Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 4 / 24 (50.000 ký tự/trang)
་ཏེ། བྲམ་ཟེ་མོ་དང་གདོལ་པ་མོ་དང་གར་མ་དང་ཚོས་མ་དང་གཏུམ་མོ་དཀར་སེར་དང་ནག་མོ་དང་དམར་སེར་དང་ལྗང་གུ་དང་སེར་མོའི་ ཡན་ལག་ཅན། དམ་ཚིག་དང་ལྡན་པ་རྣམས་ལ་མཆོད་པ་ལ་སོགས་པ་དེ་མཉེས་པ་སྔོན་དུ་འགྲོ་བ་ཅན་ལ་སྣོད་དང་མི་ལྡན་པའི་སྤྱོད་ཡུལ་དུ་མ་གྱུར་པར་བྱས་ཏེ། གསུངས་པའི་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པ་བླངས་ནས་པདྨའི་སྣོད་དུ་གཞག་པར་བྱའོ། །དེ་ བཞིན་དུ་གོ་ཀུ་ལ་སོགས་པ་ལྔ་གང་གིས་ཀྱང་མ་བསད་པ་ཇི་ལྟར་གསུངས་པ་སྟེ། མེད་ན་ཇི་ལྟར་རྙེད་པ་ཡང་བླངས་ནས་རྫས་བཅུ་པོ་རྣམས་གླ་རྩི་ལ་སོགས་པ་དྲི་བཟང་པོ་རྣམས་ཀྱིས་བསྲེས་ཏེ། བཅུ་པ་ལ་སྲན་མའི་ཆད་ཀྱི་རིལ་བུ་བྱས་ནས་ཤིན་ཏུ་སྦས་ཏེ་གྲིབ་ མ་ལ་སྐམ་པར་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོའི་དབུས་སུ་པདྨའི་སྣོད་དུ་བཞག་ལ་གྱེན་དུ་འགྲེང་བའི་ལག་པ་གཡས་པར་ཉི་མའི་གཟུགས་བཀོད་ཅིང་ལག་པ་གཡོན་པར་ཟླ་བའི་གཟུགས་ཀྱིས་བཀབ་སྟེ། ལྷའི་རྣལ་འབྱོར་སྔོན་དུ་སོང་བས་བདུད་རྩི་སྒྲུབ་པའི་ཆོགས་ རྣམ་པར་བསྒོམ་ཞིང་། ཨོཾ་ཧ་ཧོཿཧྲཱིཿཞེས་པ་འདི་ཡིས་ཏེ། ཡང་ན། ཨོཾ་ཨཱཿཧཱུཾ་ཞེས་པ་འདི་ཡིས་བརྒྱ་རྩ་བརྒྱད་བཟླས་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱའོ། །ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།ཉིད་ཀྱིས་ དཀྱིལ་འཁོར་བྲི་བར་གསུངས། །ཞེས་པ་ལ་སོགས་པ་ཞུ་བ་ཉི་ཤུ་རྩ་དགུ་པ་ལ་སོགས་པ་བཞིའི་ལན་གདབ་པའི་ཕྱིར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་འདི་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་བཅས་པས་སྔོན་དུ་བསྙེན་པའི་ མཚན་ཉིད་དང་སྲུང་བའི་འཁོར་ལོའོ། །བསྟན་ཞིང་ཞེས་པ་ལ་སོགས་པ་ནི་སྐབས་ཡིན་པའི་ཕྱིར་སློབ་དཔོན་གྱི་མཚན་ཉིད་དོ། །གཙུག་ལག་ཁང་ཞེས་པ་ལ་སོགས་པ་མཆོག་གི་སྡོམ་པ་འབྱུང་བ་ཞེས་པའི་བར་ནི་ས་སྦྱང་བ་སྟེ། ཡོངས་སུ་བཟུང་བ་ལ་སོགས་པ་ ཡང་སྦྱང་བའི་སྒྲའི་རྣམ་པར་བཤད་དོ། །ལྔ་ཞེས་པ་ལ་སོགས་པ་གསུངས་པའི་ཆོ་ག་ཡིས་ཞེས་པའི་བར་ནི་ཐིག་གདབ་པའོ། །རིན་ཆེན་ལྔ་ཞེས་པ་ལ་སོགས་པ་ལྷག་མ་རྡུལ་ཚོན་གདབ་པ་སྟེ། འདིར་ནི་དཀྱིལ་འཁོར་བྲི་བའི་སྒྲ་ཉིད་ ཀྱིས་རྣམ་པར་བཤད་དོ། །འདི་ལྟར་ཞེས་པ་འདི་དག་ཐམས་ཅད་འཆད་པར་འགྱུར་བའོ། །ཁ་ཅིག་ཅེས་པ་ཅུང་ཟད་དོ། །ས་ཞེས་པ་ས་རྣམས་ཏེ་རང་སེམས་སྒྱུ་མ་ལྟ་བུའི་རྣམ་པ་ཉིད་ཀྱིས་ཡོངས་སུ་དག་པའོ། །གསོལ་གདབ་ཞེས་པ་སྒོའི་སློབ་དཔོན་རྣམས་ཀྱིས་སོ། ། མཁའ་འགྲོ་མ་ལྷན་ཅིག་ཞེས་པ་ཤེས་རབ་དང་བཅས་པའོ། །དང་པོ་བཞི་འགྱུར་ཚད་ཀྱིས་ནི། །ཞེས་པ་འགྱུར་བ་དང་བགྲང་བ་དང་རྣམ་པར་དབྱེ་བའོ། །འདི་ཡིས་ནི་ཞེས་པ་འགྱུར་ནི་ཆ་ཆུང་སྟེ་སྒོའི་བཞི་ཆའོ། །དེའི་ཕྱིར་ཚངས་ཐིག་གི་ལོགས་གཅིག་ཏུ་པདྨའི་ཟེའུ་འབྲུ་རྣམ་ པར་བཅད་པའི་དོན་དུ་ཆ་ཆུང་བཞི་པའི་ཐིག་གོ། །དེའི་ཕྱི་རོལ་དུ་བརྒྱད་འགྱུར་འདི་ཡིས་ནི། །ཞེས་པ་པདྨའི་འདབ་མ་རྣམ་པར་བཅད་པའི་དོན་ཏོ། །སླར་ཡང་བརྒྱད་འགྱུར་འདི་ཡིས་ནི། །ཞེས་པ་ཚངས་པའི་ལོགས་གཉིས་ཀར་ཆ་ཆུང་བརྒྱད་ལས་ཕྱི་རོལ་དུ་ཆ་ཆུང་བཞིའི་བར་ གྱིས་རྩ་བའི་ཐིག་གོ། །འདི་ནས་བརྩམས་ཏེ་ཐིག་ཐམས་ཅད་ལོགས་གཉིས་ཀར་རྟོགས་པར་བྱའོ། །དེ་ལས་ཉིས་འགྱུར་ཉིད་ཀྱིས་ཀྱང་། །ཞེས་པ་ཆ་ཆུང་གི་བར་གྱིས་རྩིག་པའི་ཐིག་གོ། །དེ་ལས་བཞི་འགྱུར་འདི་ཡིས་ནི། །ཞེས་པ་ཆ་ཆུང་གཉིས་ཀྱི་བར་དུ་སྟེགས་ བུའི་ཐིག་གོ། །སླར་ཡང་ཉིས་འགྱུར་འདི་ཡིས་ནི། །ཞེས་པ་ཆ་ཆུང་གཅིག་གི་མཐར་རིན་ཆེན་སྣམ་བུའི་ཐིག་གོ། །དེ་ལས་བཞི་འགྱུར་འདི་ཡིས་ནི། །ཞེས་པ་ཆ་ཆུང་གཉིས་ཀྱི་བར་གྱིས་དྲ་བ་དང་དྲ་བ་ཕྱེད་པའི་ཐིག་གོ། །དེ་ལས་ཉིས་འགྱུར་འདི་ཡིས་ནི། །ཞེས་པ་ཆ་ ཆུང་རེ་རེའི་བར་གྱིས་རིན་ཆེན་ཤར་བུ་དང་མདའ་ཡབ་ཀྱི་དོན་དུ་ཐིག་གཉིས་གདབ་པར་བྱའོ། །གལ་ཏེ་དེ་དག་ཇི་ལྟར་ཆ་ཆུང་བརྒྱད་ལ་སོགས་པར་གསུངས་པ་རྣམས་ལ་ཆ་ཆུང་བཞི་ལ་སོགས་པར་འགྱུར་ཞེ་ན་གསུངས་པ། དེ་ཕྱེད་ཞེས་པ་ལ་སོགས་པ་སྟེ་གསུངས་པ་དེའི་ ཕྱེད་ཕྱོགས་གཉིས་ལ་ནི་ལོགས་གཉིས་ལ་བྲི་བར་བྱ་སྟེ། ལོགས་གཉིས་ཀ་ལ་ཡང་། ཐིག་ལ་སོགས་པའི་རྣམ་པ་མཉམ་པ་ཉིད་ཀྱིས་ཁ་སྦྱོར་ལྟ་བུར་གནས་པའི་ཕྱིར་རོ། །འདི་རྣམས་ཀྱིས་མདའ་ཡབ་ཀྱི་མཐར་ཐུག་པ་འཁོར་དང་བཅས་པའི་གཞལ་ཡས་ཁང་གསུངས་ སོ། །འདི་དག་གིས་མདོར་བསྟན་པ་ཙམ་སྟེ། ཡོངས་སུ་རྫོགས་པ་རྒྱུད་གཞན་དུ་ཤེས་པར་བྱའོ། །དེ་དག་ཉིད་གསུངས་པ། ཐིག་སྐུད་ཅེས་པ་ལ་སོགས་པ་སྟེ། ཐིག་སྐུད་ཀྱི་མཚན་མ་ནི། འདིས་མཚན་མ་ཞེས་པའོ། །ཐིག་སྐུད་མཚན་མ་ནི་ཆ་ཆུང་སྟེ། དེ་ཡང་ དྲུག་ཅུ་རྩ་བཞིའོ། །རྣམ་དབྱེ་ཕྱིས་པའི་ཕྱིར་དཀྱིལ་འཁོར་ཞེས་པ་དཀྱིལ་འཁོར་གྱིའོ། །ཇི་ཙམ་གྱི་བར་གྱིས་ཆ་ཆུང་དྲུག་ཅུ་རྩ་བཞི་པའི་དཀྱིལ་འཁོར་ཞེ་ན་གསུངས་པ། ཀུན་དུ་འཁོར་ལོའི་ཞེས་པ་ལ་སོགས་པ་སྟེ་འཁོར་ལོའི་ཁོར་ཡུག་ནི་རྡོ་རྗེའི་ཕྲེང་བའོ། །ཆོ་ ག་ཡིས་ཞེས་པ་སྒོ་དང་སྒོ་ཁྱུད་དང་འགྲམ་དང་ལོགས་དང་རྟ་བབས་ལ་སོགས་པ་རྣམས་ཀྱིས་རྣམ་པར་དབྱེ་བའི་རིམ་པས་སོ། །ཇི་ལྟར་ཞེ་ན་གསུངས་པ་ཇི་ལྟ་བ་བཞིན་ནོ། །ཡང་ན་ཚངས་པ་དང་ཟུར་དང་རྩ་བའི་ཐིག་རྣམས་གནས་པ་ལ་ཇི་ལྟར་བྱ་ཞེ་ན་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །སླར་ཡང་ཞེས་པ་རིན་ཆེན་སྣམ་བུའི་བར་ཇི་སྲིད་པའོ། །དེ་ལས་ཞེས་པ་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའི་དོན་དུའོ། །དེ་ལས་བཞི་འགྱུར་ཞེས་པ་རིན་ཆེན་ཤར་བུའི་སྣམ་བུ་དང་རྟ་བབས་ཀྱི་ཕྱེད་ཇི་སྲིད་པར་རོ། །ཆ་ཆུང་ དྲུག་ཅུ་རྩ་བཞི་པའི་ཕྱོགས་ལ་རྟ་བབས་ཀྱང་སྟེང་དུ་ཆ་ཆུང་བཞི་པའོ། །སླར་ཡང་ཞེས་པ་རྟ་བབས་རྣམ་པར་བཅད་པའི་དོན་དུའོ། །དེ་ལས་ཞེས་པ་ཆ་ཆུང་གཉིས་པའི་འཁོར་ལོ་དང་རའི་དོན་དུའོ། །དེ་ལས་ཞེས་པ་ཆ་ཆུང་གཉིས་གཉིས་ཀྱི་བར་གྱིས་འདབ་མའི་ཕྲེང་བ་ དང་། རྡོ་རྗེའི་ཕྲེང་བ་དང་འོད་ཟེར་གྱི་ཕྲེང་བའི་དོན་དུ་ཐིག་གཉིས་གདབ་པར་བྱའོ། །དེའི་འདབ་མའི་ཕྲེང་བ་དང་རྡོ་རྗེའི་ཕྲེང་བ་ཡང་སོ་སོར་ཆ་ཆུང་གཉིས་སམ་ཞེ་ན། དེ་རའི་མཐའི་ཐིག་ལས་ཕ་རོལ་ཆ་ཆུང་གཉིས་པའི་གནས་ཏེ། ཕྱེད་ཕྱོགས་གཉིས་ལ་བྲི་བྱ་ཞེས་པ་ཕྱེད་ཇི་ ལྟར་གྱུར་པ་དེ་བཞིན་དུ་ཕྱོགས་གཉིས་ཀ་ལ་བྲི་བར་བྱའོ། །དེས་ན་འདབ་མ་དང་རྡོ་རྗེ་ཕྲེང་བའི་གནས་ནི་ཆ་ཆུང་རེ་རེར་འགྱུར་རོ། །འདི་ཡང་བཅོམ་ལྡན་འདས་ནི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ནང་ན་བཞུགས་པའི་ ཕྱིར་དུར་ཁྲོད་རྣམས་ཀྱང་བྲི་བར་བྱའོ་ཞེས་གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ལ་འདི་ནི་ཕྱིའི་དོན་ཏེ། དཀྱིལ་འཁོར་བྲི་བར་འདོད་པའི་སློབ་དཔོན་བགེགས་དང་བྲལ་བའི་དོན་དུ་བདུད་རྩིའི་རིལ་བུས་བྱིན་གྱིས་བརླབས་ཏེ། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས། ལྷའི་ ལེའུར་གསུངས་པའི་ཆོ་གས་བདག་ཉིད་ལྷའི་འཁོར་ལོ་རབ་ཏུ་བསྒོམས་ལ་དེའི་སྔགས་འབུམ་ལ་སོགས་པའི་གྲངས་བཟླས་པར་བྱ་སྟེ། ཇི་སྲིད་འཁོར་ལོ་དང་བཅས་པའི་འཁོར་ལོའི་མགོན་པོའི་གཟུགས་རྣམ་པ་ཐམས་ཅད་རྫོགས་པ་བདག་ཉིད་ལ་ཅིག་ཆར་སྤྲོ་བ་དང་ བསྡུ་བ་ལྷག་པར་མོས་པར་ནུས་པ་དང་། དེའི་གནང་བ་ཐོབ་པ་ཞེས་པ་སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་ཡིད་དུ་འོང་བའི་ཕྱོགས་འགའ་ཞིག་ཏུ་དཀྱིལ་འཁོར་བྲི་བའི་དོན་དུ་སྲོད་ལ་དྲི་བཟངས་ལ་སོགས་པས་རང་གི་འདོད་པའི་ལྷའི་མཎྜལ་བྱས་ལ་ཡང་དག་པར་ མཆོད་དེ། གཏོར་མ་བྱིན་ནས་དེ་རྣམས་ནམ་མཁར་བཀོད་ལ་དེ་ན་འཁོད་པའི་ཞིང་སྐྱོང་ལ་སོགས་པ་ལ་གཏོར་མ་རྣམས་ཀྱིས་ཚིམ་པར་བྱས་ནས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་ལ་ཡང་། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་པས། དེ་རྣམས་ཀྱིས་རྨི་ལམ་ལ་སོགས་པར་བྱིན་པའམ། ཡང་ན་མ་བཀག་པར་ཤེས་ནས་ཉི་མ་གཞན་གྱི་སྔ་དྲོ་བཅོམ་ལྡན་འདས་འཁོར་དང་བཅས་པ་ནམ་མཁར་བཞུགས་པ་ལ་གསོལ་བ་བཏབ་སྟེ། དེའི་རྗེས་སུ་གནང་བ་ཞེས་ཡིད་ཀྱིས་མོས་པར་བྱས་ནས། ཉི་མ་གུང་ལ་སྲུང་བའི་འཁོར་ལོ་བསྒོམས་པས་བགེགས་ཚར་བཅད་དེ། ལས་ཐམས་ཅད་པའི་སྔགས་བཟླས་ཤིང་ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་ས་ལ་བསང་གཏོར་བྱས་ལ་དེ་ཉིད་དུ་རྡོ་རྗེ་སྐྱིལ་ ཀྲུང་གིས་སའི་ལྷ་མོའི་གཟུགས་འཆད་པར་འགྱུར་བ་བསམས་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན། ཚུར་གཤེགས་ཚུར་གཤེགས་ཞེས་པ་ལ་སོགས་པས་ལན་གསུམ་དུ་གསོལ་བ་བཏབ་པས་དེ་ལྟར་གྱིས་ཤིག་ཅེས་བརྗོད་ནས་ནམ་མཁར་ བཞེངས་པར་བལྟས་ཏེ། ད་ནི་བགེགས་དང་བྲལ་བའི་ས་ཡིན་ནོ་ཞེས་ཤེས་པར་བྱས་ལ། གཏོར་མ་བྱིན་ནས་ས་བདག་ཀླུ་ངེས་པར་བྱ་སྟེ་བརྐོ་བ་ལ་སོགས་པ་རུང་བ་ལས་བརྐོ་བ་ལ་སོགས་པ་བྱའོ་ཞེས་པའོ། །དེ་ལ་ས་བདག་བརྟག་པ་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ ས་ལ་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་ཀྱིས་མཎྜལ་གྲུ་བཞི་བྱས་ཏེ། ཐམས་ཅད་རེའུ་མིག་དགུ་བཅུ་བྱས་ལ། དེར་ས་བདག་ཀླུ་ཁྲུམས་དང་མགོ་དང་དབོ་དང་སྣྲོན་ལ་སོགས་པ་ཟླ་བ་གསུམ་གསུམ་ལ་རིམ་པས་ཤར་དང་ལྷོའི་ཕྱོགས་སུ་མགོ་དང་ལྷོ་ལ་སོགས་པར་ ཁ་བལྟས་ཤིང་ཉལ་བའི་ལུས་རེའུ་མིག་དགུ་ཁྱབ་པ་སྟེ། ཁྲུམས་ལ་སོགས་པའི་དགུ་བཅུར་ཞག་དགུ་བཅུ་རྣམས་ལ་སོ་སོར་རེའུ་མིག་རེ་རེ་གནོན་པ་འདས་པའི་ཉིན་གྱི་དབྱུ་གུ་རྣམ་པར་དབྱེ་བས་ཀྱང་འགྲོ་བ་བརྟགས་ལ། མགོའི་ཕྱོགས་ལ་རེའུ་མིག་ཉི་ཤུ་ འམ་ཉི་ཤུ་རྩ་གཅིག་དང་། ལྟོ་བར་ཡང་རེའུ་མིག་གཉིས་སམ་གསུམ་ཡོངས་སུ་སྤངས་ཏེ། རྒྱབ་དང་མཇུག་མ་ཡང་ངེས་པར་བྱས་ནས་ལྟོ་བར་བརྐོ་བར་བྱ་སྟེ། དངོས་གྲུབ་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བ་ལས་པུས་མོ་དང་དཔྱི་དང་ལྟེ་བ་ཇི་སྲིད་པར་ཞེས་ པ་ས་བརྐོ་བའོ། །དེ་ནས་སའི་རོ་བསལ་ལ་དྲི་བཟང་པོའི་ཆུ་དང་ལྡན་པའི་ས་དེ་ཉིད་ཀྱིས་དོང་དགང་སྟེ་མ་ཁེངས་ན་གཞན་གྱིས་ཀྱང་ངོ་། །ལས་ཐམས་ཅད་པའི་སྔགས་བཟླས་པའི་དྲི་བཟང་པོའི་ཆུ་ཡིས་བྲན་ཅིང་བརྡུངས་ལ། ཁྲུ་ཕྱེད་མཐོ་བ་རུས་སྦལ་གྱི་རྒྱབ་ལྟ་བུ་དབང་ ལྡན་དུ་ཅུང་ཟད་དམའ་བ་བྱའོ། །ཁང་བཟང་ལ་སོགས་པར་ནི་བརྐོ་བ་ལ་སོགས་པ་མེད་པ་ཉིད་དོ། །ལག་པ་རེག་སྟེ་ཧཱུཾ་ཡིག་བཟླས་ནས་སྔར་བཞིན་ཐལ་བ་ལ་སོགས་པས་བསང་གཏོར་བྱས་ལ། ཤར་གྱི་ཕྱོགས་ནས་བརྩམས་ཏེ་བའི་རྣམ་ལྔས་ལེགས་པར་བྱུགས་ ལ་དྲིའི་ཆུས་བྲན་པར་བྱའོ། །དེ་བས་བརྐོ་བ་ལ་སོགས་པས་དག་པའམ་གཞན་ཡང་རུང་སྟེ། ཨོཾ་བྷཱུ་ཁཾ་ཞེས་བརྗོད་ལ་ནམ་མཁར་བྱས་ནས་ཧཱུཾ་ལཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་དུ་རྣམ་པར་བསྒོམས་ཏེ། ཨོཾ་མེ་དི་ནི་བཛྲཱི་བྷཱ་བ་བཛྲ་བནྡྷ་ ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཕཊ། ཞེས་པའི་སྔགས་གསུམ་གྱིས་ལག་པ་རེག་ལ་བྱིན་གྱིས་བརླབ་ཅིང་ལས་ཐམས་ཅད་པའི་སྔགས་བཟླས་ཏེ། རིན་པོ་ཆེ་དང་སྨན་དང་འབྲུ་དང་སྙིང་པོ་ལྔ་རྣམས་སྦས་པའི་ ས་དྲིའི་ཆུས་བྱུགས་པར་གཏོར་མ་དང་མཆོད་ཡོན་སྔོན་དུ་འགྲོ་བས་ནམ་མཁར་གནས་པའི་སའི་ལྷ་མོ་ནང་དུ་བསྒོམས་ནས། ཨོཾ་ཨཱཿཧཱུཾ་བརྗོད་ཅིང་པད་ཀོར་སྔོན་དུ་འགྲོ་བའི་ཡི་གེ་བརྒྱ་པ་བརྗོད་པར་བྱའོ་ཞེས་པ་ས་སྦྱང་བའོ། །དེ་ནས་མེ་ཏོག་གིས་མངོན་པར་ གཏོར་བའི་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པའི་སྲུང་བའི་འཁོར་ལོ་ལ་སོགས་པ་བྱ་སྟེ་བགེགས་བཅོམ་ནས་སྤོས་ཕོར་བཟུང་སྟེ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ལྕེ་ཅན་གྱིས། ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཆེ་གེ་ཡི་ནི་རྡོ་རྗེ་བདག །འདིར་ནི་དཀྱིལ་འཁོར་བྲི་བར་བགྱིད། །སངས་རྒྱས་ལ་སོགས་ཀུན་བྱོན་ལ། །འདིར་ནི་དངོས་གྲུབ་རབ་ཏུ་སྩོལ། །ཞེས་རྫོགས་པའི་སངས་རྒྱས་ལ་ སོགས་པ་སྤྱན་དྲངས་ཏེ་མཆོད་པས་མཆོད་ནས་ནམ་མཁར་བཞུགས་པ་ལ་སོགས་པ་དང་དེའི་རྣལ་འབྱོར་དང་ལྡན་པའི་སློབ་མ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པ་ཕྱོགས་བཞིར་གནས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ། བདག་མེད་ཆོས་རྣམས་ཀུན་གྱི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མ་ཡིན་ཐམས་ཅད་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཆོས་མཆོག་ཞི་བ་ལས་བྱུང་ ཞིང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་སྤྱོད་པའི་མཆོག །དཀྱིལ་འཁོར་ཁ་ལོ་བསྒྱུར་ བཤད་གསོལ། །ཞེས་པའི་ཚིགས་སུ་བཅད་པ་བཞིས་བདག་ཉིད་ལ་གསོལ་བ་གདབ་པར་བྱ་ཞིང་དངོས་སུ་མེད་ན་བསམས་ནས་ཀྱང་སྟེ། དེ་ལྟར་གནས་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་བསྒོམས་པའི་ལྷའི་འཁོར་ལོ་ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་གཉིས་བརྐྱང་ཞིང་རྩེ་མོ་སྤྲད་པ་འོག་ཏུ་ཁ་བལྟས་པ་སྤྱི་བོར་བཞག་སྟེ། ཧཱུཾ་བཛྲོད་ཏིཥྛ་ཞེས་པ་བརྗོད་དེ་ནམ་མཁར་བཏེགས་ནས་རང་ཉིད་ལངས་ཏེ་ཁ་ཤར་དུ་བལྟས་ལ་རྐང་པ་མཉམ་པར་གནས་པའི་སྤྱི་བོར་ཐལ་མོ་སྦྱར་བས་རྫོགས་པའི་ སངས་རྒྱས་ལ་ཕྱག་འཚལ་ནས་སྐད་ཅིག་གིས་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་སྨིན་མ་བསྙེར་བ་མཆེ་བ་གཙིགས་པ་འགྱིང་བ་དང་བཅས་པར་བྱ་སྟེ། གཡས་པ་དང་གཡོན་པའི་མིག་དག་མ་དང་ཌ་ཡིག་ལས་ཉི་མ་དང་ཟླ་བའི་གཟུགས་དང་། ཧཱུཾ་ཡིག་གིས་མིག་འབྲས་གཉིས་བསྐལ་ པའི་མེ་ལྟར་བྱས་ལ་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་སྟངས་ཀྱིས་བལྟ་ཞིང་ང་རྒྱལ་བྱ་སྟེ། ང་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་ཉིད་ང་། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ང་ནི་སྟོབས་ཆེན་རྡོ་རྗེ་ཅན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ང་། །ང་ནི་ཕྱག་ན་རྡོ་རྗེ་བརྟན། །ཞེས་ པའོ། །དེ་ནས་རྐང་པའི་མཐིལ་དུ་རྡོ་རྗེ་འབར་བ་བསྒོམས་ཏེ། འགྱིང་བ་དང་བཅས་པར་པད་ཀོར་སྔོན་དུ་འགྲོ་བས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བ་དང་བཅས་པར་རྡོ་རྗེའི་རྐང་སྟབས་ཀྱིས་དབང་ལྡན་དུ་སོང་སྟེ། དེ་ནས་བརྩམས་ནས་གཡས་སྐོར་དུ་རྡོ་རྗེའི་རྐང་སྟབས་ལ་ སོགས་པ་རྣམས་ཀྱིས་ཇི་ལྟར་ནུས་པའི་གར་བྱེད་ཅིང་གཞན་དུ་དེངས་ཞེས་པ་ལ་སོགས་པ་ལན་གསུམ་བརྗོད་ལ། སྤྲོས་པའི་ཁྲོ་བོ་མཐའ་ཡས་པ་རྣམས་ཀྱིས་བགེགས་ཚར་བཅད་ནས་དཀྱིལ་འཁོར་གྱི་ས་གཞི་ས་འོག་ལ་ཐུག་པར་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། དེ་ནས་ཇི་ལྟར་ནུས་པ་དང་ཇི་ལྟར་འདོད་པར་གར་བྱའོ། །ནུས་པ་མེད་པའམ་མི་འདོད་ན་གར་མ་བྱས་ཀྱང་སྐྱོན་མེད་དོ་ཞེས་པས་ཡོངས་སུ་གཟུང་བའོ། །དེ་ནས་འགྲོ་བ་རྡོ་རྗེ་འཆང་ཉིད་ཐོབ་པར་བྱ་བའི་ཕྱིར་བགེགས་མེད་པར་བྱའོ་ཞེས་རྣམ་པར་བསམས་ཏེ། སྐད་ཅིག་གིས་སྟོང་པ་ཉིད་ཀྱི་དེ་མ་ཐག་པར་རཾ་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལས་སྐྱེས་པའི་རྡོ་རྗེ་རྣམས་ཀྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་ར་བ་དང་གུར་དང་བླ་རེ་དང་མདའི་དྲ་བ་རྣམས་བསྐྱེད་དེ། སྐད་ཅིག་ གིས་རྡོ་རྗེ་སེམས་དཔའ་གཞན་དུ་གྱུར་ནས། རྡོ་རྗེ་ཧཱུཾ་མཛད་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ་འཇིགས་བྱེད་དང་དུས་མཚན་མནན་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སྔོན་པོ་དང་སེར་པོ་དང་ལྗང་གུ་སྟེ་ཞལ་སོ་སོར་སྤྱན་གསུམ་གསུམ་པ། ཕྱག་རྒྱ་དྲུག་དང་མི་མགོའི་ཕྲེང་བ་དང་། སྟག་གི་པགས་པའི་ཤམ་ཐབས་དང་ཀླུ་བརྒྱད་ཀྱིས་བརྒྱན་པ་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་དག་གིས་རྡོ་རྗེ་ཁུ་ཚུར་གཉིས་བྱས་ནས་རྒྱབ་སྦྱར་ཏེ། མཐེའུ་ཆུང་ལྕགས་སྒྲོག་བྱས་ལ་མཛུབ་མོ་རབ་ཏུ་བརྐྱང་བར་བྱའོ་ཞེས་པའི་ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། གཡས་པ་དག་གིས་ལྕགས་ཀྱུ་དང་ཞགས་པ། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་དག་བསྣམས་པ། སྐུ་མདོག་ནག་པོ་གཅིག་པུ་འཇིགས་པའི་བདག་ཉིད་ཀྱིས་འཇིག་ རྟེན་གསུམ་ལ་ཀུན་དུ་གཟིགས་ཏེ། སྙིང་གར་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་དེ་ལས་སྐྱེས་པའི་གཤེད་མ་ཁྲོ་བོ་བཅུ་ལ་གཏད་པར་བྱའོ། །ཕུར་པ་རྣམས་ཀྱི་སྲིད་དུ་སོར་བརྒྱད་པ་སྦོམས་སུ་དཀྱུས་ཀྱི་སུམ་ཆའི་སོར་ཏེ། སེང་ལྡེང་དང་ལྕགས་དང་རུས་པ་རྣམས་ལས་བྱས་པ་སྣོད་གསར་པར་བཅུག་སྟེ། དོན་གྲུབ་དང་ཙནྡན་དམར་པོས་བྱུགས་ལ་ཚོན་སྐུད་སྣ་ལྔས་དཀྲིས་པ་མངོན་པར་མཆོད་དེ། མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པའི་ཕུར་པ་བཅུ་ལྟེ་བའི་འོག་རྩེ་གཅིག་པའི་རྣམ་པ་སྟེང་དང་ རང་རང་གི་ཕྱོགས་ཀྱི་ཁྲོ་བོའི་གཟུགས་སུ་བསྒོམས་ཏེ། རྣལ་འབྱོར་པའི་གཡོན་པས་བཟུང་ལ་གཡས་པས་གཙོ་བོའི་མཚན་མ་གཞན་དུ་གྱུར་པའི་ཐོ་བ་བཟུང་ནས། སྲུང་བའི་འཁོར་ལོར་གསུངས་པའི་ཆོ་གས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཕུར་བུ་གདབ་ ཅིང་བསྲུང་བར་བྱའོ། །དེ་རྣམས་ལ་ཐུན་སོ་སོར་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་པ་ཕུར་བུ་གདབ་པའི་ཆོ་གའོ། །དེ་ནས་ས་གཞི་དེ་དྲི་བཟང་པོ་དང་བདུད་རྩི་ལྔ་དང་ཡི་གེ་གསུམ་བཟླས་པ་རྣམས་ཀྱིས་བྱུགས་པ་མེ་ཏོག་བཀྲམ་པ་དང་ལྡན་པར་སློབ་ དཔོན་ཁྲུས་བྱས་ཏེ། ཇི་ལྟར་རྙེད་པའི་གོས་ལ་སོགས་པས་བརྒྱན་པ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཞེས་པ་ལན་བདུན་བཟླས་པའི་གོས་དམར་པོའི་ཅོད་པན་ཅན་དབུས་སུ་འདུག་ནས་ཤར་དུ་ཁ་བལྟས་ཏེ། འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་ལྷའི་ གནས་རྣམས་སུ་བདུད་རྩི་དང་ཙནྡན་ལ་སོགས་པས་བྱས་པའི་མཎྜལ་རྣམས་སུ་རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟ་བའི་རྣམ་པར་བསྒོམས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་བཅུག་ལ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཡང་བྱས་ནས། བསྒོམས་པའི་ཕྱི་རོལ་ཤར་ལ་ སོགས་པའི་ཕྱོགས་ན་གནས་པའི་ཞི་བ་དང་རྒྱས་པ་ལས་ཐམས་ཅད་པའི་དོན་དུ་ལྟོ་བ་ཟླུམ་པ་སོར་བཅུ་དྲུག་དཔངས་ལ་སོར་བཅུ་བཞི། དེའི་སྟེང་དུ་མགྲིན་པ་སོར་དྲུག །མཆུའི་མཐའ་ནས་མཆུའི་མཐའ་ལ་ཁའི་རྒྱ་སོར་བརྒྱད། མགྲིན་པའི་བུ་ག་ལ་སོར་བཞི། མགྲིན་ པའི་བུ་གའི་ལོགས་སོ་སོར་ཐད་ཀར་མཆུའི་རྒྱ་ལ་སོར་གཉིས་འཕྱང་བའི་མཆུ་ལ་སོར་གཉིས་ལྟོ་བའི་འོག་ནས་ཁའི་མཐར་བསྡུས་པས་དཔངས་ལ་སོར་ཉི་ཤུ་འཇིམ་པ་དང་ཟངས་ལ་སོགས་པའི་རང་བཞིན་ནག་པོ་དང་རྩ་བ་མེད་པ་ལས་དང་རྗེས་སུ་མཐུན་པའི་གཟུགས་ སུ་བྱས་ཏེ། སྟོང་པར་བྱས་ནས་བཾ་ཡིག་གིས་རིན་པོ་ཆེའི་གཟུགས་སུ་བསྒོམས་ལ་ལྷའི་མཚན་མ་བྲིས་ཏེ་དྲི་བཟང་པོའི་ཆུ་དང་བདུད་རྩི་དང་རིན་པོ་ཆེ་དང་སྨན་དང་འབྲུ་ལྔ་ནང་དུ་བཅུག་ལ་ཡལ་གས་ཁ་བརྒྱན་པ་ཕྲེང་བ་དང་བཅས་པའི་གོས་ཟུང་གིས་མགྲིན་པ་བཅིངས་ལ། ཧཱུཾ་བདུན་བཟླས་པའི་སྲད་བུ་དཀར་པོ་རྣམས་ཀྱིས། ཨོཾ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ་དི་ཤཱཾ་བནྡྷ་བནྡྷ་ཧཱུཾ་ཞེས་པ་མངོན་དུ་བརྗོད་ཅིང་དཀྲིས་པ་རྣམས་བླ་རེའི་འོག་ཏུ་འཆད་པར་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཚན་མ་དགོད་པའི་རིམ་པས་སོ་སོ་སོ་སོར་ དྲི་བཟང་པོའི་མཎྜལ་གྱི་སྟེང་དུ་རྗེས་སུ་མཐུན་པའི་གདན་ལ་བཞག་ནས་ལྷག་པར་གནས་པར་བྱ་སྟེ་མཚན་མ་བྲི་བ་ནི། གཙོ་བོའི་རྣམ་པར་རྒྱལ་བའི་བུམ་པ་ལ་ཆོས་འབྱུང་དང་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གཙོ་བོའི་མཚན་མ་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །བུམ་པ་གཞན་རྣམས་ ལ་སྣ་ཚོགས་པདྨ་དང་ཉི་མ་ལ་གྲི་གུག་གོ། །མུ་ཏིག་དང་གསེར་དང་པདྨ་རཱ་ག་དང་བྱི་རུ་དང་མུ་མེན་རྣམས་ནི་རིན་པོ་ཆེ་ལྔའོ། །བྲི་ཧ་ཏི་དང་ཀཎྜ་ཀ་རི་དང་དཎྜོཏ་པ་ལ་དཀར་དམར་དང་ཨ་པ་རཱ་ཛི་ཏ་རྣམས་ནི་སྨན་ལྔའོ། །ཏིལ་དང་ནས་དང་མོན་སྲན་དང་འབྲས་སོ་བ་དང་གྲོ་རྣམས་ནི་ འབྲུ་ལྔའོ། །ཨ་མྲ་དང་ནཱ་ག་གེ་སར་དང་ཨ་ཤོ་ཀ་དང་ཨ་ཤྭདྠ་དང་ཨུ་དུམ་བཱ་ར་རྣམས་དང་གཞན་ཡང་རུང་སྟེ་ཡལ་ག་རྣམས་སོ། །བུམ་པ་རྣམས་ནི་ལྷ་སོ་སོའམ་ཡང་ན་སྙིང་པོའི་གནས་སུ་བཞུགས་པ་རྣམས་ཁོ་ནའི་ལྔ་སྟེ་ལས་ཐམས་ཅད་པའི་ལྷག་མའོ། །མེད་ན་ གཙོ་བོའི་གཅིག་པུ་ཡང་སྟེ་དེའི་ཚེ་གཙོ་བོའི་མཚན་མའི་གཡོན་ལོགས་སུ་ལས་ཐམས་ཅད་པའི་མཚན་མའོ། །དེ་ལ་འདི་ནི་ལྷག་པར་གནས་པའི་རིམ་པ་སྟེ། ཐོག་མར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ། ཨོཾ་བཛྲ་ཨ་མྲྀ་ཏེ་ཨུ་ད་ཀཿཋཿཧཱུཾ་ཨོཾ་ཨཱཿཧཱུཾ་ཞེས་པ་དག་ གིས་ལན་བདུན་བཟླས་ཏེ། ཡེ་ཤེས་ཀྱི་བདུད་རྩིར་བྱས་པ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་དྲི་བཟང་གི་ཆུ་དང་ལྡན་པ་ཧཱུཾ་བསྔགས་པའི་པདྨའི་སྣོད་དང་མེ་ཏོག་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ནས་བུམ་པའི་ནང་དུ་ཨོཾ་ཏཔྟེ་ཏཔྟེ་སྭཱ་ཧཱ་ཞེས་པས་བཀུག་ པའི་ལྷའི་དཀྱིལ་འཁོར་འགྲོ་བའི་ཆུའི་རང་བཞིན་གྱི་ཆུ་ལ་སྐད་ཅིག་གིས་རྟེན་དང་བཅས་པ་ལྷའི་འཁོར་ལོ་རྣམ་པར་བསམས་ཏེ། རང་གི་སྙིང་གའི་ས་བོན་ཀྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་འཁོར་ལོ་བལྟས་ལ་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས། དེ་ལ་གཞུག་ ཅིང་དེའང་ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ་སྔར་བླུགས་པའི་ཆུ་དང་རོ་གཅིག་ཏུ་གྱུར་པ་དང་། མཚན་མ་ལ་ཡང་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་གཅིག་ཏུ་གྱུར་པར་རྣམ་པར་བསམས་ལ། རྡོ་རྗེ་ལ་བཏགས་པའི་མེ་ཏོག་ཕྲེང་བའི་མཐའ་ནས་གཡོན་པའི་ཁུ་ཚུར་གྱིས་ཧཱུཾ་གི་སྔགས་ ཀྱིས་བཟུང་སྟེ། འཁོར་ལོའི་དབང་ཕྱུག་གི་སྙིང་པོ་བརྒྱད་དང་བཅས་པའི་བརྒྱ་བཟླས་ནས་དུམ་སྐྱེས་མས་བསྔགས་པའི་མེ་ཏོག་ཆུ་ལ་བསྐྱུར་བར་བྱའོ། །དེ་ལྟར་བུམ་པ་གཞན་ལ་ཡང་སྟེ། ཆུ་ལ་མངོན་པར་བསྔགས་པ་ནི་རང་རང་གི་སྔགས་ཀྱིས་སོ། །དེ་ནས་དེ་རྣམས་ལ་མེ་ཏོག་ ཕྲེང་བ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ལས་ཐམས་ཅད་པའི་ཆུས་བསངས་ཏེ། བུམ་པ་འདིར་ཇི་སྲིད་དཀྱིལ་འཁོར་ལ་སོགས་པའི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་བཟློག་པར་མཛོད་ཅིག་ཞེས་བརྗོད་ལ་གཏོར་མ་ཕུལ་ཏེ་ཉེ་རེག་བྱས་ནས་ རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ཅིང་དྲིལ་བུ་དཀྲོལ་བར་བྱའོ། །དེ་རྣམས་ལས་ཆུ་ཅུང་ཟད་བླངས་ཏེ་ཐོད་པར་བླུགས་ནས་ཤར་སྒོའི་བྱང་ལོགས་སུ་མནྫིའི་སྟེང་དུ་གཞག་པར་བྱ་སྟེ། རང་དང་སློབ་མ་རྣམས་ཀྱི་བསང་གཏོར་གྱི་དོན་དུའོ། །བུམ་པ་རྣམས་ཀྱི་མཆོད་པ་དང་སྔགས་ ལ་སོགས་པ་ཉི་མ་སོ་སོར་བྱའོ་ཞེས་པ་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ས་དེའི་དབུས་སུ་འདུག་ནས་མཎྜལ་བྱས་ལ་བཾ་ལས་བྱུང་བའི་སའི་ལྷ་མོ་བསྒོམས་ཏེ། ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་བསམས་ནས། སོར་མོའི་རྩེ་མོ་གསུམ་བསྣུན་པས་དེའི་སྒྲ་དང་ སྔགས་ཀྱི་འོད་ཟེར་རྣམས་ཀྱིས་ཀྱང་བསྐུལ་ནས་འཐོན་པའི་ཡེ་ཤེས་སེམས་དཔའི་གཟུགས་དང་སའི་ལྷ་མོ་ལྷན་ཅིག་ཏུ་གྱུར་ཏེ། དགའ་བ་དང་འབྲེལ་བའི་ཐུགས་ཅན་སེར་མོ་ཞི་བ་ན་བཟའ་དཀར་མོ་རྒྱན་སྣ་ཚོགས་དང་ལྡན་པ་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་ གསེར་གྱི་རང་བཞིན་གྱི་བུམ་པ་བཟང་པོ་འཛིན་པ་དང་མི་འཇིགས་པ། ཞལ་གཅིག་མའི་མདུན་དུ་འདུག་པ་ལ་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་གུས་པ་དང་བཅས་པར། ཨོཾ་ཚུར་གཤེགས་ཚུར་གཤེགས་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་ རྟེན་ཡུམ། །རིན་ཆེན་རང་བཞིན་ཀུན་གྱིས་གང་། །ལྷ་ཡི་རྒྱན་གྱིས་བརྒྱན་པ་ཡི། །དོ་ཤལ་རྐང་གདུབ་སྒྲ་དང་ལྡན། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་སུ། །དཀྱིལ་འཁོར་བྱ་བ་ལེགས་པར་སྒྲུབས། །ཧཱི་ཧི་ཧི་ཧི་ཧཱཾ་ སྭཱ་ཧཱ། ཞེས་པ་ལན་གསུམ་བརྗོད་དེ་སྤྱན་དྲངས་པ་དང་ནང་དུ་ཉེ་བར་གནས་པར་གསོལ་བའི་ལྷག་པར་གནས་པར་བྱའོ། །དེ་ཡང་དེ་ལྟར་མཛོད་ཅེས་བརྗོད་ནས་དེ་ཉིད་དུ་ཐིམ་པར་བསམས་ཏེ་རྡོ་རྗེ་བཅིང་བ་འོག་ཏུ་བྱས་ལ་དེས་ས་གཞི་མནན་ལ། ཨོཾ་བཛྲཱི་བྷ་བ་ཧཱུཾ་ལན་གསུམ་ མངོན་པར་བསྔགས་ཏེ་རྡོ་རྗེ་བཅིང་བ་ལས་མངོན་པར་མཐོན་པའི་ཧཱུཾ་ཡིག་འབར་བའི་ཚོགས་རྣམས་ཀྱིས་ས་འོག་གི་བར་དུ་རྡོ་རྗེར་བྱས་པར་བསྒོམས་ལ། ཨོཾ་བཛྲ་དྲི་ཌྷ་ཏིཥྛ་ཞེས་པ་ལན་གསུམ་བརྗོད་ཅིང་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལྟར་ས་རང་ཉིད་ཀྱིར་འགྱུར་རོ། །ནོར་འཛིན་ མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ས་དེ་དྲི་ལ་སོགས་པས་བྱུག་ཅིང་མེ་ཏོག་རྣམས་གཏོར་བའི་ཤར་དུ་འདུག་ནས། ནུབ་དུ་བལྟས་ཏེ་དབུས་སུ་བདུད་རྩི་ལྔ་དང་བཅས་པའི་དྲི་རྣམས་ཀྱིས་གཙོ་བོ་ལ་སོགས་པ་ལྔའི་གནས་སུ་གྲུ་བཞི་དང་གཞན་རྣམས་ལ་ཟླུམ་པོའི་མཎྜལ་ བྱས་ལ། དེ་རང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་བཅོམ་ལྡན་འདས་སྤྱན་དྲངས་ཏེ། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་བསྟོད་དེ་བདུད་རྩི་མྱངས་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། ཧཱུཾ་ལས་སྐྱེས་ཤིང་དེས་བྱིན་ གྱིས་བརླབས་པའི་ལྕེ་རྡོ་རྗེ་རྩེ་གཅིག་པ་དང་ལག་པ་གཡས་པར་སྤོས་ཕོར་ཐོགས་ཏེ། གཡོན་པས་དྲིལ་བུ་འཁྲོལ་ཞིང་། བཅོམ་ལྡན་བདེ་མཆོག་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་དག་ནི་ འབྲི་བར་འཚལ། །སེམས་ཅན་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ནི་མཆོད་ཕྱིར་ཡང་། །བདག་གུས་དེ་ལ་བཅོམ་ལྡན་འདས། །བཀའ་དྲིན་དག་ནི་བྱ་བར་འོས། །བདག་ལ་དགོངས་མཛོད་སངས་རྒྱས་ནི། །འགྲོ་བའི་འཁོར་ལོ་བྱ་དོན་སྩོལ། །བྱང་ཆུབ་སེམས་ དཔའ་འབྲས་གནས་དང་། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །འབྱུང་པོ་རྫོགས་པའི་བྱང་ཆུབ་གནས། །སེམས་ཅན་བསྟན་ལ་མངོན་དགའ་དང་། །གང་སུ་ལྷ་ཡི་སྤྱན་མངའ་རྣམས། །བདག་ནི་ཆེ་གེ་རྡོ་རྗེ་ཆེ། །བདེ་མཆོག་ འབྱུང་བའི་དཀྱིལ་འཁོར་ནི། །ཉེ་འཁོར་ཇི་ལྟར་ནུས་པ་ལས། །འགྲོ་བ་སྦྱང་སླད་བྲི་བར་བགྱི། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་སྟེ། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་གནས་པར་མཛད་པར་འོས། །ཞེས་པ་དོན་ཡིད་ལ་ བརྣགས་པས་ལན་གསུམ་བརྗོད་ཅིང་གསོལ་བ་གདབ་པར་བྱའོ་ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ལྷག་པར་གནས་པའི་ལྷའི་འཁོར་ལོ་ཡང་དག་པར་མཆོད་དེ་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་སའི་སྟེང་གི་ནམ་མཁར་བཀོད་ལ་རང་གིས་ དབང་བསྐུར་པའི་སློབ་མ་ཁོ་ན་སྒོའི་སློབ་དཔོན་བཞི་དང་ལས་ཀྱི་རྡོ་རྗེ་གཅིག་གིས་དབྱེ་བས་ལྔ་རྣམས་དང་མེད་ན་གཅིག་གིས་ཀྱང་སྟེ། ཤར་དུ་ཁ་བལྟས་པ་དཀྱིལ་འཁོར་གྱི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས། གཞོན་ནུ་མས་བྱས་པའི་སྲད་བུ་ལྔ་ལྔ་རྣམས་སྣོད་ལྔར་ བཞག་ལ། དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་དང་དྲི་དང་ཁ་དོག་བཟང་པོ་རྣམས་དང་ཡུངས་ཀར་དང་བདུད་རྩི་ལྔ་བསྲེས་པ་སོ་སོ་སོ་སོར་ཁ་བསྒྱུར་ཏེ། ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོང་གི་རྩ་བར་ཇི་སྲིད་པར་རིམ་པས་བཀོད་ལ། །བྷྲཱུཾ་ཨོཾ་ཧྲཱིཾཿ ཧཱ་ཧཱུཾ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་ལྔ་རྫོགས་པ་ནམ་མཁར་བཞུགས་པ་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་འདུས་པར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་རྣམས་སུ་བྷྲཱུཾ་ལ་སོགས་པ་ལས་སྐྱེས་པའི་འོད་ཟེར་གྱི་རང་བཞིན་ཡེ་ཤེས་ཀྱི་སྲད་བུ་རྣམས་ བལྟས་ནས། ཨོཾ་ཨཱཿཤཱ་ཤྭ་ཏ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པ་འདི་ཡིས་བརྟག་པའི་མིང་ཡོངས་སུ་བསྒྱུར་ཏེ། རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ལ་ཡང་གསོལ་བ་བཏབ་ལ། ཛཿཡིག་ལས་སྐྱེས་པའི་ཟླ་བ་དང་ཉི་མ་སེར་པོའི་མིག་ གཉིས། ཨོཾ་དཱིཔྟ་དྲྀཥྚ་ཨཾ་ཀུ་ཤི་ཛཱཿཞེས་བརྗོད་ཅིང་མིག་ཤིན་ཏུ་མྱུར་བར་གཡོ་བ་རྫི་མ་འདེབས་པ་འབར་བའི་སྤྱན་གྱི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་ཏེ། རང་གི་ལག་པར་གནས་པའི་སྲད་བུ་རྣམས་ལ་ཇི་ལྟ་བ་ བཞིན་བཅུག་ནས། དུམ་སྐྱེས་མའི་གཟུགས་ཀྱིས་སློབ་མ་དང་ལྷན་ཅིག་ཨོཾ་ཨ་ནོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱ་ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚཱཿསརྦ་དྷརྨཱ་ཨོཾ་ཨཱཿཧཱུཾ་ཞེས་པ་བརྗོད་ཅིང་ཐོག་མར་སྲད་བུ་ལྔ་ལྔ་རེ་རེར་བསྒྲིལ་ནས་ལྔ་རྣམས་གཅིག་ཏུ་ བསྒྲིལ་བར་བྱའོ། །བླ་མ་དང་སློབ་མའི་ལག་པས་ནོན་པ་ལྷག་པའི་ཆ་མ་གཏོགས་པ་རིང་བ་དཀྱིལ་འཁོར་ཉིས་འགྱུར་དང་། སྦོམས་སུ་སྒོའི་ཉི་ཤུ་ཆ་ཇི་ལྟ་བ་བཞིན་འགྱུར་རོ། །དེའི་རྗེས་ལ་སྔར་གྱི་ས་གཞིར་དྲི་ཉེ་བར་བྱུགས་པའི་སྣོད་གཙང་མར་དྲི་བཟངས་ལ་སོགས་ པས་སྦངས་ལ། ཡི་གེ་གསུམ་དང་ལྡན་པ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་དེ། ལག་པས་མནན་ལ་དུམ་སྐྱེས་མས་བསྲུངས་ནས་གཡས་པ་དང་ཅིག་ཤོས་ཀྱི་མིག་དག་ལ། མ་དང་ཊ་ཡིག་ལས་སྐྱེས་པའི་ཉི་མ་དང་ཟླ་བ་བལྟ་ཞིང་སྔར་བཞིན་བཛྲ་ དྲིཥྚི་མ་ཊ་ཅེས་བརྟན་པར་བྱས་ལ་ཁཎྜ་རོ་ཧ་བཟླས་པའི་བདུད་རྩིའི་ཆུ་བྲན་ཏེ། ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་རེག་ཅིང་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པ་འདི་བཟླས་ནས་ཡི་གེ་གསུམ་བརྒྱད་དང་བཅས་པ་བརྒྱ་རྩ་བསྔགས་ལ་ལྷག་པར་གནས་པར་བྱའོ། ། དེ་ནས་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་དང་། བུམ་པ་ཐམས་ཅད་ཀྱི་ཆུས་མཎྜལ་ལྔ་བྱས་པའི་ཕྱོགས་ཀྱི་རྣམ་པར་དབྱེ་བར་ས་ལ་བསང་གཏོར་བྱ་སྟེ། དྲི་ཡིས་ཉེ་བར་བྱུགས་པ་ཕྱི་རོལ་དུ་མེ་ཏོག་གཏོར་བའི་ནམ་མཁར་འདྲི་བར་འགྱུར་བའི་དཀྱིལ་འཁོར་ བལྟས་ལ། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ནས། རང་དེའི་རྣལ་འབྱོར་དང་ལྡན་པས་སློབ་མ་ལས་ཐམས་ཅད་པའི་གཟུགས་སུ་བལྟས་ཏེ། རང་དང་དེའི་གཡོན་པ་དང་ཅིག་ཤོས་ཀྱི་མིག་དག་ཛཿཡིག་ལས་སྐྱེས་པའི་ཟླ་བ་ དང་ཉི་མ་སེར་པོ་དག་བསམས་ལ། རྡོ་རྗེའི་རྐང་སྟབས་ཀྱིས་ཐིག་སྐུད་གཡོན་པའི་ཁུ་ཚུར་གྱིས་བཟུང་བ་ལྟེ་བར་འཛིན་པ་དང་དེ་བཞིན་དུ་སློབ་མ་སྟེ་ཐིག་སྐུད་ཛཿཡིག་རྣམས་དང་། ཛཿཡིག་གསུམ་གྱིས་བསྐུལ་ཞིང་། སློབ་མས་ཀྱང་ཛཿཡིག་གསུམ་གྱིས་དང་། ཛཿ ཡིག་རྣམས་ཀྱིས་བཀུག་ལ་མངོན་དུ་ཕྱོགས་པར་གནས་པ་ནུབ་ཕྱོགས་སུ་གནས་པ་ཤར་དུ་བལྟ་བ་དང་ལྷོར་གནས་ཏེ་བྱང་དུ་བལྟ་བས་ཚངས་ཐིག་གཉིས་ལྟེ་བ་དང་མཉམ་པའི་བར་སྣང་ལ་གདབ་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ་སྭཱ་ཨཱཿཧ་ཅེས་པ་བརྗོད་ཅིང་ ལག་པ་གཡས་པ་རྡོ་རྗེ་དང་བཅས་པའི་མཐེ་བོང་དང་སོར་མོ་དག་གིས་ཐིག་སྐུད་བཟུང་ལ་སེ་གོལ་གྱི་སྒྲས་བསྐུལ་བས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ནང་དུ་ཐིམ་པར་བསྒོམ་ཞིང་སེ་གོལ་གྱི་སྒྲ་བྱའོ། །དེ་ནས་བླ་མ་དང་སློབ་མའི་གཡོན་པའི་ཁུ་ ཚུར་གྱིས་ཐིག་སྐུད་མཉམ་པར་མནན་པའི་ལག་པ་དག་གིས་ནམ་མཁའ་ལྟར་ས་ལ་ཚངས་ཐིག་གཉིས་འོད་ཟེར་གྱི་ཕྲེང་བ་ཇི་སྲིད་པ་དང་། མེའི་ཟུར་དུ་གནས་པ་དང་བདེན་བྲལ་གྱི་ཟུར་དུ་གནས་ཏེ། རླུང་དང་དབང་ལྡན་གྱི་ཟུར་གྱི་ཐིག་གཉིས་མདའ་ཡབ་ཀྱི་ཐིག་བར་དུ་ བཏབ་ནས་མེའི་ཟུར་དུ་གནས་ཏེ་བྱང་དུ་བལྟས་པས་ཤར་ལ་རྩ་བའི་ཐིག་དང་རླུང་དུ་གནས་ཏེ་ལྷོར་བལྟ་བས་ནུབ་ལའོ། །དེ་ཉིད་དུ་གནས་ཏེ་ཤར་དུ་བལྟ་བས་བྱང་ལའོ། །སླར་ཡང་མེའི་ཟུར་དུ་གནས་ཏེ་ནུབ་དུ་བལྟ་བས་ལྷོ་རུ་སྟེ། རྩ་བའི་ཐིག་བཞི་འཁོར་ལོའི་ཚད་དུ་གདབ་ པར་བྱའོ། །བསྐོར་བ་ནི་ཐམས་ཅད་དུ་གཡས་བསྐོར་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་མོས་པས་སོ། །ཉེ་བར་འདུག་པ་ཡང་སློབ་དཔོན་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་བྱས་ནས་གཡས་པའི་ཞབས་ས་ལ་བཙུགས་ལ་ཉེ་བར་འདུག་སྟེ། སློབ་མ་དེ་ལས་ བཟློག་པས་སོ། །གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་ཐིག་བཟུང་ལ། རྒྱབ་ནས་འགྲོ་ཞིང་ནམ་མཁའི་ཐིག་ལྷག་པར་མོས་པ་ཡང་ཐིག་གདབ་པ་ཐམས་ཅད་ལའོ་ཞེས་ཤེས་པར་བྱའོ། །དེ་ནས་འཁོར་ལོ་བརྒྱད་ཆས་ཚངས་པའི་ལོགས་གཉིས་ནས་ཆ་ཆུང་གཉིས་ཀྱིས་ཆ་ཆུང་བཞི་ བཅོམ་ལྡན་འདས་ཀྱི་སྐུ་དང་ཐར་པའི་སྒོའི་གེགས་སུ་གྱུར་པའི་བདུད་བསལ་བར་བྱའོ་ཞེས་ལྷག་པར་མོས་པ་ལས། ཧཱིཿཡིག་གིས་གཡོན་པ་དང་ཅིག་ཤོས་ཀྱི་མིག་དག་ཟླ་བ་དང་ཉི་མར་བསྐྱེད་ནས། ཁྲོ་བོའི་ལྟ་སྟངས་ཀྱིས་ཀུན་དུ་བལྟ་ཞིང་ཧཱི་ཧཱི་ཞེས་ བརྗོད་དེ་ཕྱིས་ལ། རྩ་བ་ལས་ཕྱིར་གཅིག་གཉིས་གཅིག །གཉིས་གཅིག་གཅིག་གི་བར་རྣམས་ཀྱིས། །ཟུར་ནས་ཐད་ཀར་ཐིག་དྲུག་རྣམས། །ཚངས་པ་ལས་རིམ་རིང་བ་ལས། །དང་པོ་ཐིག་གཉིས་ཆ་ཆུང་གསུམ། །ཆ་ཆུང་གཉིས་པའི་རྩེར་རེག་པའོ། །ཆ་ཆུང་ བདུན་གྱི་བར་གྱིས་ཏེ། །སྟེགས་བུའི་ཐིག་ལས་དྲང་པོ་གསུམ། །སྲིད་དུ་ཆ་ཆུང་ལྔ་ཡིན་ཏེ། །ཆ་ཆུང་རེ་རེ་སྤངས་པར་རོ། །ཐད་ཀའི་ཐིག་རྩེ་ལ་ཕྲད་པ། །དེ་རྣམས་དང་པོའི་ཐིག་ཡིན་ནོ། །རྩ་བའི་རྩེ་ལས་འཐོན་པའི་ཐིག །ཆ་ཆུང་བཞི་པོ་ཆ་ཆུང་གཉིས། །ཐད་ཀ་སྟེང་ དུའོ་ཐད་ཀར་དེ། །ཆ་ཆུང་བརྒྱད་པས་ཡང་དག་སྦྱར། །ཆ་ཆུང་བརྒྱད་པའི་སྟེང་དུ་གདུང་། །ཆ་ཆུང་བཅུ་པར་ཤེས་པར་བྱ། །དེ་ནས་རྟ་བབས་ཐད་ཀར་ནི། །སྒོ་གསུམ་སྟེང་དུ་ཆ་ཆུང་བཞི། །ནོར་དང་ནོར་དང་ཉི་མ་དང་། །རྒྱལ་བ་ནོར་དང་རྒྱལ་བ་དང་། །ཉི་མ་ནོར་དང་ཉི་མ་དང་། ། རྒྱལ་བ་ནོར་རྣམས་རིམ་པ་ལས། །སྒོ་ཡི་ཆ་ཤས་སྟེང་དུ་དེར། །དེ་ལྟར་སྣམ་བུ་བཅུ་གཅིག་གོ། །ཚངས་པའི་ལོགས་སུ་ཐད་ཀར་ནི། །ཕྱེད་བཅས་ཆ་ཆུང་ཆུ་གཏེར་མཐར། །ཆ་ཆུང་ཕྱེད་བཅས་གཉིས་སྣམ་བུ། །ཐིག་ནི་ཕྱེད་བཅས་གསུམ་གསུམ་མོ། །ཆ་ཆུང་ལྔ་ ལས་གཉིས་པ་དང་། །གསུམ་པ་ཡང་ནི་ཆ་ཆུང་གསུམ། །ཆ་ཆུང་བཞི་ལས་བཞི་པ་གསུམ། །ཆ་ཆུང་ཕྱེད་བཅས་གསུམ་ལ་མདའ། །ཕྱེད་བཅས་གསུམ་མོ་གསུམ་ལས་དྲུག །ཆ་ཆུང་ལྔ་པོ་དེ་ལས་གསུམ། །ཆ་ཆུང་བརྒྱད་དེ་ཆ་བདུན་གཅིག །མཐར་ནི་ཆ་ཆུང་དྲུག་པའོ། ། ཕྱི་རོལ་དང་ནི་ནང་དུ་གཅིག །ཐིག་སྐུད་རྩེ་མོར་ཡང་དག་སོན། །སླར་ཡང་ནང་དུ་འཁྱོག་པོ་སྟེ། །ཆ་ཆུང་ཕྱེད་མཐར་ཡང་དག་གནས། །རྟ་བབས་སྟེང་དུ་འཁོར་ལོ་སྟེ། །རི་དགས་བརྒྱན་པ་ཆ་ཆུང་གཉིས། །འཁོར་ལོའི་སྟེང་དུ་དེ་བཞིན་རྭ། །དེ་བཞིན་དུ་ནི་ཟླུམ་པོ་བཞི། ། དང་པོ་རྭ་རྩེ་ནས་ལྷག་མ། །ཆ་ཆུང་གཅིག་དང་གཅིག་ཉིད་ལས། །ཟླུམ་པོའི་ཐིག་ནི་དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་པ་སྟེང་དང་འོག་རྩེ་མོ་ལྔ་པ་གཅིག་པ་ཧཱུཾ་ལས་སྐྱེས་པ་བལྟས་ནས། ཕུར་པ་གདབ་པའི་སྔགས་ཀྱིས་བརྒྱད་དང་བཅས་པ་བརྒྱ་བཟླས་ཏེ། བརྡུང་ བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུངས་ལ། དེ་ནས་བརྟགས་པའི་སྔགས་ཉིས་ལྔབ་ཏུ་བྱས་པའི་ཐིག་སྐུད་ཀྱིས་སོ། །དེ་ནས་ཐིག་སྐུད་ལ་གཏོར་མ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་དེ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་གཤེགས་ལ་ནམ་མཁར་བཞུགས་པའི་དེ་བཞིན་ གཤེགས་པའི་ཐུགས་ཀ་རྣམས་སུ་བཀོད་ནས། ཚོན་སྣ་ལྔའི་སྲད་བུ་གནས་ཇི་ལྟ་བར་གཞག་པར་བྱའོ་ཞེས་པ་ཐིག་གདབ་པའི་ཆོ་གའོ། །དེ་ནས་གཏོར་མ་ཕུལ་ཏེ། འབྲས་ལ་སོགས་པ་ལ་བྱས་པ། བཾ་ལཾ་རཾ་ཧཾ་ཡཾ་ལས་སྐྱེས་པ། དཀར་པོ་དང་སེར་པོ་དང་དམར་པོ་དང་ ལྗང་གུ་དང་ནག་པོའི་ཚོན་ཇི་ལྟ་བ་བཞིན་རང་གི་ས་བོན་ལས་གྲུབ་པ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་ལ་ཐིག་འདུས་བྱས་པར་གསུངས་པའི་ཆོ་གས་སྤྱན་དྲངས་ཏེ་བཅུག་པའི་ཡེ་ཤེས་ཀྱི་ཚོན་དང་རོ་གཅིག་ཏུ་གྱུར་ཅིང་རྣམ་པར་སྣང་མཛད་ལ་སོགས་པའི་ ས་བོན་བཟླས་པ་རྣམས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་ནས། སྔར་བཞིན་འབར་བའི་ལྟ་སྟངས་ཀྱིས་གཟི་བརྗིད་བསྐྱེད་དེ་སོ་སོ་ལ་ཧཱུཾ་ཡིག་བཀོད་ལ། རྡུལ་ཚོན་མང་པོའི་བདེན་པ་གང་གིས་སེམས་ཅན་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ སེམས་ཅན་ལ་ཆགས་པ་དང་། རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་ཀྱིས་རབ་ཏུ་སྦར་ཏེ། མེ་ཏོག་ལ་སོགས་པས་མངོན་པར་མཆོད་ལ་སྣོད་གསར་པར་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་གནས་ པའི་ཕུར་པ་འཆད་པར་འགྱུར་བའི་ཧཱུཾ་ཡིག་བཞིའི་སྔགས་ཀྱིས་བཏོན་ལ། རང་གི་ལག་པའི་རྡོ་རྗེ་ལ་བློས་ནང་དུ་བསྒོམས་ནས་ཕུར་བུའི་ཁུང་བུ་རྡུལ་ཚོན་ལྔ་རྣམས་ཀྱིས་ཀུན་དུ་བཀང་ཞིང་མཉམ་པར་བྱ་སྟེ། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུ་རྣམས་ཀྱིས་མཚན་མ་ངན་པ་བསལ་ལ། ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །རྡོ་རྗེ་འཛིན་པའི་རྒྱལ་པོ་རང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་ཆོས་ཀྱི་དབྱིངས་ རྣམ་པར་དག་པར་ལྷག་པར་མོས་ཤིང་། དང་པོར་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་གཡོན་པ་རྡོ་རྗེ་ཁུ་ཚུར། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་ཅིང་ཁ་ཤར་དུ་བལྟས་ལ་དབང་ལྡན་ནས་བརྩམས་ལ་གཡས་སྐོར་དུ་ཁ་དོག་ལྔའི་ ཚོན་ཅུང་ཟད་ཙམ་གདབ་པར་བྱའོ། །ཕྱི་ནས་གཞན་ནམ་རང་གིས་ཀྱང་ཞེས་པ་ཇི་ལྟར་བདེ་བར་རོ། །རེ་ཁཱ་རྣམས་ཀྱང་སྦོམས་པ་དང་ཕྲ་བ་དང་ཆད་པ་དང་འཁྱོག་པ་དང་ཕན་ཚུན་འདྲེས་པ་མ་ཡིན་པ་སྟེ་ཐམས་ཅད་སྒོའི་ཉི་ཤུ་ཆའོ། །འཇུག་པ་དང་འཐོན་པ་ལ་ཡང་རྡུལ་ཚོན་གྱི་རེ་ཁཱ་ ཡིད་ཀྱིས་ནམ་མཁར་བཏེག་ནས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་པའི་ཐིག་ལ་སོགས་པ་འགོམ་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བརྗོད་པར་བྱའོ། །དེ་ལ་ཐོག་མར་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུར་ཉི་མ་སེར་པོ་ལ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་དྲག་པོ་རྩེ་ ལྔ་པ་སྔོན་པོའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་དམར་པོ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་གྲི་གུག་གོ། །མེ་དང་བདེན་བྲལ་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་སེར་པོ་དང་། ལྗང་གུ་དང་སེར་པོ་དང་ནག་པོ་ཆར་སྤྲིན་ལྟ་བུ་རྣམས་སོ། །འདབ་ མའི་ཕྱི་རོལ་རྩ་བའི་ཐིག་གི་ནང་དུ་གཡོན་སྐོར་གྱིས་ཤར་ལ་སོགས་པའི་ས་ནི་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དང་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་གྱི་ཁ་དོག་གོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཁྭ་གདོང་མ་ལ་སོགས་པ་རྣམས་དང་། མེ་ལ་སོགས་ པའི་ཟུར་རྣམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ཀྱི་གཡོན་དང་ཅིག་ཤོས་ཀྱིས་བསྐོར་བས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་གྲི་གུག་གོ། །སྒོའི་ལོགས་གཉིས་སུ་བུམ་པ་བརྒྱད་དོ། །རྩ་བའི་ཐིག་ལས་ཕྱི་རོལ་རྡུལ་ཚོན་གྱི་སྣམ་བུ་ལས་སོ། །ནང་ ནས་བརྩམས་ཏེ་ནག་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོ་དང་དཀར་པོའི་རེ་ཁཱ་རྣམས་སོ། །དེའི་ཕྱི་རོལ་གྱི་སྟེགས་བུ་ཇི་ལྟར་མཛེས་པའོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་བའི་ཆ་ལ་གནས་པའི་རིན་པོ་ཆེ་རྣམས་དང་སྟེང་དུ་རྡོ་རྗེ་ཕྱེད་པ་རྣམས་སོ། །རྟ་བབས་ཀྱི་ཀྱོག་པོའི་ནང་ གི་ནམ་མཁའ་དང་ཀ་བ་རྣམས་ཀྱང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་སྟེ། གྲུ་བཞི་པའི་སྟེགས་བུར་གནས་པའི་བུམ་པ་ལ་གནས་པ་རྩ་བ་དང་རྩེ་མོར་ནོར་བུ་བཅིངས་པ་དང་ལྡན་པའོ། །དར་དཔྱང་གི་སྣམ་བུ་ལ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་འཕྱང་བའི་ རིན་པོ་ཆེའི་དོ་ཤལ་ལོ། །རིན་ཆེན་སྣམ་བུ་ལ་ཟུར་དུ་ཟུར་གསུམ་དང་། གྲུ་བཞི་དང་ཐིག་ལེ་དང་། ཟླུམ་པོ་རྣམས་རིམ་པས་རིན་པོ་ཆེས་བཅིངས་པའོ། །དྲ་བའི་སྣམ་བུ་ལ་གསེར་གྱི་རྐེད་དཀྲིས་བཞི་ལ་བཏགས་པ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་སྲད་བུ་དམར་པོས་བརྒྱུས་པའི་མུ་ ཏིག་གི་དྲ་བ་སྟེ། ནོར་བུའི་ཆུན་པོ་གསེར་གྱིས་བཅིངས་པ་གཉིས་དབུས་སུ་གནས་པའོ། །དྲ་བའི་ལོགས་དག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་སྦོམ་པོས་རྩེ་མོ་མཛེས་པའི་དྲ་བ་ཕྱེད་པའོ། །འགའ་ཞིག་ཏུ་དྲིལ་བུའི་ནང་དུ་རྔ་ཡབ་དང་ཅུང་ཟད་ཐུང་བའི་རིན་པོ་ཆེའི་ཕྲེང་བས་ ལོགས་གཉིས་བརྒྱན་པའོ། །འགའ་ཞིག་ཏུ་མེ་ཏོག་གི་ཕྲེང་བས་ལོགས་གཉིས་བརྒྱན་པའོ། །དྲ་བའི་ནང་དུ་པདྨ་དང་ཟླ་བའི་ཆ་རྡོ་རྗེ་ཕྱེད་པས་མཚན་པའི་རིན་པོ་ཆེའོ། །འགའ་ཞིག་ཏུ་ཉི་མའི་དཀྱིལ་འཁོར་རོ། །འགའ་ཞིག་ཏུ་པདྨ་ལ་གནས་པའི་རྡོ་རྗེའོ། །བ་ཀུ་ལི་ རྣམས་དཀར་པོའོ། །མདའ་ཡབ་རྣམས་ནི་དཀར་པོ་པདྨའི་འདབ་མ་ཕྱེད་པའི་དབྱིབས་སོ། །སྒོ་ལོགས་ཀྱི་སྟེང་དུ་གདུང་གི་སྣམ་བུ་ལ་རིན་པོ་ཆེ་སྣ་ཚོགས་པའི་པ་ཏྲ་དང་ལྡན་པའི་གདུང་ངོ་། །དེའི་སྟེང་དུ་བར་སྣང་གི་སྣམ་བུ་སྔོན་པོའོ། །མདའ་ཡབ་རྣམས་ལ་ཕྱོགས་བརྒྱད་དུ་ གསེར་ལ་སོགས་པ་གང་ཡང་རུང་བའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་རྣམས་ཏེ། ཟླ་བ་ཚེས་པ་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པ། རིན་པོ་ཆེའི་དབྱུག་པའི་རྩེ་མོར་བཏགས་པའི་དྲིལ་བུ་ལས་འཕྱང་བའི་ལྕེ་གཅིག་པ་དང་གཉིས་པའི་རྩེ་མོར་རི་དགས་ཀྱི་རྒྱལ་པོ་ དང་ངང་པའི་རྒྱལ་པོ་དང་རྨ་བྱ་དང་ཉ་དང་ཆུ་སྲིན་གྱིས་མཚན་པ་རྣམས་སོ། །དེ་བཞིན་དུ་བ་དན་ཡང་སྟེ་མཚན་མ་དང་བྲལ་བའོ། །ཟུར་རྣམས་སུ་གདུགས་དག་གོ། །རྟ་བབས་ཀྱི་སྣམ་བུ་བཅུ་གཅིག་པོ་རྣམས་ལ་ཀ་བའི་རྩེ་མོ་ནས་བརྩམས་ཏེ་རིམ་པས་བ་ཀུ་ ལི་དང་རིན་པོ་ཆེ་དང་རྟ་རྨིག་དང་གསེར་དང་ཆུ་སྲིན་དང་ཡང་གསེར་དང་རྟ་རྨིག་དང་རིན་པོ་ཆེ་དང་རྟ་རྨིག་དང་གསེར་དང་མདའ་ཡབ་རྣམས་སོ། །མདའ་ཡབ་ཀྱི་སྣམ་བུ་ལ་གནས་པའི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་གསེར་གྱི་འཁོར་ལོ་རྣམས་སོ། །འཁོར་ལོའི་ལོགས་གཉིས་ སུ་གསེར་གྱི་རང་བཞིན་རི་དགས་དང་རི་དགས་མོ་དག་འཁོར་ལོ་ལ་མངོན་དུ་ཕྱོགས་པ་མགྲིན་པ་སྟོད་དེ་ཉལ་བ་ཇི་ལྟར་མཛེས་པའོ། །འཁོར་ལོའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་རྭ་ཆ་ཆུང་གཉིས་པ་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ། །རྟ་བབས་ཀྱི་ལོགས་གཉིས་ སུ་གནས་པའི་རྭ་ཀྱོག་པོ་སྟེ་དེ་ལས་ཚུ་རོལ་དུ་མདའ་ཡབ་རྣམས་ལ་རི་དགས་མོའི་མཇུག་མའི་ལོགས་སུ་གནས་པའི་སྤྲེའུས་ཡུ་བ་ནས་འཛིན་པའི་གདུགས་རྣམས་ཏེ་ཇི་ལྟར་མཛེས་པའོ། །གཞལ་ཡས་ཁང་གི་ཟུར་དང་ཉེ་བ་རྣམས་སུ་དཔག་བསམ་གྱི་ཤིང་རྣམས་སོ། །སྣ་ཚོགས་ ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལྗང་གུ་གེ་སར་སེར་པོ་འདབ་མ་རྣམས་ཁ་དོག་སྣ་ཚོགས་པ་སྟེ། དེའི་ས་ནི་དཀར་དམར་རོ། །རྡོ་རྗེ་ཕྲེང་བའི་རེ་ཁཱ་ནག་པོ་སྟེ། རྩེ་མོ་གསུམ་པ་འམ་ལྔ་པའི་རྡོ་རྗེ་རྣམས་སོ། །དེ་ཡི་ས་ནི་ཇི་ལྟར་མཛེས་པའོ། །འོད་ཟེར་ནི་ཁ་དོག་ལྔ་པའོ། །དེའི་ཕྱི་རོལ་དུ་ དུར་ཁྲོད་རྣམས་བྲི་བར་བྱའོ། །སྐལ་བ་དང་མི་ལྡན་པ་འདུས་པ་མེད་ན་སྟེ་གཞན་དུ་མ་ཡིན་ནོ། །དེ་ཡང་རྒྱུད་ཁོ་ནར་ཤེས་པར་བྱའོ། །དེ་ནས་ལས་ཐམས་ཅད་དང་ཧཱུཾ་ཡིག་གིས་ཀྱང་བཟླས་པའི་དྲི་ཆུ་བདུད་རྩི་ལྔ་དང་བཅས་པས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བྱུགས་ནས་དེ་ བཟླས་ཤིང་ཆུ་ཡིས་འཁོར་ལོ་ལ་བསང་གཏོར་བྱས་ཏེ་རྡུལ་ཚོན་ལྷག་མ་ཡང་དག་པར་མཆོད་ལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་ཤིང་སྣོད་ན་གནས་པ་རྣམས་དབེན་པར་གཞག་པར་བྱའོ་ཞེས་པ་རྡུལ་ཚོན་གདབ་པའི་ཆོ་གའོ། །དེ་ནས་སྔར་ལྷག་པར་ གནས་པའི་རྣམ་རྒྱལ་གྱི་བུམ་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་སྐོར་བྱས་ནས། འོད་ཟེར་ཕྲེང་བའི་ཕྱི་རོལ་གྱི་ས་ལ་སྟེ། དུར་ཁྲོད་ཡོད་ན་དེའི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀ་ལས་ཅུང་ཟད་གཡས་སུ་གཞག་པར་བྱའོ། །གཡོན་དུ་མཁའ་འགྲོ་མའི་དང་ ལས་ཐམས་ཅད་པ་སྟེ་གཡས་སྐོར་དུའོ། །གཡས་སུ་ཁྭ་གདོང་མ་ཡིའོ། །བྱང་སྒོའི་གཡོན་དུ་ལཱ་མའི་དང་གཡས་སུ་འུག་གདོང་མ་ཡིའོ། །ནུབ་སྒོའི་གཡོན་དུ་དུམ་སྐྱེས་མའི་དང་གཡས་སུ་ཁྱི་གདོང་མ་ཡིའོ། །ལྷོ་སྒོའི་གཡོན་དུ་གཟུགས་ཅན་མའི་དང་གཡས་སུ་ཕག་ གདོང་མ་ཡིའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པའི་བུམ་པ་རྣམས་སོ། །ཟུར་གྱི་བུམ་པ་བཞི་རྣམས་ལ་མདའ་བྱ་རྒོད་མ་བཞི་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་གཞག་པར་བྱའོ་ཞེས་པ་བུམ་པ་དགོད་པའི་ཆོ་གའོ། །དེའི་ རྗེས་ལ་བླ་རེ་དང་གདུགས་དང་རྔ་ཡབ་ལ་སོགས་པ་རྣམས་ཧཱུཾ་ཡིག་གིས་བསྔགས་ཏེ་ཨོཾ་བཛྲ་སྦ་ར་ཎ་ཁཾ་ཞེས་པའི་སྔགས་ཀྱིས་སྤྲོས་ལ་དེ་རྣམས་ཀྱིས་ཇི་ལྟར་ནུས་པ་དང་ཇི་ལྟར་མཛེས་པ་བཞིན་མཆོད་པ་བྱས་ནས། སློབ་དཔོན་ཁྲུས་ལ་སོགས་པ་བྱས་ཏེ་ལས་ཐམས་ཅད་པ་བཟླས་ པའི་ཆུས་དཀྱིལ་འཁོར་ལ་བསང་གཏོར་བྱས་ཤིང་། དེ་ཉིད་ཀྱིས་བསྲུངས་ལ་དཀྱིལ་འཁོར་གྱི་ཤར་དུ་ཞལ་ནུབ་ཏུ་ཕྱོགས་པར་འདུག་སྟེ། རྡོ་རྗེ་དྲིལ་བུ་དང་བཅས་པས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཅན་བྲིས་པའི་དཀྱིལ་འཁོར་སྐད་ཅིག་ལ་སྟོང་པར་བྱས་ནས། སྲུང་ བའི་འཁོར་ལོ་དང་བགེགས་ལ་ཕུར་བུ་གདབ་པ་ལ་སོགས་པ་ཆོ་ག་ཐམས་ཅད་ཚང་བར་བསྒོམས་ལ། དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བྱས་ཏེ། རབ་ཏུ་བསྒྲུབས་པ་ཕྱིའི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་རབ་ཏུ་དགའ་བའི་སྒྲས་སྤྱན་དྲངས་པའི་ཡེ་ཤེས་ ཀྱི་འཁོར་ལོ་ལ་མཆོད་ཡོན་ལ་སོགས་པས་ཡང་དག་པར་མཆོད་ནས་ནང་དུ་བཅུག་སྟེ། ཆགས་པ་ཆེན་པོས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བ། ཡེ་ཤེས་ཀྱི་འཁོར་ལོའི་བདག་ཉིད་ཅན་སྤྲོས་ནས། དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་རབ་ཏུ་བཞུགས་ པར་རྣམ་པར་བསམ་ཞིང་། མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་དང་རྒྱས་གདབ་པར་བྱའོ། །དེ་ནས་སྤྲོས་པའི་ལྷ་མོ་རྣམས་ ཀྱིས་མཆོད་ནས། ཤཱི་ཏ་ལི་ཀའི་གོས་ཟུང་ལ་སོགས་པ་དང་། བཟའ་བ་དང་བཅའ་བ་ལ་སོགས་པའི་ནུས་པ་ཇི་ལྟ་བས་རབ་ཏུ་མཆོད་ལ། ཕྱི་རོལ་གྱི་རྣལ་འབྱོར་མ་རྣམས་ཀྱིས་གར་ལ་སོགས་པས་མཆོད་དེ། དྲིལ་བུ་དཀྲོལ་ཞིང་རྐང་པ་བརྒྱད་པའི་སྔགས་ཀྱིས་ བསྟོད་ནས་རང་གི་ཤེས་རབ་མའི་མེ་ཏོག་དང་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཞག་ལ་བདུད་རྩིར་བྱས་ཏེ་དབུལ་བར་བྱའོ། །བདུད་རྩི་དེ་མྱངས་པས་ཚིམ་པར་གྱུར་ནས་བདེ་བ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པ་བྱ་ཞིང་། འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་ བརྒྱད་དང་། གཞན་རྣམས་ཀྱི་ཉི་ཤུ་རྩ་རེ་རེ་དང་ཡི་གེ་བརྒྱ་པ་ཡང་བཟླས་ཏེ། འཆད་པར་འགྱུར་བའི་གཏོར་མའི་ལེའུའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་བར་བྱའོ། །དེའི་རྗེས་ལ་ལག་པ་གཡས་པ་གན་རྐྱལ་དུ་བྱས་ལ། གུང་མོ་དང་མིང་མེད་ཅུང་ཟད་ བཀུག་པ་ཁའི་མངོན་དུ་བྱས་ཏེ། དེའི་གྲུ་མོ་པུས་མོའི་བར་དུ་བྱས་ལ། ཙོག་པུར་འདུག་ཅིང་མི་སྨྲ་བར་ལག་པའི་རྩེ་མོ་ཞལ་ལ་མང་དུ་བྱབ་ཅིང་། ལན་གསུམ་རྣ་བ་དག་དང་མིག་དག་དང་སྣ་དང་ཁ་དང་ལག་པ་དང་ལྟེ་བ་དང་སྤྱི་བོར་ཡང་རེག་པར་བྱའོ་ཞེས་པ་ཉེ་རེག་བྱ་བའོ། ། དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། ཨོཾ་སུམྦྷ་ཞེས་པ་ལ་སོགས་པ་ཞལ་བཞི་པའི་སྔགས་བརྗོད་ཅིང་། རྡོ་རྗེའི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ། ཨོཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཨཱཿཕཊ། ཨོཾ་ཧཱུཾ་ཨཱཿཕཊ། ཨོཾ་ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཱན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཱཿཨཱཿཧཱུཾ་ཧྲཱིཿཕཊ། ཅེས་པའི་སྔགས་བཞི་རིམ་པས་ཤར་དང་ལྷོ་ལ་སོགས་པའི་སྒོའི་སློབ་དཔོན་རྣམས་ཀྱིས་བརྗོད་པ་དང་ལྷན་ཅིག་རྡོ་རྗེའི་རྐང་སྟབས་ཀྱིས་གཡས་སྐོར་གསུམ་བྱས་ནས། བཅོམ་ལྡན་ འདས་ལ་ཕྲེང་བ་ཕུལ་ལ་ནུབ་དང་བྱང་ལ་སོགས་པའི་སྒོར་གནས་ཏེ། ཤར་དང་ལྷོ་ལ་སོགས་པའི་སྒོར་ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཕྱེ་བར་བལྟས་ནས། ཨོཾ་ས་མ་ཡཾ་པྲ་བི་ཤཱ་ཡ་མི་ཞེས་བརྗོད་དེ། སླར་གར་བྱེད་ཅིང་ཕྲེང་བ་བླངས་ལ་ རང་གི་སྤྱི་བོར་བཅིངས་ནས་འཁོར་ལོ་ལ་ཕྱག་འཚལ་ཏེ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་རབ་ཏུ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་ཅིང་བསམ་གཏན་དང་བཟླས་པ་བྱའོ། །དཀྱིལ་འཁོར་གྱི་ལྷ་རྣམས་དང་ཕྱོགས་ཀྱི་བདག་པོ་རྣམས་ལ་ཇི་ལྟར་ནུས་པའི་བ་དན་ཡང་ དབུལ་བར་བྱའོ་ཞེས་པ་དཀྱིལ་འཁོར་བསྒྲུབ་པའི་ཆོ་གའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ་རབ་ཏུ་གནས་པ་དང་། དབང་བསྐུར་བ་དང་། སྦྱིན་སྲེག་ལ་སོགས་པ་དང་། རང་ལ་དབང་བསྐུར་བ་ཡང་བྱས་ནས། སྔོན་དུ་ཚོགས་ཀྱི་འཁོར་ལོ་བྱ་སྟེ་དཀྱིལ་ འཁོར་གཤེགས་པར་བྱའོ། །དེ་ལ་གཤེགས་པ་ནི་འདི་ཡིན་ཏེ་ཕྱི་རོལ་དུ་ཕྱོགས་སྐྱོང་གི་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ལ། ནང་དུ་ཞུགས་ཏེ་འཁོར་ལོ་ལ་ཕྱག་འཚལ་ཞིང་འཁོར་ལོའི་དབང་ཕྱུག་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དགེ་བ་ཡོངས་སུ་ བསྔོས་ལ་བསྐོར་བ་གསུམ་བྱས་ནས་ཤར་གྱི་སྒོར་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་འདུག་སྟེ། ཡི་གེ་བརྒྱ་པ་བརྗོད་ལ། ནུས་པ་མེད་པ་དག་གིས་གཙོ། །མ་རྙེད་པ་དང་མ་འཚལ་ནས། །མ་ཚང་བ་དང་ལྷག་པ་གང་། །བགྱིས་པ་དེ་དག་བཟོད་པར་འོས། ། སྔགས་ཉམས་པ་དང་བྱ་བ་ཉམས། །གང་ཡང་ཆོ་ག་ཉམས་གྱུར་པ། །དེ་ནི་དཔའ་བོས་བཟོད་པར་འོས། །མཆོག་གི་དབང་ཕྱུག་བཀའ་དྲིན་མཛོད། །ཅེས་པ་འདིས་བཟོད་པར་གསོལ་ནས་ཨོཾ་བཛྲ་མུཿཞེས་པ་ལ་སོགས་པ་དང་ཨོཾ་ཨཱཿཧཱུཾ་ཞེས་པ་འདིས་ཀྱང་ཡེ་ཤེས་ཀྱི་ འཁོར་ལོ་གཤེགས་ཤིང་རང་གི་སྤྲུལ་པའི་འཁོར་ལོ་བདག་ཉིད་ཀྱི་ནང་དུ་བསྒོམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿ ཞེས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྷག་པར་མོས་ཏེ། དྲིལ་བུ་འཁྲོལ་ཞིང་ལག་ པར་གནས་པའི་རྡོ་རྗེས་ཤར་སྒོ་ནས་བརྩམས་ནས་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཇི་སྲིད་པ་ཕྱིས་ལ་རང་གི་སྤྱི་བོར་རྡུལ་ཚོན་ཅུང་ཟད་ཙམ་བཞག་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་སྒོ་དང་ཟུར་རྣམས་ལག་པར་གནས་པའི་རྡོ་རྗེས་ གཞིག་པར་བྱའོ། །དེའི་རྗེས་ལ་ཨོཾ་བཛྲ་ཀཱི་ལ་ཡ་ཨུཏ་ཀཱི་ལ་ཡ། སརྦ་ཀཱི་ལན་བཛྲ་དྷ་ར་ཨཱཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿཞེས་པ་ཧཱུཾ་ཡིག་བཞིའི་སྔགས་ཀྱིས་ཕུར་པ་རྣམས་བཏོན་ནས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་ བརྒྱད་བཟླས་པའི་འོ་མས་ཁྲུས་བྱས་ཏེ་ཕུར་པའི་ལྷ་རྣམས་ཀྱང་གཤེགས་ལ། དེའི་ཁུང་བུ་རྣམས་བཀང་ནས་ཐམས་ཅད་རྣམ་རྒྱལ་གྱི་བུམ་པའམ་བུམ་པ་གསར་པ་གཞན་ལ་གོས་ཀྱིས་བརྒྱན་པར་བླུགས་ཏེ་འདོ་ལི་ལ་གཞག་ནས་རྣལ་འབྱོར་མ་སྦྱིན་བདག་གིས་བྱིན་ པའི་གོས་དང་ལྡན་པས་འཛིན་པ། འདོ་ལི་ལ་གནས་པའི་སློབ་དཔོན་ནམ་སློབ་མས་དྲིལ་བུའི་སྒྲ་དང་བཀྲ་ཤིས་ཀྱི་གླུ་དང་རོལ་མོ་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་མདུན་དུ་བདར་བ། ཆུ་བོ་ཆེན་པོ་དང་རྒྱ་མཚོའི་ཆུ་ངོགས་སུ་འདུག་སྟེ། བའི་ ལྕི་བས་བྱུགས་པའི་དཀར་པོའི་དྲི་རྣམས་ཀྱིས་མཎྜལ་བྱས་ནས། པདྨའི་དབུས་སུ་རྡོ་རྗེ་སེམས་དཔའ་དང་། ཤར་ལ་སོགས་པ་ཕྱོགས་རྣམས་ཀྱི་འདབ་མ་རྣམས་ལ་གཡོན་སྐོར་དང་དབང་ལྡན་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་གཡས་སྐོར་གྱིས་ རིམ་པ་བཞིན་མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་པདྨ་དང་པདྨ་ཆེན་པོ་དང་དུང་སྐྱོང་དང་སྟོབས་ཀྱི་རྒྱུ་དང་མ་དྲོས་པ་རྣམས། དཀར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་དང་དུད་ཁ་དང་ལྗང་ཁུ་དང་སེར་པོ་རྣམས་ཏེ། ལྟེ་བ་ལས་སྟེང་དུ་མིའི་ཆ་བྱད་ཅན་ ཐལ་མོ་སྦྱར་བ་སྤྱི་བོར་གདེངས་ཀ་དང་ལྡན་པ་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ། རང་དང་འདྲ་བའི་མཛེས་མའི་ཕྱག་གཡོན་པས་འཁྱུད་པ་རྣམ་པར་བསམས་ལ། ཨོཾ་ཨཱཿབཛྲ་བ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨཱ་ནནྟཱ་ཡ་ཧཱུཾ་སྭཱ་ཧཱ། དེ་ལྟར་རང་རང་གི་མིང་རྣམ་ པར་སྤེལ་བའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོས་ཡང་དག་པར་མཆོད་ནས། ལག་པ་གཡོན་པས་གདེངས་ཀའི་ཚུལ་གྱིས་བསྟན་ཅིང་ལག་པ་གཡས་པ་བརྐྱང་སྟེ། ཨོཾ་ཨཱ་ནནྟ། བཱ་སུ་ཀི། ཏཀྵ་ཀ ཀརྐོ་ཊ། པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ། ཀུ་ལི་ཀ པཱ་ལ་དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་ཤི་ཁི། མ་ཧཱ་སོ་མ་ཤི་ཁི་དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར། ཨ་པཱ་ལཱ་ཡ་ཧཱུ་ལུ་ཎ་ཌ་ནནྡ། ཨུ་བ་ནནྟ། སཱ་ག་ར། མ་ཧཱ་སཱ་ག་ར། ཏཔྟ། མ་ཧཱ་ཏཔྟ། ཤྲཱི་ཀཱནྟི། མ་ཧཱ་ཀཱནྟི། རཏྣ་ཀཱནྟི། སུ་རུ་པ་མ་ཧཱ་སུ་རཱུ་པ། བྷ་དྲཱ་ཧི་ ཀ། མ་ཧོ་དྷ་ར་ཤི་ལི། མ་ཧཱ་ཤི་ལི། ཨོཾ་བཀྵ། ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི། སརྦཿབྷུར་བྷུ་བ་ཕཻཾ་ཧཱུཾ་སྭཱ་ཧཱ། ཞེས་པ་ཀླུའི་གཏོར་མའི་སྔགས་བརྗོད་ཅིང་དེ་རྣམས་ལ་འོ་མ་དང་འོ་མའི་གཏོར་མ་བྱིན་ནས་མཆོད་དེ། དེ་རྣམས་ལ་རྡུལ་ཚོན་བསྐུར་བར་བྱ་ཞིང་དེ་ རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་སྤྱན་འདྲེན་པར་བསམས་ལ། ཆུ་ལ་བསྐུར་བར་བྱའོ། །རྡུལ་ཚོན་ཁྱེར་བའི་བུམ་པ་ཡང་ཆུས་བཀང་ལ་དེ་ཁོ་ན་ལྟར་སྤྱན་དྲངས་ལ་དེའི་ཆུས་ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་བསང་གཏོར་བྱའོ། །དཀྱིལ་འཁོར་གྱི་ ཁང་པར་བའི་ལྕི་བ་བྱུགས་ལ་གཞོན་ནུ་མ་རྣམས་ལ་སྟོན་མོ་བྱའོ་ཞེས་པ་དཀྱིལ་འཁོར་གྱི་ཉེ་བར་བསྡུ་བའོ། །ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།སློབ་དཔོན་གང་གིས་ཇི་ལྟར་བྱ། །ཞེས་པ་ལ་སོགས་པ་ཞུ་བ་བཞི་པའི་ལན་གདབ་པའི་ཕྱིར་གསུངས་པ་ དེ་ནས་ཞེས་པ་ལ་སོགས་པའོ། །དེ་ལ་དུལ་བ་ཞེས་པ་ལ་སོགས་པ་ནས་རིག་པར་བྱ་ཞེས་པའི་བར་ནི་སློབ་དཔོན་གྱི་མཚན་ཉིད་དོ། །སློབ་དཔོན་གྱིས་ནི་ཞེས་པ་ལ་སོགས་པ་དགེ་བའོ་ཞེས་པའི་བར་ནི་སློབ་མའི་མཚན་ཉིད་དོ། །ཐལ་མོ་སྦྱར་ཞེས་པ་ལ་སོགས་པ་ལྷག་ མས་ནི་དབང་བསྐུར་བའི་གྲངས་ཆོ་ག་དང་བཅས་པ་སྟེ་དབང་བཞི་པ་ཡང་ངོ་། །སྙན་པ་ནི་ངག་སྙན་པའོ། །སེམས་ཅན་ལ་བུ་བཞིན་དུ་ཞེས་པ་རབ་ཏུ་འཇུག་ཅེས་པ་ལྷག་མའོ། །སེམས་ནི་མཉམ་ཉིད་ཕྱག་རྒྱར་ལྡན། །ཞེས་པ་སེམས་འདི་མཉམ་པ་ཉིད་ཀྱིས་རྒྱས་ བཏབ་ཅེས་པ་སྟེ། དགྲ་དང་བཤེས་དང་བྲན་མོ་རྣམས་ལ་བྱམས་པའི་སེམས་སོ། །དབང་པོ་ཞེས་པ་ལ་སོགས་པ་དབང་པོ་ཐམས་ཅད་ཡང་དག་པར་རྫོགས་པའི་ལུས་ཞེས་པའི་དོན་ཏོ། །དབང་བསྐུར་དོན་གྱི་དེ་ཉིད་ཤེས། །ཞེས་པ་དབང་བསྐུར་ བ་དང་དེའི་དོན་གྱི་དེ་ཁོ་ན་ཉིད་ཡང་སྟེ་དེ་ཤེས་པའོ། །རྟག་པར་རྒྱུན་དུ་གནས་བསྟེན་པ། །ཞེས་པ་གནས་ལ་སོགས་པ་བསྟེན་པར་བྱེད་པ་ཞེས་པའི་དོན་ཏོ། །འདི་དག་གིས་རིམ་པ་གཉིས་ཀྱིས་ལྷ་སྒོམ་པའོ། །སློབ་མའི་མཚན་ཉིད་གསུངས་པ་སློབ་དཔོན་གྱིས་ནི་ཞེས་ པ་ལ་སོགས་པ་གོ་སླའོ། །འདི་དག་ཅེས་པ་ལ་སོགས་པའི་འགྲུབ་པ་ཞེས་པ་ལ་སོགས་པ་ཡང་དག་པར་གྲུབ་པ་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་གཅིག་གིས་བསྟན་པའི་ཕྱིར་རོ། །དབང་བསྐུར་བ་ཐོབ་པའི་བྱ་བ་ གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །དབང་བསྐུར་བ་ལ་སོགས་པའི་འབྲས་བུ་གསུངས་པ་སྣོད་དུ་ཞེས་པ་ལ་སོགས་པའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཐོག་མར་ཇི་ལྟར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐང་སྐུ་ལ་སོགས་པའི་ དཀྱིལ་འཁོར་ཡང་རུང་སྟེ། ཉེ་བར་སྤྱོད་པ་ལྔའི་མཆོད་པ་བྱས་ནས། དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་ན་འདུག་པའི་ལྷའི་རྣལ་འབྱོར་དུ་བྱས་པའི་སློབ་མ་ལེགས་པར་བརྟགས་ལ། མཎྜལ་བྱས་པ་མེ་ཏོག་གི་ཕྲེང་བ་བཟུང་བ་པུས་མོ་ས་ལ་བཙུགས་ལ། རང་གི་ ལུས་ལ་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་བཏོན་ནས་ལྷ་མོའི་པདྨར་གཞག་པ་རྣམས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ཏེ། ཁ་ནས་བཅུག་པའི་དེ་བཞིན་གཤེགས་པ་ཤེས་རབ་དང་བཅས་པ་ཞུ་བ་རྣམས་ཀྱིས་དབང་བསྐུར་བ་རྣམས་ལ། དཔལ་བདེ་ མཆོག་གི་གཟུགས་ཀྱིས་དེ་ལས་བཏོན་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་དང་ཉེ་བར་གཞག་ལ། སྐྱེ་རྒ་འཆི་བ་ན་ཀྲ་ཡིས། །ཆུ་སྲིན་ལ་སོགས་འཇིགས་རུང་གི །སྲིད་པའི་མཚོ་ལས་སྒྲོལ་བ་གཅིག །བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་ པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་མཛོད། ། ཅེས་བརྗོད་པས་གསོལ་བ་འདེབས་པ་རྣམས། ཚུར་ཤོག་མཉེས་གཤིན་ཐེག་ཆེན་གྱི། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཁྱོད་ནི་ཚུལ་ཆེན་པོ་ཡི་སྣོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་ རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་རྣམས་ཀྱིས། །མཉམ་མེད་ཡེ་ཤེས་ཡང་དག་བརྙེས། །སྔགས་ཀྱི་རབ་སྦྱོར་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །སྟོབས་ཆེན་དྲག་པོ་ཆེན་པོ་བཅོམ། །རྗེས་འཇུག་འཇིག་ རྟེན་ཐུགས་ཆུད་དེ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་མཉེས་གཤིན་བློ་གྲོས་འདི། །ཐམས་ཅད་མཁྱེན་པ་ཐོབ་ཕྱིར་གྱིས། །ཞེས་པ་བརྗོད་ནས། ཡང་དག་པར་ལེན་དུ་གཞུག་སྟེ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པ་ལན་གསུམ་དུ་བརྗོད་དུ་བཅུག་ནས། ཐུན་མོང་གི་སྡོམ་པ་བཟུང་བ་རྣམས་ལ་སློབ་དཔོན་གྱིས་སྡོམ་པ་དོན་དུ་གཉེར་ན། འཁོར་ལོ་ཕྱིར་མི་ལྡོག་པའི་ དབང་། །དམ་པ་བདག་ལ་སྩལ་ནས་མགོན། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་མཆོག་ཏུ་གསང་བ་གསུངས། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་ འགྱུར། །ཞེས་པ་བརྗོད་པས་སླར་གསོལ་བ་འདེབས་པ་རྣམས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །རྫོགས་པའི་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་རྣམ་གསུམ་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱང་། །བདག་ གིས་སོ་སོར་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་མཆོག །བླ་ན་མེད་པའི་དཀོན་མཆོག་གསུམ། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡི། །དེ་ཉིད་སོ་སོར་གཟུང་བར་བགྱི། །རྡོ་རྗེའི་རིགས་ ཆེན་ལས་བྱུང་བའི། །སློབ་དཔོན་ཡང་ནི་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་ལྡན་པའི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་ཉི་མར་ལན་དྲུག་ཏུ། །སྦྱིན་པ་བཞི་ནི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་ཆེན་ལས་བྱུང་བའི། །ཇི་ལྟར་ནུས་པ་མཆོད་པའི་ལས། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཐམས་ཅད་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་ སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ཤིང་། །སྡོམ་པ་ཐམས་ཅད་བཟུང་བགྱིས་ནས། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་ གསུམ་དུ་བརྗོད་དུ་བཅུག་ནས། སྔོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སློབ་དཔོན་གྱིས་སྡོམ་པ་བཟུང་བ་རྣམས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་སྟེ། དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་ ཨཱཿཨོཾ་གྱི་ཡི་གེ་ནག་པོ་དང་དམར་པོ་དང་དཀར་པོ་རྣམས་བལྟས་ནས། དེ་ནས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང་སྤྱི་བོར་ལག་པ་གཡས་པ་ནས་བཟུང་བའི་དྲིའི་ཆུ་དང་ལྡན་པའི་རྡོ་རྗེས་རེག་སྟེ། སྤྱི་བོར་མེ་ཏོག་དང་མདུན་དུ་སྤོས་དང་མར་མེ་དང་སྙིང་གར་དྲི་བཟངས་རྣམས་མེ་ཏོག་ ལ་སོགས་པའི་སྔགས་ཀྱིས་ཕུལ་ལ་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་དྲང་པོ་སོར་བཅུ་གཉིས་པ་འབུ་མེད་པ་མ་གས་པ་རྨ་མེད་པ་དྲི་བཟང་པོའི་ཆུས་བཀྲུས་ལ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་པ། དེ་རྣམས་ལ་བྱང་དུ་ཕྱོགས་ཏེ་བྱིན་ཏེ། དེ་རྣམས་ཀྱང་གྲུ་བཞི་པ་ཁྲུ་བཞིའི་ མཎྜལ་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཁ་ཤར་རམ་བྱང་དུ་བལྟས་ལ་སོ་ཤིང་དེ། ཨོཾ་བཛྲ་ཧ་ས་ཧ་ཞེས་བརྗོད་ནས་རྩེ་མོ་འཆོས་ཏེ་མ་གས་པ་སྟེང་དུ་བལྟས་ལ། ལྟོས་པ་མེད་པར་མདུན་དུ་དོར་བར་བྱའོ། །མཎྜལ་གྱི་ནང་དུ་ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་ འོག་ཏུ་བལྟས་པ་ལྷུང་བ་ལས། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་། ས་འོག་གི་དངོས་གྲུབ་འབྱུང་བར་འགྱུར་རོ་ཞེས་པ་དེ་རྣམས་ལ་བཤད་པར་བྱ་སྟེ། ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ཡིག་ལས་སྐྱེས་ཤིང་དེ་ཉིད་ཀྱི་བཟླས་པའི་ ཆུ་ཞལ་བསིལ་གྱི་ཕྱིར་བྱིན་ནས། ལས་ཐམས་ཅད་པ་ལན་བདུན་བཟླས་པའི་དྲིའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿསུ་བི་ཤུདྡྷ་སརྦ་དྷརྨཱཿབཱ་པ་ནི་ཙ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀམྦཱ་ན་ཨ་པ་ན་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ། །དེ་ནས་ཕྱི་རོལ་ན་ཉེ་བར་འདུག་པ་རྣམས་ལ་ཧཱུཾ་ ལས་སྐྱེས་ཤིང་དེ་ལན་བདུན་བཟླས་པའི་ཀུ་ཤ་རྩེ་མོ་མ་ཉམས་པ་མང་པོ་སྟན་གྱི་དོན་དང་། དེ་བཞིན་དུ་གཅིག་དྷཱིཿཡིག་ལས་སྐྱེས་ཤིང་། དེ་དང་དེ་ལས་ཐམས་ཅད་པ་བཟླས་པ་སྔས་ཀྱི་དོན་དུ་བྱས་ཏེ། ཨོཾ་བཛྲ་ཏིཀྵྞཱདྷཾ་ཞེས་པའི་སྔགས་ཀྱིས་བྱིན་ནས་སློབ་མའི་ལུས་ཚད་ཀྱི་ སྲད་བུ་དམར་པོ་སུམ་བལྡབ་ཏུ་བྱས་པ། ཧཱུཾ་ལས་སྐྱེས་ཤིང་དེ་དང་ལས་ཐམས་ཅད་པ་ལན་བདུན་བཟླས་ཏེ། མདུད་པ་གསུམ་བྱས་ལ་དེ་རྣམས་ཀྱི་དཔུང་པ་གཡོན་པར། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་པ་བརྗོད་ཅིང་བཏགས་ལ་ཡང་དག་པར་བསྲུངས་ཏེ་རབ་ ཏུ་སྤྲོ་བ་བསྐྱེད་ལ། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་བྱས་པའི་སྡིག་པ་གང་། །དེ་དག་ཐམས་ཅད་འདི་ལྟ་བུའི། །དཀྱིལ་འཁོར་མཐོང་ནས་ཟད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། ། ངན་འགྲོ་རྣམས་དེ་འབྱིན་པར་བྱེད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །སྲས་བཅས་རྣམས་ཀྱི་བསྟན་པ་འདིར། །ཐམས་ཅད་ཡོངས་སུ་བཟུང་ནས་གནས། །བདག་ཉིད་ ཆེན་པོ་སྐྱེ་བར་འགྱུར། །དེ་ཡིས་ཐེག་པ་ཆེན་པོ་ལ། །ཁྱེད་རྣམས་སྐྱེ་བ་དག་ཏུ་འགྱུར། །ཐེག་པ་ཆེན་པོ་འབྱུང་བ་ཆེ། །དཔལ་དང་ལྡན་པའི་ལམ་མཆོག་འདི། །གང་གིས་ཁྱེད་རྣམས་འགྲོ་འགྱུར་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་པ་ཉན་དུ་བཅུག་ནས་ དེའི་རྗེས་ལ་དེ་རྣམས་འཁྱིལ་པའི་སྔགས་ཀྱིས་བསྲུངས་ཤིང་། དེ་བཟླས་པའི་དོན་དུ་འཁྱིལ་བའི་སྔགས་བཤད་དེ། །སྔ་དྲོ་བདག་ལ་སྨྲོས་ཤིག །ཅེས་བརྗོད་ལ་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་གྱི་སའི་ཐ་མར་ཡོལ་བས་བར་དུ་བཅད་པར་རམ། གཞན་དུའང་ རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་བཅུག་ནས། རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། བསྲུང་བའི་དོན་དུ་འཁྱིལ་བའི་སྔགས་བཟླས་པར་བྱའོ་ཞེས་པ་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས་ལ་བླ་མས་སྔ་དྲོ་གཏོར་མ་ཕུལ་ནས། དཀྱིལ་འཁོར་ གྱི་ཁང་པ་ལས་ཕྱི་རོལ་འཐོན་ལ་སློབ་མ་རྣམས་ལ་རྨི་ལམ་དྲིས་ཏེ། རི་ལ་སོགས་པ་ལ་ལྷུང་བའི་མི་དགེ་བ་མཚོན་པའི་རྨི་ལམ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ནས། དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་དུས་སུ་སློབ་མ་རྣམས་ཀྱིས། ཨོཾ་པྲ་བི་ཤ་བྷ་ག་བཱན་ མ་ཧཱ་སུ་ཁ་མོཀྵ་པུ་རཾ་སརྦ་སིདྡྷི་སུ་ཁ་པྲ་དཾ། པ་ར་མ་སུ་ཁ་ཨུཏྟ་མ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭ། ཞེས་པ་སྤྲོ་བ་བསྐྱེད་དེ་བཅུག་ནས། གཡས་སྐོར་དུ་འཁོར་ལོའི་དབང་ཕྱུག་གི་སྐུ་ནུབ་ལ་སོགས་པའི་སྒོ་རྣམས་སུ་གནས་ཏེ། དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་རྣམས་ ལ། ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པ་བརྗོད་ཅིང་སྒོ་ཕྱེ་ནས་མེ་ཏོག་གི་ཕྲེང་བ། ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལཱ་ལི་ཏ་བི་ལཱ་ས་ན་མི་ཏ། ན་མི་ཏཻར་བྷ་ག་བཱན་ཏཾ། ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧྲཱིཿ པྲ་ཏཱིཙྪཿཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿ ཞེས་པའི་སྔགས་ཀྱིས་དཀྱིལ་ འཁོར་དུ་དོར་ནས། སླར་བླངས་ཏེ་ཕྲེང་བའི་དབང་བསྐུར་བའི་བསམ་པས་རང་གི་སྤྱི་བོར་བཅིངས་ལ། མངོན་སུམ་དུ་གྱུར་པའི་འཁོར་ལོའི་དབང་ཕྱུག་ཀྱང་བླ་མར་ལྷག་པར་མོས་ཏེ། དེས་གནང་བའི་ཕྲེང་བའི་དབང་བསྐུར་བ་ལ་སོགས་པའི་འཆད་པར་འགྱུར་བའི་དབང་ བསྐུར་བ་མཐའ་དག་བླངས་ཤིང་། སློབ་དཔོན་གྱི་ལས་ཐམས་ཅད་པ་ལ་ཆོ་ག་ཇི་ལྟ་བར་རྗེས་སུ་གནང་བ་ཡང་ཐོབ་ནས་སློབ་མ་ཡང་གཞུག་པའི་ཕྱིར་བདེ་བ་ཆེན་པོའི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་ཁོ་ནའི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་ མངོན་པར་ཞུ་བ་དང་བདེན་པའི་བྱིན་གྱི་རླབས་ཀྱང་བྱ་སྟེ། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །དིང་བདག་མི་བསྐྱོད་རྡོ་རྗེར་བསྒྲུབས། །གྲུབ་པ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །བདག་ལ་འགྱུར་མེད་མཆོག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་མེད་པ། །ཆགས་པ་ཀུན་གྱི་རྗེས་སུ་ཆགས། །ཆགས་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་བདག་སྒྲུབས། །ཤིན་ཏུ་དག་པ་ཆོས་ཀྱི་མཆོག །གདོད་ནས་ གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་དཔའ་བདག་ལ་སྒྲུབས། །གྲུབ་པ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །ཕུལ་བྱུང་རྡོ་རྗེ་ཆེན་པོ་ཡི། །རྡོ་རྗེ་སྙིང་པོར་བདག་སྒྲུབས་ཤིག །སེམས་ཅན་ཀུན་ཡིད་ཁྱབ་ པ་བོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་ཡོད། །དཀྱིལ་འཁོར་ཐབས་དང་ཤེས་རབ་བདག །བདེན་པ་དེ་ཡིས་མགོན་པོ་ཁྱོད། །བདག་གི་འདོད་པ་ཡོངས་རྫོགས་ མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང་། །ཞེས་པའི་བདེན་པས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་ རྣམས། །ཐམས་ཅད་སྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་པར་བྱའོ་ཞེས་པ་སློབ་དཔོན་རབ་ཏུ་འཇུག་པའི་ཆོ་གའོ། །དེ་ནས་སློབ་མ་ཁྲུས་བྱ་ཞིང་དྲི་བཟངས་ལ་སོགས་པས་གཙང་བར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་གོས་དམར་པོ་བསྐོན་པའི་ཡོལ་ བའི་ཕྱི་རོལ་དུ་འཁོར་ལོའི་དབང་ཕྱུག་གི་སྐུར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷྱཱ་ལཾ་ཀ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་རཀྵ་ཧཱུཾ། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པའི་སྔགས་རྣམས་ཀྱིས་སྨད་གཡོགས་སྟོད་གཡོགས་དང་གཙུག་ཏོར་བྱས་ལ། ལས་ ཐམས་ཅད་པའི་སྔགས་བཟླས་པའི་གོས་དམར་པོའམ་སེར་པོས། ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ན་ཡ་ཧཱུཾ་ཞེས་མིག་རས་བཅིངས་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་ནས། མེ་ཏོག་གི་ཕྲེང་བ་གཟུང་ཞིང་ཡོན་ཕུལ་བ་ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱས་ལ། སྙིང་ཁ་དང་མགྲིན་པ་དང་ སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་དབུས་སུ་ཉི་མ་དང་། ཟླ་བའི་སྟེང་དུ་ཧཱུཾ་ཨཱཿཨོཾ་ཡིག་ནག་པོ་དང་དམར་པོ་དང་དཀར་པོའི་འོད་ཟེར་གྱིས་ལུས་རབ་ཏུ་གསལ་བར་བྱས་ལ་ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་གཞག་པ་ལས་ཀྱི་རྡོ་རྗེས་གཟུང་བ་རྣམས་ལ་དཀྱིལ་ འཁོར་དུ་གཞུག་པའི་ཕྱིར་དྲི་བ་བྱ་སྟེ། ཀྱེ་དགའ་བ་ལ་དགའ་ཁྱེད་སུ་ཞིག །ཅེས་སོ། །དེས་སྨྲ་བར་བྱ་བ་ནི། བདག་ནི་སྐལ་བཟང་བདེ་བ་ཆེ། །ཞེས་པའོ། །དེ་ནས་དེ་ཡིས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པ་བརྗོད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མེ་ཏོག་དང་བཅས་པའི་ སྙིང་གར། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པ་བརྗོད་ཅིང་བཟུང་སྟེ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་ བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བརྗོད་ནས་ཨོཾ་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་ཡོལ་བའི་ནང་དུ་གཞུག་པར་བྱའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཟུང་ལ་དྲིལ་བུ་དཀྲོལ་ཞིང་། ཁྱོད་ཀྱིས་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་འདི་ནི་འགའ་ཞིག་ཏུ། །སྨྲས་ན་ཁྱོད་ཀྱི་སྤྱི་བོ་འགེམས། །ཞེས་ བརྗོད་ནས་སྙིང་གར་རྡོ་རྗེ་བཟུང་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །སྐད་ཅིག་དེ་ལ་དྲལ་ཏེ་གཤེགས། །ཞེས་བཀའ་བསྒོས་ནས། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པ་པདྨའི་སྣོད་ཀྱི་ཆུ་ བདུད་རྩི་ལྔ་བསྲེས་པ་ལ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཞེས་པ་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ཅིང་གཡོན་པའི་མིང་མེད་དང་། མཐེ་བོང་གིས་བཟུང་བའི་སྣོད་ཀྱི་ཁ་ཡིས་སློབ་མའི་ཁར་བྱིན་ལ་འཐུང་དུ་གཞུག་གོ། །ཁྱོད་ཀྱིས་ང་ལ་བརྙས་མི་བྱ། །དམ་ཚིག་ཉམས་པར་མི་བྱ་སྟེ། །དམྱལ་བ་ལ་སོགས་འགྲོ་བར་འགྱུར། །ཞེས་བརྗོད་ནས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བསྲེས་པའི་རྡུལ་གོས་པའི་རས་དང་། བྱི་ ལའི་བྲུན་སྐམ་པོ་དང་གུ་གུལ་དག་བསྲེས་ཏེ་པདྨའི་སྣོད་དུ་དུར་ཁྲོད་ཀྱི་སོལ་བའི་མེ་ལ་བླུགས་ལ། གཡས་པས་དེ་འཛིན་ཅིང་གཡོན་པས་དྲིལ་བུ་འཁྲོལ་བ་གཡས་བརྐྱང་གི་སྟབས་སུ་གནས་ཏེ། དཔལ་བདེ་མཆོག་གི་བདག་ཉིད་དུ་དམིགས་ཏེ། ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཧཱུཾ་ ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བི་དྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་པ་ཁེངས་པ་དང་བཅས་པར་བརྗོད་ཅིང་བདག་ཉིད་དུ་བྱས་པའི་སློབ་མ་སྙིང་གར་ཐལ་མོ་སྦྱར་བ་ལ་སྤོས་ཀྱིས་བདུག་ཅིང་དབབ་པར་བྱའོ། །གལ་ཏེ་བབས་པ་རིང་དུ་འཕར་ན་དེའི་ཚེ་དེའི་སྟེང་དུ་རྡོ་རྗེའི་རང་བཞིན་ལྷུན་པོ་དང་། དབང་ཆེན་གྱི་དཀྱིལ་འཁོར་དང་། རྡོ་རྗེ་རྩེ་ལྔ་པ་སེར་པོ་དང་། ཛཿཡིག་དང་རྣམ་པར་སྣང་མཛད་རྣམས་རིམ་པས་སྟེང་ནས་སྟེང་དུ་གནས་པ་བསམས་ནས་དེ་བཟློག་པར་བྱའོ། །དེ་ལྟར་བབས་པ་ན་སློབ་མའི་ཐུགས་རྡོ་རྗེའི་