་ནི་དེར་འགྲོ་བས་ན་ཐེག་པའོ། །ཆེན་པོ་ཡང་ཡིན་ལ་ཐེག་པ་ཡང་ཡིན་པས་ན་ཐེག་པ་ཆེན་པོའོ། །
ཕྱག་རྒྱ་ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་སྐུའོ། །རྣལ་འབྱོར་མ་ཡི་གྲུབ་སྟེར་བཤད། །ཅེས་བྱ་བ་ནི་དེ་བཞིན་དུ་དེ་ལྟ་བུའི་སྐུས་རྣལ་འབྱོར་པ་ལ་སོགས་པ་ལ་གཞལ་ཡས་ཁང་དུ་བཞུགས་ཏེ། ཆོས་བསྟན་པའི་སྒོ་ནས་དངོས་གྲུབ་སྟེར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་ཆོས་ལ་

ལོངས་སྤྱོད་པའི་སྒོ་ནས་གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་ཀྱིས་ལོངས་སྤྱོད་བཞིན་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའོ། །མཆོག་གཞན་མེད་ནི་གཞན་མཆོག་ཏུ་གྱུར་བ་མེད་དོ། །ཅིའི་ཕྱིར་ཞེ་ན། གསུངས་
པ། རྣལ་འབྱོར་ཀུན་ལས་མཆོག་ཡིན་ཏེ། །ཞེས་བྱ་བ་ནི་གང་གི་ཕྱིར་རྣལ་འབྱོར་ཀུན་གྱི་ནང་ནས་མཆོག་གི་རྣལ་འབྱོར་ཡིན་པ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་སླར་ཇི་ལྟ་བུ་ཞེ་ན། གསུངས་པ། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །རྣལ་འབྱོར་ཀུན་བདག་དབང་ཕྱུག་ཡིན། །ཞེས་པ་ནི་
ཐམས་ཅད་གོ་སླའོ། །ཀུན་ལས་འདི་ནི་དང་པོའི་དོན་གྱི་གཉིས་པའོ། །ནམ་མཁའ་དང་མཉམ་ལས་བསྡུས་པ། །ཞེས་པ་ནི། མཆོག་དེ་ཉིད་ནམ་མཁའ་དང་མཉམ་པའི་མིང་ཅན་གྱི་རྒྱུད་ལས་སྟོན་ཞེས་པའི་དོན་ཏོ། །ཀུན་མཁྱེན་ཡེ་ཤེས་དེའི་རང་བཞིན། །ཞེས་བྱ་བ་ནི། ཀུན་
མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བདེ་བ་ཆེན་པོར་བསྟན་པ་དེའི་རང་བཞིན་འདི་ཡིན་ནོ་ཞེས་དགོངས་པའོ། །ཧེ་རུ་ཀ་དཔལ་དཔའ་བོ་མཆོག །ཅེས་པ་ནི་གོ་སླའོ། །ཚིགས་སུ་བཅད་པ་འདིའི་ནང་དུ་ཚོགས་ཀྱི་སྟོན་མོའང་བསྟན་ཏོ། །འདི་ཉིད་ཀྱི་རྣལ་འབྱོར་གྱིས་རྣལ་
འབྱོར་པ་སེམས་མཚུངས་པ་རྣམས་ཀྱིས་ལྷན་ཅིག་པར་ཞི་བའི་བཏུང་བ་ལ་སོགས་པའི་ཆོ་གས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །པུ་ལ་སོགས་པ་ཡང་དག་སྦྱར། །ཞེས་པ་ནི། པུལླཱི་ར་མ་ལ་ཡ་ལ་སོགས་པ་བློས་དམིགས་
པར་བྱའོ། །ཡུལ་དང་ཡུལ་དུ་རྣམ་པར་གནས། །ཞེས་བྱ་བ་ནི་དེ་དང་དེ་རྣམས་ཀྱི་ཡུལ་ན་གནས་པའི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོའི་ཚོགས་སོ། །ཧེ་རུ་ཀ་དཔལ་བདག་ཉིད་ཅེས་པ་ནི། །ཧེ་རུ་ཀའི་བདག་ཉིད་ཀྱི་ངོ་བོར་བསྒོམ་ཞེས་གོ་བར་བྱའོ། །ཇི་ལྟར་བསྒོམ་པར་
བྱ་ཞེ་ན། གསུངས་པ་བདག་ཉིད་དགོད། ཡི་གེ་ཉི་ཤུ་རྩ་བཞི་ནི། །ཞེས་པ་ནི། པུ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་མགོ་ལ་སོགས་པ་རྣམས་སུ་དགོད་ཅིང་། དེར་སོན་པའི་རྩ་རྣམས་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་གཟུགས་ཀྱི་དངོས་པོར་བསྒོམ་མོ་ཞེས་དགོངས་པའོ། །

མཇུག་བསྡུ་བ་གསུངས་པ། ལོངས་སྤྱོད་རྫོགས་པར་ཞེས་བྱ་བ་ལ་སོགས་པ་ནི་རིམ་པ་འདིས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །བསྟན་ཞེས་པ་ནི་བཤད་པའོ། །རྣལ་འབྱོར་ཆེ་ལ་གནས་པ་ཡིན། །ཞེས་པ་ནི། རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གྱི་དབང་དུ་བྱ་
སྟེ་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་འཇུག་པ་ཞེས་བྱ་བ་ནི་རིམ་པ་འདིས་དཔལ་ཧེ་རུ་ཀ་བསྐྱེད་དོ་ཞེས་བྱ་བའོ། །ཤེས་པར་བྱ་ཞེས་པ་ནི་གོ་བར་བྱ་བའོ། །ལྡོག་པའང་ཇི་ལྟར་བསྟན་པ་ནི། །ཞེས་པ་ནི་ཇི་ལྟར་དེའི་ལྡོག་པ་ནི་འགོག་པ་སྟེ། ཆོས་ཀྱི་སྐུ་བསྒོམ་པར་བརྗོད་
ཅིང་ཞེས་པའི་དོན་ཏོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནི་རང་བཞིན་སྟོང་པ་སྟེ། །ཞེས་བྱ་བ་ནི་ཕྱག་དང་ཞབས་ལ་སོགས་པ་དེའི་རང་བཞིན་ནི་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པ་རང་བཞིན་མེད་པ་དོན་དམ་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་
པའི་ཕྱིར་དེ་ཡང་བདེ་བ་ཆེན་པོའོ། །ཀུན་དུ་འགྲོ་ཞིང་ཞེས་པ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པའོ། །མི་ཤིགས་པ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པས་གཞོམ་དུ་མེད་པའོ། །སྒོམ་བྱེད་པ་ཞེས་པ་ནི་གོ་སླའོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །དེར་ནི་ངེས་པར་
བསྒོམ་པར་བྱ། །ཞེས་བྱ་བ་ནི་གང་ཞིག་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷན་ཅིག་ཏུ་བསྒོམ་པ་སྟེ། དེ་ལས་འབྱུང་བར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་ནི་ངེས་པར་བསྟན་པ་དགུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། བསྒོམས་པས་སྐྱོ་ཞིང་དུབ་གྱུར་ན། །ཞེས་
བྱ་བ་ནི་གང་ཞིག་བསྒོམས་པས་སྐྱོ་ཞིང་ལྡང་བར་འདོད་པར་གྱུར་ན་བདག་ཉིད་ལ་དཀྱིལ་འཁོར་པའི་ལྷ་རྣམས་བསྡུས་ཏེ་ལྡང་བར་བྱའོ་ཞེས་པའི་དོན་ཏོ། །ལངས་ནས་ཅི་བྱ་ཞེ་ན་གསུངས་པ། སྤྱོད་ཚུལ་ཞེས་བྱ་བ་ལ་སོགས་པ་སྤྱོད་ཚུལ་ཁྱད་པར་གྱིས་ཞེས་བྱ་བ་ནི་མཉམ་པར་མ་
བཞག་པའི་སྤྱོད་པའོ། །སྦྱོར་དང་བྲལ་བར་མི་བྱ་ཞེས་པ་ནི་དཔལ་བདེ་མཆོག་གི་ང་རྒྱལ་དང་ཡོངས་སུ་མི་འབྲལ་བའོ། །འདི་ཡིན་ཞེས་བྱ་བ་ནི་འདིས་སོ། །སྤྱོད་པའི་རྣལ་འབྱོར་ཞེས་པ་ནི། མཉམ་པར་མ་བཞག་པའི་སྤྱོད་པ་དང་ལྡན་པས་སོ། །ད་ནི་གཏོར་མའི་ཆོ་ག་གསུངས་

པ། ཇི་སྐད་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །སྔར་བཤད་པའི་བསམ་གཏན་ཞེས་པ་ནི་སྔགས་དང་ཕྱག་རྒྱས་སྔར་བསྟན་པའི་འཁོར་ལོ་མདུན་དུ་སྤྱན་དྲངས་ཏེ་བསྒོམ་པར་བྱའོ། །ཆོ་ག་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་ཆོ་གའོ། །རྒྱས་བྱས་ལ་ཞེས་བྱ་བ་
ནི་ཤ་དང་ཆང་ལ་སོགས་པ་ཆེས་མང་བའོ། །སྦྱིན་པར་བྱ་ཞེས་པ་ནི་བདུད་རྩི་མྱང་བའི་ཆོ་ག་རྫོགས་པར་བྱ་སྟེ་སྦྱིན་པར་བྱའོ། །ལས་ལ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དོན་དུའོ། །ཁྱད་པར་དུ་ཞེས་པ་ནི་གཡས་དང་གཡོན་དུ་བསྐོར་བའི་ཁྱད་པར་གྱིས་སོ། །མར་ངོའི་ཞེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །སྟོན་མོ་བྱ་བའི་འཁོར་ལོ་སྤྱན་དྲངས་པ་གསུངས་པ། རྐང་པ་མནན་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་ཉིད་དོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། སྔར་བཤད་ཅེས་བྱ་བ་ལ་སོགས་པ་ལ། སྔར་བཤད་སྔགས་དང་རྒྱ་སྦྱར་བ། །ཞེས་པ་ལ་རྒྱ་ནི་
དྲ་བའི་ཕྱག་རྒྱའོ། །སོགས་པའི་སྒྲས་རྐང་པ་མནན་པ་སྔོན་དུ་འགྲོ་བས་སྟེང་དུ་བལྟའོ། །སྔགས་ཞེས་པ་ནི་ཡི་གེ་ཕེཾ་ངོ་། །སྦྱར་ཞེས་པ་ནི་ཕྱག་རྒྱ་ལ་སོགས་པ་འདི་རྣམས་དང་སྦྱར་བར་བྱ་སྟེ། དཀྱིལ་འཁོར་སྤྱན་དྲངས་ཞེས་པ་ནི་ལྷག་མའོ། །ཆོ་ག་བཞིན་དུ་ཡང་དག་བསྲུང་། །ཞེས་པ་
ནི་བདག་ཉིད་ཆོ་ག་ཇི་ལྟ་བར་དཔལ་བདེ་མཆོག་གི་སྐུར་རྣམ་པར་བསྒོམ་ཞིང་གོ་ཆ་གཉིས་ཀྱིས་གོ་བགོ་ཞེས་པའི་དོན་ཏོ། །སྔགས་གསུངས་པ་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་པ་ནི་སྔགས་འདིའོ། །དམ་ཚིག་སོགས་རྫས་ཞེས་པ་ནི། གནས་པས་མངོན་བཟླ་ཞེས་
གཞན་དང་སྦྱར་རོ། །དམ་ཚིག་གི་རྫས་ནི་གོ་ཀུ་ད་ཧ་ན་ལ་སོགས་པའོ། །སོགས་པའི་སྒྲས་བཟའ་བ་དང་ཚོད་མ་ལ་སོགས་པ་གོ་བར་བྱའོ། །ལེགས་གནས་ཞེས་བྱ་བ་ནི་བདུད་རྩི་མྱང་བའི་ཆོ་གས་ལེགས་པར་འདུས་བྱས་ཤིང་གཞག་པའོ། །གྱེན་ཁ་ཕྱེ་ཞེས་པ་ནི་གྱེན་ཁ་དབྱེ་
བའོ། །དཔའ་བོ་རྣལ་འབྱོར་མ་ཞེས་པ་ནི་དཔའ་བོ་ཤེས་རབ་དང་བཅས་པ་དང་། མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མ་ལ་ཐུག་གི་བར་དུ་རྣལ་འབྱོར་མ་རྣམས་ལ་དབུལ་ཞེས་པ་ལྷག་མའོ། །ཁཎྜ་ཀ་པཱ་ལ་ལ་སོགས་པ་ནི་དཔའ་བོ་ཡིན་ནོ། །འདི་རྣམས་ལ་ཡང་

ཨོཾ་ཀ་ར་ཀ་ར་ཞེས་པ་ལ་སོགས་པའི་སྔགས་ལན་ཅིག་བརྗོད་དེ་དབུལ་བར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ལ་སོགས་པའི་སྔགས་འདིས་ལན་གཉིས་བརྗོད་པས་ཕྱོགས་སྐྱོང་རྣམས་ལ་སྦྱིན་པར་བྱ་ཞེས་དགོངས་སོ། །ལྷའི་རྣལ་འབྱོར་དང་ལྡན་པས་གཏོར་
མ་དབུལ་ཞེས་བསྟན་པའི་ཕྱིར་གསུངས་སོ། །དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ་དཔའ་བོ་ནི་བཅོམ་ལྡན་འདས་སོ། །དེ་ཁོ་ན་ཉིད་ཀྱི་ཡིད་ཀྱིས་འགྲོ་བ་སྐྱོབ་པས་ན་སྔགས་སོ། །སོགས་པའི་སྒྲས་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་ཀུན་གཟུང་སྟེ། དེ་རྣམས་ཀྱི་འཁོར་ལོ་ནི་གཞལ་
ཡས་ཁང་ངོ་། །དུར་ཁྲོད་ལ་སོགས་ཀྱིས་ཀྱང་བརྒྱན། །ཞེས་པ་ནི་དུར་ཁྲོད་བརྒྱད་ལ་སོགས་པ་དང་ལྡན་པའོ། །སོགས་པའི་སྒྲས་ཕྱི་རོལ་གྱི་རྡོ་རྗེ་ར་བའང་རིག་པར་བྱའོ། །ལྷོ་ཕྱོགས་ཁ་བལྟས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་གྱིས་གཅེར་བུ་སྐྲ་གྲོལ་ཞེས་པ་ཡང་གོ་བར་བྱའོ། །
གནས་ནི་མཐོན་པོར་ཞེས་པ་ནི་དུར་ཁྲོད་དམ་རིའམ་གནས་མཐོན་པོར་རོའི་སྟེང་དུ་ཉེ་བར་འདུག་པའོ། །མཆོད་ཅེས་པ་ནི་སྒོམ་པའོ། །བསྒོམས་ནས་ཅི་ཞིག་བྱ་ཞེ་ན། གསུངས་པ་དབུལ་བར་བྱ་ཞེས་བྱ་བ་ལ་སོགས་ལ། དབུལ་ཞེས་པ་ནི་ཞུ་བའི་རྫས་ལ་སོགས་པ་ལྷ་རྣམས་ལ་ཉེ་བར་
དབུལ་བར་བྱའོ། །བདག་གིས་ནུས་པས་ཞེས་པ་ནི་ཇི་ལྟ་བུར་ནུས་པ་ནི་འབྱོར་པ་དང་རྗེས་སུ་མཐུན་པ་ཞེས་དགོངས་པའོ། །རིམ་པ་མཚོན་པ་ཇི་ལྟ་བར། །ཞེས་པ་ནི་འདུ་བྱ་བའི་ཆེད་དུ་སྒོམ་པའི་རིམ་པ་ལས་མི་འདའ་བར་བསྒོམས་ལ་ཞེས་པའི་དོན་ཏོ། །ད་ནི་ཚོགས་ཀྱི་སྟོན་
མོ་གསུངས་པ། དགུན་ཟླ་འབྲིང་པོ་ལ་སོགས་པའི་ཞེས་པ་སྟེ། མཆོད་ཅེས་པ་ནི་རྣལ་འབྱོར་མ་སྤྱན་དྲངས་ཏེ། ཡོ་བྱད་ལས་མཆོད་པའོ། །བདེ་བ་ཐམས་ཅད་དབུལ་བར་བྱ། །ཞེས་པ་ནི་བཟའ་བ་དང་ཚོད་མ་ལ་སོགས་པ་ཡོད་པ་ཀུན་བསྒྲུབ་པར་བྱའོ། །སྐྱེ་བོ་དམ་པ་ཀུན་
འདུས་ལ། །ཞེས་པ་ནི་ཚོགས་ཀྱི་དཀྱིལ་འཁོར་དུའོ། །དེར་ནི་ཞེས་བྱ་བ་ནི་ཚོགས་ཀྱི་དཀྱིལ་འཁོར་དུའོ། །ལྷག་མ་སྣོད་དུ་ཞེས་པ་ནི་ཞུ་བའི་རྫས་ཆང་དང་། ལྷན་ཅིག་ཏུ་སྣོད་གཉིས་སུ་སོན་པ་བཟའ་བ་དང་ཚོད་མ་ལ་སོགས་པ་གཞག་པར་བྱ་ཞེས་པ་ནི་བདུད་རྩི་མྱང་བའི་

ཚོགས་རྫོགས་པའོ། །ཕན་ཡོན་གསུངས་པ། དེའི་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་ཅེས་པ་ནི་རབ་པོ། །འདི་ནི་ངེས་པར་བསྟན་པ་བཅུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་ཕྱིན་དྲུག་ཅེས་པ་ནི་མགོ་རྒྱན་ལ་སོགས་པ་རྒྱན་དྲུག་གོ། །དང་པོར་ཞེས་པ་ནི་དང་པོར་
གྲུབ་པའོ། །ཕ་རོལ་ཕྱིན་པ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ཞེས་པ་ནི། ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །ཞེས་པའི་ཚིག་འདི་དང་སྦྱར་རོ། །ཆེ་མཆོག་ཅེས་པ་ནི་
ཡང་དག་པའི་ཏིང་ངེ་འཛིན་ནོ། །ལྷའི་བདག་ཉིད་ཅེས་པ་ནི་གང་དུ་དཔལ་ཧེ་རུ་ཀ་ལ་སོགས་པའི་ལྷའི་སྐུ་སྟེ། ཡང་དག་པའི་ཏིང་ངེ་འཛིན་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཞེས་དགོངས་པའོ། །གནས་སོགས་ས་ནི་བཅུ་པོ་རྣམས། །ཞེས་
པ་ནི་སྒྲུབ་པ་པོ་འདིས་གནས་ལ་སོགས་པ་དང་པུལླཱི་ར་མ་ལ་ཡ་ལ་སོགས་པ་དེར་རབ་ཏུ་དགའ་བ་ལ་སོགས་པས་བཅུའི་རང་བཞིན་ཞེས་འདིས་ཀུན་དུ་གོ་བར་བྱའོ། །འདིར་རྒྱན་ལ་སོགས་པ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངོ་བོར་བསྒོམ་ཞིང་རྣམ་པར་དག་པར་བསམ་
པར་བྱ་ཞེས་པའོ། །ཇི་ལྟར་འདི་བསྒོམས་པས་གཞན་བྱ་བར་ནུས་སམ་ཞེ་ན། གསུངས་པ། དངོས་པོ་གང་དང་གང་དག་གིས། །ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེའི་རང་བཞིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་
རང་བཞིན་ནོ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་པ་ནི། ཇི་ལྟར་ཤེལ་རྡོ་རས་དང་ཉེ་བར་སྔོན་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་བཞིན་དུ་སྔོན་པོ་དང་སེར་པོ་ལ་སོགས་པར་འདི་ལ་སྣང་བར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ཡིད་ལས་སྣང་བར་འགྱུར་རོ་ཞེས་པའི་
དོན་ཏོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རིམ་པ་འདིས་སོ། །ཇི་ལྟ་ཇི་ལྟར་གནས་ཞེས་པ་ནི། གང་དང་གང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་འཇུག་པར་འགྱུར་རོ། །འཇིགས་བཅས་པའམ་འཇིགས་མེད་པ། །ཞེས་པ་ནི་

གནས་ཞེས་པ་ལྷག་མའོ། །བསམ་གཏན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། སངས་རྒྱས་ལ་ཐུག་པར་བསམ་གཏན་བྱ་བའོ། །སྒོམ་པ་བདག་གིས་ཞེས་པ་ནི་སངས་རྒྱས་ཉིད་ཚུན་ཆད་དུ་བསྒོམ་པའོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། །ཅེས་
པ་ནི། རང་དང་གཞན་དག་གིས་དེའི་ཡིད་ལ་གང་ཅུང་ཟད་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་པར་བྱེད་ཅེས་པའི་དོན་ཏོ། །དེ་ཉིད་གསུངས་པ་ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པའི་ཚེ་འདི་ཞེས་པ་ནི་སྐྱེ་བ་འདི་ལའོ། །སྤྱོད་དང་གྲོལ་བའི་འབྲས་རབ་སྩོལ། །ཞེས་པ་ནི་སངས་རྒྱས་སམ་བྱང་ཆུབ་
སེམས་དཔའ་རང་དང་གཞན་གྱིས་མངོན་པར་འདོད་པའི་འབྲས་བུ་སྩོལ་བར་ནུས་པ་རབ་ཏུ་ཐོབ་ཅེས་སྔར་བཤད་པ་དང་སྦྱར་རོ། །བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་ཞེས་པ་ནི་ཅུང་ཟད་ཀྱང་ངོ་། །ལོག་པའི་ཤེས་པ་ཞེས་པ་ནི་མི་ཤེས་པའི་རྒྱུར་གྱུར་པའོ། །ཤེས་པ་ཅན་ཞེས་བྱ་བ་
ནི་ཡོངས་སུ་ཤེས་པ་དོན་དུ་གཉེར་བར་རོ། །གང་གིས་ཞེས་པ་ལ་སོགས་པ་ལ། དེ་ཞེས་པ་ནི་དེའོ། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ཞེས་པ་ནི་སྐྱེ་བ་སྟོང་ཕྲག་བྱེ་བར་ཡང་ངོ་། །བདག་གི་ཡེ་ཤེས་ཀྱིས་བསྐུལ་བ། །ཞེས་པ་ནི་ཡོངས་སུ་ཤེས་པ་དེའི་དོན་བདག་གིས་གནས་པར་བྱའོ། །སྐྱེ་བ་སྟོང་
ཕྲག་བྱེ་བར་མྱུར་དུའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་སྒྲུབ་པ་པོས་ཤེས་པར་བྱའོ། །དེ་ནི་དེ་ཉིད་ཀྱིས་གསལ་བར་བྱས་པ་ཞེས་པའི་དོན་ཏོ། །རྣལ་འབྱོར་སྤྱོད་ཚུལ་གནས་པ་ཡིན། །ཞེས་པ་ནི་གསུམ་ལ་ནི་སྒོམ་བཞ